Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
གུ་རུ་དྲག་པོའི་དབང་མོ་ཆེ་རྡོ་རྗེའི་སྤྱི་བླུགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོའི་དབང་མོ་ཆེ་རྡོ་རྗེའི་སྤྱི་བླུགས།next

གུ་རུ་དྲག་པོའི་དབང་མོ་ཆེ་རྡོ་རྗེའི་སྤྱི་བླུགས།

གུ་རུ་དྲག་པོའི་དབང་མོ་ཆེ་རྡོ་རྗེའི་སྤྱི་བླུགས་བཞུགས་སོ༔ མ་དྲག་པོའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ རྡོ་རྗེ་དྲག་པོ་རྩལ་གྱི་ལྷ་ཚོགས་རྣམས་ཀྱི་དབང་བསྐུར་བའི་རིམ་པ་ནི༔ སྔོན་འགྲོ་སྟ་གོན༔དངོས་གཞི་དབང་བསྐུར་བ་དང་༔ རྗེས་མཐའ་བསྐྱང་བར་བྱའོ༔ དང་པོ་ནི༔ གནས་ཡིད་དང་མཐུན་པར་གཏོར་མ་དཔེ་ཆུང་ལྟར་བཤམས་ལཿ དཀྱིལ་འཁོར་བྲི༔ ས་རྒྱན་གནམ་རྒྱན་བཀྲམ༔ ཙཀྐ་ལི་རྣམས་ལྷ་གདན་ལ་གཟུགས༔ སྨན་རག་མཆོད་པ་དང་བཅས་པ་འཛོམ་པ་དང་༔ སློབ་བུ་རྣམས་ཁྲུས་བྱས༔ རྒྱན་བཏགས་ལ་གྲལ་ལ་འདུག༔ ལས་རིམ་ལྟར་སྐྱབས་འགྲོ་སེམས་བསྐྱེད༔ བསྐྱེད་རིམ་གྱི་བར་དུ་འཇུག༔ བར་དེར་སྒྲུབ་ཐབས་ལྟར་བསྐྱེད་རིམ་ཕོག་ལ་བསྙེན་པ་བྱ༔ དེ་ནས་སྤྱན་དྲངས་ལ་ཚོགས་ཡར་ཅད་ཚར་བ་དང་ ༔སྔོན་ལ་དྲང་དོན་དུ་བློ་ཁ་བསྒྱུར་ལ་བྱིན་དབབ༔ ཉུལ་ལེ་བསྐྲད་པ་སོགས་བྱའོ༔ གཉིས་པ་དངོས་གཞི་ནི༔ སློབ་དཔོན་གྱིས་ལས་བུམ་ཐོགས་ལ་ཁྲུས་བྱའོ༔ སྲུང་སྐུད་གདགས༔ དེ་ནས་མེ་ཏོག༔ མཎྜྻལ་ཕུལ་ལ་སློབ་མ་རྣམས་ཀྱིས་གསོལ་བ་གདབ༔ ཨེ་མ་བླ་མ་རིན་པོ་ཆེ༔ བདག་ཅག་འཁོར་བའི་བཙོན་རར་ཆུད༔ ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ༔ བདག་ཅག་གཟུང་འཛིན་ཞགས་པས་བསྡམས༔ ཤེས་རབ་རལ་གྲིས་གཅད་དུ་གསོལ༔ བླ་མ་དྲག་པོ་ཐོད་འཕྲེང་གི༔ དབང་མཆོག་དམ་པ་སྩལ་དུ་གསོལ༔ ཞེས་པ་དང་། བླ་མས་ཡོལ་བའི་ནང་ནས་འདི་སྐད་དོ༔ ཧོ༔ བུ་ཁྱོད་སུ་ཡིན་ཅི་ཞིག་བྱ༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིརཿ འཇུག་པའི་སྐལ་ལྡན་ལས་འཕྲོ་ཅནཿ བརྒྱ་ལམ་ན་ནི་རེ་འགའ་ཙམ༔ རྩ་གསུམ་དམ་ཚིག་སྲུང་ནུས་སམ༔ ཞེས་བརྗོད༔སློབ་བུས༔ ཧོ༔བདག་ནི་རིག་པའི་བུ་གཅིག་པུ༔ སྔོན་སྦྱངས་ལས་འཕྲོ་ཅན་ཡིན་ནོ༔ རྩ་གསུམ་དམ་ཚིག་བདག་གིས་སྲུང་༔ ཐུགས་རྗེས་དགོངས་ལ་དབང་བསྐུར་ཞུ༔ ཞེས་པས་དཀྱིལ་འཁོར་བླ་མ་དང་བཅས་པ་ལ་སྐོར་བ་ལན་གསུམ་བསྐོར༔ ཕྱོགས་བཞི་ནས་ཕྱག་འཚལ༔ སློབ་བུས་མེ་ཏོག་གཏོར༔ མིག་དར་བཀབ༔ ཧཱུཾ༔ གུ་རུ་དྲག་པོའི་དཀྱིལ་འཁོར་དུཿ རང་རིག་སྣང་བའི་མེ་ཏོག་འབུལ༔ སྔོན་སྦྱངས་ལས་འཕྲོ་གང་ཡོད་པའིཿ ཡི་དམ་ལྷ་དང་ད་སྤྲོད་ཅིགཿ ཅེས་པས་མེ་ཏོག་གཏོརཿ གང་བབ་ལྷ་ལས་འདྲེས་པའི་གསང་མཚན་གདགས༔ མིག་དར་བཤུས༔ རྡོ་རྗེས་མིག་ཕྱིས༔ ཧོ༔ ཇི་ལྟར་མིག་མཁན་མིག་ཕྱེ་ལྟར༔ ཁྱོད་ཀྱི་མ་རིག་ལིང་ཏོག་འདི༔ རིག་པའི་ངང་དུ་ད་ཕྱེ་བས༔ བླ་མ་དྲག་པོའི་ལྷ་ལ་ལྟོས༔ ཞེས་ལྷ་ངོ་སྤྲད་དོ༔ དེ་ནས་ཅོད་པན་མདོ་ལ་བཞག༔ ཧོཿ དེང་ནས་བུ་ཁྱོད་རྒྱལ་བའི་སྲས༔ བླ་མ་དྲག་པོའི་ཐུགས་སྲོག་འཛིན༔ དབང་རྟགས་ཅོད་པན་པུ་རུ་རུ༔ འཁོར་འདས་རང་གྲོལ་དབང་ཐོབ་ཤོག༔ ན་མོ་པུ་རུ་ཤ་ཨ་བྷིཥིཉྩྨ་ཧཱུཾཿ དེ་ནས་ཐོག་མར་བུམ་པ་མགོ་ལ་བཞག༔ བུམ་ཆུ་ངག་ཏུ་བླུད༔ རོལ་མོ་སྦིར་ལཿ ཧཱུཾ༔ བུམ་པ་ཀུན་བཟང་གཞལ་ཡས་ཁང་གི་ནང་༔ བུམ་རྫས་རང་གསལ་དག་པོ་ཐོད་འཕྲེང་རྩལ༔ དབང་བཞི་ཐོབ་ནས་དྲི་བཞི་དག་པའི་དོན༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུཾ་ཨ་རྩིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་ཨ་ཧཱུཾ་ཧཱུཾ་ཕཊ྄ཿཕཊ྄་ཨབྷི་ཥིཉྩྨ་ཨོཾ་ཨཱཿཧཱུཾ་སྲཱིཿཧཱ༔ ཐོད་པ་བདུད་རྩིས་གང་བ་མགོ་ལ་གཏུགས་ལ༔ ངག་ཏུ་བླུད༔ ཧོ༔ དུས་གསུམ་དོན་མཛད་པདྨ་འབྱུང་གནས་སྐུ༔ དད་མོས་ཅན་ལ་སྤྱི་གཙུག་མངོན་སུམ་འབྱུང་༔ པདྨ་ལྟར་གསལ་དྲི་མེད་སྤྲུལ་པའི་སྐུ༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་དབང་ཐོབ་ཤོག༔ ཨོཾ་བཛྭ་གུ་རུ་ཧ་རི་ནི་ས་སིདྡྷི་ཧཱུཾ༔ཨ་བྷི་ཥིཉྩྨ་ཨོཾ་ཨཱཿཧཱུཾ་སྲཱིཿཧཱཿ རྡོ་རྗེ་དྲིལ་བུ་མགོ་ལ་བཞག༔ ཧོ༔ རང་ལུས་ཕུང་པོ་ལྷ་དང་ལྷ་མོའི་ངང་༔ ཐོད་འཕྲེང་རྩལ་མཆོག་ལོངས་སྤྱོད་རིགས་ལྔའི་སྐུ༔ དུག་སྔ་དག་ནས་ཡེ་ཤེས་ལྔར་གསལ་བ༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུཾ་གུ་རུ་དྲག་པོ་རྩལ་ཨ་བྷི་ཥིཉྩྨ་ཨོཾ་ཨཱ་ཧཱུཾ་སྲཱིཿཧཱ༔ བུ་ཏི་འཇམ་དཔལ་སྐུ་བཅས་དཔྲལ་བར་བཞག༔ ཧོ༔ བདེ་གཤེགས་སྐུ་དངོས་འཇམ་དཔལ་གཙོ་བོ་སྟེ༔ རྨོངས་པའི་བློ་སེལ་དུག་ལྔའི་བདུད་ལས་གྲོལ༔ ཆོས་སྒོ་ཀུན་ལ་སྒོ་མཛོད་རང་དབྱེ་བའི༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་མུཾ༔ཝཱ་གི་ཤྭ་རི་ཨ་བྷི་ཥིཉྩྨ་ཨོཾ་ཨཱ༔ཧཱུཾ་སྲཱིཿཧཱ༔ མགྲིན་པར་ཕུར་བ་སྐུ་བཅས་བཞག༔ ཧོ༔ བདེ་གཤེགས་གསུང་དངོས་རྟ་མགྲིན་དབང་གི་རྒྱལ༔ རྒྱལ་འགོང་དྲེགས་པ་སྡེ་བརྒྱད་ཟིལ་གྱིས་གནོན༔ འཕྲིན་ལས་གང་ལ་ཐོགས་པ་མེད་པའི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ སྲཱི༔བཛྭ་ཀྲོ་དྷ་གྲཱྀ་ཝ་ཧཱུཾ་ཧཱུཾ་ཨ་བྷི་ཥིཉྩྨ་ཨོཾ་ཨཱཿཧཱུཾ་སྲཱིཿཧཱ༔ སྙིང་གར་རྡོ་རྗེ་སྐུ་བཅས་བཞག༔ ཧོཿ བདེ་གཤེགས་ཐུགས་དངོས་ཕྱག་ན་རྡོ་རྗེའི་མཐུས༔ ཀླུ་དང་ས་བདག་གཟའ་རྣམས་ཟིལ་གྱིས་གནོན༔ ནུས་རྩལ་གང་ལ་ཐོག་དང་འདྲ་བའི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་དབང་ཐོབ་ཤོག༔ བཛྭ་ཙཎྜྻ་མཧཱ་རོ་ཥ་ཎ་ཨ་བྷི་ཥིཉྩྨ་ཧཱུཾ༔ གསང་གནས་སུ་མེ་དབལ་སྐུ་བཅས་ལས་བུམ་བཞག་ཅིང་བཀྲུ༔ ཧོ༔ བདེ་གཤེགས་འཕྲིན་ལས་ཡཀྴ་མེ་དབལ་སྐུ༔ གདོན་བགེགས་གནོད་སྦྱིན་མ་ལུས་རྡུལ་དུ་རློག༔ སྣང་སྲིད་དབང་སྡུད་དྲེགས་པ་ཚར་གཅོད་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་དབང་ཐོབ་ཤོག༔ ཨོཾ་བཛྭ་ཡཀྴ་ཧཱུཾ་ཨ་བྷིིཥིཉྩྨ་ཨོཾ་ཨཱཿཧཱུཾ་སྲཱིཿཧཱ གནས་ལྔར་ཁྱུང་ལྔ་བཞག་ལ༔ ཧོ༔ བདེ་གཤེགས་ཡོན་ཏན་བྱ་ཁྱུང་ཀ་རུ་ཎ༔ མཁའ་ལྡིང་རྒྱལ་པོ་དྲག་པོ་ཐོད་འཕྲེང་བྲན༔ སྣ་ཚོགས་འཕྲིན་ལས་རེ་བ་སྐོང་བའི་དབངཿ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོགཿ ཁྲོ་གྷ་རུ་ཎ༔བཛྭ་ཀ་རུ་ཎ༔རཏྣ་ཀ་རུ་ཎ༔པདྨ་ཀ་རུ་ཎ༔ཀརྨ་ཀ་རུ་ཎ༔ཙ་ལེ་ཙ་ལེ་ཨ་བྷི་ཥིཉྩྨ་ཨོཾ་ཨཱ༔ཧཱུཾ་སྲཱིཿཧཱ༔ དེ་ནས་ཚེ་ཟན་མགོ་ལ་བཞག༔ ཧོ༔ ཚེ་དཔག་མེད་པ་བདེ་གཤེགས་གསུང་༔ འཆི་མེད་ལྕགས་སྲོག་རྡོ་རྗེ་འདྲ༔ མི་ཤིགས་ཨཱ་ཡུ་དབང་མཆོག་དེ༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཨོཾ་བཛྭ་ཨཱ་ཡུ་ཥེ་བྲུཾ་སྲཱི༔ཨ་བྷི་ཥིཉྩྨ་ཨོཾ་ཨཱ༔ཧཱུཾ་སྲཱི༔ཧཱ༔ དེ་ནས་བགྲང་འཕྲེང་སྐུ་བཅས་ལག་ཏུ་གཏད༔ ཧོ༔ བསྐྱེད་རིམས་གསལ་བས་དྲན་འཛིན་ཞིག༔ སྔགས་བཟླས་ཆུ་བོའི་གཞུང་དང་མཚུངས༔ གསལ་སྟོང་གྲག་སྟོང་ལྷ་སྔགས་དབང་༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཨོཾ་ཨཱ༔ཧཱུཾ་ཨར་ཙིག་ནིར་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་ཨ་ཧཱུཾ་ཧཱུཾ་ཕཊ྄ཿཕཊ྄༔ཡ་མནྟ་ཀ༔་གྲཱྀ་ཝ༔བཛྭ་པཱ་ཎི༔ཌཱ་ཀི་ནཱི༔ཀ་རུ་ཎ་ཧཱུཾ་ཕཊ྄༔ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུཾ་ཕཊ྄༔ ཨོཾ་བཛྭ་ཡཀྴ་ཧཱུཾ་ཕཊ྄༔གནོད་བྱེད་སརྦ་མཱ་ར་ཡ་ཧཱུཾ་ཕཊ྄༔༔ ཅེས་རྩ་སྔགས་བརྗོད༔ ཐོད་ཌཾ་ཐོད་ཁྲག་ལག་ཏུ་གཏད༔ ཧོ༔ སྣང་བ་དབང་སྡུད་ཌ་མ་རུ༔ དངོས་གྲུབ་འབྱུང་བའི་ཐོད་ཁྲག་ནི༔ མཁའ་འགྲོ་དཔའ་བོའི་སྲོག་གི་རྟེན༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ ཧ་རི་ནི་ས་ར་ཙ་སྲཱི༔ཡ་ཨ་བྷི་ཥིཉྩྨ་ཨོཾ་ཨཱ༔ཧཱུཾ་སྲཱི༔ཧཱ༔ དེ་ནས་གཏོར་མ་སྤྱི་གཙུག་ཏུ་བཞག༔ བརྒྱུད་པའི་བླ་མ་གསོལ་བ་བཏབ་ལ༔ རོལ་མོ་སྦིར༔ ཧཱུཾ༔ འགྲོ་བ་འདྲེན་མཛད་དྲག་པོ་ཐོད་འཕྲེང་སྐུ༔ ཨུ་རྒྱན་ཡུལ་བྱོན་འགྲོ་ཀུན་ལམ་སྣ་དྲངས༔ རྒྱ་གར་ཡུལ་བྱོན་ཐོས་བསམ་སྒྲོན་མེ་སྤར༔ བོད་ཀྱི་ཡུལ་བྱོན་གདུག་པ་མ་ལུས་བཏུལ༔ སྐུ་ཚབ་ལུང་སྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་དད་ཅན་ཀུན་ལ་འབེབས༔ སྨིན་གྲོལ་དབང་དང་གདམས་པ་མ་ལུས་ཀུན༔ སྐལ་ལྡན་བུ་མཆོག་འདི་ལ་སྩལ་དུ་གསོལ༔ འཆི་མེད་ཚེ་ཡི་དབང་མཆོག་སྩལ་དུ་གསོལ༔ འགའ་མེད་གསུང་གི་དབང་མཆོག་སྩལ་དུ་གསོལ༔ མི་བརྗེད་ཐུགས་ཀྱི་དབང་མཆོག་སྩལ་དུ་གསོལ༔ དམ་པ་ཆོས་ཀྱི་དབང་མཆོག་སྩལ་དུ་གསོལ༔ དགོས་འབྱུང་ནོར་བུའི་དབང་མཆོག་སྩལ་དུ་གསོལ༔ ཨོཾ་ཨཱ༔ཧཱུཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བ་ལིངྟ་ཨ་བྷིཥིཉྩྨ་ཨོཾ་ཨཱ༔ཧཱུཾ་སྲཱི༔ དེ་ལྟར་རྫས་དེ་རྣམས་སྤྱི་བོར་བྱུང་༔ བུམ་དབང་ཐོབ༔ ལུས་སྒྲིབ་དག༔ སྐུའི་དབང་ཐོབ༔ ལུས་ལྷ་སྒོམ་པ་ལ་དབང་༔ འབྲས་བུ་སྤྲུལ་སྐུ་ཐོབ༔ མགྲིན་པར་བྱུང་༔ གསང་དབང་ཐོབ༔ ངག་སྒྲིབ་དག༔ བདེ་གཤེགས་གསུང་གི་དབང་ཐོབ༔ སྙིང་པོ་བཟླས་པ་ལ་དབང་༔ འབྲས་བུ་ལོངས་སྐུ་ཐོབ༔ སྙིང་གར་བྱུང་༔ ཡིད་སྒྲིབ་དག༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ བདེ་གཤེགས་ཐུགས་ཀྱི་དབང་ཐོབ༔ རྫོགས་རིམ་སྒོམ་པ་ལ་དབང་༔ འབྲས་བུ་ཆོས་སྐུ་ཐོབ༔ དེ་མ་བཅོས་པར་དར་རེ་ཞོག༔ ཅེས་བརྗོད༔ བཀྲ་ཤིས་བརྗོད༔ མེ་ཏོག་གཏོར༔ དགའ་སྟོན་རྒྱ་ཆེན་པོ་བྱ༔ རྗེས་ཀྱི་ལས་ལ་འཇུག་པར་བྱའོ༔ ཨེ་མ་ཧོཿ རྡོ་རྗེ་ཐོད་འཕྲེང་དྲག་སྒྲུབ་ཀྱི༔ ཕྱི་ནང་གསང་གསུམ་དྲིལ་བ་ཡི༔ དབང་ཆོག་ཀུན་ལས་འདི་ཁྱད་འཕགས༔ དབང་འདི་མ་ཐོབ་སྒྲུབ་བྱེད་པ༔ ཁང་སྟོང་རྐུན་མོ་འཁྱམ་པ་འདྲ༔ དབང་འདི་ཐོབ་པའི་སྐྱེས་བུ་ནི༔ ཚེ་འདིར་བསམ་པ་ཀུན་གྲུབ་སྟེ༔ འདས་ཚེ་གདུང་དང་རིང་བསྲེལ་དང་༔ འཇའ་འོད་ས་གཡོས་སྨོས་ཅི་དགོས༔ འདི་ཡིས་ལན་ཅིག་འབྲེལ་བ་ཡང་༔ མཚམས་མེད་ལྔ་བྱས་སྡིག་བྱང་བས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ སཱ་མྱ་ཡྻ༔ རྒྱ་རྒྱ་རྒྱ༔ མངའ་བདག་མྱང་གི་སྤྱན་དྲངས་ནས༔ ཐུགས་དམ་རིམ་པ་སྲས་ལ་གནང་༔ གཅིག་ལས་གཉིས་སུ་སྤེལ་བ་ན༔ ཌཱ་ཀི་མ་ཡི་བཀའ་འཆད་འབྱུང་༔ རྒྱ་རྒྱ་རྒྱ༔ དེ་ནས་བཀྲ་ཤིས་ནི༔ ཧཱུཾ༔ ཕོ་བྲང་གཞལ་ཡས་མཁའ་སྤྱོད་ནས༔ རིག་འཛིན་བདག་ལ་བྱིན་གྱིས་རློབས༔ ནད་མེད་ཚེ་རིང་བསོད་ནམས་དར༔ ལྷ་སྲིན་དམ་ལ་ཐོགས་པའི་བཀྲ་ཤིས་ཤོགཿ དངོས་གྲུབ་ཅན་གྱི་བླ་མ་ལ༔ དད་གུས་ལྟེམ་རྐྱང་མེད་པ་དང་༔ བྱིན་རླབས་སྐུ་གསུམ་ཐོབ་ནས་སུ༔ དུས་མིན་བར་ཆད་ཞི་བ་དང་༔ ལོངས་སྤྱོད་འབྱོར་ལྡན་བཀྲ་ཤིས་ཤོག༔ སྔོན་ཚེ་བསགས་རྒྱབ་བླ་མ་མཉེས༔ ཉིན་མཚན་རྟག་པར་བཀྲ་ཤིས་ནས༔ འབྲལ་མེད་ཆོས་ལ་སྤྱོད་པ་ཡིས༔ འདི་ཕྱི་གཉིས་ཀར་བཀྲ་ཤིས་ཤོག༔ བླ་མ་སྐུ་ཚེ་རིང་བ་དང་༔ ཡི་དམ་དངོས་གྲུབ་ཐོབ་པ་དང་༔ མཁའ་འགྲོས་བར་ཆད་སེལ་བ་དང་༔ འགྲོ་དོན་ཕྱོགས་མེད་བཀྲ་ཤིས་ཤོག༔ འདིའི་བརྒྱུད་པ་ནི། པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། མྱང་ཉི་མ་འོད་ཟེར་རམ་རལ་པ་ཅན། སྲས་འགྲོ་མགོན་ཆོས་སེང་། གྲུབ་ཐོབ་མེ་ལོང་རྡོ་རྗེ། སྲས་ཧ་རི་རྡོ་རྗེ། བླ་མ་བསོན་ནམས་འོད་ཟེར། ཆོས་རྗེ་ནམ་མཁའ་རྡོ་རྗེ། རྗེ་ཆོས་ཀྱི་གྲགས་པ། ཡོན་ཏན་ཡེ་ཤེས། པདྨ་དཀར་པོ། བསྟན་པའི་ཉི་མ། དེས་བདག་ངག་དབང་རྣམ་རྒྱལ་ལའོ། །བར་པ། པདྨ་འབྱུང་གནས་ཀྱིས་ཆོས་ཀྱི་གྲགས་པ་དང་། ཤིན་ཏུ་ཉེ་འདོད། པདྨ་འབྱུང་གནས་ཀྱིས་པདྨ་དཀར་པོ་ལའོ།། །།


previousགུ་རུ་དྲག་པོའི་དབང་མོ་ཆེ་རྡོ་རྗེའི་སྤྱི་བླུགས།next