Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
རྒྱུད་གཉན་པོ་གདན་བཞི་པའི་རྫོགས་རིམ་ཟབ་པའི་སྙེ་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱུད་གཉན་པོ་གདན་བཞི་པའི་རྫོགས་རིམ་ཟབ་པའི་སྙེ་མ།next

རྒྱུད་གཉན་པོ་གདན་བཞི་པའི་རྫོགས་རིམ་ཟབ་པའི་སྙེ་མ།

རྒྱུད་གཉན་པོ་གདན་བཞི་པའི་རྫོགས་རིམ་ཟབ་པའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །འགྲོ་བའི་མོས་པས་བཞག་པ་རྒྱལ་བའི་ཆོས། །མ་ལུས་སྦྱོར་བ་གཅིག་ཏུ་བྱེད་པའི་ཐབས། །གང་གི་ཞལ་སྒོར་ཆག་པ་མར་པའི་ཞབས། །གཙུག་གིས་ལན་བརྒྱར་བསྙེན་ནས་ཕྱག་བགྱིའོ། །ཇི་ལྟ་ཇི་ལྟར་ཀུན་ཏུ་རྟོག་པའི་ཚོགས། །དེ་ལྟ་དེ་ལྟར་རང་གིས་རིག་གྱུར་པའི། །སྣང་བ་ལ་འཆར་རྣལ་འབྱོར་ནམ་མཁའི་ཞལ། །དག་པའི་སེམས་གཟུགས་དེ་ལ་ཕྱག་འཚལ་ལོ། །སྔ་དྲོའི་ས་ལ་ཉིན་མོའི་འོད་ཀྱིས་བཞིན། །སྙིང་གི་ཀུན་རྨོངས་མ་ལུས་ཞི་བགྱིད་པ། །ཟབ་པའི་མན་ངག་སྣང་བ་ཅི་ཡང་ཞིག །པད་དཀར་རྩོམ་པར་འདུན་པའི་མཁའ་ལ་རྒྱུ། །དཔལ་ལྡན་རྔོག་ལུགས་ནྱ་གྲོའི་དྷ་ཤིང་ལ། །དང་པོར་བརྟེན་པའི་ལེགས་བཤད་ཆུ་སྐྱེས་རྣམས། །སྨིན་པ་ཟབ་རྒྱས་བདུད་རྩིའི་འབྲས་བུ་ནི། །མཚུངས་མེད་འབྲུག་པའི་བཟའ་ཤིང་ར་བར་ལྷུང་། །ཉོག་པ་བྱ་གག་མཆུ་ཡིས་རེག་མིན་ཞིང་། །བསླད་པ་མི་གཙང་བོང་བས་མ་བཙར་བ། །སྙིང་ལ་འབབ་ཚིག་འདབ་མས་ཉེར་བཟུང་ནས། །སངས་རྒྱས་དོན་གཉེར་མགྲོན་ལ་བགོ་བཤར་བྱ། །འདིར། བཀའ་བསྲུང་ཅན་གྱི་རྒྱུད་དཔལ་གདན་བཞི་པ་ལས་ཕྱུང་བ། ཟབ་རྒྱས་ཀྱི་ཉིང་ཁུའི་གནད་བསྡུས་པའི་མན་ངག སངས་རྒྱས་ཀྱི་སར་ཅིག་ཅར་དུ་འཇུག་པའི་ལམ། མ་རིག་པའི་སྒོ་ལྔའི་སྦུབས་འབྱེད་པའི་ཐུར་མ། མཛུབ་ཚུགས་ཀྱི་སྒོམ་པས་ཤེས་བྱ་བརྟག་པ་འདི་བཤད་པ་ལ། རྣལ་འབྱོར་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཆོས། དངོས་གཞི་གདན་བཞི། རྗེས་སྦྱིན་སྲེག་གི་རིམ་པ་བཤད་པ་གསུམ་ལས། དང་པོ་ནི། དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པའི་སྔགས་པས་ཡིད་ལ་འཐད་པའི་གནས་སུ་བདེ་བའི་སྟེན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ། ལག་པ་གསང་བའི་གནས་སུ་བསྣོལ། མིག་སྣ་རྩེར་གཏད། བྲང་ཡངས་པར་བྱས། རྒལ་ཚིགས་བསྲངས་ནས། ཆོས་ཐམས་ཅད་འབྱུང་བ་བཞིའི་རང་བཞིན། དེ་ཡང་རང་གི་སེམས་ཀྱི་འོད་ཙམ་སྟེ། སེམས་དེ་ཡང་དྲི་མ་ཐམས་ཅད་དང་བྲལ་བ། རང་བཞིན་གྱིས་འོད་གསལ་བ། དཔེར་ན་མེ་ལོང་གཡའ་དག་པ་ལྟ་བུ་སྟེ། ཆོས་ཐམས་ཅད་མི་མཉམ་པ་མེད་པ་མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་མཎྜྻལ་ཏེ། ཡེ་ཤེས་ཀྱིས་ནི་ཤེས་བྱ་བརྟག །ཅེས་གསུངས་པའི་ཕྱིར་རོ། །དེ་ནས་རྣམ་པར་རྟོག་པ་གློ་བུར་བ་ཅི་སྐྱེས་པ་ཐམས་ཅད་དེའི་ངོ་བོ་ཉིད་དུ་ཤེས་པར་བྱ་སྟེ། མཚོ་ལ་ཁ་བ་བབ་པ་ན་ཀུན་ཆུའི་ངོ་བོར་འགྱུར་བ་བཞིན་ནོ། །དེ་ལྟ་བུའི་སྟོང་པ་ཉིད་ཆུ་དང་འདྲ་བ་དེས། ཉོན་མོངས་པ་དྲི་མ་དང་འདྲ་བ་དེ་བཀྲུ་བས་ན་དྲི་ཆབ་སྟེ། ཤེས་བྱས་འགྲོ་བ་བརྟག་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེའི་ངོ་བོ་ལ་རྩེ་གཅིག་ཏུ་རྟོག་པ་ནི་མེ་ཏོག་ཡིན་ལ། དེའི་སྣང་ཆ་ལ་ཁྱབ་གདལ་བ་ནི་སྤོས་དང་། མ་རིག་པའི་མུན་པ་ཞི་ཞིང་ཤེས་བྱ་ཕྱིན་ཅི་མ་ལོག་པ་མངོན་སུམ་དུ་མཐོང་བ་མར་མེ་དང་། ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བས་ཚིམ་པར་བྱེད་པས་གཏོར་མའམ་ལྷ་བཤོས། སེམས་མ་བཅོས་པར་བཅིང་བ་བསྲུང་བ་དེ་ཁོ་ན་ཉིད་ཀྱིས་ལྷ་མཉེས་པར་བྱེད་པས་མཆོད་པ་དང་སྦྱིན་སྲེག འཁྲུལ་པ་འདག་པར་བྱེད་པས་ཁྲུས་ཡིན་པར་ཡང་ཤེས་པར་བྱའོ། །དེ་ནི། སྔོན་དུ་གཉིས་མེད་སེམས་ཀྱིས་ནི། །ཞེས་པ་ནས། གཟུགས་རྣམས་ཐམས་ཅད་བཤིག་འོག་ཏུ། །ཞེས་པའི་བར་གྱི་དོན་ཏེ། ཆོས་ཐམས་ཅད་འོད་གསལ་བའི་ངོ་བོ་དང་། མཉམ་པ་ཉིད་དུ་སྦྱར་བ་དེའི་འོག་ཏུ་སྙིང་རྗེས་སེམས་ཅན་ཐམས་ཅད་ལ་དམིགས་ལ། སྐད་ཅིག་གིས་པད་ཉིའི་གདན་ལ་ཧཱུྃ། དེ་གྱུར་པའི་རྡོ་རྗེ་དེ་ལས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་དབང་ཕྱུག་མ་བཻཌཱུརྻ་ལྟར་སྔོ་བ། གཡས་དཀར་གཡོན་དམར་དབུས་མཐིང་བའི་ཞལ་གསུམ་ཟླ་ཚེས་ཕྱེད་པ་ལྟ་བུའི་མཆེ་བ་བཞི་གཙིགས་ཤིང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་པ། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་འཁྱུད་པའི་ཚུལ་ཅན། གཡས་གཉིས་དགྲ་ཧྶ་དང་ཁཊྶཱཾ་ག གཡོན་གཉིས་ན་ཐོད་པ་དང་། རལ་གྲི་འཛིན་ཅིང་གདུགས་དཀར་པོ་ཕུབ་པའི་འོག་སེང་གེའི་སྟེང་སྣ་ཚོགས་པད་ཉིའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རུས་པ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་དང་། མཚན་དཔེའི་དཔལ་གྱིས་བརྗིད་ཅིང་སྒེག་མོ་བཅུ་དྲུག་མའི་ལང་ཚོ་ཅན། འོད་ཟེར་འབར་བའི་འཕྲེང་བས་འཁྲིགས་པར་གསལ་བ་འམ། ཡང་ན། ཧཱུྃ་དང་ཁ་ཊྶཱཾ་ག་ལས་སམ། སྐད་ཅིག་གིས་ཟླ་བའི་སྙིང་པོ་ལྟར་དཀར་བའི་སྐུ་ཅན། ཞལ་གཅིག་ཕྱག་གཉིས་མ། ཐོད་པ་དང་ཁ་ཊྶཱཾ་ག་བསྣམས་པ། ཅུང་ཟད་ཁྲོས་པའི་ཉམས་ཅན། ཟླ་བ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་གསལ་བཏབ་པ་གང་རུང་གི་སྤྱི་བོར་ཀྵུཾ་དམར་པོ། མིག་ལ་ཧཱུྃ་སེར་པོ། རྣ་བ་དང་སྣ་ལ་ཡུཾ་སྔོན་པོ། ལྕེ་ཆུང་ལ་སུཾ་དཀར་པོ། མགྲིན་པར་སམརཡུཾ། ནཾ་ཚོང་ལ་ཧམརཡུཾ། སྙིང་གར་ཡམརཡུཾ། ལྟེ་བར་ཀྵམརཡུཾ། རྣམ་པ་ཡི་གེ ངོ་བོ་ལྷ་མོ་བརྒྱད་དུ་བསྒོམ་མོ། །གཉིས་པ་དངོས་གཞི་གདན་བཞི་ལ། མཆོད་རྟེན་བུམ་པ་ཤེས་རབ་གཞན་གྱི་ གདན། བ་ལང་ རྨིག་ པ་ཐབས་བདག་གི་གདན། བའི་ནུ་མ་ཟུང་འཇུག་སྦྱོར་བའི་གདན། སྙིང་ཆུ་ཤིང་གི་མེ་ཏོག་དེ་ཁོ་ན་ཉིད་གསང་བའི་གདན་བཞི་ལས། དང་པོ་ལ། ཉིན་མོ་མི་འཁྲུལ་བར་བྱེད་པའི་བསམ་གཏན་སྒྱུ་ལུས། མཚན་མོ་མི་འཁྲུལ་བར་བྱེད་པའི་བསམ་གཏན་རྨི་ལམ། བར་དོ་མི་འཁྲུལ་བར་བྱེད་པའི་བསམ་གཏན་འདའ་ཀ་མའི་ལམ་དང་གསུམ་ལས། དང་པོ་ལ། སྒོང་སྐྱེས་ཀྱི་ཁྱིམ་དུ་རིལ་འཛིན་གྱིས་སེམས་འཆིང་བ་དང་། སྒོང་སྐྱེས་ཀྱི་ཁྱིམ་དུ་རྗེས་གཞིག་གིས་སེམས་འཆིང་བ་དང་། མཚན་མ་མེད་པའི་མཆོད་རྟེན་བུམ་པ་བསྒོམ་པ་གསུམ་ལས། དང་པོ་ནི། ལུས་ལྷར་བསྐྱེད་ཀྱང་དོན་ལ་མཆོད་རྟེན་ཡིན་ལ། དེའི་སྙིང་མཆོད་རྟེན་གྱི་བུམ་པར་འདོད་དོ། །དེ་ཡང་། སྙིང་གི་རྩ་བ་ནས་ཁ་བྱེ་བ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར་འོད་ཀྱི་ཐིག་ལེ་སྒོང་ང་ལྟ་བུའི་ནང་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཡི་གེ་ཧཱུྃ་དཀར་པོ་བསྒོམ། ཕྱོགས་བཞིའི་པདྨ་ཚད་མེད་བཞིའི་རང་བཞིན་ལ་མི་བསྐྱོད་རིན་ཆེན་འབྱུང་ལྡན་སྣང་བ་མཐའ་ཡས་དོན་ཡོད་གྲུབ་པའི་རང་བཞིན་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཨ་ཕྱེད་པ་དབྱིག་པ་ལྟ་བུ། ཐིག་ལེ་ལྟ་བུ། ལུ་གུ་རྒྱུད་ལྟ་བུ་ཨའི་རིགས་བཞི་བསྒོམ། འོད་དཀར་པོ་འཕྲོ་བའོ། །མཚམས་ཀྱི་འདབ་མ་ལ་རྀ་རཱྀ་ལྀ་ལཱྀ་བཞི་བསྒོམ་སྟེ། དོན་གྱི་སངས་རྒྱས་སྤྱན་མ་ལ་སོགས་པའི་རང་བཞིན་དུ་ཤེས་པར་བྱ་སྟེ། རླུང་རྔུབ་པའི་སྦྱོར་བས་ཕྱི་རོལ་ནས་སྙིང་གའི་འོད་ཀྱིས་བསྐུལ་བའི་སངས་རྒྱས་བྱང་ཆུབ་སེམས་དཔའི་བྱིན་རླབས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་རྒྱུན་སྣ་ནས་ཞུགས་སྤྱི་བོའི་ཧཾ་དང་། དེ་ནས་ཐིག་ལེ་ཕབ། བའི་ནུ་མར། དེ་ནས་སྒོང་སྐྱེས་ཀྱི་ནང་དུ་བབས་པར་བསམ། དགང་བའི་སྦྱོར་བས་དེའི་ཡིག་འབྲུ་རྣམས་དང་འདྲེས་པས་དབང་གསུམ་པའི་ཉམས་དྲན་པར་བྱས་ཏེ་བསྒོམས་པས་བདེ་བའི་ཉམས་སྐྱེས། གཞིལ་བའི་སྦྱོར་བས་ཧཱུྃ་ལས་མཆེད་པའི་རྡུལ་ཕྲ་རབ་ལྟ་བུའི་ཐིག་ལེས་ལུས་ཐམས་ཅད་ཁེངས། དབྱུང་བའི་སྦྱོར་བས་ཕྱི་རོལ་དུའང་དཀར་ལྷུག་ལྷུག་ཙམ་དུ་ཡང་བསམ་མོ། །དེ་ལྟར་ཡང་དང་ཡང་དུ་བསྒོམ་མོ། །དེ་ལ་ལྷར་བསྐྱེད་པ་བསྐྱེད་རིམ་མོ། །རླུང་བསྡུས་པ་རྡོ་རྗེའི་བཟླས་པའོ། །དགའ་བ་གསུམ་སྐྱེས་པ་སེམས་ལ་དམིགས་པའོ། །ལྷན་ཅིག་སྐྱེས་པ་འོད་གསལ་ལོ། །དེའི་རྒྱས་ཀུན་ལ་ཐེབས་པ་སྒྱུ་ལུས་སོ། །བདེ་སྟོང་གཉིས་སུ་མེད་པ་ཟུང་འཇུག་གོ །དེ་ལས་ཀྱང་སྐུའི་སྒོ་དགུ་འགག་པ་ལ་སོགས་པ་འབྱུང་ངོ་། །སྟོང་པ་ཞེས་པ་ན་མར་སེམས་སྟོང་པ་ཉིད་ཀྱི་རང་བཞིན་ཡི་གེ་ལ་སོགས་པའི་གཟུགས་སུ་བསྒོམ་པར་མི་རིགས་ཞེས་དྲིས་པའོ། །ལན་གྱི་དོན་ལ། སེམས་ཀྱི་རང་བཞིན་སྟོང་པ་ཡིན་པ་ལ་ཡི་གེ་ལ་སོགས་པ་བསྒོམས་པས་འབྲས་བུ་བདེ་བ་ཆེན་པོ་འབྱུང་བར་བསྟན་ཏེ། ཆུ་ཤིང་སྙིང་པོ་མེད་པ་ལས་འབྲས་བུ་འབྱུང་བའི་དཔེས་བསྟན་པའོ། །དབུས་སུ་གནས་པའི་ཡེ་ཤེས་དང་། ཞེས་པ་ཧཱུྃ་ལ་བྱ་སྟེ། དོན་དམ་པར་ཧཱུྃ་གི་གཟུགས་ཀྱང་མ་གྲུབ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་མཚོན་པའི་ཐབས་ཡིན་ཞེས་པའོ། །དངོས་པོ་དངོས་མེད་ངེས་བྲལ། ཞེས་པ་ལ་སོགས་པས་ཡེ་ཤེས་ཀྱི་མཚན་ཉིད་བསྟན་ཏེ་མཐའ་ཐམས་ཅད་དང་བྲལ་བར་བསྟན་ཏོ། །བླ་མའི་ལུང་ཞེས་པའི་དོན་ནི། བླ་མས་བསྟན་པ་ལས་ཤེས་པར་བྱ་ལ། ཧཱུྃ་ལས་བདུད་རྩི་ཕབ་པའི་ཚེ་འོད་ཟེར་རྡུལ་ཕྲ་རབ་ལྟ་བུ་ཐམས་ཅད་འཕྲོ་ཞིང་བདེ་བའི་ཉམས་དང་ལྡན་པར་བསྒོམ་པའོ། །མཚན་ཉིད་ཤེས་པ་བསམ་པར་བྱ། །ཞེས་པའི་དོན་ནི། སྙིང་ཆུ་ཤིང་གི་མེ་ཏོག་ཁ་ཕྱེ་ལ་སྒོང་སྐྱེས་ཀྱི་ཁྱིམ་དུ་སེམས་བཅིང་བའོ། །སྙིང་དང་ཚངས་པའི་སྒོ་དང་ནི། །ཐིགས་པ་སྒོའི་ལམ་ཉིད། ཅེས་པའི་དོན་ནི། མདོར་བསྟན་པའི་མན་ངག་སྒོམ་ཐབས་བསྟན་ཏེ། སྙིང་ཁོང་སྟོང་གི་ནང་ངམ་ཀླད་པ་དུང་ཁང་གི་ནང་སྟོང་པའམ། ཐིགས་པ་སྟེ་སྨིན་པར་གྱི་ནང་སྟོང་པར་རང་གི་སེམས་ཧཱུྃ་གི་རྣམ་པ་འོད་ལྟ་བུ་གང་བདེ་བདེར་འཁོར་བར་བྱ་ཞིང་བསྒོམས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེའོ་ཞེས་གསུངས་སོ། །ཕྱི་ཡི་ལམ་ནི་མ་ཡིན་ཏེ། །ཞེས་པ་ལ་སོགས་པའི་དོན་ནི་བླ་མའི་མན་ངག་གིས་རྟོགས་དགོས་པར་བསྟན་ཏེ། མཐོང་བར་འགྱུར་ཞེས་པའི་དོན་ནི། དེ་ལྟར་བསྒོམས་པ་ལས་རྟགས་ལྔ་ལ་སོགས་པ་འབྱུང་བར་ཤེས་པར་བྱའོ། །འཇིགས་པ་མེད་ཅེས་པ་ན་མར་སྤྱིར་ཡིད་ལ་སྒོམས་ཤིག་པ་བསྟན་པའོ། །གལ་ཏེ་ཞེས་པ་ན་མར་སེམས་གཙོ་བོར་གྱུར་པའི་བཟླས་པ་བྱ་སྟེ་རྡོ་རྗེ་བཟླས་པ་བྱ་བའོ། །འདི་རྣམས་ལ་རིམ་པ་ལྔ་དང་ལྡན་པ་དོན་གྱིས་ཤེས་པར་བྱའོ། །གཟུགས་ལ་སོགས་ཞེས་པ་སྲིད་པའི་ལོངས་སྤྱོད་ཅེས་པའི་དོན་ནི། རྗེས་ཀྱི་ཤེས་པ་ལ་གཟུགས་ལ་སོགས་པ་ལ་རྡོ་རྗེ་བཟླས་པ་བྱེད་ཅིང་བདེ་བ་ཆེན་པོར་རྒྱུ་མཐུན་པར་ཤེས་པས་ལོངས་སྤྱོད་པའོ། །དེ་ལྟར་གོམས་པར་བྱས་པའི་རྟགས་ནི། མར་མེ་ལྟ་བུ་ཞེས་པ་ན་མར་བསྟན་ཏེ། ཐུན་མོང་གི་རྟགས་སུ་ཤེས་པར་བྱའོ། །གཉིས་པ་སྒོང་སྐྱེས་ཀྱི་ཁྱིམ་དུ་རྗེས་གཞིག་གིས་སེམས་འཆིང་བ་ནི། གསང་བར་སྦྱོར་བའི་མཚན་ཉིད་ནི། དེ་ཉིད་མཆོག་གི་དེ་ཉིད་ཅེས་པ་ལ་སོགས་པའི་གདམས་ངག་ནི། སྤྱིར་ཡང་སེམས་རྟ་རྒོད་ལྟ་བུ་མི་བསྲུན་པ་དེ་ཡང་བུང་བ་སྦྲང་རྩིས་མྱོས་པ་བཞིན། འདོད་པའི་ལོངས་སྤྱོད་ཀྱིས་སེམས་གཡེངས་ཏེ། རྨོངས་པ་རྣམས་སྲིད་པའི་ལོངས་སྤྱོད་ལས་དྲངས་ཏེ། རྟ་ཕུར་ལ་རྟོད་པ་བཞིན་ཏིང་ངེ་འཛིན་རྩེ་གཅིག་པས་བསྡམས་ཏེ་གོམས་པར་བྱས་ནས་རྫོགས་པའི་བྱང་ཆུབ་འགྲུབ་བོ་ཞེས་ཐུན་མོང་དུ་ཡང་བསྟན་ནོ། །སྔོན་དུ་འགྲོ་བ་སྔར་བཞིན་ལ། དེ་ནས་སྲིད་པའི་སྒོ་འམ་ཨོལ་མདུད་དུ་བདུད་རྩིའི་ས་བོན་གྱིས་བསྲུང་ཞེས་པ་སུཾ་སྟེ་ལྕེའུ་ཆུང་ལ་བསྒོམ། ཆུ་དང་ཆུ་མིན་གྱི་སྒོར་མེའི་ས་བོན་ཞེས་པ་ཀྵུཾ་སྟེ་དེས་བསྲུང་། དེ་ནས་བསྲུང་བ་བྱས་ནས་སྙིང་ཆུ་ཤིང་གི་མེ་ཏོག་ཁ་ཟུམ་པ་ལྟ་བུ་སྟེ་སྙིང་གི་རྩ་བ་ནས་ཁ་ཕྱེ་ལ་པདྨ་དམར་པོ་འདབ་བརྒྱད་དུ་བསམ། པདྨའི་ཟེའུ་འབྲུར་ཐིག་ལེ་སྒོ་ང་ལྟ་བུའི་ནང་དུ་ཧཱུྃ་དཀར་པོ། ཕྱོགས་ཀྱི་འདབ་མ་བཞིར་མདུན་ནས་བརྩམས་ཏེ་གཡོན་སྐོར་དུ་སུཾ་ཀྵུ་ཡུཾ་ཧཱུྃ་འབྱུང་བ་བཞི་རྣམ་པར་དག་པའི་རང་བཞིན་ལྷ་མོའི་ངོ་བོ་ཡི་གེ་བཞི་འབྱུང་བའི་ཁ་དོག་དང་མཐུན་པར་བསྒོམ། མཚམས་ཀྱི་འདབ་མར་བྱང་ཤར་ནས་བརྩམས་ནས་གཡས་སྐོར་དུ། སམརཡུཾ་ཧམརཡུཾ་ཡམརཡུཾ་ཀྵམརཡུཾ་ཁ་དོག་ཕྱེད་མ་བསྒོམ། རྣམ་ཤེས་ཡེ་ཤེས་ཀྱི་ངོ་བོ་ཉིད་ཅེས་ཧཱུྃ་ཁ་དོག་དཀར་པོ་པ་དང་སྤྱོད་ལམ་ཇི་ལྟར་བདེ་བ་སྟེ་བདེ་བ་ཆེན་པོའི་རང་བཞིན་དུ་མངོན་དུ་གྱུར་གྱི་བར་དུ་བསམ་པར་ བྱའོ། །དེ་ནས་ཡི་གེ་རྣམས་རྗེས་སུ་གཞིག་པར་བྱ་སྟེ། ཕྱོགས་ཀྱི་ཡི་གེ་བཞི་གཡོན་སྐོར་གྱིས་ཧཱུྃ་ལ་བསྡུ། མཚམས་ཀྱི་ཡི་གེ་ཡང་རིམ་པ་དེ་ཉིད་ཀྱིས་བསྡུ། ཧཱུྃ་ཡང་རིམ་གྱིས་ཇེ་ཕྲ་ཇེ་ཕྲར་སོང་ནས་མཐར་མི་དམིགས་པས་དངོས་པོར་ལྟ་བ་དང་འབྲལ་བ་ཡིན་ལ། དེའི་ཚེ་སྟོང་པ་ཅང་མེད་དུ་མི་བསམ་པས་དངོས་པོ་མེད་པར་ལྟ་བ་དང་འབྲལ་ལོ། །དངོས་པོ་དང་དངོས་པོ་མེད་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ཉིད་སེམས་ཀྱི་རང་བཞིན་ཏེ་དེ་ཇི་ལྟ་བ་བཞིན་དུ་མཉམ་པར་འཇོག་པ་ནི་ལམ་རྣལ་མ་སྟེ། ཚུལ་འདིས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་བསྒོམ་པར་བྱའོ། །ཆོས་ཐམས་ཅད་སེམས་སུ་ཤེས་པས་སེམས་ལ་དམིགས་པ། རླུང་འབྱུང་འཇུག་གནས་པ་གསུམ་རྡོ་རྗེའི་བཟླས་པ། ལྷ་བསྐྱེད་པ་སྒྱུ་ལུས། སྟོང་པ་ཉིད་ལ་གཞུག་པ་འོད་གསལ། དེ་ཁོ་ན་ཉིད་བསྒོམ་པ་ཟུང་འཇུག་གོ །རྟགས་དུ་བ་ལ་སོགས་པ་ཐམས་ཅད་འབྱུང་ངོ་། །ཆུ་ནི་ཤར་ཞེས་པ་ན་མར་སྔར་གྱི་ཡི་གེ་རྣམས་ཀྱི་རང་བཞིན་འབྱུང་བ་བཞི་དང་ཡི་གེའི་ཁ་དོག་བཤད་དེ། མཚམས་ཀྱི་ཡིག་འབྲུ་ཁ་དོག་ཕྱེད་མར་བྱའོ། །ལྷག་པའི་རྣམ་ཤེས་ཞེས་པ་ན་མར་དབུས་ཀྱི་ཧཱུྃ་སྒོང་སྐྱེས་དེ་པདྨ་དང་བཅས་པ་གཞིག་པར་བསྟན་ཏོ། །གཟུགས་མེད་ཅེས་པ་ཧཱུྃ་གི་རྣམ་པ་ལས་འདས་ཏེ་བདེ་སྟོང་ཙམ་དུ་བསྟན་ཏོ། །སེམས་ཀྱི་མཚན་ཉིད་ཅེས་པ་ན་མར་དེ་ཉིད་ཀྱི་དོན་བསྟན་ཏོ། །སྟོང་པའི་དབུས་ཞེས་པ་མཐའ་དང་བྲལ་བའི་ཡི་གེ མེ་སྟག་གི་རྡུལ་ཞེས་པ་གསལ་བའི་རང་བཞིན་བསྟན་གསུང་། ཨཱ་ལི་ཀཱ་ལིའི་ས་བོན་ཧཱུྃ་སྟེ་རིམ་གྱིས་གཞིག་པས་རྡུལ་ཕྲ་རབ་ཙམ། མིང་དང་བྲལ་ཞེས་པས་རྡུལ་ཕྲ་རབ་ལས་ཀྱང་འདས་ཏེ་སྟོང་པ་ཉིད་དུ་བསྟན་ཏོ། །སྟོང་པ་རུ་ཡང་ཞེས་པ། སྟོང་ཞེས་པ་རུ་ཡང་མི་བསམ། གཟུགས་ཞེས་པ་དངོས་པོར་ཡང་མི་བསམ་སྟེ་མཐའ་ཐམས་ཅད་དང་བྲལ་བར་བསྟན་ཏོ། །འོ་ན་རང་གར་གཟུང་ངམ་ཞེ་ན། བླ་མའི་མན་ངག་གིས་འགྲུབ་ཅེས་པའོ། །ཡེ་ཤེས་ཐོབ་པའི་རྣལ་འབྱོར་པ་ཞེས་པ་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་ཏེ་མངོན་སུམ་དུ་གྱུར་པས། ཡུལ་འཁོར་བསྲུང་ཞེས་པས་གཞན་དོན་བྱ་བར་འདོད་ན་ཇི་ལྟར་བདེ་བའི་གཞན་དོན་ཞེས་པའོ་རྒྱུན་ཏུ་ཞུགས་པ་ནི་ས་དང་པོ་རྟོགས་པའོ། །ཁམས་གསུམ་ཡེ་ཤེས་ནི་ཁམས་གསུམ་རོ་གཅིག་པ་སྟེ། སྟོང་ཉིད་རྟོགས་པ་དང་མཁའ་ལ་རྒྱུ་བ་ཐོགས་པ་མེད་པ་བཞིན་བྱའོ། །རང་གཞན་ཐམས་ཅད་བདག་མེད་པར་ཤེས་ན་འཁོར་བ་ལས་བརྒལ་བར་འགྱུར་རོ། །གསུམ་པ་མཚན་མ་མེད་པའི་མཆོད་རྟེན་གྱི་བུམ་པ་བསྒོམ་པ་ནི། ཡང་དག་ལྟ་བའི་གཟུགས་ཅན་གྱིས། །ཞེས་པའི་དོན། སྙིང་གར་ཟླ་བའི་སྟེང་དུ་ཧཱུྃ་བསྒོམ་པ་དེའི་འོད་ཟེར་མེ་ལྟ་བུས་ཕྱི་ནང་གི་ཆོས་ཐམས་ཅད་བསྲེགས་ཏེ་སྟོང་པ་ཉིད་དུ་བསྒོམ་པ་ནི། ཟླ་བའི་ས་བོན་ཞེས་པ་ཨ་ལ་བྱ་ལ། དེ་ཉིད་སྟོང་པ་ཉིད་ཀྱི་མིང་ཡིན་པའི་ཕྱིར་བསྐྱེད་པའི་རྒྱུར་གཟུང་ངོ་། །དེ་ལས་ལུས་གསལ་བཏབ་པ་མཆོད་རྟེན་གནས་ནི་གདན་ཏེ། ཞབས་བསྐྱེད་འགུགས་ཞེས་པ་ཧཱུྃ་གི་ཞབས་བསྐྱེད་ཡིན་ཏེ། ཧཱུྃ་ཁ་སྤྲད་གཉིས་པུས་མོ་གཡས་གཡོན་ཡིན་ཏེ། དེ་ཉིད་ཁ་ཤར་དང་ལྷོར་བལྟས། ཞབས་བསྐྱེད་བཞི་པུས་མོ་བཞི། ཕྱི་རོལ་དུ་ས་རིན་པོ་ཆེ། ཟུང་བརྒྱད་དུ་གྲུབ་པ་མཆོད་རྟེན་བཞུགས་པའི་གནས་སོ། །དྲིལ་བུ་ནི་ཁ་གསུང་ནའང་ལུས་ཉིད་དོ། །དེ་ནི་རི་རབ་ལྷུན་པོའི་རང་བཞིན་ཡིན་པས་རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་སུ་ཤེས་པར་བྱའོ། །བྲེ་ཞེས་པ་རྐེ་སྟེ། འདོད་པའི་ལྷ་ཞེས་པ་ནམ་མཁའ་ལ་བརྟེན་པའི་འདོད་པའི་ལྷའི་གནས་སུ་ཤེས་པར་བྱའོ། །བདག་མེད་ཆོས་ནི་ལུས་ཁོང་སྟོང་དང་ལུས་ཆོས་སྐུའི་རང་བཞིན་དུ་ཤེས་པར་བྱའོ། །གཟུགས་ཁམས་བཅུ་བདུན་དབང་ཕྱུག་ཆེན་པོའི་གནས་དང་བཅོ་བརྒྱད་སྒལ་ཚིགས་སུ་ཤེས་པར་བྱའོ། །འཁོར་ལོའི་རིམ་པ་བཅུ་བདུན་ནམ་བཅོ་བརྒྱད་དོ། །གཟུགས་མེད་ཀྱི་ལྷ་ནི་ཨ་ཝ་དྷཱུ་ཏཱིའི་མར་སྣ་གསང་བའི་གནས་ལ་ཐུག་པའོ། །སྟེང་ནི་བུམ་པ་སྟེ་སྙིང་ཉིད་དོ། །སྒོང་སྐྱེས་ནི་སྙིང་པདྨ་འདབ་བརྒྱད་ཀྱི་ཟེའུ་འབྲུ་ཐིག་ལེའི་ནང་དུ་ཧཱུྃ་བསྒོམ་པར་བྱའོ། །དེ་ལྟར་ལུས་ཧཱུྃ་གི་རང་བཞིན་མཆོད་རྟེན་དུ་གྲུབ་པས། ཁམས་གསུམ་རོ་གཅིག་པའི་བདག་ཉིད་ཡེ་ཤེས་ཀྱི་སྐུར་ཤེས་པར་བྱའོ། །དབང་པོ་རབ་ཀྱིས་སོ། །དབང་པོ་དམན་ན་ཧཱུྃ་ལ་སེམས་ཟིན་ཅིང་ལས་སུ་རུང་བར་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་ལ་སྦྱར་བར་བྱ་བའོ། །གཉིས་མེད་ཅེས་པ་ན་མར་ཧཱུྃ་ངམ་མཆོད་རྟེན་གྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་བར་ཤེས་པར་བྱའོ། །སྦྱིན་དང་ཞེས་པ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བས་མཆོད་པ་སྟེ་ལུས་ལ་ཆགས་པ་མེད་ཅིང་གཏོང་བའི་བསམ་པས་སྦྱིན་པ། ལུས་ངག་སེམས་གསུམ་མཆོད་རྟེན་དུ་བསྡམས་ཤིང་མཉམ་པར་བཞག་པས་ཚུལ་ཁྲིམས། བདག་མེད་པར་རྟོགས་པ་ལ་བསྲན་ཐུབ་པས་བཟོད་པ། སྤྲོ་བས་མྱུར་དུ་འཇུག་ཅིང་རྒྱུན་མི་འཆད་པས་བརྩོན་འགྲུས། ཏིང་ངེ་འཛིན་རྩེ་གཅིག་པས་བསམ་གཏན། ཆོས་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་བླང་བྱ་ཤེས་པས་ཤེས་རབ་བོ། །འཇིགས་མེད་ཅེས་པ་ལ་སོགས་པས་གཡེང་བ་སྤངས་ཏེ་མཉམ་བཞག་གཙོ་བོར་གྱུར་པ་བསྒོམ་པ་བསྟན་ཏོ། །ཆོས་ཀྱི་དབྱིངས་ཞེས་པ་ན་མར་གདན་བཞིའི་རྣལ་འབྱོར་གྱི་བསྟན་བཅོས་ཀྱི་རྗེས་སུ་འབྲང་སྟེ་བླ་མའི་མན་ངག་བཞིན་དུ་ཉམས་སུ་བླངས་ན་རང་དོན་གཞན་དོན་འགྲུབ་པར་བསྟན་ནོ། །གཉིས་པ་རྨི་ལམ་ལ། གཟུང་བ། སྦྱང་བ། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་བ། རྨི་ལམ་སྒྱུ་མར་ཤེས་པར་བྱ་བ། གཉིད་དང་སྣང་བ་བསྲེ་བ་ལྔ་ལས། དང་པོ་ནི། སྤྱིར་ཤེས་པའི་གནས་ལུགས་ལས། གཉིད་མཐུག་པོའི་དུས་ན་སྙིང་ག་ན་གནས། ཐ་མལ་པའི་དུས་སུ་ལྟེ་བ་ན་གནས། འཁྲིག་པའི་དུས་སུ་སྤྱི་བོ་ན། གཉིད་དུས་སུ་མགྲིན་པ་ནའོ། །དེ་ལས་གར་གནས་པའི་སར་བཟུང་ན་བཟུང་སླ་བས་གཉིད་ཀྱི་དུས་སུ་མགྲིན་པར་པདྨ་འདབ་མ་བརྒྱད་པ་གཅིག་བསམ། དེའི་དབུས་སུ་ཨ་དམར་པོ་མེ་རླུང་གི་རང་བཞིན་ཅན་ཞིག་བསམ། ཕྱོགས་བཞིའི་འདབ་མ་ལ་ས་དང་ཆུའི་རང་བཞིན་གྱི་ཡི་གེ་བསིལ་ཞིང་ལྕི་བ་ཁ་དོག་དཀར་པོ་བཞི་བསམས་ཏེ། ཨ་ནུ་ཏ་ར་ཞེས་པ་ཤར་གྱི་འདབ་མ་ནས་བྱང་གི་བར་དུ་དགོད། མཚམས་ཀྱི་འདབ་མ་སྟོང་པར་བཞག་གོ །དེ་ནས་དབུས་ཀྱི་ཨ་ལས་འོད་དམར་པོ་ཞིག་བྲེང་སྟེ་སོང་སྟེ་ཤར་གྱི་ཨ་ལ་ཕོག་པས་དེ་འོད་དུ་ལྟེམ་གྱིས་ཞུ་སྟེ་དབུས་ཀྱི་ཨ་ལ་བསྡུས་པར་བསམ། དེའི་དུས་སུ་རྟོག་པ་རགས་རིམ་འགགས་པ་དེ་སེམས་སྣང་བ་ཡིན་ནོ། །ཡང་ཨ་ལས་འོད་སྔ་མ་ལྟ་བུ་བྱུང་སྟེ་ལྷོའི་ནུ་ལ་ཕོག་པས། དེ་ཞུ་བ་དང་ཚུར་འདུས་པས་རྟོག་པ་དེ་བས་ཀྱང་ཆ་ཕྲ་བ་འགགས་པ་སྣང་བ་མཆེད་པའོ། །ཡང་སྔ་མ་ལྟར་ནུབ་ཀྱི་ཏ་ལ་ཕོག་པས་ཞུ། ཚུར་འདུས་པས་དེ་བས་ཀྱང་ཆ་ཕྲ་བ་འགགས་པ་སྣང་བ་ཐོབ་པའོ། །ཡང་སྔ་མའི་རིམ་གྱིས་བྱང་གི་ར་ལ་ཕོག་པས་དེ་འོད་དུ་ཞུ། ཚུར་བསྡུས་ཏེ་དེའི་དུས་སུ་རྟོག་པ་ཐམས་ཅད་ནུབ་སྟེ་འོད་གསལ་སྟོང་པར་འགྲོའོ། །དེ་ནས་བསྒོམ་པའི་ཤུགས་དེ་ཡིད་ལ་བྱས་ཏེ་ཉལ་བས་རྣམ་རྟོག་སྔ་མ་ལྟར་རིམ་གྱིས་འགགས་ཏེ་འོད་གསལ་སྟོང་པར་ཕོགས་གཅིག་ལྟེངས་ཀྱིས་འགྲོ། དེ་ནས་སྔར་གྱི་བག་ཆགས་ཀྱི་འཕྲོ་བྱུང་བ་འམ། དེ་མིན་པའི་ཟང་ཟིང་མང་དུ་བྱུང་ན་སྒོམ་འོང་བའི་རྟགས་ཡིན། དེ་ལྟར་བྱས་པས་ཅི་ཡང་མ་བྱུང་ན་འབད་རྩོལ་དྲག་ཏུ་བྱས་ཏེ་རྨི་ལམ་བསམས་ཀྱིན་ཡིད་ལ་བྱའོ། །གཉིས་པ་ནི། སྔ་མ་ལྟར་པདྨ་ལ་སོགས་པའི་བསྒོམ་ལུགས་འདྲ། སེམས་ཀྱི་འཕེན་པས་རྨི་ལམ་དུ་པདྨ་ལ་སོགས་པ་སྔར་གྱི་བསྒོམ་པ་དེ་ལྟ་བུ་དེ་ཡང་ཡུན་རིང་དུ་བྱའོ་སྙམ་དུ་བསམས་ནས་ཉལ་བས་གོམས་ཤིང་ཡུན་ཇེ་རིང་དུ་འོང་བ་སྟེ་སྦྱང་བའོ། །གསུམ་པ་ནི། གོང་མ་ལྟར་སྒོམ་པ་དེ་ཉིད་རྨི་ལམ་ཡིན་སྙམ་དུ་ཤེས་པར་བྱའོ་སྙམ་པའི་སེམས་པས་ཉལ་བ་དང་། མགྲིན་པར་པདྨ་བསྐྱེད་པ་ལ་སོགས་པས་སྔར་ཇི་ལྟར་བསྒོམས་པ་དེ་རྨི་ལམ་དུ་བལྟ་ཞིང་ཤེས་པ་འབྱུང་ངོ་། །བཞི་པ་ནི། དབང་པོ་རྣོན་པོའི་གང་ཟག་ཅིག་ཡིན་ན་གོང་མ་དེ་ཉིད་ཀྱིས་སྒྱུ་མར་ཤེས་སོ། །རཏལ་པོ་ཡིན་ནའང་པདྨ་དང་ཡིག་འབྲུ་བསམ་པ་གོང་དང་འདྲ་བ་ལས། འཕེན་པ་སྔར་ཇི་ལྟར་བསྒོམ་པ་དེ་ཐམས་ཅད་སྒྱུ་མར་ཤེས་པར་བྱའོ་སྙམ་དུ་བསམས་ཏེ་ཉལ་བར་བྱ་བའི་བསམ་པ་བཏང་། དེས་དེ་ལྟར་ཤེས་པ་འབྱུང་ངོ་། །ལྔ་པ་ནི། ད་ལྟ་གསོན་པའི་གནས་སྐབས་སུ་ཅིར་སྣང་ཐམས་ཅད་རྨི་ལམ་དུ་ཤེས་པར་བྱས་ཤིང་བསྒོམས་པས། དེ་གོམས་པས་གཉིད་མ་ལོག་པའི་དུས་ཀྱི་དངོས་པོ་ཀུན་རྨི་ལམ་དུ་ཤེས་པའོ། །དེ་ཡང་གཉིད་ཀྱི་དུས་སུ་དངོས་པོ་སྣང་བ་ཀུན་གཉིད་ཀྱི་དུས་དེ་ཉིད་དུ་རྨི་ལམ་དུ་ཤེས་པར་བྱའོ་སྙམ་པའི་སེམས་བཏང་ལ་ཉལ་ལོ། དེ་ལྟར་ཤེས་པ་འབྱུང་སྟེ། དེའི་དུས་སུ་ཐམས་ཅད་རྨི་ལམ་དང་འདྲ་བར་ཤེས་པས་གོང་གི་བཞིན་བྱས་ལ། དེ་ནས་བདེ་བ་བསྐྱེད་དེ་དེ་ལ་སེམས་གཏད་དེ་དབུགས་མནན་ལ་ཅུང་ཞིག་བསྒོམ། དེ་ནས་ཡི་གེ་ཐིག་ལེའམ་པདྨ་ལ་གནས་པ་རྣམས་ལས་འོད་འཕྲོས་པས་ཕྱོགས་མཚམས་ཀྱི་དངོས་པོ་མ་ལུས་པ་རང་གི་ལུས་ལ་བསྡུས་ཏེ་པདྨ་དང་ཡིག་འབྲུ་ལ། ཕྱིའི་ལུས་ཀྱང་ཡིག་འབྲུ་ལ། དེ་བྱང་སེམས་ཀྱི་ཐིག་ལེ་ལ། དེ་ལྟེ་བའི་ཧཱུྃ་ལ། ཧཱུྃ་ཡང་མས་བསྡུས་ཏེ་ནཱ་ད་ལ། དེ་ཡང་ཇེ་ཕྲ་ལ། སྟོང་པ་བདེ་བའི་ཉམས་མ་ཤོར་བར་ཅིར་ཡང་མི་རྟོག་པ་ལ་སེམས་གཏད། དེ་ལས་ངལ་ན་སྔར་གྱི་བསྐྱེད་པ་ཚོ་ལ་སྐད་ཅིག་གིས་དམིགས། དེས་སྐྱོ་ན་ཡང་སྟོང་པར་བསྡུ་ཞིང་བསྒོམ། དེ་ལྟར་བྱས་པས་བསྐྱེད་རིམ་དང་རྡོ་རྗེའི་བཟླས་པ་ལ་སོགས་པ་ཚང་ལུགས་ཀྱང་སྔར་བཞིན་ནོ། །རྟགས་ཀྱང་སྐུའི་སྒོ་དགུ་འགགས་པ་ལ་སོགས་པ་དང་རྒྱུད་ལས་འབྱུང་བའི་རྟགས་བཅུ་ལ་སོགས་པ་ཡང་འབྱུང་ངོ་། །གསུམ་པ་བར་དོ་མི་འཁྲུལ་བར་བྱེད་པའི་བསམ་གཏན་འདའ་ཀ་མའི་ལམ་ལ། འདའ་ཀ་མ་དངོས་དང་། སྦྱོར་བ་སྒྲུབ་པའི་བྱེ་བྲག་གཞན་བཤད་པ་གཉིས་ལས། དང་པོ་ནི། སྦྱོར་བ་བསྐྱེད་རྫོགས་ཀྱི་ལམ་ལ་གནས་པ་ཞིག་ལ་ཕྱི་དང་ནང་གི་འཆི་ལྟས་བྱུང་ན་ཆོ་གས་བླུ་བ་འབད་དེ་བྱའོ། །འཆི་ལྟས་ངེས་པ་ཞག་བདུན་ན་འཆི་བའི་ཚེ། དེའི་གོང་དུ་འཕོ་བར་བྱའོ་ཞེས་གསུངས་སོ། །དེ་ཡང་སྔོན་དུ་རླུང་བུམ་པ་ཅན་ལ་སྦྱང་བར་བྱ་སྟེ། རྣལ་འབྱོར་པ་དགོན་པ་ལ་གནས་པ། ལྟོ་འགྲངས་པ་མ་ཡིན། ལྟོགས་པ་མ་ཡིན་པ། ཁམས་སྙོམས་པ་འདུ་འཛི་སྤངས་པ་ཞིག་གིས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ། ལག་པ་གསང་གནས་སུ་བསྣོལ་ཞིང་མིག་སྣ་རྩེར་ཕབ་ལ། རོ་སྟོད་རྒྱས་པར་བྱ། སྐེད་པ་བསྲང་། དབུགས་ཐེབས་བཅུ་ཙམ་ཁོང་པ་ནས་ཟད་པར་སྤྲོའོ། །དེ་ནས་ནང་དུ་ཧབ་བྱས་ནས་བརྔུབས་པས་ཁོང་པའི་ནང་ཐམས་ཅད་གང་བར་བྱའོ། །དེ་ནས་རླུང་གི་རེག་བྱ་སྟེ་འཇམ་པ་བདེ་བར་ཡུན་ཅུང་ཟད་ཅིག་གནས་པར་བྱའོ། །ཞི་བའོ། །དེའི་རྗེས་སུ་ཡང་ཐེབས་གཅིག་ནང་དུ་བརྔུབས་ལ་ཐེབས་ཉི་ཤུ་རྩ་བཞིར་དབྱུང་སྟེ་སྦྱང་བའོ། །དེ་བཞིན་དུ་ཡང་དང་ཡང་དུ་གོམས་པར་བྱས་པས། བུམ་པ་ཆུས་གང་བ་བཞིན་དུ་ཡུན་རིང་དུ་གནས་པའི་ཚེ་འཕོ་བ་ལ་སྦྱར་བར་བྱའོ། །རྒྱས་པ་ལྔའི་མཆོད་རྟེན་ཞེས་པ་ལུས་ལ་བྱ་སྟེ། དེའི་སྒོ་དགག་པ་ནི་སྔར་བཞིན་དུ་མིག་གཉིས་སུ་ཧཱུྃ་སེར་པོ་རེ། ལྕེའུ་ཆུང་དུ་སུཾ་དཀར་པོ། སྤྱི་བོར་ཀྵུཾ་དམར་པོ། སྣ་དང་རྣ་བ་རྣམས་ལ་ཡུཾ་སྔོན་པོ། མགྲིན་པར་སམརཡུཾ། དཔུང་པར་ཧམརཡུཾ། སྙིང་གར་ཡམརཡུཾ། ལྟེ་བར་ཀྵམརཡུཾ། ཡན་ལག་བརྒྱད་ལ་དགོད། དེ་ནས་འོག་སྒོ་ཞེས་པ་གཅི་བའི་སྒོར་ཧཱུྃ་དགོད། ཆུ་མིན་ཏེ་བཤང་སྒོར་ཀྵུཾ་དགོད་དོ། །དེ་ནས་བུམ་པ་གང་བ་ལྟ་བུ་དེ་ ལ་ལུས་ རླུང་གི་ མདོག་ཅེས་པ་མཁལ་ཁུང་གཉིས་མཆན་འོག་གཉིས། རྐང་མཐིལ་གཉིས་ཏེ་དྲུག་ཏུ་ཡུཾ་སྔོན་པོ་དྲུག་དགོད་དོ། །སེམས་རླུང་གི་དཀྱིལ་འཁོར་ཞེས་པས། སྙིང་པདྨ་འདབ་བརྒྱད་དབུས་སུ་ཧཱུྃ་ཡུཾ་སྔོན་པོ་བཞིས་མཐའ་མ་བསྐོར་བར་བསམས་ལ། ལྟེ་བ་ནས་བརྩམས་ཏེ་སྤྱི་བོའི་བར་དུ་པདྨ་འདབ་བརྒྱད་དམར་པོ་ཉི་ཤུ་རྩ་གཅིག་དོང་རྩེ་བརྩེགས་པ་ལྟར་བསྒོམས་ཏེ། ལྟེ་བའི་པདྨའི་དབུས་སུ་ཨཱཿ སྤྱི་བོ་ཚངས་པའི་བུ་གར་ཀྵུཾ། དེ་གཉིས་འོད་ཀྱི་རི་མོ་བ་ཐག་ལྟ་བུས་སྦྲེལ་ཏེ། པདྨའི་དཀྱིལ་འཁོར་དཀར་བྲང་དེ་བསྒོམ། ཧིཿཀ་ཞེས་དྲག་ཏུ་བརྗོད་པས་ཨ་དེ་ཐག་པས་འཐེན་པ་བཞིན་པདྨའི་སྟེང་དུ་ཕྱིན་པར་བསྒོམ། དེ་ལྟར་ཉི་ཤུ་རྩ་གཅིག་ཏུ་ཧིཿཀ་ཞེས་བརྗོད་པས། ཨ་དེ་སྤྱི་བོའི་པདྨའི་བར་དུ་སྟེང་དུ་ཀྵུཾ་གྱིས་འཐེན་ཅིང་། ཁྲོན་པ་ནས་ཆུ་དྲངས་པ་བཞིན་ཕྱིན་པར་བྱའོ། །ཡང་ཐུར་ལ་ཧིཿཀ་ཞེས་བརྗོད་ཅིང་ཐག་པ་ཐུར་ལ་བརྐྱང་བ་བཞིན་པདྨ་རེ་རེའི་ནང་དུ་བབས་པ་དང་། ལྟེ་བའི་བར་དུ་ཡང་ནས་ཡང་དུ་སྦྱང་བར་བྱའོ། །དེ་ལྟར་གོམས་པ་དང་ལྟེ་བ་དང་སྤྱི་བོར་རེག་བྱ་སྲ་སྲའོ་འམ་ཇི་ཞིག་ལྟར་ཉམས་སུ་མྱོང་བ་འོང་སྟེ། འབུར་གྱིས་མངོན་པ་འབྱུང་ངོ་། །དེ་ལྟར་ལོབས་པ་དང་གནས་སུ་དྲི་ཞིམ་པོས་མཎྜྻལ་བྱ། མཆོད་པ་དང་གཏོར་མ་ཆེན་པོ་བཤམས། རང་ལ་ཡོད་པའི་དངོས་པོ་ཐམས་ཅད་རྩྭ་བཞིན་དུ་དོར་ནས་གཞན་ལ་དབུལ་ཞིང་སྦྱིན་གང་ལ་ཡང་ཆགས་པ་མེད་པར་བྱས་ལ། ལག་པ་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ཆང་གི་མཛུབ་འཐོར་བྱས་པས། ནམ་མཁའི་ཁམས་སངས་རྒྱས་དང་བྱང་ཆུབ་སེམས་དཔས་གང་བར་བསམས་པས། སྤྱི་བོའི་ཀྵཾུ་དེ་བསལ་ལ་བུག་པ་ནག་དང་དེ་བ་ཞིག་བསམ། རང་ཡི་དམ་གྱི་ལྷའི་ཏིང་ངེ་འཛིན་གྱིས་གང་འདོད་པའི་སར་དམིགས་ལ། ཉི་ཤུ་རྩ་གཅིག་ཏུ་དྲངས་པའི་ཐ་མ་ཧི་ཀ་ཞེས་འཕུལ་བའི་ཚུལ་གྱིས་སྤྱི་བོ་ནས་འཕོ་བར་བྱའོ། །ཞེས་གསུངས་སོ། འདི་ནི་རིག་པ་འཛིན་པ་ལྷའི་ལུས་ལ་སོགས་ཏེ་གང་འདོད་པའི་ལུས་དེ་ཐོབ་པར་འགྱུར་རོ། །སྣ་ནས་གནོད་སྦྱིན་གནས་སུ་ཞེས་པ་ལ་བརྟེན་ནས་མན་ངག་གི་དོན་གཅིག་གསུངས་ཏེ། སྣ་གཡས་ནས་འཕོས་ན་གནོད་སྦྱིན་གྱི་གནས་སུ་སྐྱེ་བའོ། །གཡོན་གྱི་ལམ་ཁྱད་པར་དུ་འཕགས་པ་ཡིན་གསུང་། གཞོགས་གཡས་པ་འོག་ཏུ་བཅུག་ནས་ཉལ་ན་རླུང་གཡོན་ནས་འཕོ་ལ། གཡོན་འོག་ཏུ་བཅུག་ན་གཡས་ནས་རྒྱུའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདའ་བའི་དུས་སུ་དབུ་བྱང་དུ་བསྟན་ནས་གཞོགས་གཡས་པ་འོག་ཏུ་བཅུག་ནས་མྱ་ངན་ལས་འདས་པ་ཡིན་པས། རྣལ་འབྱོར་པས་གཞོགས་གཡས་པ་འོག་ཏུ་བཅུག་ནས་ཉལ་བར་བྱའོ་གསུང་། ཉལ་ཐབས་ཀྱི་འཕོ་བ་བྱ་བ་ཡིན་སྐད་དོ། །རླུང་དང་ལས་ཚོགས་སུ་བསྟུན་ན་ཡང་གཞོགས་གང་འདོད་པ་འོག་ཏུ་གཞུག་གསུང་ངོ་། །གཡོན་ནས་རྒྱུ་བའི་དུས་སུ་དགེ་བའི་ལས་བྱ་བ་དང་། གཡས་ནས་རྒྱུ་བའི་དུས་སུ་ཚར་གཅད་པའི་ལས་བྱ་བར་བཤད་པ་ལ་དགོངས་པའོ། །གཉིས་པ་ནི། སྔར་བཞིན་དུ་རྣལ་འབྱོར་གྱི་སྔོན་དུ་འགྲོ་བ་བྱས་ནས། ནང་གི་སྦྱོར་བ་སྙིང་པདྨ་དཀར་པོ་ཆུ་ཤིང་གི་མེ་ཏོག་ཁ་བྱེ་བའི་ཟེའུ་འབྲུ་ལ་ཐིག་ལེ་སྒོ་ང་ལྟ་བུའི་ནང་དུ་ཧཱུྃ་ཐབས་ཤེས་དབྱེར་མེད་བསྒོམ་ཞིང་། མཐའ་མར་ཨཱ་ལི་ཐུར་དུ་བརྒྱད་ཁ་དོག་དཀར་པོ་བསམས་ཏེ། དེ་མཐར་ཕྱིན་གྱི་བར་བསྒོམ་པ་ནི་བསྙེན་པའོ། །དེ་ནས་ཕྱིའི་སྦྱོར་བ་ནི་གཞན་གྱི་སེམས་ཤེས་པར་འདོད་པའི་བསྒྲུབ་བྱ་སྟེ། སེམས་ཀྱི་རང་བཞིན་གནས་འགྱུར་ནི། རང་གི་ལུས་ཉམས་འགྱུར་ཞེས་པ་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུའི་སྟེང་དུ་མེ་གྲུ་གསུམ་འབར་བའི་སྟེང་ཉི་མའི་དཀྱིལ་འཁོར་དབུས་སུ་བསྒྲུབ་བྱ་དེ་བཞག་གོ །དེའི་སྙིང་པདྨ་དཀར་པོ་ཁ་བྱེ་བའི་དབུས་སུ་ཉི་མ་ལ་ཧཱུྃ་དམར་པོ་མཐའ་མར་ཨཱ་ལི་དམར་པོ་བརྒྱད་གསལ་བར་བསྒོམ་པར་བྱའོ། །དེ་ནས་རྣལ་འབྱོར་པའི་རླུང་ཕྱིར་འབྱུང་བའི་དུས་སུ་ཧཱུྃ་དང་ཨཱ་ལི་བརྒྱད་པོ་སྣ་བུག་ནས་བྱུང་ནས་བུང་བ་ལྟ་བུ་དེ་བསྒྲུབ་བྱའི་སྣ་གཡོན་དུ་ཞུགས་ནས་པདྨ་དང་ཡིག་འབྲུ་རྣམས་ཟོས། ཞེས་པ་གཅིག་ཏུ་འདྲེས་ཤིང་རོ་གཅིག་པར་བྱས་པའོ། །བར་དེར་ཨོཾ་ཨཱཿཧཱུྃ་བཟླ་ཞིང་ཁོའི་སྣ་གཡས་ནས་འཐོན་ཞིང་རང་གི་གཡོན་དུ་ཞུགས་ནས་ཡིག་འབྲུ་རྣམས་ལ་སྐྱུགས་པ་རེ་ཐིམ་པར་བྱའོ། །བར་དེར་བཟླས་པ་བྱ་ཞིང་མཉམ་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ལྟར་གོམས་པ་ལས་གཞན་གྱི་སེམས་ལ་ཅི་མནོ་རང་ལ་གསལ་ཞིང་ཤེས་པར་འགྱུར་རོ། །ཡང་ན་ཨའི་སྒྲ་ཉན་ནས་འོག་རིམ་པ་བདུན་ཡན་ཆད་ཤེས་པར་འགྱུར་རོ། །དབང་དུ་བྱེད་ན་ཆགས་པའི་བསམ་པས་དམར་པོ་བྱ་ཞིང་། ཁོའི་སེམས་དེ་བདག་ལ་ཤིན་ཏུ་ཆགས་པར་བསམ་ཞིང་ཚུར་བསྡུས་ལ་རང་ལ་བསྟིམ་པར་བྱའོ། །གྲོང་དུ་འཇུག་ན་ཚུར་མི་བསྡུ་བར་ཕ་གིར་ཡུན་བསྲིངས་ལ། ཐ་མ་ཕར་ལ་གཏོང་ཁར་སྣ་གཡས་ནས་བཏོན་ལ་ཕ་རོལ་པོ་དེ་གཡོན་དུ་ཞུགས་ལ་ཕ་གིར་གནས་པར་བསམ། གོམས་པའི་ཚད་རང་གི་ལུས་རོར་འགྲོ་བའམ་མདུན་དུ་མཐོང་བའོ། །གང་རུང་རུང་དུ་འཇུག་པར་འདོད་ན། མདུན་དུ་མེ་ཏོག་ལྟ་བུ་ལ་གོམས་པར་བྱས་ནས། དེ་ནས་ཁོ་ལ་འཇུག་པར་བྱའོ། །ཐམས་ཅད་ལ་འཇུག་པ་དང་འབྱུང་བའི་དུས་སུ། ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་རྡོ་རྗེ་བཟླས་པ་བྱ། མཉམ་ཉིད་དེ་ཁོ་ན་ཉིད་ཅེས་པ་རང་དང་གཞན་འབྱུང་འཇུག་ཐམས་ཅད་གཉིས་མེད་དེ་མཉམ་པ་ཉིད་དུ་རྟོགས་པས་བསྒོམ་པར་བྱ་སྟེ་སྒྱུ་མ་ལྟ་བུས་སོ། །གཉིས་པ་བ་ལང་རྨིག་པ་ཐབས་བདག་གི་གདན་ལ། ཕྱི་བ་ལང་གི་རྨིག་པའི་གདམས་ངག ནང་། གསང་བ། དེ་ཁོ་ན་ཉིད་བ་ལང་གི་རྨིག་པའི་གདམས་ངག་བཞི་ལས། དང་པོ་ནི། མདུན་དུ་པདྨ་འདབ་བརྒྱད་པ་ཞིག་བསམ། པདྨའི་ལྟེ་བ་ལ་བ་ལང་གི་རྨིག་པ་བཞིན་པདྨ་ཁ་དབྲག་ཅིག་བསམ། དེའི་གཡས་སུ་རླུང་གི་ས་བོན་ཡཾ་ནག་པོ་ཞིག་བསམ། གཡོན་དུ་མེའི་ས་བོན་ཧཱུྃ་དམར་པོ་བསམ། དེ་ནས་ཡཾ་ལས་རླུང་གཡོས་པས་ཧཱུྃ་ལས་མེ་འབར། མེ་དེ་རྩ་བ་སྔོན་པོ། ཅོ་དོ་དཀར་པོ་ཞིག་ཏུ་བསམ། དེ་ནས་ཅོ་དོ་དཀར་པོ་དེ་ལ་སེམས་གཏད་ནས་དབང་བཞི་གསུམ་དུས་ཀྱི་ཉམས་མྱོང་བདེ་ལ་མི་རྟོག་པར་མེར་རེ་བསྒོམ། ནང་བ་ལང་གི་རྨིག་པའི་གདམས་ངག་ལ། ཐིག་ལེ་ལ་བརྟེན་པ་དང་། ཡིག་འབྲུ་ལ་བརྟེན་པ་གཉིས་ལས། དང་པོ་ནི། ལུས་ཀྱི་དབུས་ན་ཡར་རྩ་ཨ་ཝ་དྷཱུ་ཏཱི་ཆུ་ཤིང་གི་ཚུལ་དུ་ཡོད་པ་ལས། སྙིང་ཆུ་ཤིང་མེ་ཏོག་གི་ཚུལ་དུ་ཕྱང་ངེ་བ་དེ་བ་ལང་གི་རྨིག་པ་བཞིན་ཁ་བྱེ་ནས་གན་རྐྱལ་དུ་ཡོད་པར་བསམས་པའི་སྟེང་དུ། དབུས་སུ་རླུང་སེམས་འདྲེས་པའི་ཐིག་ལེ་དེའི་གཡས་སུ་རླུང་གི་ས་བོན་ཧཱུྃ་ནག་པོ། གཡོན་དུ་མེའི་ས་བོན་ཧཱུྃ་དམར་པོ་ཞིག་བསམས་ནས་རླུང་བརྔུབས་པས་ཧཱུྃ་ནག་པོ་ལས་རླུང་གཡོས། ཧཱུྃ་དམར་པོ་ལ་ཕོག དགང་བས་དེ་ལས་མེ་འབར་ནས་སྤྱི་བོར་ནས་ཡར་སོང་། སྤྱི་བོའི་ཐིག་ལེ་ལ་ཕོག བྱང་སེམས་ཕབ། སྙིང་གའི་རླུང་སེམས་འདྲེས་པའི་ཐིག་ལེ་ལ་ཕོག གཞིལ་བས་དབང་གསུམ་པའི་དུས་ཀྱི་ཉམས་ཟག་པ་མེད་པའི་བདེ་བར་མེར་གྱིས་སོང་། མཐར་དབྱུང་བས་སྣང་བ་བདེ་བར་ཤར། ཐུན་བཤོལ་བའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རླུང་གཉིས་ལ་ཐིམ། རླུང་བ་ལང་གི་རྨིག་པར་རང་ཞིར་སོང་བར་བསམ། གཉིས་པ་ཡི་གེ་ལ་བརྟེན་པ་ལ། ཡི་གེ་གཅིག་ལ་བརྟེན་པ། གཉིས་ལ་བརྟེན་པ། བཅུ་གསུམ་ལ་བརྟེན་པ་གསུམ་ལས། དང་པོ་ནི། སྙིང་བ་ལང་རྨིག་པར་པདྨ་འདབ་བརྒྱད་ཁ་བྱེ་བའི་དབུས་སུ་ཟླ་བ་ལ་ཨཱ་ལི་ཀཱ་ལི་སྦྱོར་ཞེས་པ། ཌ་ལོག་དང་ར་འདུས་པས་ཨ་ཞེས་པས་ཨོཾ་དཀར་པོ་ཞིག་བསྒོམ། རྐང་མཐིལ་གཡས་གཡོན་དུ་ཡུཾ་དང་ཀྵུཾ། འོད་ཟེར་འབར་ཞེས་པ། རྔུབ་པའི་ཚེ་ཡུཾ་ལས་རླུང་གཡོས། ཀྵུཾ་ལས་མེ་འབར། དགང་བའི་ཚེ། དེའི་སྟོབས་ཀྱིས་ལུས་ཀྱི་གནས་བཅོ་བརྒྱད་ནས་བཅུད་བྱང་ཆུབ་ཀྱི་སེམས་སྤྱི་བོར་བསྡུས། དེའི་ཐིག་ལེ་ལས་བདུད་རྩི་ལྕེ་ཆུང་དུ་ཕབ། དེ་སྙིང་བ་ལང་རྨིག་པར་ཕབ། གཞིལ་བའི་ཚེ་རླུང་ཚ་གྲང་གཉིས་ཁྲོས་ཞེས་པ་འཐབ་པ་སྟེ། དེའི་སྟོབས་ཀྱིས་ཀུན་ཞུ་ནས་སྙིང་བ་ལང་རྨིག་པ་ཁེངས། དབྱུང་བ་ན་ཡེ་ཤེས་ཀྱི་འོད་ཟེར་བདེ་བའི་ཉམས་དང་ལྡན་པའི་སྙིང་གི་ཨ་ལས་སངས་རྒྱས་ཀྱི་སྐུ་བ་སྤུའི་བུ་ག་ནས་འཇིག་རྟེན་གྱི་ཁམས་སུ་འཕྲོ་ཞིང་བདེ་བའི་རང་བཞིན་དུ་བསྒོམ་མོ། །དེ་ལྟར་གོམས་པ་ལས་ཆོས་ཐམས་ཅད་བདེ་བ་ཆེན་པོར་རྟོགས་པར་འགྱུར་ཞིང་ཐུན་མོང་གི་རྟགས་ལྔ་དང་བརྒྱད་ལ་སོགས་པ་འབྱུང་བར་འགྱུར་རོ། །ཕྱག་འཚལ་བསྲེགས་པ་ཞེས་པ་ན་མར་ཨ་བཏུ་བ་སྟེ། ཨོཾ་ཨཾཿསྭཱ་ཧཱ་ཞེས་པ་རྡོ་རྗེའི་བཟླས་པ་བྱ་བར་བསྟན་ཏོ། །ལམ་རིམ་པ་ལྔ་ལྡན་པ་ཡང་སྔར་དང་འདྲའོ། །གཉིས་པ་ནི། སྙིང་བ་ལང་རྨིག་པ་ལྟ་བུ་དེ་པདྨ་འདབ་བརྒྱད་ཁ་བྱེ་བར་བསམས་ལ། དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཾ་ཅིག་བསྒོམ། དེ་ནི་ཐབས་ཀྱི་རང་བཞིན་དུ་བསམ་ཞིང་། ལྕེ་ཆུང་ལ་ཧཱུྃ་དཀར་པོ་མགོ་ཐུར་དུ་བལྟས་པ་ཤེས་རབ་ཀྱི་རང་བཞིན་དུ་བསམ་མོ། །དེ་ལས་བདུད་རྩི་བྱང་ཆུབ་ཀྱི་སེམས་འཛག་པས་ཨཾ་ལ་ཐིམ་ཞིང་ཐབས་ཤེས་རབ་དབྱེར་མེད་པའི་བདེ་བ་ཆེན་པོ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །ངལ་བསོ་ན་དེ་རྣམས་ཞུ་ནས་བ་ལང་རྨིག་པར་བསྟིམ་པར་བྱའོ། །སྐྱོ་ན་ཨོཾ་ཨཱཿཧཱུྃ་ཞེས་པ་རྡོ་རྗེ་བཟླས་པ་བྱ་སྐད། དེ་ལ་རིམ་པ་ལྔ་ལྡན་པར་བྱ་བ་ནི་སྔར་དང་འདྲའོ། །ལྡོག་པའི་སྒོ་ནས་དབྱེ་བ་ཙམ་མོ། །དེ་ལྟར་རྒྱུན་ཏུ་གོམས་པ་ལས་རྟགས་ལྔ་ལ་སོགས་པ་འབྱུང་བ་ཡང་སྤྱི་དང་འདྲའོ། །མཐར་འབྲས་བུ་ལ་སྦྱོར་བ་ཡང་ཤེས་པར་བྱའོ། །ཡེ་ཤེས་གཟུགས་ཞེས་པ་ན་མར་ཡང་སྤྱིར་བསྟན་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་པདྨ་དང་ཟླ་བ་དང་ཡིག་འབྲུ་ལ་སོགས་པའི་དངོས་པོར་སྣང་ཞེས་པའོ། །འོ་མ་ཟླ་བ་ཞེས་པ་ན་མར་རྡོ་རྗེ་བཟླས་པ་བྱ་བར་བསྟན་ཏོ། །དབང་པོ་རྣམས་ཀྱི་ཞེས་པ་ན་མར་སེམས་ལས་སུ་རུང་བ་དང་བདེ་བ་ཆེན་པོ་རྟོགས་པའི་ཕན་ཡོན་བསྟན་ཏོ། །བ་ལང་རྨིག་པའི་སྟེང་དུ་ནི། རྟག་ཏུ་བདུད་རྩི་བཞག་བྱས་ནས། །ཞེས་པའི་དོན་ཏོ། །གསུམ་པ་ནི། སྙིང་པདྨ་དམར་པོ་ཁ་བྱེ་བའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ། གཡོན་སྐོར་དུ་ཨཱ་ལི་བཅུ་གཉིས་བདུད་རྩི་འབབ་པ་བཀོད། རྔུབ་དུས་རྐང་པ་ན་མེ་རླུང་གི་ས་བོན་སྔར་བཞིན་དུ་གསལ་བཏབ་པ་འབར་བས་ལུས་ཐམས་ཅད་བསྲོས་ཏེ། འོག་ནས་བཅུ་གཉིས། སྟེང་ནས་དྲུག་སྟེ་གནས་བཅོ་བརྒྱད་ཀྱི་བདུད་རྩི་སྤྱི་བོར་དྲངས། དགང་བའི་ཚེ། དེ་ནས་མར་ལྕེ་ཆུང་གི་གནས་སུ་ཕབ། དེ་ནས་སྙིང་བ་ལང་རྨིག་པར་ཕབ། གཞིལ་བའི་ཚེ། སྙིང་བ་ལང་རྨིག་པ་ནས་རང་བཞིན་གྱི་གནས་པའི་གཡས་ནས་ཚ་བའི་རླུང་ཁ་དོག་དམར་པོ་མེ་རླུང་གི་རང་བཞིན་ཅན་དང་། གཡོན་ནས་གྲང་པའི་རླུང་ས་ཆུའི་རང་བཞིན་ཅན་དཀར་པོ་ལངས་ཏེ་དེ་གཉིས་འཐབ་པས་ཟླ་བའི་དཀྱིལ་འཁོར་འཁོར་དྲག་པ་ཙམ་དུ་གཡོན་དུ་འཁོར་བ། ཡིག་འབྲུ་རྣམས་མི་འཁོར་བར་དབང་གི་ཡེ་ཤེས་དྲན་པར་བྱ་ཞིང་བསྒོམ་མོ། །མཐར་དབྱུང་། འཇོག་ཀར་ཟླ་བ་ཞུ་ནས་བ་ལང་རྨིག་པ་བཀང་ནས་བསྒོམ། དེས་ཀྱང་བདེ་བ་ཆེན་པོ་སྐྱེའོ། །ཅུང་ཟད་སྐྱོ་ན་ཨོཾ་ཨཱཿཧཱུྃ་ཞེས་པའི་རྡོ་རྗེའི་བཟླས་པ་བྱའོ། །འདི་ལ་ཡང་ལམ་ལྔ་དུས་གཅིག་ཏུ་ཚང་བ་སྟེ་དེ་ལྟར་རྒྱུན་ཏུ་གོམས་པ་ལས་དངོས་གྲུབ་ལ་འཇུག་པའི་རྟགས་ལྔ་ལ་སོགས་པ་འབྱུང་ཞིང་མཐར་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་རྣམས་ནི་སྙིང་གའི་དབུས་སུ་ཟླ་བ་ལ་ས་ཞེས་པ་ནས། ཐམས་ཅད་གནས་སུ་བསྒོམ་པར་བྱ། ཞེས་པའི་དོན་ཏོ། །གསུམ་པ་གསང་བ་བ་ལང་གི་རྨིག་པའི་མན་ངག་ནི། སྒྲུབ་པོ་བདག་རང་རྣལ་འབྱོར་ནམ་མཁར་བསམ། །མདུན་དུ་ཡུམ་ཡེ་ཤེས་དབང་ཕྱུག་མ་བསམས་པའི་བྷ་ག་བ་ལང་གི་རྨིག་པ་འདྲ་བ་དེའི་ནང་གི་རྩ་སྣའི་གཡས་སུ་རླུང་གི་ས་བོན་ཡི་གེ་ཧཱུྃ་ནག་པོ་ཞིག་བསམ། གཡོན་དུ་མེའི་ས་བོན་ཧཱུྃ་དམར་པོ་ཞིག་བསམས་ནས་སྙོམས་འཇུག་བྱས་པས་རླུང་གི་ས་བོན་ཧཱུྃ་ནག་པོ་ལས་རླུང་འབར་བས་མེའི་ས་བོན་ཧཱུྃ་དམར་པོ་ལས་མེ་འབར་ནས་མེ་ལྕེ་གཅིག་ཡབ་ཀྱི་རྡོ་རྗེའི་བུ་གའི་ནང་ན་ཡར་སོང་ནས་བྱང་སེམས་དཀར་པོ་ཕབ། གཅིག་ཡུམ་གྱི་གསང་གནས་ན་ཡར་སོང་ནས་བྱང་སེམས་དམར་པོ་ཕབ། ཡུམ་གྱི་རྩ་སྣའི་རྩེ་མོ་ཡབ་ཀྱི་རྡོ་རྗེའི་བུམ་སྣའི་ཁ་དེ་གཉིས་ཀྱི་བར་ནས་ཐིག་ལེ་དཀར་དམར་གཉིས་ཁ་སྦྱར་གྱི་ཚུལ་དུ་ཡོད་པ་ལ་སེམས་གཏད་པས་དབང་གསུམ་པའི་དུས་ཀྱི་ཉམས་མྱོང་གསོས་ནས་ཟག་མེད་ཀྱི་བདེ་བར་མེར་གྱིས་སྐྱེ་བ་ཡིན། དེར་ཕྱིའི་རྟེན་ལ་བརྟེན་ཏེ་མ་རིག་སྒོ་ངའི་སྦུབས་འབྱེད། ནང་གི་རྟེན་ལ་བརྟེན་ཏེ་མ་རིག་སྒོ་ངའི་སྦུབས་འབྱེད། གསང་བའི་རྟེན་ལ་བརྟེན་ཏེ་མ་རིག་སྒོ་ངའི་སྦུབས་འབྱེད་པ་ཡིན། གང་གིས་མ་རིག་སྒོ་ངའི་སྦུབས་འབྱེད་ན། གསལ་བའི་རྐྱེན་སྒོམ་ཐབས་ཚོས་འབྱེད་དོ། །བཞི་པ་དེ་ཁོ་ན་ཉིད་བ་ལང་རྨིག་པའི་མན་ངག་ནི། དཔེར་ན་བ་ལང་གི་རྨིག་པ་ཁ་དབྲག་ཏུ་ཡོད་ཀྱང་རྩ་བ་གཅིག་ཏུ་ཡོད་པ་བཞིན་དུ་དེ་ཁོ་ན་ཉིད་ཅེས་པ་ཐབས་ཤེས་རབ་ཟུང་ངུ་འཇུག་པའོ། །བ་ལང་རྨིག་པ་ཁ་དབྲག་ཏུ་ཡོད་པ་དང་འདྲ་བ་ཐབས་ཤེས་རབ་གཉིས་ཡིན། རྩ་བ་གཅིག་ཏུ་ཡོད་པ་དང་འདྲ་བ་ཟུང་འཇུག་ཏུ་གནས་པ་དེ་ཡིན། དོན་ལ་ཕྱག་རྒྱ་ཆེན་པོ་ཡིན་ཏེ་བ་ལང་རྨིག་པ་ཐང་ལ་བཞག་པས་རྗེས་ཝལ་ཝལ་བ་འོང་བ་དང་འདྲ་བས་ཟུང་འཇུག་དེ་བསྒོམས་པས་ཡེ་ཤེས་སུ་ཝལ་ཝལ་འོང་ངོ་། །གསུམ་པ་བའི་ནུ་མ་ཟུང་འཇུག་སྦྱོར་བའི་གདན་ནི། དེ་ཡང་ལྟེ་བ་ན་ཨ་ཤད་འོད་ཀྱི་རི་མོས་ལན་བདུན་གཡས་སུ་བསྐོར་བ་ཀླུ་དབང་འཁྱིལ་བ་ཞེས་བྱ་སྟེ་དེའི་འོག་རྩ་གསུམ་འདུས་པ་ན་ཆོས་འབྱུང་གྲུ་གསུམ་ཡོད་པ་དེའི་ནང་དུ་ཡི་གེ་ཀྵུཾ་སེར་པོ་མེ་རླུང་གི་རང་བཞིན་ཅན། རྐང་མཐིལ་གཉིས་སུ་ཀྵུཾ་རེ་རེ། སྙིང་པདྨ་དམར་པོའི་ནང་བ་ལང་རྨིག་རྗེས་ན་བྱང་ཆུབ་སེམས་ཀྱི་ཐིག་ལེ་མཐེ་བོང་ཙམ་གྱི་དཀྱིལ་དུ་ཡི་གེ་ཧཱུྃ་དཀར་པོ། བདེ་ཆེན་གྱི་འཁོར་ལོར་ཧཾ་གསལ་བཏབ་ནས་རླུང་བརྔུབས། ལྟེ་འོག་ཏུ་མནན། ཐུར་སེལ་ཡིད་ཙམ་འཐེན། རྐང་མཐིལ་གཉིས་ཀྱི་ཀྵུཾ་ལས་མེ་འབར་ཞིང་ལྟེ་བར་ལས་ཀྱི་རླུང་འདུས་པས་ཀྵུཾ་སེར་པོ་ལས་ཀྱང་མེ་འབར་འོད་ཀྱི་དཀྲིས་མའི་ནང་ནས་སོང་། ཨ་ཤད་ལས་མེ་འབར་རྐང་མཐིལ་ནས་རིམ་གྱིས་རྩ་སྦུབས་ཐམས་ཅད་མེ་དམར་སེར་དུ་འབར་བས་ལུས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་སྤྱི་བོར་བསྡུས་ཧཾ་ལ་བསྟིམ་བསྟིམ་ཐིམ་པས་ཧཾ་ཡང་ཆེར་མ་སོང་བར་བསམས་པས་ཉམས་མྱོང་དབང་གསུམ་པ་ལ་འགྲན་ཐུབ་པ་སྐྱེའོ། །དེ་ལ་སྟོང་པས་རྒྱས་བཏབ་ཅིང་ཡང་ཡང་དུ་བསྒོམ་མོ། །འཁོར་ལོ་བསྒོམ་པ་ནི་བསྐྱེད་པའི་རིམ་པའོ། །རླུང་དབང་དུ་བྱས་པ་རྡོ་རྗེ་བཟླས་པའོ། །དེའི་དུས་ཀྱི་མྱོང་བ་དགའ་བ་དང་མཆོག་དགའ་དང་དགའ་བྲལ་སྐྱེས་པ་ནི་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་སྟེ་དེ་རྣམས་ནི་སེམས་ལ་དམིགས་པའོ། །དེ་ལྟར་ལྷན་སྐྱེས་ཀྱི་ཉམས་སུ་མྱོང་བ་སྐྱེས་པ་ནི་འོད་གསལ་ལོ། །ལྷན་ཅིག་སྐྱེས་པའི་རྟོགས་པའི་དབང་གིས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་ནི་སྒྱུ་ལུས་སོ། །སྒྱུ་མ་དང་སྟོང་པ་གཉིས་སུ་མེད་པ་ནི་ཟུང་འཇུག་གོ །དེ་ལྟར་བསྒོམས་པས་སྐུའི་སྒོ་དགུ་འགག གསུང་གི་སྒོ་བཞི་འགག ཐུགས་ཀྱི་སྒོ་གཉིས་འབྱེད། དེའི་དུས་སུ་རྟགས་རྣམ་པ་ལྔ་དང་ཡོན་ཏན་རྣམས་ཀྱང་འབྱུང་ངོ་། །དེ་ལའང་མ་བལྟོས་པར་བསྒོམས་པས་རྟགས་བཅུ་གཅིག་གི་མཐར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་ནས་དེ་ལྟ་བུའི་སེམས་སྤྱི་བོའི་ཧཾ་བཞུ་སྟེ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡས་བརླན་ལྟ་བུ་བབ་སྟེ་བའི་ནུ་མ་ནས་འཐོན། ཨ་ཝ་དྷཱུ་ཏཱི་ནས་སྙིང་གའི་ཧཱུྃ་དཀར་པོ་ལ་བསྟིམ་བསྟིམ་ཐིམ་པས་བྱང་ཆུབ་ཀྱི་སེམས་ཀྱིས་ལུས་གང་། བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་བྱང་སེམས་དཀར་པོ་མྱུག་ཙམ་བྱུང་བར་བསམ་ཞིང་དེ་ལས་ཕྱིར་མི་འཕྲོ་བར་བསྒོམས་པས་རྩ་དང་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་བདེ་བ་ཆེན་པོ་མངོན་སུམ་དུ་སྐྱེ་ལ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་འོད་གསལ་གྱིས་སྦྱངས་པས་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེས་ཅུང་ཟད་སྐྱོ་ཞིང་བྱིང་རྒོད་དུ་འགྲོ་བ་སྙམ་བྱེད་ན། ཨོཾ་ཧཱུྃ་སྭཱ་ཧཱ་ལ་འབྱུང་འཇུག་སྤངས་པའི་བཟླས་པ་བྱའོ། །བཞི་པ་སྙིང་ཆུ་ཤིང་གི་མེ་ཏོག་དེ་ཁོ་ན་ཉིད་གསང་བའི་གདན་ལ། ཕྱི་ཆུ་ཤིང་གི་མེ་ཏོག ནང་ཆུ་ཤིང་གི་མེ་ཏོག གསང་བ་ཆུ་ཤིང་གི་མེ་ཏོག དེ་ཁོ་ན་ཉིད་ཆུ་ཤིང་གི་མེ་ཏོག་བཞི་ལས། དང་པོ་ནི། རང་གི་ལུས་པོ་འདི་ཆུ་ཤིང་དང་འདྲ་སྟེ་སྙིང་པོ་མེད་དེ། ཡལ་ག་དང་འདྲ་བ་སྐྲ་དང་བ་སྤུ་ཡན་ལག་ཡིན། ཡ་མ་བརླ་བ་ཡིན། མེ་ཏོག་དང་འདྲ་བ་ལུས་ལ་ཡེ་ཤེས་སྟོང་པ་འོད་གསལ་གྱིས་བརྒྱན་པ་ཡིན། འབྲས་བུ་དང་འདྲ་བ་གཉིས་སུ་མེད་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་སངས་རྒྱས་ཡིན། དེས་ན་ཕྱི་ཆུ་ཤིང་མེ་ཏོག་གནས་ལུགས་བཤད་པ་ཡིན་ནོ། །ནང་ཆུ་ཤིང་གི་སྙེ་མ་ལ། ཡི་གེ་གཅིག་ལ་བརྟེན་པ། ཡི་གེ་དགུ་ལ་བརྟེན་པ་གཉིས་ལས། དང་པོ་ནི། གསང་གནས་ནས་སྤྱི་བོ་ལ་ཐུག་གི་བར་དུ་ལུས་དབུས་ན་ཡར་རྩ་ཨ་ཝ་དྷཱུ་ཏཱི་ཆུ་ཤིང་གི་ཚུལ་དུ་ཡོད་པ་ལ་སྙིང་ཆུ་ཤིང་གི་མེ་ཏོག་གི་ཚུལ་དུ་ཁ་ཐུར་དུ་ཕྱང་དེ་གནས་པ་དེ་ཏིང་ངེ་འཛིན་གྱིས་ཁ་གྱེན་ལ་ལོག་གིས་བཟློག་ནས་སྙིང་གི་ཐོར་ཏོ་ནས་ཤག་གིས་གས་ནས་པདྨ་འདབ་བརྒྱད་པ་གཅིག་ཏུ་སོང་བར་བསམས་པའི་ལྟེ་བ་ལ་རླུང་སེམས་འདྲེས་པའི་ཐིག་ལེ་དཀར་པོ་གཅིག་བསམ། དེའི་གསེབ་ན་མེ་ལོང་ནང་དུ་བཞིན་གྱི་གཟུགས་བརྙན་ཤར་བ་བཞིན་དུ་ཧཱུྃ་སྤུས་བྲིས་པ་ཙམ་ཞིག་གི་གཟུགས་བརྙན་ཝལ་ལེ་སྣང་བར་བསམ། ཐིག་ལེ་དེའི་གཡས་གཡོན་གཉིས་སུ་མེའི་ས་བོན་དམར་པོ་གཉིས་བསམ་ལ། དེ་གཉིས་ལས་མེ་འབར་ནས་མགྲིན་པ་ཡར་ལ་སོང་ནས་སྤྱི་བོ་ནས་ཐིག་ལེ་ཕབ་ནས་རླུང་སེམས་འདྲེས་པའི་ཐིག་ལེ་ལ་ཕོག་པས་དེ་བཀྲ་ཇེ་ཆེ་ཇེ་ཆེར་སོང་བར་བསམ། ཧཱུྃ་གི་གཟུགས་བརྙན་དེ་བཀྲག་ཇེ་ཆེ་ཇེ་ཆེར་སོང་བར་བསམ་པ་ལས་ཉམས་མྱོང་བདེ་བ་མི་རྟོག་པ་མེར་གྱིས་སྐྱེ། དེ་སྐྱེས་པས་རྟོག་པ་འགག དེ་འགག་པས་ཕྱི་རྟགས་དུ་བ་ལ་སོགས་པ་ལྔ་འབྱུང་། ནང་དུ་ཡོན་ཏན་བརྒྱད་འབྱུང་། སྐུའི་སྒོ་དགུ་འགག གསུང་གི་སྒོ་བཞི་འགག ཐུགས་ཀྱི་སྒོ་གཉིས་འབྱེད། དེ་ཀ་ལ་ནང་གི་རྟེན་ལ་བརྟེན་ནས་མ་རིག་སྒོ་ངའི་སྦུབས་སྙིང་གར་འབྱེད་པ་ཡིན་ནོ། །གཉིས་པ་ནི། ལྟེ་བའི་འོག་ཏུ་ཀྵུཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་རྩ་ཐམས་ཅད་བསྲོས་ཏེ་བྱང་ཆུབ་ཀྱི་སེམས་ཐམས་ཅད་སྤྱི་བོར་བསྡུས་ལ། དེ་ནས་བའི་ནུ་མ་སྟེ་ལྕེའུ་ཆུང་དུ་དབབ། དེ་ནས་སྙིང་གི་སྟེང་དུ་བབས་པས་དབུས་ཀྱི་ཧཱུྃ་ལ་ཕོག་པས་འོད་དཀར་པོ་རྣོ་སིབ་སིབ་པ་འཕྲོས་པ་དེས་སྙིང་བརླན་པར་བྱས་པ་དང་པདྨ་འདབ་བརྒྱད་དུ་ཁ་བྱེ་བའོ། །དེ་ནས་པདྨའི་དབུས་སུ་འོད་དཀར་པོའི་ནང་དུ་ཧཱུྃ་བསྒོམ། ཕྱོགས་ཀྱི་འདབ་མ་ལ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་དབྱངས་ཡིག་དང་པོའི་དབྱེ་བས་ཨ་ཨཱ་ཨཾ་ཨཿརིགས་བཞིར་བསྒོམ། མཚམས་ཀྱི་འདབ་མ་བཞི་ལ་སེང་གེ་མོ་ལ་སོགས་པ་རྀ་རཱྀ་ལྀ་ལཱྀ་མ་ནིང་གི་ཡི་གེ་བཞིར་བསྒོམ། སྙིང་གར་ཡི་གེ་བཞག་ཅེས་པའི་དོན་ཏོ། །དེ་ལྟར་སྟེང་ཕྱོགས་ནས་བདུད་རྩི་བབས་པས་སྒོ་དགུ་ཞེས་པ་སྙིང་པདྨ་འདབ་བརྒྱད་དབུས་དང་དགུ་གང་། དེ་ནས་ལུས་ཀྱི་བུ་ག་ཐམས་ཅད་བདུད་རྩིས་གང་བར་བསམ་ཞིང་འོད་དཀར་པོ་ཅན་བ་སྤུའི་བུ་ག་ཐམས་ཅད་ནས་འཕྲོས་པས་ཤེས་བྱའི་དཀྱིལ་འཁོར་གསལ་ཞིང་མ་རིག་པའི་མུན་པ་སེལ་བའོ། །སྐྱོ་ན་རྡོ་རྗེའི་བཟླས་པ་ཨོཾ་ཨཱཿཧཱུྃ་ཞེས་པ་བཟླ་སྟེ་རིམ་པ་ལྔ་དང་ལྡན་པ་སྔ་མ་བཞིན་ནོ། །དེ་ཡང་། ཆུ་ཤིང་མེ་ཏོག་ལྟེ་བ་ནས། །སྙིང་གའི་བར་དུ་འགྲེངས་གནས་པའི། །ཞེས་པ་ལ་སོགས་པའི་དོན་ནི་སྙིང་ཆུ་ཤིང་གི་མེ་ཏོག་ཁ་དབྱེ་བ་ཞེས་བྱ་སྟེ་སྙིང་ཆུ་ཤིང་གི་སྙེ་མ་ཞེས་ཀྱང་བྱའོ། །ལྟེ་བ་ནས་སྙིང་དུ་འགྲེངས་ཞེས་པ་རྩ་གསུམ་འགྲེང་ཞིང་སྐྱེས་པ་སྟེ་ལྟེ་བ་ས་གཞི་དང་འདྲ་ལ་རྩ་གསུམ་པོ་སྡོང་པོ་སྐྱེས་པ་དང་འདྲའོ། །ཁ་ཡར་ལ་ཕྱོགས་པ་ནི་སྙིང་ཆུ་ཤིང་གི་མེ་ཏོག་དང་འདྲ་བའོ། །རྒྱས་པར་བྱ་བ་ནི་མེ་ཏོག་ཁ་བྱེ་བ་སྟེ་རྩ་བ་ནས་འདབ་མ་བརྒྱད་དུ་ཁ་དབྱེ་བའོ། །གསེར་གྱི་དབུས་སུ་རྣམ་ཤེས་ཡེ་ཤེས་སུ་སྦྱོར་བ་ཐབས་ཤེས་རབ་དབྱེར་མེད་པའི་ཧཱུྃ་སྟེ་འདབ་མ་བརྒྱད་ལ་ཡང་ཡིག་འབྲུ་བརྒྱད་དགོད་དོ། །ཡང་དག་སྦྱོར་ཞེས་པ་ལ་སོགས་པས་ནི་སྙིང་གི་ཚད་བསྟན་པའོ། །ཤར་ཞེས་པ་པཱ་རྭ་ཞེས་པའི་དོན་གྱིས་མདུན་སྟེ་སྟེང་གི་ཕྱོགས་ཁོར་ཡུག་སོར་བརྒྱད་ནི་སྙིང་གི་རྩ་བ་སྟེ་མཐའ་སྐོར་སོར་བརྒྱད་དོ། །གཞུང་ཚིགས་ནི་ལྟེ་བ་སྟེ། ནུབ་ཅེས་པའི་དོན་ནི་མགོ་ངོས་ཏེ་སོར་ལྔ་ཞེས་པ་རིང་ཐུང་གསུང་ན་སྙིང་གི་རྩེ་མོ་ངོས་དེ་ལ་མཐའ་སྐོར་སོར་ལྔའོ། །དེ་ཉིད་ཞིང་དང་འདྲ་ལ་མྱུ་གུ་དང་འདྲ་བ་ཡི་གེ་རྣམས་སོ། །འབྲས་བུ་དང་འདྲ་བ་ནི་རྣལ་འབྱོར་པས་བདེ་བ་རྟོགས་ཤིང་མྱོང་བ་ལ་བྱ། སྒྲོགས་པ་ལྔའམ་རྒྱས་པ་ནི་ལུས་ལ་བྱ། ཧཱུྃ་གི་མཚན་ཉིད་དུ་བཞག་ན་ལེགས་སོ། །འོག་ཏུ་བསྣུན་ནས་གཤག་ཅེས་པའི་དོན་ནི་སྒོམ་ཐབས་དངོས་སྟོན། གྲོང་དང་ཞེས་པ་ན་མར་སྤྱོད་ལམ་གྱི་སྦྱོར་བ་བསྟན་ཏེ་སྔར་བཞིན་ཡི་གེ་ཞུ་བ་བ་ལང་རྨིག་པར་བཏང་བ་འདི་ན་བཞིན་རྒྱུན་དུ་བསྒོམ་པའོ། །དེ་ལྟར་ཕྱིའི་དྲོད་ཅེས་བྱ་སྟེ་ལུས་ཀྱི་སྒོ་དགུའི་རླུང་སེམས་འགགས། ནང་གི་དྲོད་ཅེས་བྱ་སྟེ་སྟེང་གི་སྒོ་བཞིའི་རླུང་འགགས། གསང་བའི་དྲོད་ཅེས་བྱ་སྟེ་སེམས་ཀྱི་སྒོ་གཉིས་འབྱེ་སྟེ་སྨིན་པར་གྱི་རྩ་མདུད་བྱེ་ནས་རླུང་དེར་ཚུད་པས་བདེ་བ་ཆེན་པོའི་གནས་ནས་བྱང་ཆུབ་སེམས་ཕེབས་ནས་བདེ་བ་རང་བཞིན་གྱིས་སྐྱེ་སྟེ་སེམས་ཀྱི་དྲོད་ཅེས་བྱ། རྟགས་ཐུན་མོང་མ་ཡིན་པ་ལམ་གྱི་རྟགས་ནི་སྨིག་རྒྱུ་ལ་སོགས་པས་རྩ་རྣམས་ལྔ་དང་བརྒྱད་ལ་སོགས་པ་འབྱུང་བར་འགྱུར་ཞིང་མཐར་མ་ཧཱ་མུ་དྲ་ལ་སྦྱོར་བས་སྤྱིར་ཤེས་པར་བྱའོ། །དཔེར་ན་ཆུ་ཤིང་མེ་ཏོག་ཁ་འབྱེ་བ་ལ་ཉི་མའི་དྲོད་དང་རླུང་དང་ཆར་ཅུང་ཟད་ལ་སོགས་པས་བརླན་པར་བྱས་པས་ཁ་བྱེ་བ་བཞིན་དུ་ནང་དུ་སྙིང་ཁ་འབྱེ་བ་ལ་ཡང་མགོ་དང་སྟེང་གི་རླུང་ཅུང་ཟད་བསྡིགས་པ་དང་ལྟེ་བའི་འོག་ནས་ཀྵུཾ་ལས་མེ་གྱེན་དུ་འབར་བ་ལ་སོགས་པས་རྩ་རྣམས་བསྲོས་པ་དང་སྤྱི་བོ་ན་མར་བདུད་རྩི་བབས་པའི་རླན་གྱིས་ཁ་བྱེ་བ་སྟེ་སྙིང་གི་རྩ་བའི་ངོས་ནས་ཁ་བྱེ་བ་ཡིན་ནོ། །གསུམ་པ་གསང་བ་ཆུ་ཤིང་གི་སྙེ་མའི་མན་ངག་ནི། རང་ཡབ་རྣལ་འབྱོར་ནམ་མཁར་འདུ་ཤེས་གསུམ་ལྡན། མདུན་དུ་ལས་རྒྱ་ཡེ་ཤེས་དབང་ཕྱུག་མ་ཡེ་ཤེས་གསུམ་ལྡན་དུ་བསྒོམ། དེ་ནས་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་འཇུག་བྱས་པས་གསང་གནས་སུ་ཐིག་ལེ་མུ་ཏིག་རྡོག་མ་ལྟ་བུ་ལ་སེམས་གཏད་པས་དབང་གསུམ་པའི་དུས་ཀྱི་ཉམས་སུ་མྱོང་བས་ཧ་ཛ་ལྷམ་གྱིས་སྐྱེས་པ་དེ་བསྒོམ་མོ། །གསང་བ་ཡབ་ཡུམ་གཉིས་ཀྱི་སྙོམས་པར་འཇུག་པ་གསང་བ་ཡིན། ཆུ་ཤིང་དང་འདྲ་བ་ཡབ་ཡུམ་གཉིས་ཀྱི་སྐུ་ལུས་ཡིན། མེ་ཏོག་དང་འདྲ་བ་ཡབ་ཡུམ་གཉིས་ཀྱི་སྦྱོར་བ་ལ་བརྟེན་ནས་སྐྱེས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་ཆུ་ཤིང་གི་མེ་ཏོག་ནི། དེ་ཁོ་ན་ཉིད་ནས་ཧ་ཛའི་ཡེ་ཤེས། དོན་གྱི་ས་ཧ་ཛ་ཆོས་ཉིད་བདེན་པའི་དོན་ཡིན། ཆུ་ཤིང་རྩ་ཨ་ཝ་དྷཱུ་ཏཱི་ཡིན་ཏེ་དེར་རླུང་བཙུད་པས་ཤེས་པ་ཚུད། དེ་ཚུད་པས་མི་རྟོག་པ་སྐྱེ། དེ་སྐྱེས་པས་སྤང་བྱ་སྤོང་། དེ་སྤངས་པས་ས་ཧ་ཛ་རྟོགས་ནས་འོང་། དེ་རྟོགས་པ་དེ་ཀ་ལ་མེ་ཏོག་ཅེས་བྱའོ། །གསུམ་པ་རྫས་སྦྱིན་སྲེག་གི་རིམ་པ་བཤད་པ་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་བཞི་ལས། དང་པོ་ནི། རང་གི་ལྟེ་བར་ཀླུ་དབང་འཁྱིལ་བའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་ཞིག་བསམས་ལ་དེའི་དབུས་སུ་ཡེ་ཤེས་དབང་ཕྱུག་མ། ཤར་དུ་རྡོ་རྗེ་མཁའ་འགྲོ་མ། ལྷོར་རིན་ཆེན་མཁའ་འགྲོ་མ། ནུབ་ཏུ་དྲག་མོ་དང་བྱང་དུ་གདོལ་པ་མོའི་མཁའ་འགྲོ་མ་སྟེ་ལྔ་པོ་ཞལ་གཅིག་ཕྱག་གཉིས་པ་ཐམས་ཅད་ཀྱང་ཁ་དོག་དམར་པོ་རང་གི་མཐེ་བོང་གི་ཚད་ཙམ་མེ་དང་རླུང་གི་རང་བཞིན་དུ་ཚ་ཞིང་གདུང་བར་བསམ། ཟས་ཧ་ཧོཿསྲཱིཿཁ་དོག་དྲི་རོའི་ཉེས་པ་བསལ་ཏེ་ལག་པ་ཧོཾ་གཟར་ལ་སོགས་པའི་ཚུལ་གྱིས་ལྷ་མོ་ལྔ་ལ་ཕུལ་བས་དེ་རྣམས་ཚིམ་པར་བསམ་མོ། །གཉིས་པ་ནི། མེ་རླུང་གི་རང་བཞིན་གྱི་ལྷ་མོ་ལྔ་གསལ་བཏབ་པ་ཡན་སྔར་བཞིན་ལ་ཀླུ་དབང་འཁྱིལ་བའི་འོག་ཆོས་འབྱུང་དུ་ཀྵུཾ་སེར་པོ་མེ་རླུང་གི་རང་བཞིན་ཅན་བསམ། དེ་ལས་མེ་འབར་ཏེ་རྩ་སྦུབས་ཐམས་ཅད་དྲོས་པས་ལྷ་མོ་ལྔ་ཡང་སྔ་མ་བས་ཀྱང་ཤིན་ཏུ་རྣོ་ལ་འབར་བར་བསམས་ཏེ། དེ་ལས་ཀྱང་འབར་བས་རྩ་སྤུབས་ཐམས་ཅད་ཀྱི་བྱང་སེམས་དེ་ཞུ་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་ཀྱི་ཐིག་ལེ་བབས་ཤིང་ལྷ་མོ་ལྔ་ལ་ཐིམ་པས་དབང་གསུམ་པ་དང་འདྲ་བའི་བདེ་བ་སྐྱེས་པས་ཚིམ་པར་བསམ་མོ། །གསུམ་པ་ནི། ལུས་སེམས་ཐམས་ཅད་བདེ་བ་ཆེན་པོར་ཉམས་སུ་མྱོང་ཞིང་རྟོགས་པ་དེ་ཉིད་རྒྱུན་ཏུ་གོམས་པ་དང་བྱ་བའོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་ནི། ཡེ་ཤེས་དབང་ཕྱུག་མའི་སྙིང་གར་ཡི་གེ་ཨ་དཀར་པོ་བསམ། ཨ་དེར་ཕྱིའི་ལུས་ལ་སོགས་པ་ཐམས་ཅད་བསྡུས་ཏེ་ཨ་རང་ཡང་སྟོང་པར་བསྒོམ། དེར་རྣམ་པར་རྟོག་པ་བྱུང་ན་ཅི་བྱུང་ཡང་ཨ་རུ་གསལ་བར་བྱ་སྟེ་ཨ་རུ་བསྡུས་ལ་ཨ་ཡང་སྟོང་པར་བསྒོམས་ཏེ་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པའི་རྣལ་འབྱོར་དང་འདྲ་གསུང་ངོ་། །དེ་ལྟར་རྒྱུད་གཉན་པོ་གདན་བཞི་པའི་རྫོགས་རིམ་ཟབ་པའི་སྙེ་མ་ཞེས་བྱ་བ། རྡོ་རྗེ་འཆང་མར་རྔོག་གི་རིང་ལུགས་ཇི་ལྟ་བར་འཛིན་པའི་གནས་ལྔ་རིག་པ་པདྨ་དཀར་པོས། ཤར་ཁ་རྒྱལ་པོའི་ཕོ་བྲང་རྒྱལ་མཁར་རྩེའི་དགའ་ལྡན་དུ་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག གང་ཡང་འོག་མིན་གནས་སུ་གྲགས་པའི་གཏམ། །མ་ལུས་ཡི་གེར་བཀོད་པའི་འཕྲིན་ཡིག་གིས། །ཉོན་མོངས་མ་སྤངས་བྱང་ཆུབ་འདོད་པའི་སྙིང་། །དགའ་བའི་གོང་བུར་བསྒྱུར་མཁན་པད་དཀར་ཙམ།། །།མངྒ་ལཾ།། །།


previousརྒྱུད་གཉན་པོ་གདན་བཞི་པའི་རྫོགས་རིམ་ཟབ་པའི་སྙེ་མ།next