Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
བླ་མ་དྲག་པོའི་ལས་བྱང་དངོས་གྲུབ་ཀུན་འབྱུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་དྲག་པོའི་ལས་བྱང་དངོས་གྲུབ་ཀུན་འབྱུང་།next

བླ་མ་དྲག་པོའི་ལས་བྱང་དངོས་གྲུབ་ཀུན་འབྱུང་།

བླ་མ་དྲག་པོའི་ལས་བྱང་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །གཟུགས་ཀྱི་ཞུད་དང་དྲགས་སྔགས་བསྒྲགས་པའི་གཟིས། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་ཅིང་། །དྲེགས་པ་ལས་འཁོར་ཁྲོ་བོ་འདུས་པའི་ལྷ། །བླ་མ་དྲག་པོར་ཕྱག་བྱས་ལས་བྱང་བྲི། །མངོན་པར་བསྔགས་པའི་གནས་སུ་ཡོ་བྱད་ཚང་བས་བདེ་བའི་སྟན་ལ་འདུག་སྟེ། ན་མོ བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་པས་ནི་གཞན་དོན་ཕྱིར། །བླ་མ་སངས་རྒྱས་འགྲུབ་གྱུར་ནས། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་དྲུག་བསྒྲལ་བར་དམ་བཅའ་འོ། ཞེས་ལན་གསུམ་བརྗོད་ནས། བགེགས་ལ་གཏོར་མ་གཏོར་བ། ཡཀྵ་མེ་དབལ་དུ་མོས་ལ། ཧཱུཾ ང་ནི་ཡཀྵ་མེ་དབལ་ཏེ། །པདྨ་དབང་གི་ཕོ་ཉ་བ། །བར་ཆད་བྱེད་པའི་བགེགས་ཐམས་ཅད། །རྒྱ་མཚོའི་མཐའ་ལ་སྐྲོད་པར་འོངས། །སུ་ཞིག་ང་ཡི་ཚིག་འདའ་བ། །དེ་ཡི་ལུས་སེམས་རྡུལ་དུ་རློག །དེ་འདྲའི་ཉེན་ལ་མ་སྡོ་བར། །འདོད་པའི་མཆོད་སྦྱིན་འདི་ཁྱེར་ལས། །ཁོར་ཡུག་རི་བོའི་སྐྱོབས་ལ་བྲོས། །ཨོཾ་ཨཱཿཧཱུཾ་ཡཀྵ་རཀྴ་ཧཱུཾ། ཞེས་བསྐྲད། མཚམས་བཅད་པ་ནི། ཧཱུཾ ཆོས་ཀུན་ཡེ་དག་ཡེ་རྫོགས་ལ། །བདུད་དང་ལོག་འདྲེན་གདོན་བགེགས་ཅི། །གློ་བུར་རྐྱེན་གྱིས་ཅི་བཟོས་ཀྱང་། །ཀ་དག་དབྱིངས་ལས་ག་ཡོས་པ་མེད། །ཨོཾ་ཨཱཿཧཱུཾ་རཀྵ་རཀྵ་ཧཱུཾ། སྙིང་ཁ་ནས་འོད་ཟེར་འཕྲོས་སློབ་དཔོན་པདྨ་དབང་གི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ཧཱུཾ མཆོག་གསུམ་འདུས་པར་ཕྱག་འཚལ་མྱུར་པོའི་རླངས། །ཀུན་བཟང་མཆོད་སྤྲིན་ཆེར་ཆགས་སྡིག་བཤགས་པའི། །ཆར་རྒྱུན་ལ་འཐུངས་ཡིད་མཚོར་ཆོས་ཀྱི་ཀླུང་། །འབེབས་ཕྱིར་སྲིད་པར་བཞུགས་ཞེས་ཁྱོད་ལ་སྨོན། །ལྷ་ཚོགས་དེ་དག་རང་གི་སྤྱི་བོར་ཐིམ། །ལུས་ནི་འོད་ཞུ་ཧཱུཾ་དམར་འོད་འཕྲོ་བ། །ཡས་མཐའ་སངས་རྒྱས་མས་མཐའ་དམྱལ་བའི་བར། །ཀུན་ལ་འཕོག་པས་མཆོད་སྦྱངས་དེ་རྣམས་ཞུ། །བྱིན་རླབས་ནུས་པ་རྣམ་ཤེས་དབང་བསྡུས་ཤིང་། །སླར་ཡང་འོད་དམར་མཚོན་ཆའི་དབྱིབས་ཚ་བས། །སྡེ་བརྒྱད་ཉལ་ཉལ་གཏུབས་ཤིང་གཞོབ་ཏུ་བསྲེགས། །མཐུ་རྩལ་སྟོབས་རྣམས་བདག་ལ་ཐིམ་པ་ཡིས། །སྲིད་གསུམ་ཟིལ་གནོན་དྲེགས་པ་ལས་ལ་འཁོལ། །ཧཱུཾ ཧཱུཾ་ཡིག་དེ་ལས་ཨེ་ཡཾ་རཾ་ར་སུཾ། །ཀེཾ་དང་བྷྲཱུཾ་རྣམས་རིམ་བཞིན་ཆད་པ་ལས། །ཨེ་ལས་ཆོས་འབྱུང་གྲུ་གསུམ་འབར་བའི་དབུས། །ཡཾ་ལས་འཐོར་བྱེད་རླུང་གི་ཟླ་གམ་སྟེང་། །རཾ་ལས་མེ་དཀྱིལ་དམར་ནག་གྲུ་གསུམ་འབར། །ར་ལས་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུག །སུཾ་ལས་དུར་ཁྲོད་ས་གཞི་འཇིགས་སུ་རུང་། །ཀེཾ་ལས་ཀེཾ་རུས་རི་རབ་གྲུ་བཞིའི་སྟེང་། །བྷྲཱུཾ་ལས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །ཐོད་པ་སྐམ་རློན་བམ་རིལ་བརྩིགས་པའི་མཁར། །གྲུ་བཞི་སྒོ་བཞི་རྟ་བབས་དག་དང་ལྡན། །ཞིང་ཆེན་ཀ་བ་མཆོག་གི་དྲལ་བཀྲབ་ནས། །ལྷ་ཆེན་ཚངས་པ་ཕོ་མོ་གདུང་མར་བྲེས། །ཤ་ཆེན་ནག་ལེབ་ཞིང་ལྤགས་བླ་རེར་བྲེས། །ཐབས་དང་ཤེས་རབ་ཉི་ཟླའི་སྐར་ཁུང་བཏོན། །ཟུར་བཞིའི་སྟེང་ན་ཞིང་འཕན་འབར་བ་ཕྱར། །ནང་དུ་གསེར་གྱི་འཁོར་ལོ་རྩིབས་བཅུའི་དབུས། །ཉི་ཟླ་དྲེགས་པ་ཕོ་མོའི་གདན་ཁ་ན། །ཧཱུཾ་ཡིག་འོད་ཞུ་པདྨ་ཐོད་འཕྲེང་རྩལ། །སྐུ་མདོག་དམར་པོ་དུས་མཐའི་མེ་ལྟར་འབར། །ཞལ་གཅིག་ཕྱག་གཉིས་རྔམ་རྗིད་ཁྲོ་བོའི་སྐུ། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་ལས། །ཧཱུཾ་དགུ་རཾ་དགུ་བསྐལ་པའི་མེ་འབར་བ། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་རབ་གསོར་བས། །གདུལ་དཀའ་དྲེགས་པའི་ཚོགས་རྣམས་རྡུལ་དུ་རློག །ཕྱག་གཡོན་ལྕགས་ཀྱི་སྡིག་པ་མགོ་དགུ་པ། །མེ་དཔུང་འཚུབ་ཅིང་ཞལ་གདངས་སྤྱན་དམར་འཁྲུག །རྒྱལ་འགོང་སྲོག་བདག་དམ་སྲི་ཕོ་མོ་ཡི། །སྙིང་ཁྲག་འཇིབ་ཅིང་སྙིང་ཟ་རྩད་ནས་གཅོད། །སྐྱེ་དང་འཆི་བ་བདུད་བཞི་འཇོམས་པའི་ཕྱིར། །ཞལ་གདངས་མཆེ་གཙིགས་དྲག་པོའི་རྐན་སྒྲ་སྒྲོག །སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས། །སྲེག་བྱེད་མེ་སྟག་འོད་ཀྱི་ཚ་ཚ་འཕྲོ། །གང་དག་ཉམས་པའི་གཟུགས་ཕུང་ཐམས་ཅད་སྲེག །དབུ་སྐྲ་གྱེན་བརྫེས་ཐོད་སྐམ་ལྔ་ཡིས་བརྒྱན། །གླང་ཆེན་སྟོད་གཡོགས་སྟག་གིས་སྐུ་སྨད་ཀླུབས། །མི་མགོའི་དོ་ཤལ་སྦྲུལ་ཆེན་བརྒྱད་ཀྱིས་དཀྲིས། །ཞིང་ཆེན་རྐེད་བསྣམས་ཁྲག་ཞག་ཐལ་ཆེན་བརྒྱན། །རུས་པའི་རྒྱན་ལྔ་རིན་ཆེན་རྒྱན་ཆས་བརྒྱན། །ཞབས་གཉིས་བརྐྱང་བསྐུམ་དྲེགས་པ་ཕོ་མོ་བརྫིས། །གཟི་བརྗིད་ཆེན་པོས་དྲེགས་པ་ཐམས་ཅད་གཟིར། །སྟེང་རྩིབས་ཧཱུཾ་མཛད་ཤར་ནས་གཡས་སྐོར་དུ། །རྣམ་རྒྱལ་དབྱུག་སྔོན་གཤིན་རྗེ་མི་གཡོ་བ། །རྟ་མགྲིན་གཞན་གྱིས་མི་ཐུབ་བདུད་རྩི་དང་། །ཁམས་གསུམ་རྣལ་རྒྱལ་འོག་ཏུ་སྟོབས་པོ་ཆེ། །ཀུན་ཀྱང་མཐིང་ནག་ཐོ་བ་ལྕགས་ཀྱུ་བསྣམས། །དུར་ཁྲོད་ཆས་བརྒྱན་བརྐྱང་བསྐུམ་གདོན་རྣམས་བརྫིས། །རང་འདྲའི་སྤྲུལ་པ་འགྱེད་ཅིང་མེ་དབུས་བཞུགས། །འཁོར་ཡུག་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་། །སྤྲུལ་པའི་གིང་ཆེན་ལྷ་སྲིན་སྡེ་བརྒྱད་རྣམས། །ཁྲོ་གཏུམ་འཇིགས་པ་སྣ་ཚོགས་གཟུགས་འཆང་བ། །གཙོ་བོའི་དཔྲལ་བར་འཁོར་ལོར་གཤིན་རྗེ་གཤེད། །ཕྱག་གཡས་ཤེས་རབ་རལ་གྲི་ཀླད་ལ་སྐོར། །མགྲིན་པར་པད་འདབ་བཞི་ལ་རྟ་མགྲིན་དམར། །ཕྱག་གཡས་རྡོ་རྗེའི་དབྱུག་ཐོ་ནམ་མཁར་འཕྱར། །ཐུགས་ཀར་གསེར་གྱི་མཆོད་རྟེན་བུམ་ནང་དུ། །དྲེགས་པ་ཕྱག་རྡོར་ཕྱག་གཡས་རྡོ་རྗེ་འཕྱར། །ཀུན་ཀྱང་གཡོན་པ་ཐུགས་ཀར་སྡིགས་མཛུབ་མཛད། །གསང་གནས་ཡཀྴ་མེ་དབལ་སྨུག་ནག་ནི། །ཐོ་བ་འཕྱར་ཞིང་མེ་ཞགས་ཐུགས་ཁར་འཛིན། །དེ་ཐུགས་གནམ་ལྕགས་སྡིག་སྣང་བཞི་ཀ་ཡང་། །ཞབས་གཉིས་བརྐྱང་བསྐུམ་དཔལ་གྱི་ཆས་ཀྱིས་བརྒྱན། །ལྟེ་བར་ཆོས་འབྱུང་པདྨ་རོ་གདན་ལ། །རྡོ་རྗེ་ཕག་མོ་གྲི་ཐོད་ཁ་ཊྶཱཾ་བསྣམས། །གཅེར་བུ་ཕྱག་རྒྱ་ལྔ་དང་ཐོད་པའི་འཕྲེང་། །མགོ་བོའི་དོ་ཤལ་རིགས་བཞིའི་མཁའ་འགྲོས་བསྐོར། །གཙུག་ན་བྱ་ཁྱུང་མཐིང་ནག་མེ་གཤོག་ཅན། །གནམ་ལྕགས་མཆུ་སྡེར་ཀླུ་བདུད་ཟས་སུ་ཟ། །རིགས་བཞིའི་ཁྱུང་ནས་གྲངས་མེད་སྤྲུལ་པ་འགྱེད། །དེའི་སྤྱིར་ཉི་ཟླའི་གདན་ལ་ཐོད་འཕྲེང་རྩལ། །རིགས་ལྔ་སྐུ་ལ་རིན་ཆེན་རུས་པས་བརྒྱན། །ཟ་འོག་སྨུག་བེར་ཤ་བའི་སྙན་ཞུ་གསོལ། །རྒོད་ཀྱི་རྩེ་རྒྱལ་དར་གྱི་ཅོད་པན་འཕུར། །ཐོད་དབྱུག་མཆན་བཅུག་སྐྱིལ་ཀྲུང་འགྱིང་བག་ཅན། །འཛུམ་ཞལ་ཡུམ་རྣམས་གྲི་ཐོད་བསྣམས་ནས་འཁྱུད། །གཅེར་བུ་རུས་རྒྱན་མཉམ་སྦྱོར་བདེ་བའི་ཉམས། །ཁོར་ཡུག་བླ་མ་མཁའ་འགྲོའི་ཚོགས་ཐམས་ཅད། །གླུ་ལེན་གར་བྱེད་བྲོ་རྡུང་མཛད་པས་བསྐོར། །དེ་ནས་རོལ་མོ་དབྱངས་སྙན་གྱིས། ཧཱུཾ དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས། །དྲེགས་པ་འདུལ་མཛད་པདྨ་ཐོད་འཕྲེང་སྐུ། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །འགྲོ་བ་སེམས་ཅན་དོན་ལ་སྐུ་བཞེངས་འཚལ། །འདོད་ཆགས་ཁྲག་གི་རྒྱ་མཚོ་ཀློངས་ནས་བཞེངས། །ཞེ་སྡང་ཀེང་རུས་འཁྲོལ་བའི་དབུས་ནས་བཞེངས། །གཏི་མུག་ཤ་ཆེན་སྤུངས་པའི་དཀྱིལ་ནས་བཞེངས། །འབར་བ་རླུང་དུད་འཚུབ་པའི་ཁྲོད་ནས་བཞེངས། །དྲག་པོའི་ལས་ལ་གནས་འདིར་སྤྱན་འདྲེན་ན། །དགྲ་བགེགས་འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ། །དྲེགས་པ་བཅོ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ། །བར་ཆད་ཆོ་འཕྲུལ་ཟློག་ཕྱིར་གཤེགས་སུ་གསོལ། ཞེས་པདྨ་འོད་ཀྱི་གཞལ་ཡས་ནས་སྤྱན་དྲངས། ཧཱུཾ ཉི་ཟླ་པདྨ་བརྩེགས་པའི་གདན་སྟེང་སུ། །དམ་སྲི་ཕོ་མོ་བསྣོལ་བའི་ཁྲི་སྟེང་སུ། །འཇིགས་བྱེད་ཆེ་མཆོག་པདྨ་འབྱུང་གནས་སྐུ། །འཁོར་དང་བཅས་པ་བརྟན་པར་བཞུགས་སུ་གསོལ། །ཧཱུཾ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ། །ལྷ་སྲིན་དྲག་པོ་འདུལ་བའི་ལས་མཛད་པ། །འཁོར་དང་བཅས་ལ་དད་པས་ཕྱག་འཚལ་ལོ། །ཧཱུཾ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་བྱེད་པའི། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཐམས་ཅད། །བསྒྲལ་བའི་ཤ་ཁྲག་རུས་པ་མཆོད་པར་འབུལ། །ཛཿཧཱུཾ་བཾ་ཧོཿ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར། །ཀྱཻ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །འོད་གསལ་ལྷུན་གྲུབ་སྐྱེ་འགྲོ་ཡོངས་ཀྱི་མགོན། །མྱ་ངན་མི་འདའ་རྡོ་རྗེ་ལྟ་བུའི་སྐུ། །མཉམ་པ་མེད་པའི་ཆེ་མཆོག་ཧེ་རུ་ཀ །འགྲོ་མགོན་བླ་མ་མཆོག་ལ་སྐྱབས་སུ་མཆི། །བདག་ལ་དབང་བསྐུར་བྱིན་གྱིས་བརླབས་ཏུ་གསོལ། །སྐུ་མཆོག་འགྱུར་མེད་བུདྡྷ་ཐོད་འཕྲེང་རྩལ། །གསུང་མཆོག་འགག་མེད་པདྨ་ཐོད་འཕྲེང་རྩལ། །ཐུགས་མཆོག་སྒྲིབ་མེད་བཛྭ་ཐོད་འཕྲེང་རྩལ། །ཡོན་ཏན་ཀུན་རྫོགས་རཏྣ་ཐོད་འཕྲེང་རྩལ། །འཕྲིན་ལས་ཐོགས་མེད་ཀརྨ་ཐོད་འཕྲེང་རྩལ། །གསང་མཚན་ལྔ་དང་ལྡན་ལ་ཕྱག་འཚལ་བསྟོད། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཀྱཻ གུ་རུ་རིགས་ལྔ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །རྗེས་འཇུག་དད་མོས་རྣལ་འབྱོར་བདག་ཅག་གི །ལུས་ལ་བརཏལ་བཞུགས་གཟི་བརྗིད་བསྐྱེད་དུ་གསོལ། །ངག་ལ་ནུས་པའི་བྱིན་རླབས་སྦར་དུ་གསོལ། །སེམས་ལ་རྟོགས་པའི་ཡེ་ཤེས་བསྐྱེད་དུ་གསོལ། །ལུས་ངག་ཡིད་གསུམ་སྨིན་པར་མཛད་དུ་གསོལ། །བུདྡྷ་གུ་རུ་ཨཱ་ཡུ་ཥེ་ཨོཾ། བཛྭ་གུ་རུ་ཨཱ་ཡུ་ཥེ་ཧཱུཾ། རཏྣ་གུ་རུ་ཨཱ་ཡུ་ཥེ་ཏྲཱཾ། པདྨ་གུ་རུ་ཨཱ་ཡོ་ཥེ་སྲཱིཿ། ཀརྨ་གུ་རུ་ཨཱ་ཡུ་ཥེ་ཨཱཿ། ཐོད་འཕྲེང་རིགས་ལྔའི་ཐུགས་ཀའི་འོད་ཟེར་གྱིས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །སངས་རྒྱས་བྱང་སེམས་ཉན་རང་མཆོད་ནས་སུ། །དགྱེས་པས་ཞུ་བའི་བདུད་རྩི་སྤྱན་དྲངས་ནས། །སོ་སོའི་སྦྱི་བོར་ཐིམ་ནས་དགའ་བདེ་རྒྱས། །དགའ་བདེ་རྒྱས་པའི་མོད་ལ་རིག་འཛིན་ལྷ། །ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས། །བྱང་ཆུབ་སེམས་ཀྱི་བདུད་རྩི་བབས་པ་ཡིས། །བདག་རྒྱན་སྤྱི་བོ་བདེ་ཆེན་འཁོར་ལོ་གང་། །ལུས་ཀྱི་དྲི་དག་སྐུ་ཡི་དམ་ཚིག་སྐོངས། །བུམ་པའི་དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ། དེ་ནས་མགྲིན་པ་ལོངས་སྤྱོད་འཁོར་ལོ་གང་། །ངག་གི་དྲི་དག་གསུང་གི་དམ་ཚིག་སྐོངས། །གསང་བའི་དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ། །དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོ་གང་། །སེམས་ཀྱི་དྲི་དག་ཐུགས་ཀྱི་དམ་ཚིག་སྐོངས། །ཤེས་རབ་ཡེ་ཤེས་དབང་བསྐུར་ཡོངས་རྫོགས་ཐོབ། །དེ་ནས་ལྟེ་བ་སྤྲུལ་སྐུ་འཁོར་ལོ་གང་། །སྒོ་གསུམ་དྲི་དག་སྐུ་གསུམ་དམ་ཚིག་སྐོངས། །ཚིག་གི་དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ། །རང་ལུས་རྩ་གསུམ་འཁོར་ལོ་རྣམ་པ་ལྔ། །བྱང་ཆུབ་སེམས་ཀྱིས་རབ་ཏུ་གང་བའི་རྒྱན། །ཁྱུང་སྤྱིར་སྣང་མཐའ་སྤྲུལ་སྐུའི་ཆས་ཀྱིས་བཞུགས། །ཨོཾ་ཨཱཿཧཱུཾ་བུདྡྷ་མཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། ཨོཾ་ཨཱཿཧཱུཾ་བཛྭ་མཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། ཨོཾ་ཨཱཿཧཱུཾ་རཏྣ་མཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། ཨོཾ་ཨཱཿཧཱུཾ་པདྨ་མཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། ཨོཾ་ཨཱཿཧཱུཾ་ཀརྨ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། ཞེས་སྒོམ་ཞིང་དངོས་གྲུབ་དབང་གི་སྙིང་པོ་ཅི་རིགས་བཟླས་སོ། །དེ་ནས་རིགས་ལྔ་གནས་ལྔའི་ཁྲོ་བོར་ཐིམ། །འཁོར་རྣམས་བདག་གི་ལུས་དང་གཉིས་མེད་གྱུར། །ཡང་ཡང་གསལ་བཏབ་ཅིང་བསྒོམ་མོ། །དེ་ནས་མཆོད་རྫས་རྣམས་བསངས་ལ་བྱིན་གྱིས་བརླབ་པ་ནི། །ཨོཾ མཆོད་རྫས་ཀུན་གྱི་མ་དག་དྲི་མ་སྦྱངས། །ཨཱཿམི་མཛད་ནམ་མཁའི་མཆོད་དུ་རྣམ་པར་སྤེལ། །ཧཱུཾ ཀུན་བཟང་མཆོད་སྤྲིན་ཇི་ལྟར་དགྱེས་དེར་སྤར། །ཧོཿཕྱི་ནང་གསང་བ་བླ་མེད་བདུད་རྩིར་ཞུ། །དེ་ནས་ཕྱི་མཆོད་འབུལ་བ། ཧཱུཾ སྲིད་པའི་རྣམ་འཕྲུལ་ལ་བགད་མེ་ཏོག་གི །ཚེམས་འཕྲེང་འོད་ཀྱིས་ནམ་མཁའི་ཁྱོན་འགེངས་ཤིང་། །ཡོངས་འདུ་འཁྲི་ཤིང་སྤོས་སྤྲིན་གཟུགས་གསེར་གྱིས། །བར་སྣང་མ་ལུས་དྲི་བཟང་གཏེར་དུ་སྦས། །དེས་སྐྱོ་ཉིན་མོར་བྱེད་པའི་སྣང་བྱེད་བཟང་། །དཀྱིལ་འཁོར་ལས་འཕོས་ས་ཡི་མར་མེར་འཁྲིལ། །དེས་ཀུན་བསྲེག་དོགས་བྱུག་པའི་ཚད་ཆེན་ནས། །ལྦུ་དཀར་ཤལ་ཅན་ཛཀྵྭའི་བུ་མོ་བྱོན། །ཁ་དོག་རོ་བཅུད་བསིལ་བའི་ཟེར་ཚང་མ། །ཏིང་འཛིན་ཁམ་ཟས་རྒྱུ་སྐར་ཁྲིད་པའང་ཆས། །དེ་དག་དོག་གསེབ་ལྷ་རྫས་རོལ་པོའི་སྤྲིན། །འབྲུག་སྒྲའི་གར་གྱི་ངང་ཚུལ་ལ་ཆགས་དང་། །ས་ལ་དོམ་འོས་མཐུ་ལྡན་རིན་ཆེན་བདུན། །གནམ་ལ་རབ་གྲགས་བཀྲ་ཤིས་རྫས་ཀུན་དང་། །རྒྱ་མཚོར་འཕྱུར་བའི་ཀླུ་དབང་གདེང་ཀའི་རྒྱན། །མ་ལུས་དཀྱིལ་འཁོར་ཆེན་པོའི་ལྷ་ལ་འབུལ། །ཨོཾ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་སྭཱ་ཧཱ། ནང་མཆོད་འབུལ། ཧཱུཾ ལྷ་མིའི་ཚོགས་གྲྭར་ཡིད་འོང་མཛེས་མའི་གཟུགས། །སྙན་དང་འཇེབས་པའི་ཕ་མཐའ་དེ་གླུའི་སྒྲ། །གསུང་ཞིམ་ངད་པའི་སྙིང་པོ་ལུས་ཀྱི་དྲི། །མྱངས་ཀྱིན་ངོམས་མེད་མ་མཆུ་སྦྲང་གི་རོ། །བདེ་བའི་ཕུལ་ཕྱིན་བྷ་གའི་རེག་བྱ་དང་། །མིག་ལ་བདུད་རྩི་སྒེག་སོགས་ལྷ་མོའི་འགྱིང་། །བསམ་པའི་ཡུལ་མིན་ཀུན་བཟང་སྤྱོད་པའི་གར། །བླ་མ་དྲག་པོ་འཁོར་དང་བཅས་ལ་འབུལ། ཨོཾ་མཧཱ་སུ་ཁ་པཱུ་ཛ་ཧོ། གསང་མཆོད་སྨན་འབུལ་བ། ཧཱུཾ རྩ་བརྒྱད་ཡན་ལག་སྟོང་ལ་སྒྲུབས་པའི་རྫས། །ཛ་གད་ལ་སྒྱངས་ཁ་དོག་འཇའ་ལྟར་བཀྲ། །དྲི་བསུང་ཡོངས་འདུ་ལྗོན་པ་ཞུ་བ་བཞིན། །རོ་བཅུད་ཏིང་འཛིན་ལས་འདྲ་མཆོད་པར་འབུལ། །ཨོཾ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧྀ། རཀྟ། ཧཱུཾ པདྨའི་སྣོད་ནི་ཆོས་དབྱིངས་ནམ་མཁའི་ཁྱོན། །བྷ་གའི་རཀྟ་གཟུང་བ་སྟོང་པའི་བཅུད། །འབྱུང་བའི་རྩི་ཁྲག་འཛིན་པ་རིག་པའི་དཔྱིད། །བསྒྲལ་བའི་དམར་ཆེན་ཟུང་འཇུག་ཆེན་པོས་མཆོད། །མཧཱ་རཀྟ་ཁཱ་ཧི། གཏོར་མ། ཧཱུཾ བརྟན་པའི་འཇིག་རྟེན་ཤེས་རབ་གཏོར་སྣོད་གཞོང་། །གཡོ་བའི་སེམས་ཅན་ཐབས་མཁས་གཏོར་མའི་རྫས། །ཐབས་ཤེས་གཉིས་མེད་གཏོར་ཆེན་སྐྱོན་བྲལ་བ། །ཟག་མེད་བདུད་རྩི་དམ་པར་བཞུ་ནས་འབུལ། །སྙིང་པོའི་མཐར། ཨོཾ་ཨཱཿཧཱུཾ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་ཨ་ཧཱུཾ་ཧཱུཾ་ཕཊ྄ཿཕཊ྄། ཡ་མནྟ་ཀ། ཧ་ཡ་གྲྀ་ཝ། བཛྭ་པཱ་ཎི། ཌཱ་ཀི་ནཱི། ཀ་རུ་ཎ་ཧཱུཾ་ཕཊ྄ཿཨོཾ་བཛྭ་ཡཀྴ་ཧཱུཾ་ཕཊ྄ཿ། ཨི་དཾ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་ཐམས་ཅད་ཀྱི་གཏི་མུག་ཤ་ལ་ཁཱ་ཧི། ཞེས་སྡང་རུས་ལ་ཁཱ་ཧི། འདོད་ཆགས་ཁྲག་ལ་ཁཱ་ཧི། དབང་པོ་ལྔ་ལ་ཁཱ་ཧི། དོན་སྙིང་ལྔ་ལ་ཁཱ་ཧི། དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ་བ། ཧཱུཾ ལྟ་བའི་དགྲ་བགེགས་འབྱུང་པོ་ཀུན་བསྒྲལ་ནས། །གང་ཤར་ཀ་དག་དབྱིངས་སུ་སྦྱོར་བ་ཡི། །མཆོད་པའི་མཆོག་འདི་ཐོག་མཐའ་བར་མེད་ཅིང་། །བདག་མེད་གཞན་བྲལ་མཉམ་ཉིད་ཆེན་པོར་མཆོད། །དེ་ནས་བསྟོད་པ་ནི། ཧཱུཾ ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་ཚེ། །བདུད་མུན་རླག་བྱེད་དམར་བའི་འོད། །ཚ་ཟེར་བདུན་འགྱུར་ཤར་སྙམ་ནས། །སྲིད་གསུམ་འདར་བར་མཛད་ལ་བསྟོད། །ཧཱུཾ ཤིན་ཏུ་ཁྲོས་ཤིང་རབ་ཁྲོས་ཞལ། །མི་བཟད་མཆེ་གཙིགས་ལྗགས་བསྒྲིལ་རྩེར། །དྲག་པོའི་སྔགས་རྒོད་ཀུན་བསྒྲགས་པས། །དགྲ་བགེགས་གསོད་པར་མཛད་ལ་བསྟོད། །ཧཱུཾ སྤྱན་གསུམ་གཟིར་བའི་ལྟ་སྟངས་དང་། །སྨ་ར་སྨིན་མ་རལ་པ་དང་། །བ་སྤུ་ཁུང་ནས་འབར་བའི་མེས། །བར་ཆད་བགེགས་འདུལ་མཛད་ལ་བསྟོད། །ཧཱུཾ རྡོ་རྗེ་བཅངས་པའི་སྡིགས་མཛུབ་ཀྱིས། །རི་རབ་ཀུན་ཀྱང་འཇིག་བྱེད་དང་། །རྒྱ་མཚོ་ཡོངས་ཀྱི་ལྟོ་བརྟོལ་བས། །དྲེགས་པ་སྤ་བཀོང་མཛད་ལ་བསྟོད། །ཧཱུཾ ཁམས་གསུམ་ཐམས་ཅད་ཤར་མཐོང་ཟ། །སྲིད་གསུམ་ཁྲག་ཀུན་ཧུབ་གཅིག་གིས། །འཐུང་འདོད་སྡིག་པ་མགོ་དགུ་པས། །ལོག་འདྲེན་རླག་པར་མཛད་ལ་བསྟོད། །ཧཱུཾ བ་གླང་ཞིང་དང་སྟག་ལྤགས་བགོས། །ཐོད་འཕྲེང་མགོ་བོའི་ག་ཤ་དང་། །ཕྱག་རྒྱ་སྦྲུལ་དང་ཁྲག་ཞག་ཐལ། །རིན་ཆེན་རྒྱན་འཛིན་མཛད་ལ་བསྟོད། །ཧཱུཾ དྲག་ཤུལ་ཆེན་པོའི་གཟུགས་ཀྱི་ཕྱིན། །མཐོང་ན་ཕལ་ཆེར་ཁྲག་སྐྱུག་པ། །འཇིགས་སུ་རུང་སོགས་གར་ཉམས་ཀྱིས། །འཇིག་རྟེན་འཇིག་པར་མཛད་ལ་བསྟོད། །ཧཱུཾ གཡོན་བརྐྱང་ཞབས་ཀྱིས་དྲེགས་པའི་སྡེ། །ཕོ་བརྒྱུད་མོ་བརྒྱུད་ཀུན་མནན་ནས། །པད་ཉིའི་གདན་ལ་མེ་དཔུང་ནང་། །མངོན་པར་རོལ་པར་མཛད་ལ་བསྟོད། །ཧཱུཾ བདེ་གཤེགས་ཀུན་གྱི་འདུས་པ་ཁྱོད། །ཡིན་པ་ཤེས་ཕྱིར་རྒྱན་གྱི་ལྷ། །འཇམ་དཔལ་རྟ་མགྲིན་ཕྱག་རྡོར་དང་། །ཕག་མོ་མེ་དབལ་བསྟན་ལ་བསྟོད། །ཧཱུཾ སྟེང་གི་ལྷ་དང་འོག་གི་ཀླུ། །བར་གྱི་གདུག་པ་ཀུན་གྱི་གཤེད། །ཁྱུང་ནག་ཉིད་དང་དབང་དགུག་ལྷ། །རིགས་བདག་རྔོམ་བརྗིད་མཛད་ལ་བསྟོད། །ཧཱུཾ ཕྱོགས་བཅུ་འཇིག་རྟེན་གདོན་གཟིར་བར། །ཉིད་སྤྲུལ་ཁྲོ་བོའི་རྒྱལ་པོ་བཅུ། །མཁའ་འགྲོ་ཆོས་སྐྱོང་གིང་གི་ཚོགས། །ཀུན་ནས་སྐོར་བར་མཛད་ལ་བསྟོད། །དེ་ནས་མན་ངག་བཞིན་དྲེགས་པའི་སྙིང་གར་ཉི་མ་ལ་ཧཱུཾ་གི་མཐའ་མར། ཨོཾ་ཨཱཿཧཱུཾ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་ཨ་ཧཱུཾ་ཧཱུཾ་ཕཊ྄ཿཕཊ྄ཿ། ཡ་མནྟ་ཀ། ཧ་ཡ་གྲཱི་ཝ། བཛྭ་པཱ་ཎི། ཌཱ་ཀི་ནི། ཀ་རུ་ཎ་ཧཱུཾ་ཕཊ྄ཿ། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུཾ་ཕཊ྄ཿ། ཨོཾ་བཛྭ་ཡཀྴ་ཧཱུཾ་ཕཊ྄ཿ། གནོད་བྱེད་སརྦ་མཱ་ར་ཡ་ཧཱུཾ་ཕཊ྄ཿ། མགལ་མེ་འཁོར་བ་ལྟ་བུ་ལས་ཡཀྴ་མེ་དབལ་ནམ་མཁའ་གང་བར་སྤྲོས། གནོད་བྱེད་ཐམས་ཅད་གསད་གཅད་གཏུབས། བདག་དང་རྒྱན་གྱི་ལྷ་ཐམས་ཅད་ལས་འཕྲོས་པའི་མེ་དཔུང་གིས་བདག་གི་སྡིག་སྒྲིབ་བསྲེགས། ལུས་ངག་ཡིད་བདེ་བར་ལྡན་པ་དང་། རས་དེའི་མི་དང་གསེར་གྱི་འཁོར་ལོ་རྩེ་བསྣོལ་བའི་བར་དུ། དགྲ་བགེགས་ཀྱི་སྐྱེ་ཕྲུལ་ལུ་ལུ་གཅོད་པར་བསམ་ལ་བཟླས་སོ། མཐར་མེ་ལོང་ལ་ཧས་བཏབ་པ་ལྟར་བསྡུས་ནས་སྟོང་པ་ཉིད་ལ་གཞུག །ཡང་དེ་ལས་སྐད་ཅིག་གིས་ལྷར་ལངས་ཏེ་སྤྱོད་ལམ་དང་བྱ་བ་ལ་འཇུག་གོ །དགེ་བའི་རྩ་བ་སྤྱི་མཐུན་བསྔོའོ། སྟོད་ལས་སོ། དེ་ནས་ཚོགས་བཤམས་ཏེ་བསངས་ནས། ཧཱུཾ རཾ་ཡཾ་ཁཾ་གསུམ་ཡིག་འབྲུའི་འཕྲོ་འདུ་ལས། །ཉེས་སྐྱོན་བསྲེགས་གཏོར་སྦྱངས་པས་དག་པར་གྱུར། །ཡཾ་རཾ་ཀེཾ་ཨ་འཕྲོ་འདུས་རླུང་མེ་ཐོད། །ཨོཾ་ཨཱཿཧཱུཾ་གིས་ཤ་ལྔ་བདུད་རྩི་ལྔ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩྨ་ཨ་མྲྀ་ཏ་ཧཱུཾ་སྲཱིཿཐཱཿ། རླུང་གིས་མེ་སྦར་ཐོད་དྲོས་བདུད་རྩིར་ཞུ། །དེ་རླངས་ཟླ་ཕྱེད་རྡོ་རྗེ་ཧཱུཾ་མཚན་གྱུར། །དེ་ལས་འོད་འཕྲོས་ཡེ་ཤེས་བདུད་རྩི་བསྟིམ། །དེ་ཉིད་འོད་ཞུ་གཉིས་སུ་མེད་པར་གྱུར། །སྤོས་དང་རྔ་སིལ་དབྱངས་ཀྱིས། ཧཱུཾ ནུབ་ཕྱོགས་ཨུ་རྒྱན་སྤྲུལ་པའི་དུར་ཁྲོད་ནས། །གནས་གསུམ་མཁའ་འགྲོ་སྤྲིན་བཞིན་འདུས་པའི་དབུས། །ཆགས་བྲལ་པད་ཉི་རོ་ཡི་གདན་སྟེང་ན། །རྔམ་བརྗིད་སྟོབས་ལྡན་པདྨ་ཐོད་འཕྲེང་སྐུ། །དུས་ངན་སྙིགས་མའི་འགྲོ་བ་འཐུལ་བ་དང་། །བདག་ཅག་རྗེས་འཇུག་ཐུགས་རྗེས་གཟུང་སླད་དུ། །ཞལ་ཟས་འདོད་ཡོན་ཚོགས་ལ་སྤྱན་འདྲེན་ན། །ཐུགས་རྗེས་རྫུ་འཕྲུལ་ལྡན་པས་སྐྱོད་པར་འཚལ། །བྱིན་རླབས་དངོས་གྲུབ་འབེབས་ཕྱིར་གཤེགས་སུ་གསོལ། །ཡི་དམ་དཔའ་བོ་མཁའ་འགྲོ་ཐམས་ཅད་དང་། །དམ་ཅན་ཆོས་སྐྱོང་བཀའ་ཉན་གིང་ཀ་ར། །ལྷ་སྲིན་ཡོངས་ཀྱིས་བསྐོར་ནས་འདིར་བྱོན་ཅིག །ཧཱུཾ ཚོགས་ཁང་དུར་ཁྲོད་འབར་བའི་གཞལ་ཡས་འདིར། །པདྨ་ཟླ་ཉི་བཾ་ཆེན་བརྩེགས་པའི་ཁར། །རྔམ་བརྗིད་དགྱེས་པའི་གར་གྱིས་བཞུགས་ནས་ཀྱང་། །ཚོགས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་ཏུ་གསོལ། །ཚོགས་ཕུད་དང་པོ། ཧཱུཾ རིག་འཛིན་བླ་མ་དྲག་པོའི་ལྷ་ཚོགས་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིང་ཚོགས་ལ། །འདོད་ཡོན་ལྔ་ལྡན་ཚོགས་ཀྱི་མཆོད་པ་འབུལ། །ཐུགས་རྗེས་བཞེས་ལ་དབང་དང་དངོས་གྲུབ་སྩོལ། །བར་མ། ཧཱུཾ བདག་ནི་ཐོག་མེད་དུས་ནས་ད་ལྟའི་བར། །ཉོན་མོངས་འཁྲུལ་པའི་དབང་གྱུར་སྒོ་གསུམ་གྱིས། །མི་དགེ་སྤྱོད་པས་རྒྱལ་བའི་དགོངས་འགལ་བ། །ཚོགས་མཆོད་འདིར་རྟེན་གནོང་ཞིང་འགྱོད་པས་བཤགས། ཐུགས་རྗེས་བརྩེ་བས་ཚངས་པ་ཡར་བཞེས་ལ། །ཡེ་ཤེས་དོན་གྱི་དག་པ་བདག་ལ་སྩོལ། །ས་མཱ་ཡ་ཨ་ལ་ལ། ཧཱུཾ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར། །ཡེ་སྒྲོལ་ཡེ་སྦྱོར་ཆེན་པོས་ཐུགས་དམ་བསྐངས། །ཧོ། བཀའ་དྲིན་འཁོར་བ་མེད་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ། རྒྱལ་བ་དགོངས་པའི་བརྒྱུད་པ། བྱིན་རླབས་མཁའ་འགྲོའི་བརྒྱུད་པ། རིགས་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པའི་བླ་མ་ཐམས་ཅད་ལ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ་ལོ། །འཁོར་ལོ། རྡོ་རྗེ། རིན་ཆེན། པདྨ། ལས་ཀྱི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཞི་བ་དང་། ཆགས་པ་དང་། ཁྲོ་བོའི་རྣམ་པར་སྣང་བའི་སངས་རྒྱས་ཐམས་ཅད་ལ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ་ལོ། །གསང་སྔགས་དང་། རིག་སྔགས་དང་། སྙིང་པོ་དང་། གཟུང་སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་ལ་སོགས་པ་དམ་པའི་ཆོས་ཀྱི་འཁོར་ལོ་ཐམས་ཅད་ལ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ་ལོ། །སེམས་དཔའ་དང་སེམས་མ་དང་། །ཁྲོ་བོ་དང་། ཁྲོ་མོ། དཀྱིལ་འཁོར་ཆེན་པོར་འདུ་བའི་དགེ་འདུན་ཐམས་ཅད་ལ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ་ལོ། །དཔལ་རྡོ་རྗེ་སྲིན་པོ། མཧཱ་ཀཱ་ལ་ལྕམ་དྲལ། རྣལ་འབྱོར་གྱི་དགྲ་ལྷ། དྲེགས་པའི་སྡེ་དཔོན་སུམ་ཅུ། དྲེགས་པ་བཅོ་བརྒྱད། ཕྱི་ནང་གསང་བ་སྦས་པ་དྲག་པོ་སྔགས་ལས་བྱེད་བཏགས་ཆགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད། བཙུན་མོ་ནང་མི་མངག་གཞུག་གནག་གི་གཉན་དམག་གི་ཚོགས་དང་བཅས་པ་ཐམས་ཅད་ལ་གསེར་སྐྱེམས་ཕུད་ཀྱི་མཆོད་འབུལ་ལོ། །ཁྱད་པར་དུ་ཡུལ་འདི་སྐྱོང་བ་རྣམས་དང་། རྣལ་འབྱོར་པ་བདག་གི་ཟོར་ལམ་དུ་འདུག་པ། སྒོ་བ། འཕྲང་བ། ཕྱོགས་སྐྱོང་བ་ཐམས་ཅད་ལ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ་ལོ། །གཞན་ཡང་ལན་ཆགས་སྙིང་རྗེའི་མགྲོན་འགྲོ་བ་རིགས་དྲུག་གི་འཇིག་རྟེན་ཐམས་ཅད་ལ་གསེར་སྐྱེམས་ཕུད་འདིས་རང་རང་གི་ཡིད་ལ་འདོད་པའི་དངོས་པོ་ཐམས་ཅད་འབྱུང་བར་གྱུར་ཅིག །ཐ་མ་ཉའུ་བྲུབ་ཁུང་དུ་བཅུག་ནས། ཨེ སུས་ཀྱང་མི་ཐུབ་སྤྲོས་བྲལ་དྲེགས་པའི་གནས། །རྣམ་པར་གྲུ་གསུམ་དངོས་འཛིན་གསོང་བའི་ཁང་། །དངོས་མེད་ལོག་རྟོག་བཅིང་བའི་བཙོན་ར་ཆེ། །སྲིད་གསུམ་ཟ་བྱེད་མེ་བསྲེགས་མུན་འཚུབ་པར། །ལྷྭནྲིི་ཏྲི། མ་རིག་གདུག་པ་ཅན་གྱི་དགྲ་བོ་འདི། །འཇུག་ཤེས་ལྔ་དང་དེ་ཡི་རྟེན་ཉམས་ལ། །རྣམ་ཤེས་ཐིམ་ཁ་གུད་པའི་ལུས་ཅན་འདི། །རང་རིག་ཡེ་ཤེས་ལྕགས་སུ་བཅུག་པར་གྱུར། །ཧཱུཾ བླ་མ་དྲག་པོ་ཡི་དམ་གསང་སྔགས་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གིང་ཚོགས་ཀྱི། །བཀའ་བདེན་བདེན་པའི་བྱིན་རླབས་ཆེན་པོ་དེས། །བསྒྲལ་འོས་གནོད་བྱེད་དམིགས་པ་འདིར་ཁུག་ཅིག །ཧཱུཾ བདེ་གཤེགས་འདུས་པ་ཁྲོ་བོའི་སྤྱི། །རིག་འཇིན་བླ་མ་དྲག་པོ་རྩལ། །སྐུ་གསུང་ཐུགས་ནི་མི་བཟད་བརྒྱན། །གདུག་པ་འདུལ་བའི་དུས་ལ་བབ། །ཧཱུཾ ཟག་མེད་ལས་ཀྱི་ཁྲོ་བོ་དང་། །ཤེས་རབ་ཁྲོ་མོ་འཆོལ་བ་རྣམས། །སྒྱུ་མའི་འཁྲུལ་འཁོར་མཐའ་ཡས་པས། །གདུག་པ་འདུལ་བའི་དུས་ལ་བབ། །ཧཱུཾ མགོན་པོའི་རྣམ་པའི་གར་གང་ལ། །སྲིད་དང་སྲིད་མིན་ཀུན་དམིགས་པའི། །སྡེ་བརྒྱད་དྲེགས་པར་བཞེངས་པ་རྣམས། །གདུག་པ་འདུལ་བའི་དུས་ལ་བབ། །ཧཱུཾ དྲན་པའི་ཕོ་ཉ་ལྕགས་ཀྱུ་མ་ཡི་ཚོགས། །སྐར་ལྟར་འཁྲུག་ཅིང་གློག་ལྟར་འཁྱུག་པ་རྣམས། །གནོད་བྱེད་ཕུང་ཁམས་སྐྱེ་མཆེད་འཇིག་རྟེན་གསུམ། །གང་ན་འདུག་ཀྱང་ལྕགས་ཀྱུས་ཨངྐུ་ཤ་ཛཿ། །ཧཱུཾ ཤེས་བཞིན་ཕོ་ཉ་ཞགས་པ་སེར་མོའི་ཚོགས། །སྐར་ལྟར་འཁྲུག་ཅིང་གློག་ལྟར་འཁྱུག་པ་རྣམས། །གནོད་བྱེད་ཕུང་ཁམས་སྐྱེ་མཆེད་འཇིག་རྟེན་གསུམ། །གང་ན་འདུག་ཀྱང་ཞགས་པས་པཱ་ཤ་ཧཱུཾ། །ཧཱུཾ མ་ཡེངས་ཕོ་ཉ་ལྕགས་སྒྲོག་དམར་མོའི་ཚོགས། །སྐར་ལྟར་འཁྲུག་ཅིང་གློག་ལྟར་འཁྱུག་པ་རྣམས། །གནོད་བྱེད་ཕུང་ཁམས་སྐྱེ་མཆེད་འཇིག་རྟེན་གསུམ། །གང་ན་འདུག་ཀྱང་སྒྲོག་གིས་ཀྵྨྱོ་ཊ་བཾ། །ཧཱུཾ རང་གྲོལ་ཕོ་ཉ་དྲིལ་བུ་ལྗང་མའི་ཚོགས། །སྐར་ལྟར་འཁྲུག་ཅིག་གློག་ལྟར་འཁྱུག་པ་རྣམས། །གནོད་བྱེད་ཕུང་ཁམས་སྐྱེ་མཆེད་འཇིག་རྟེན་གསུམ། །གར་འདུག་དྲིལ་བུས་ཨ་བེ་ཤ་ཡ་ཧོ། །ཧཱུཾ ཀུན་རྨོངས་མ་རུངས་དགྲ་བོ་འདི། །སྐྱོབ་པའི་ལས་ཉོན་ལྷ་ཉོན་ཅིག །སྔོན་ཆད་འདི་ཡིས་འཇིག་རྟེན་རྣམས། །མི་བཟད་འཁོར་བའི་བཙོན་རར་བཅུག །ཉམ་ཐག་སྡུག་བསྔལ་ཐམས་ཅད་སྦྱར། །དཀོན་མཆོག་གསུམ་གྱི་དབུ་འཕངས་སྨད། །བླ་མའི་གསུང་ངག་ཁྱད་དུ་བསད། །བསྒྲལ་འོས་ཡིན་གྱིས་མ་སྐྱོབ་ཅིག །ཡུངས་སོགས་ཐུན། ཧཱུཾ ཡེ་ཤེས་ཁྲོ་བོ་གིང་ཀ་ར། །ཐུན་རྫས་གདུག་པ་ཅན་གྱི་སྡེ། །བྱིན་གྱིས་བརླབས་པའི་ཐུན་རྫས་འདི། །མི་བཟད་མཚོན་ཆའི་འཁྲུལ་འཁོར་ཏེ། །གནོད་བྱེད་ལུས་ངག་ཡིད་ལ་ཡ། །དེ་ནས་ཕུར་སྐོར་བྱས་སྟེ། ཧཱུཾ རྒྱལ་བ་ཀུན་གྱི་ནུས་པའི་གཟུགས། །ཁྲོ་བོ་ཡཀྴ་མེ་དབལ་ནི། །ལྟེ་བ་མན་ཆད་ཕུར་བུའི་དབྱིབས། །བསྒྲིལ་བས་ཐམས་ཅད་སྡངས་བྱེད་ཅིང་། །ཚེ་དང་བསོད་ནམས་བདག་གི་གསོས། །རྣམ་ཤེས་བསྲེགས་ནས་ཐར་པར་འདྲེན། །བཏབ་པས་རྡུལ་དུ་བརླག་པར་བྱ། །དེ་ནས་བཏབ་པ། ཧཱུཾ དབང་དྲག་པདྨའི་ལྷ་ཚོགས་སྐུ་བཞེངས་ལ། །རྔམ་བརྗིད་རབ་ཏུ་འཇིགས་པའི་ཞལ་གདོངས་ཤིག །གྲུ་གསུམ་བནྡྷ་འབར་བའི་སྣོད་ནང་དུ། །བར་ཆད་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི། །དབང་དྲག་པདྨའི་ལྷ་ཚོགས་ཞལ་དུ་བཏབ། །དགྱེས་པར་རོལ་ཅིག་བཛྭ་ཨ་ར་ལི། །དབང་དྲག་པདྨ་ཁྱེད་ཀྱིས་བཞེས་ནས་ཀྱང་། །བྱང་ཆུབ་སྒྲུབ་ལ་བར་ཆད་མེད་པར་མཛོད། །མཧཱ་མཾ་ས་ལ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མཧཱ་བ་སུ་ཏ་ཁཱ་ཧི། མཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི། དངོས་གྲུབ་བླང་བ་ནི། ཧཱུཾ དབང་དྲག་པདྨའི་ལྷ་ཚོགས་དགོངས་སུ་གསོལ། །སྙིགས་མ་ལྔ་ལྡན་དུས་ཀྱི་མཐའ་མ་འདིར། །འཁོར་བའི་རྒྱ་མཚོར་བྱིང་བའི་འགྲོ་བ་བདག །ཁྱོད་ལ་སྐྱབས་གསོལ་ཡུན་གྱི་མགོན་བགྱིས་ན། །ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས་ནས་ཀྱང་། །ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་ཀུན། །ཞལ་ཟས་ཚོགས་མཆོད་འདི་ལ་ཆར་ལྟར་ཕོབ། །དུས་འདི་ཉིད་དུ་བདག་ལ་སྩལ་དུ་གསོལ། །འགྱུར་བ་མེད་པ་སྐུ་ཡི་དངོས་གྲུབ་སྩོལ། །འགག་པ་མེད་པ་གསུང་གི་དངོས་གྲུབ་སྩོལ། །སྒྲིབ་པ་མེད་པ་ཐུགས་ཀྱི་དངོས་གྲུབ་སྩོལ། །ཡོན་ཏན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །འཕྲིན་ལས་ཐོགས་པ་མེད་པའི་དངོས་གྲུབ་སྩོལ། །ཧཱུཾ སྣང་བ་མཐའ་ཡས་འོད་ཟེར་གྱིས། །སྣོད་བཅུད་སངས་རྒྱས་ཐམས་ཅད་ཀྱི། །ཚེ་དང་བསོད་ནམས་ཡེ་ཤེས་དཔལ། །ཀུན་བསྡུས་འཆི་མེད་ཚེ་དང་དཔལ། །བྱ་ཁྱུང་ཀླུ་འདུལ་འཇམ་དཔལ་སྐུ། །རྟ་མགྲིན་གསུང་དང་ཕྱག་རྡོར་ཐུགས། །ཕག་མོ་ཡོན་ཏན་ཡཀྴས་ལས། །སྡིག་པས་དྲེགས་པ་ཡོངས་འདུལ་བའི། །དབང་དང་དངོས་གྲུབ་ཀུན་བསྩལ་བས། །སངས་རྒྱས་ཀུན་དང་མཉམ་པར་གྱུར། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། གུ་ཎ་སིདྡྷི་སྭཱ། ཀརྨ་སིདྡྷི་ཧཱ། ཕུད་གསུམ་གཏོར་མར་བཅུག །རྣལ་འབྱོར་རྣམས་ཀྱིས་ལོངས་སྤྱོད། ལྷག་མ་དཀྱིལ་འཁོར་གྱི་ཟུར་དུ་བཞག་ལ་བདུད་རྩི་སྦྲན་ཏེ། ཅང་ཏེའུ་རྡུང་། ཧཱུཾ དབང་དྲག་པདྨའི་འཁོར་དུ་གནས་པ་ཡི། །ཕྱི་འཁོར་སྐྱོང་བའི་སྲུང་མ་ཐུགས་དམ་ཅན། །དབང་ཕྱུག་གིང་དང་མཁའ་འགྲོ་ལངྐ་དང་། །ཕྲ་མེན་ཤུགས་འགྲོ་གཤིན་རྗེ་གནོད་སྦྱིན་ཚོགས། །འཇིག་པའི་ལུས་ལ་རྔམ་པའི་ཆ་བྱད་ཅན། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །རྫུ་འཕྲུལ་ཐོགས་མེད་དཔལ་གྱི་ཕམ་ལྷག་སྡུད། །ཏིང་འཛིན་དྲོད་མྱུལ་རྣལ་འབྱོར་ཚོགས་ཁང་ཉུལ། །རང་རང་སྤྲུལ་པ་འཁོར་དང་བཅས་པ་རྣམས། །ཞལ་ཟས་ཚོགས་ཀྱི་ལྷག་མ་འདི་བཞེས་ལ། །ཇི་ལྟར་དབང་བའི་འཕྲིན་ལས་སོ་སོར་མཛོད། །ཨོཾ་ཨུཙྪི་ཥྚ་སརྦ་ཌཱ་ཀི་ནཱི་བ་ལིངྟ་ཁཱ་ཧི། །དེ་ནས་ཆད་རྡོ་སྒྲག་པ། ཧཱུཾ བདེ་བར་གཤེགས་པ་ཀུན་གྱི་དབྱིངས། །སྣང་བ་མཐའ་ཡས་སྤྱན་རས་གཟིགས། །པདྨ་འབྱུང་གནས་སྤྲུལ་པའི་སྐུ། །རིམ་པ་བཞིན་དུ་མངོན་པར་བཞེངས། །དེའི་ཚེ་གདུག་པ་ཅན་ཐམས་ཅད། །འདུལ་བའི་དུས་ལ་བབ་གཟིགས་ནས། །ཤིན་ཏུ་ཁྲོས་པའི་དཀྱིལ་འཁོར་བསྟན། །མཐོང་བའི་མོད་ལ་དེ་དག་བརྒྱལ། །སླར་ཡང་ཐུགས་རྗེས་བསླད་ནས་སུ། །བསྟན་པ་སྲུང་བའི་ཆད་སྡོ་བྱས། །བཀའ་སྡོད་ཕོ་ཉར་རྩིས་ལ་ཕབ། །རྣལ་འབྱོར་བཅོལ་བའི་ལས་སྒྲུབ་པའི། །ཕོ་ཉར་མངགས་པས་བདག་སྦྲན་ནོ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྐུལ་བ་ནི། ཀྭ་ཡེ་རིག་འཛིན་པདྨ་ཁྱོད། །འགྲོ་བ་ཀུན་ལ་རྟག་ཏུ་གཟིགས། །འཕྲིན་ལས་མཛད་པའི་དུས་མི་ཡོལ། །ཁྲོ་རྒྱལ་ཚོགས་པ་ཁྱོད་ཀྱི་མཐུ། །དོ་ནུབ་དགྲ་དང་བགེགས་ལ་སྟོན། །ཉམས་པ་དེ་དག་ཚར་ཆོད་ཅིག །ཀྭཡེ་ཁྲོ་བོ་ཁྲོ་མོའི་ཚོགས། །ཞིང་སྐྱོང་དཔའ་བོ་དཔའ་མོའི་ཚོགས། །དཔལ་མགོན་ལྕམ་དྲལ་ནག་པོའི་ཚོགས། །ལས་མཛད་དྲེགས་པ་སྡེ་བརྒྱད་ཚོགས། །ཧཱུཾ་གི་སྒྲ་སྒྲོག་དི་རི་རི། །ཕཊ྄་ཀྱི་སྒྲ་སྒྲོག་ཁྲ་ལ་ལ། །གང་ལ་བྱ་བ་ཁྱེད་ཀྱིས་མཁྱེན། །ཡིད་ལ་བརྣག་པའི་དགྲ་བགེགས་འདི། །དབང་དུ་སྡུད་ལ་རྡུལ་དུ་རློག །ཐམས་ཅད་བདག་གིར་མ་དར་སྦྲོན། །བོས་སོ་རྡོ་རྗེའི་སྙན་མ་སྲ། །གཡབས་སོ་ཡེ་ཤེས་སྤྱན་མ་རཏལ། །གདུངས་སོ་སྙིང་རྗེ་མ་གཡེལ་བར། །དམག་དཔུང་ཆེན་པོ་ད་ཆོས་ཤིག །མི་ཤིག་གོ་ཆ་ད་བགོས་ཤིག །དགྲ་བོ་མཐར་བྱེད་གཡུལ་གཤོགས་ཤིག །ཕས་རྒོལ་ཐམས་ཅད་རླག་བྱོས་ཤིག །འདི་ནི་བསྒྲལ་བའི་འོས་ཡིན་ནོ། །བདེན་པ་ཐམས་ཅད་ཁྱད་གསོད་དོ། །དཀོན་མཆོག་གསུམ་ལ་དེས་སྡོའོ། །ཆོས་སྐྱོང་གཉན་པོར་བརྙས་གྱུར་ཏེ། །སེམས་ཅན་ཀུན་ལ་འཚེ་བྱེད་དོ། །རྗེ་བཙུན་བླ་མའི་ཐུགས་དཀྲུགས་སོ། །ལས་འབྲས་དག་ལ་མི་རྩིའོ། །ནག་པོའི་སྡིག་ལ་ཧམ་ལགས་སོ། །དཀར་པོའི་ཆོས་ལ་གནག་ལགས་སོ། །ཉོན་མོངས་དུག་གིས་བརྒྱལ་ལགས་སོ། །ངན་འགྲོའི་ཕྱོགས་སུ་གཞོལ་ལགས་སོ། །འདི་འདྲར་མཐུ་སྟོབས་མི་སྟོན་ན། །གཞན་གྱིས་མི་ཐུབ་ནུས་པ་རྫུན། །འགྲོ་དོན་དུས་ལས་གཡེལ་བས་ན། །དམ་བཅའ་མཛད་པའི་དུས་ལས་འདས། །རྣལ་འབྱོར་དབང་ཕྱུག་ཡི་ཆད་འགྱུར། །དེ་བས་མྱུར་དུ་ཚར་ཆོད་ཅིག །ཅེས་པས་བསྐུལ། ཧཱུཾ རིག་འཛིན་དྲག་པོའི་ནུས་མཐུ་དང་། །བཀའ་ཉན་བདེན་པའི་སྟོབས་ཆེན་གྱིས། །ཕས་ཀྱི་བྱད་མ་མཁན་རྣམས་ཀྱིས། །ཏིང་ངེ་འཛིན་དང་རིག་སྔགས་དང་། །རྫས་ཀྱི་སྦྱོར་བ་ངན་རྩོམ་པ། ཐམས་ཅད་བྱད་མ་ཉིད་ལ་ཟློག །སྟེང་གདོན་ལྷ་དང་འོག་གདོན་ཀླུ། །བར་གདོན་བགེགས་ཀྱི་བར་ཆད་ཀུན། །སྡང་བར་བྱེད་པའི་དགྲ་ལ་ཟློག །འཕྲལ་རྐྱེན་རན་པ་བྱུར་དང་ནི། །བདུད་དང་འགོང་པོའི་གཡོ་ཐབས་ཀུན། །གནོད་བྱེད་སྡང་བའི་དགྲ་ལ་སྒྱུར། །ལྷ་སྲིན་ཟ་ཁ་དེ་ལ་གཏོར། །དེ་ནས། ཧཱུཾ ང་ནི་གཏོར་ཟོར་གཉེན་པོ་འཕེན། །ཕྱོགས་སྐྱོང་ཡུལ་ལྷ་ལ་སོགས་པ། །གདོང་དུས་སུ་ཡང་མ་སྡོད་ཅིག །སྡང་བའི་དགྲ་བོ་གར་འདུག་པར། །དམར་གཏོར་ཆེན་པོ་འདི་འཕང་ངོ་། །ཐུན་རྫས་མཚོན་ཆ་ཀུན་འཕང་ངོ་། །ཕྱི་ཡི་ཡུལ་འཁོར་རླག་པ་དང་། །ནང་གི་མི་བརྒྱུད་རྩད་ནས་ཆོད། །རྦད་པའི་དུས་སུ་མཐུ་མ་ཆུང་། །མངགས་པའི་དོན་ཆེན་བརྗེད་མི་འོས། །བཅོལ་བའི་དུས་སུ་བརྩོན་པ་དང་། །བསྒོ་བའི་དོན་ཆེན་སྒྲུབ་པར་མཛོད། །ཅེས་གཏོར་མ་འཕང་ངོ་། །དེ་ནས་གཏོར་སྣོད་ཁ་སྦུབ། དེར་བགེགས་ཐམས་ཅད་མནན་པར་བསམ་མོ། །ཧཱུཾ ཐམས་ཅད་ཆོས་དབྱིངས་ཡངས་པའི་ཀློང་། །ཅི་ཤར་ཅི་སྣང་མཉམ་པ་ཉིད། །བར་ཆད་བགེགས་ཀྱི་མིང་ཡང་མེད། །རིག་འཛིན་བླ་མའི་རོལ་པའོ། །གཡས་བརྐྱང་དཔའ་བོ་རོལ་པའི་འཆམས། །སྟོང་ཉིད་དབྱིངས་སུ་ཆེམས་སེ་ཆེམས། །གཡོན་བརྐྱང་དཔའ་མོ་རོལ་པའི་གར། །སྙིང་རྗེའི་ངང་དུ་ཁྲིགས་སེ་ཁྲིགས། །ཟླུམ་པོ་མཉམ་ཉིད་ཟུང་འཇུག་བྲོ། །ཁ་སྦྱོར་ཆེན་པོར་ཤིགས་སེ་ཤིགས། །དེ་ནས་བསྟན་སྐྱོང་། བཤལ་ཆུ་ཡིག་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ་འདི་སྐད་དོ། །ཧཱུཾ སྲོག་ལ་དབང་སྒྱུར་བདུད་མོ་བཞི། །ནོར་ལ་དབང་སྒྱུར་གནོད་སྦྱིན་བཞི། །རྫུ་འཕྲུལ་དབང་སྒྱུར་སྨན་མོ་བཞི། །དྲེའུ་རྟ་མང་པོ་ཆིབས་ལ་བྱོན། །བྲན་གཡོག་མང་པོའི་འཁོར་བཅས་རྣམས། །ལྷབ་ལྷབ་ཟ་འགོ་དར་གོས་གྱོན། །སིལ་སིལ་རིན་ཆེན་རྒྱན་གྱིས་སྤུང་། །འདིར་བྱོན་དམ་ཚིག་སྐོང་ལགས་སོ། །བསྟན་མ་བཅུ་གཉིས་ཁྱེད་རྣམས་ཀྱིས། །སློབ་དཔོན་པདྨ་འབྱུང་གནས་ལ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་བཤལ་ཆུ་གཏོར་རོ། །དེ་ནས་ཡིག་བརྒྱ་འདོན། བསྔོ་བ་དང་བཀྲ་ཤིས་བྱའོ། །ཞེས་པ་འདི་སྡགས་འཆང་ཆོས་རྒྱལ་ཕུན་ཚོགས་ཀྱིས་རིང་མོ་ནས་བསྐུལ་བ་ལྟར་དང་། སྒེར་དུ་བློ་བཟང་དགའ་བོས་ཆེ་དག་ཉེར་གྱིས་ཀྱང་བསྐུལ་བ་ལྟར། སློབ་དཔོན་ཉིད་ལས་གནང་བ་ཐོབ་པ་པདྨ་དཀར་པོས། ལྷོ་བྲག་མཁར་ཆུ་ཞེས་བྱ་བ་མཁའ་འགྲོ་འདུ་བའི་སྒྲུབ་གནས་ཆེན་པོའི་མགུལ། ཉམས་དགའ་སྨན་གྱི་གཤོད་ཡར་རྩེ་སྤང་གི་ཅོག་སྒར་དུ་སྤྲེའུ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་སྦྱར་བའོ།། །།


previousབླ་མ་དྲག་པོའི་ལས་བྱང་དངོས་གྲུབ་ཀུན་འབྱུང་།next