Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
གཤིན་རྗེའི་ཡང་བཟློག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་རྗེའི་ཡང་བཟློགnext

གཤིན་རྗེའི་ཡང་བཟློག

གཤིན་རྗེའི་ཡང་བཟློག་བཞུགས་སོ།། སྐྱབས་འགྲོ་སེམས་བསྐྱེད་བྱས། ཨོཾ་སྭབྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷཱོཧཾ། སྟོང་པའི་ངང་ལས་པདྨ་ཉི་མའི་གདན་ལ་ཧཱུྃ་ལས་རང་ཉིད་འཇམ་དཔལ་ཚེ་བདག་ཆར་སྤྲིན་ནག་པོའི་དུམ་བུ་འཁྲུགས་པ་ལྟ་བུ་ཁྲོས་པས་བཞིན་བསྡུས་པའི་ཞལ་གཅིག་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བའི་ཧཱུྃ་གི་སྒྲས་དྲེགས་པའི་ཚོགས་བརྒྱལ་བ་དང་འབོག་པར་བྱེད་པ། སྤྱན་གསུམ་ཉི་མའི་དཀྱིལ་འཁོར་ལྟར་འབར་ཞིང་སྨིན་མ་དང་ཨག་ཚོམ་རལ་པ་གློག་ལྟར་དུ་འཁྲུགས་པ། ཐུང་ལ་སྦོམ་པ། སྒེག་ལ་འགྱིང་བ། རྔམ་ལ་བརྗིད་པ། སྐུ་ལས་ཁྲོ་བོ་ཁྲོ་མོ་གནམ་ལྕགས་མེ་དཔུང་ཆར་བཞིན་དུ་འབེབས་པ། ཕྱག་གཡས་ཀྱི་སྡིགས་མཛུབ་ཀྱི་རྩེར་གནམ་ལྕགས་འབར་བའི་འཁོར་ལོ་འཁོར་བའི་མེའི་ཕུང་པོས་ཕས་ཀྱི་སྙིང་པོ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་ཀྱི་ནུས་པ་བྱ་སྒྲོ་མེ་དང་ཕྲད་པ་ལྟར་སྲེག་པ་འཕྲོ་བས་ལུས་ཀྱི་འདོམ་གང་གི་ཐད་ཙམ་དུ་བསྐོར་ཏེ་མེ་དཔུང་དུ་འབར་བ། གཡོན་པས་སྡིགས་མཛུབ་ཐུགས་ཀར་མཛད་པ། དཔལ་གྱི་ཆས་བརྒྱད་ཀྱིས་ཀླུབས་ཏེ་གཡས་བརྐྱང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པའི་སྐུ་ལས་འོད་འཕྲོས། དགྲ་བོ་ལ་ཕོག་པས་དེའི་ཡེ་ཤེས་ལྷ་རྡོ་ཁབ་ལེན་དང་ཕྲད་པའི་ལྕགས་བཞིན་བསྡུས་ནས་རང་ལ་བསྟིམ། དགྲ་བོ་དེ་ཤ་ཁྲག་གི་རང་བཞིན་དུ་དམར་སྟིམ་སྟིམ་སོང་བས་ཁོ་རང་གི་ལྷ་སྲུང་རྣམས་གཤེད་དུ་བབས་ཏེ། ཤ་རུལ་ལ་སྦྲང་མ་བཞིན་རུབ་རུབ་འདུས་ཏེ་ཧབ་ཧབ་ཟོས་པར་བསམ་ནས། ཨོཾ་ཧཱུཾ་ཏྲིག་ཁྲོམ་བྷྱོ། མ་བི་མཱ་ར་ཎི་བྷྱོ། མ་ར་དུ་ན་བྷྱོ། རཀྨོ་རཀྴ་ན་ཏིང་ཡ་རཀྴ་བྷྱོ། མཱ་ལ་ཡ་ཡ་མ་ར་ཛ་ཀཱི་ལ་ཡ་བྷྱོ། བཟླས། མཐར་ལག་པ་གཡས་ཉི་མ། གཡོན་ཟླ་བ། དེའི་བར་དུ་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་གསལ་བ་ཉི་ཟླ་བརྡབས་པས་ཐལ་བ་ཙམ་དུ་ཡང་མ་ལུས་པར་ཚིག་པར་བསམ་ཏེ། སྔགས་འདོན་ཅིང་ལག་པ་ལན་གསུམ་རྡེབ་བོ། ཐོ་རངས་ཀྱི་ཚེ། ཚེ་བདག་དཀར་པོ་མ་ཧེའི་གདོང་པ་ཅན་ཕྱག་གཉིས་ན་ཚེའི་བདུད་རྩིས་གང་བའི་ཤེལ་བུམ་དཔུང་པའི་ཐད་དུ་འཛིན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་སྟག་ཤམ་ཙམ་ལས་རྒྱན་གཞན་དང་བྲལ་བ། ཐུགས་ཀར་ཟླ་བ་ལ་ཧཱུྃ། དེའི་འོད་ཀྱིས་འབྱུང་བཞིའི་བཅུད་ཚེ་དཔལ་བསོད་ནམས་དཔལ་བསྐྱེད་པའི་ནུས་པ་ཐམས་ཅད་བསྡུས་ཏེ་བུམ་པའི་ནང་གི་བདུད་རྩི་དང་འདྲེས་པར་བསམ། སྔགས་བཟླས་མཐར་སྣ་གཉིས་ནས་རླུང་སོག་མའི་བུ་གུ་ལྟ་བུ་བུམ་པ་གཉིས་ཀྱི་ནང་དུ་སོང་ནས་བརྔུབས་པས་ལུས་ཐམས་ཅད་གང་བར་བསྒོམས་ཏེ། ཚེའི་སྒྲུབ་པ་མཆོག་བསྣུབས་བན་སངས་རྒྱས་ཡེ་ཤེས་ཞལ་གྱི་མན་ངག་གོ །དགེ་ལེགས་དང་ལྡན་པར་གྱུར་ཅིག་གུ། །


previousགཤིན་རྗེའི་ཡང་བཟློགnext