Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
ལྕེ་རྩེ་རྐན་སྦྱར་གྱི་ཁྲིད། རྡོ་རྗེ་འཛིན་པའི་ཉེ་ལམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྕེ་རྩེ་རྐན་སྦྱར་གྱི་ཁྲིད། རྡོ་རྗེ་འཛིན་པའི་ཉེ་ལམ།next

ལྕེ་རྩེ་རྐན་སྦྱར་གྱི་ཁྲིད། རྡོ་རྗེ་འཛིན་པའི་ཉེ་ལམ།

ལྕེ་རྩེ་རྐན་སྦྱར་གྱི་ཁྲིད། རྡོ་རྗེ་འཛིན་པའི་ཉེ་ལམ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་རྗེ་བཙུན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཀུན་རྟོག་གིས་སྦྱར་མང་པོའི་དངོས་འདི་དག །བདེ་བ་ཆེན་པོའི་དགའ་བར་ཡོངས་བསྒྱུར་ཆེད། །རྡོ་རྗེ་ཐེག་པའི་སྙིང་པོ་སྟོན་མཛད་པའི། །འཁོར་ལོའི་མགོན་དང་གཅིག་པ་བླ་མར་འདུད། །སྲིད་པའི་ནགས་ཀྱི་གཟུང་འཛིན་རི་དྭགས་ཚོགས། །མཐར་བྱེད་རྔོན་ལ་ཆགས་པ་ཟུང་འཇུག་གི །འཕོང་མཁས་དཔའ་བོ་དཔལ་ལྡན་ཤ་ཝ་ར། །སྐྱེ་དགུའི་གཙུག་གི་རིན་ཆེན་གཉིས་པར་འདུད། །བདག་ནི་བསྟན་བཅོས་དོན་མང་མྱ་ངམ་གྱི། །ཐང་དུ་སྐོམ་པས་གདུངས་ཚེ་བླ་མའི་ལུང་། །བསིལ་ལྡན་བདུད་རྩིའི་བུམ་པ་རྙེད་གྱུར་པས། །ངོམས་མེད་འཐུངས་ལས་ཆ་ཙམ་འདིར་སྐྱུགས་སོ། །དེ་ལ། བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་རྣལ་འབྱོར་གྱི་ཡན་ལག་ཐམས་ཅད་ཐུན་མོང་མ་ཡིན་པའི་རང་ཉམས་སུ་བྱ་བའི་ཚུལ། སེམས་ཀྱི་གདོད་མའི་རང་བབས་ལ་མངོན་པར་སྦྱོར་བའི་རྣལ་འབྱོར་གྱི་མཆོག ལྕེ་རྩེ་རྐན་སྦྱར་གྱི་མན་ངག་འདི་ལ་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་། རྡོ་རྗེའི་ཚིག་གཉིས་སོ། །དང་པོ་ནི། སཏྣ་ག་རའི་མཁས་པ་ཆེན་པོ་ཤྲཱི་བ་ན་རཏྣའམ། མཚན་གཞན་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས་ཐོག་མར་ལྷོ་ཕྱོགས་ཀྱི་རྒྱུད་དཔལ་གྱི་རི་བོར་རི་ཁྲོད་ཞབས་ཀྱིས་སྨིན་པར་མཛད་ནས་འདོད་པའི་དངོས་གྲུབ་ཀྱི་ཆེད་དུ། བྱང་ཕྱོགས་སུ་སོང་ཞིག་པར་བསྐུལ་བ་མངོན་དུ་གྱུར་པའི་དུས་ཇི་ལྟ་བ་ན། དཔལ་ཤིང་ཀུན་རྒྱལ་བའི་མདུན་ས་ཤཱནྟ་པུ་རི་གསང་བ་མཆོག་གི་ཕོ་བྲང་། གྲུབ་པ་དང་རིག་པ་འཛིན་པ་དང་། ལྷན་ཅིག་སྐྱེས་མ་དང་། སྔགས་ལས་སྐྱེས་མ་དང་། སྐལ་བ་མཆོག་རྣམས་ལ་རང་སྣང་གི་འཁོར་ལོ་རྣམ་པ་ཐམས་ཅད་པའི་ལོངས་སྤྱོད་ཆེན་པོས་མངོན་པར་འཕགས་པའི་གཞིར། ངག་གི་དབང་ཕྱུག་དང་ལྷན་ཅིག་སྤྱོད་པའི་བྷ་རི་མས་གྲོགས་མཛད་ཅིང་། རང་གི་བླ་མ་སངས་རྒྱས་བསྐྱངས་ཀྱིས་བསྐུལ་བ་ལྟར་སྣང་བ་ལས། དཔལ་རི་ཁྲོད་ཞབས་ལ་བཏུད་དེ། རྡོ་རྗེ་ཐེག་པའི་ཡང་དག་པའི་ངེས་པས་རྗེས་སུ་བཟུང་བར་གསོལ་བ་ན། སྣོད་ཀྱི་ངེས་པ་ལས་བརྩམས་ཏེ་འདོད་པའི་དངོས་གྲུབ་ཀྱི་ཉེ་རྒྱུའི་གནས་ལ་གསང་བར་གདམས་སོ། །སླར་གསང་བར་གདམས་པའི་ངེས་པ་ལ་ཡི་དམ་འཆའ་བར་གསོལ་བས། དེ་ཉིད་དུ་དཔལ་སྡོམ་པ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་ཕྱི་ནང་གསང་བའི་འཁོར་ལོར་འདོད་པའི་དངོས་གྲུབ་ཆེན་པོ་མངོན་དུ་འགྱུར་བའི་བཀའ་དྲིན་མཛད་དེ་གསང་བ་ཆེན་པོའི་རྒྱུད་སྡེའི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པའི་རྡོ་རྗེའི་ཚིག་འདི་སྩལ་བ་ཡིན་ནོ། །གཉིས་པ་ལ་ཚིགས་སུ་བཅད་པ་གཅིག་གིས་དངོས་གྲུབ་ཀྱི་ཉེ་རྒྱུའི་གནས་ལ་གསང་བར་གདམས་པ་དང་། ལྷག་མ་བཞིས་འདོད་པའི་དངོས་གྲུབ་ཆེན་པོ་བསྒྲུབ་པའི་རྣལ་འབྱོར་དངོས་བཤད་པའོ། །དང་པོ་ནི། གང་ཡང་ཐེག་པ་དམན་གནས་དང་། །མི་གང་རྟོག་གེ་ལ་དགའ་དང་། །གང་ཞིག་དགེ་སློང་དངོས་གནས་པ། །དེ་ལ་དེ་ཉིད་བསྟན་མི་བྱ། །གང་ཞིག་མོས་པ་དམན་པ་དང་། ཚིག་ཙམ་ལྷུར་ལེན་པ་དང་། དགེ་སློང་གི་དངོས་པོས་ཡིད་རྒྱལ་བ་དག་ལ་ལམ་འདི་ཉིད་བསྟན་པར་མི་བྱའོ་ཞེས་པའི་དོན་ནོ། །གཉིས་པ་ལ། མཚན་མ་མེད་པ་ལ་མོས་པའི་དབང་རྣོན་སྟེང་གི་ལྕེ་རྩེ་རྐན་སྦྱར་གྱིས་ཁྲིད་པ། མཚན་མ་དང་བཅས་པ་ལ་མོས་པའི་དབང་རྣོན་བར་གྱི་ལྕེ་རྩེ་རྐན་སྦྱར་གྱིས་ཁྲིད་པ། ཆགས་ཅན་གྱི་དབང་རྣོན་འོག་གི་ལྕེ་རྩེ་རྐན་སྦྱར་གྱིས་ཁྲིད་པ་གསུམ་ལས། དང་པོ་ལ། བྱེད་བཅིངས་ལ་བརྟེན་ནས་ལུས་བཅིང་། ལྟ་སྟངས་ལ་བརྟེན་ནས་མིག་བཅིང་། བཞག་ཐབས་ལ་བརྟེན་ནས་སེམས་བཅིང་བའོ། །དང་པོ་ནི། རྐང་པ་གང་ཡང་རུང་བའི་རྟིང་པས་འོག་སྒོ་བཀག རྐང་པ་གཞན་སྟེང་དུ་བཏོན་པའི་པུས་མོ་གཉིས་མདུན་དྲང་པོར་བརྩེགས་པའི་སྟེང་མ་སྐད་པ་དང་ཆ་མཉམ་དུ་སྒོམ་ཐག་གིས་གཅུན། ལག་པ་རྡོ་རྗེའི་ཁུ་ཚུར་བརླ་དང་ལུས་ཀྱི་འབྲེལ་མཚམས་སུ་བཙུགས་པའི་གྲུ་མོ་བསྲངས་པས་ལུགས་ཀྱི་སྟོད་གཅུན། སྒལ་ཚིགས་དྲང་པོར་བསྲངས་མགྲིན་པ་ཅུང་ཟད་སྒུ་བར་བྱ། ལྕེ་རྩེ་རྐན་ལ་སྦྱར། མཆུ་ལ་བར་ཡིད་ཙམ་ཡོད་པར་བྱའོ། །གཉིས་པ་ནི། མིག་རང་བབས་སུ་ཕྱེད་གདངས་པ་ཙམ་ཉིད་ཐད་ཀའི་ནམ་མཁའ་ལ་མ་འགྱུར་བར་བལྟ་བའོ། །གསུམ་པ་ལ། རང་བཞིན་མངོན་དུ་བྱེད་པའི་ཏིང་ངེ་འཛིན་བསྐྱེད་པ། དེ་བརྟན་ནས་རང་གི་འདོད་པའི་ལྷ་སྤྲོ་བའོ། །དང་པོ་ནི། ལྕེ་རྩེ་རྐན་སྦྱར་རྣལ་འབྱོར་ལ། །གཅིག་ཏུ་བརྩོན་པའི་རྣལ་འབྱོར་པས། །ཞེས་པས་ལྕེའི་སྒྲས་ཡུལ་ཅན་གྱི་ཤེས་པ། རྐན་གྱི་སྒྲས་ཡུལ་སྟོང་པ་ཉིད། །སྦྱར་བས་ནི་རོ་མཉམ་དུ་བྱེད་པ་སྟེ་རྣལ་འབྱོར་གྱི་དོན་ནོ། །ཚུལ་དེ་མངོན་དུ་བྱ་བའི་ཚུལ་ཡང་། རླུང་མཉམ་རྒྱུར་རང་བཞིན་ནམ། རྐྱེན་སྟོབས་ཀྱིས་བཅོས་པའི་ངང་ནས། ལུས་ཤ་ཁྲག་ལ་སོགས་པའི་སྙིགས་མ་དང་བྲལ་བའི་འོད་ཀྱི་རང་བཞིན། སྒྱུ་མའི་ངོ་བོ་ཉིད་སྣང་བརྙན་ཙམ་པ་ནང་གི་ནམ་མཁའ་སྟོང་སང་ངེ་བའི་དབུས་སུ། དྷཱུ་ཏཱི་འོད་ཀྱི་རང་བཞིན་ཅན་གྱི་མར་སྣ། ལྟེ་འོག་སོར་བཞིའི་ཐད་དུ། རང་གི་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོའི་རྣམ་པ། ཁམས་རླུང་གི་དུས་གནད་དང་བསྟུན་པའི་སྐུ་མདོག་ཇི་ལྟར་རིགས་པ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། སྒྱུ་མའི་སྐུ་འོད་གསལ་བའི་རང་བཞིན་ཅན། རྣམ་པའི་མཆོག་དང་ལྡན་པར་འཆར་བཞིན་པ་ལ། བསམ་པ་གཞན་གྱིས་བར་མ་ཆོད་པར་མ་ཡེངས་པར་བལྟ་བས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ལ་བརྩོན་པར་བྱའོ། །རྣལ་འབྱོར་པ་དེ་ལ་ཇི་ཞིག་ན་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ཇེ་ཆུང་ལ་སོང་ནས། མཐར་སྐུ་ཉིད་ཀྱང་དམིགས་པ་དང་བྲལ་ཞིང་། རྣམ་པར་མི་རྟོག་པའི་ངང་དུ་མངོན་སུམ་དུ་འཆར་བར་འགྱུར་རོ། །གནས་སྐབས་དེའི་ཚེ་ཉོན་མོངས་པ་དང་། རྣམ་པར་རྟོག་པའི་སྣང་བ་ཅི་ཤར་ཡང་། གང་ཤར་གྱིས་བཟུང་བར་བྱ་བའི་སེམས་ལ། འཛིན་པའི་སེམས་ཀྱིས་སོ་སོར་རང་གིས་རིག་པར་བྱས་པ་ལས། བདེ་བ་ཆེན་པོར་མངོན་དུ་འགྱུར་བ་ཡིན་ཏེ། མཚན་མ་དང་སྤྲོས་པ་ཐམས་ཅད་རང་བཞིན་ལྷན་ཅིག་སྐྱེས་པའི་སེམས་ཟུང་འཇུག་གི་ངོ་བོ་ཉིད་དུ་གདོད་མ་ནས་ལྷུན་གྱིས་གྲུབ་པའི་དབང་འདིས་ནའོ། །འཕགས་པ་ལྷས། སོ་སོ་རང་གིས་རིག་བྱ་བ། །ཐམས་ཅད་ལྷན་ཅིག་སྐྱེས་པ་ཉིད། །དེ་ཕྱིར་ཕུང་སོགས་ཡེ་ཤེས་བཅས། །རྣལ་འབྱོར་པས་ནི་རང་རིག་བྱ། ཞེས་པས་སོ། །དེ་ལྟར་ན་གཟུང་འཛིན་དང་བཅས་པའི་ཕྱིར། རང་བཞིན་གྱིས་འོད་གསལ་བ་བདེ་བ་ཆེན་པོ་ལ་རྣལ་འབྱོར་དུ་བྱེད་པར་མི་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེའི་གཟུང་འཛིན་གཉིས་ག་ཡང་རང་བཞིན་མེད་པར་རོ་གཅིག་པ་ཉིད་ཀྱིས་སོ། །དེ་ལྟར་ཡང་ཕྱོགས་གླང་གིས། བདེ་དེ་གང་གིས་རིག་སྙམ་ན། །ཡིད་ཀྱིས་རིག་པར་བྱེད་མོད་ཀྱིས། །རང་བཞིན་མེད་ཕྱིར་རིག་བྱ་དང་། །རིག་བྱེད་འགྱུར་བའི་སྐྱོན་མེད་དོ། །ཞེས་དང་། སློབ་དཔོན་ཨཱརྻ་དེ་ཝའི་ཞལ་སྔ་ནས་ཀྱང་། ཆོས་རྣམས་རང་བཞིན་མེད་ཉིད་ན། །བླང་དང་དོར་བྱ་ག་ལ་ཞིག །རྨི་ལམ་ན་ནི་ཆོས་ཀུན་ལ། །བླང་དོར་བྱ་བ་ཇི་བཞིན་ནོ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དེ་ཉིད་ངང་གིས་གོམས་པ་ལས། སོ་སོ་རང་གིས་རིག་པ། ནམ་མཁའ་ལྟར་ཐམས་ཅད་དུ་ཁྱབ་པ། ལྷན་ཅིག་སྐྱེས་པའི་རང་བཞིན་བདེ་བ་ཆེན་པོ་དང་ཟུང་དུ་འཇུག་པ། བརྟན་གཡོའི་བདག་ཉིད་ཀྱི་རྣམ་པ་ཐམས་ཅད་པའི་སྟོང་པར་རིས་མེད་པར་འཆར་བ་སྟེ། དེ་ཉིད་ནི་འདིར་ངེས་པའི་དཔལ་ལྡན་བླ་མ་དམ་པ་ཡིན་ནོ། །ཀླུ་སྒྲུབ་ཀྱིས། འགྲོ་བ་འདི་དག་ལྷན་ཅིག་སྐྱེས། །རྣམ་པར་མི་རྟོག་བདེ་བ་ཆེ། །ལྷུན་གྲུབ་ཁྱབ་བདག་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་རང་བྱུང་གཙོ། །ཞེས་དང་། དེ་བཞིན་དུ་དཔལ་འཛིན་ཞབས་ཀྱིས་ཀྱང་། མ་འཁྲུལ་བ་ཡི་དེ་ཉིད་ཐོབ། །ལོངས་སྤྱོད་རྫོགས་པའི་སྐུ་ཞེས་དྲན། །ཧཱུྃ་ཕཊ྄་ཡི་གེ་ལས་གྲོལ་བ། །སེམས་དཔའི་གཟུགས་བརྙན་ཞི་བ་མཆོག །ཅེས་པས་སོ། །གཉིས་པ་དེ་བསྟན་ནས་རང་གི་འདོད་པའི་ལྷ་སྤྲོ་བ་ནི། མཁའ་དང་དངོས་ཕྱོགས་ཐམས་ཅད་ལ། །སངས་རྒྱས་ཉིད་ནི་རྟག་ཏུ་སྤྲོ། །དུམ་བུ་མ་ཡིན་དཀྱིལ་འཁོར་གྱི། །རྣམ་པ་གང་གིས་བརྟན་གཡོ་ཁྱབ། །གང་གིས་གོ་འཕང་དེ་སྟོན་པའི། །དཔལ་ལྡན་བླ་མ་དེ་ལ་འདུད། །མཁའ་ནི་ནམ་མཁའ་སོགས་སྟོང་པའི་ཆ་དང་། དངོས་པོས་ནི་སྣང་བ་དང་། ཕྱོགས་ཀྱིས་ནི་གང་ཤར་གྱི་ཤེས་བྱ་ཐམས་ཅད་མཚོན་པ་སྟེ། དེ་དག་ལ་ངེས་པའི་བླ་མ་སངས་རྒྱས་ཉིད་ཀྱི་སྣང་བ་རྟག་ཏུ་སྤྲོ་བར་བྱས་པས། དུམ་བུ་སྟེ་རིས་སུ་དབྱེ་བ་དང་བྲལ་བའི་སེམས་ཀྱི་གནས་ལུགས་བདེ་བ་ཆེན་པོའི་རང་སྣང་སྟོང་པ་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་གང་གིས་བརྟན་གཡོ་ཐམས་ཅད་ཁྱབ་པ་སྟེ། རོ་གཅིག་པར་བྱས་པའི་ཟུང་འཇུག་ཉིད་གོ་འཕང་ཡིན་ལ། དེ་མངོན་སུམ་དུ་སྟོན་པས་དཔལ་ལྡན་བླ་མ་ནི་གཉིས་སུ་མེད་པར་འདུད་པའི་ཡུལ་ཡིན་ནོ་ཞེས་ཚིག་གི་དོན་དང་། དེ་མངོན་དུ་བྱེད་པའི་རིམ་པ་ནི། ངེས་པའི་བླ་མ་མཐོང་བ་དེ་ཉིད་གང་ཤར་གྱི་ཤེས་བྱའི་སྟེང་དུ་སྤྱན་དྲངས་ཏེ། རྩེ་གཅིག་ཏུ་མོས་པ་ལ་འབད་པས་བརྟན་པ་དང་གཡོ་བ་ལ་སོགས་པའི་སྣང་བ་ཇི་སྙེད་པ་རང་རིག་པའི་བདག་ཉིད་སྟོང་པ་ཉིད་ཀྱི་གཟུགས་དེ་ཉིད་དུ་འཆར་བར་འགྱུར་བ་ཡིན་ནོ། །དེ་ཡང་དགྱེས་རྡོར་ལས། མཐོ་རིས་མི་ཡུལ་ས་འོག་རྣམས། །སྐད་ཅིག་ལ་ནི་སྐུ་གཅིག་འགྱུར། །ཞེས་པས་བཤད་དོ། །དེ་ལྟར་རང་བཞིན་མངོན་དུ་བྱེད་པའི་མི་རྟོག་པའི་ཏིང་ངེ་འཛིན་བྱེད་པ་བཅིངས་པའི་སྦྱོར་བ་ཟབ་མོ་དང་བཅས་པ་འདིས། རྣམ་པར་རྟོག་པའི་ཚོགས་ཇི་སྙེད་པ་དག་པར་བྱས་པས། ལས་རླུང་ལམ་གཉིས་ཀྱི་ཆོས་ཅན་འཁོར་བ་དང་བཅས་པ་འགགས་ཏེ། དྷཱུ་ཏཱི་ཆོས་ཅན་མི་རྟོག་པའི་རླུང་རང་བྱུང་དུ་འབྱུང་ཞིང་། དེ་ལས་ཡེ་ཤེས་ཀྱི་ཙཎྜྻཱ་ལི་འབར་ཏེ་ཐིམ་རིམ་གྱི་ངེས་པ་ལས་འཆར་བའི་འོད་གསལ་མངོན་དུ་གྱུར་པའི་སྟོབས་ཀྱིས་འགྱུར་བ་མེད་པའི་ཐིག་ལེ་རང་དབང་དུ་གྱུར་པས། མཆོག་ཏུ་མི་འགྱུར་བའི་བདེ་བ་མངོན་དུ་འགྱུར་ལ། དེ་ལས་ཕྲ་བའི་ལས་རླུང་སྟོང་བརྒྱད་བརྒྱ་དག་ནས། དེ་སྙེད་ཀྱི་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས་པས། ས་དང་པོ་ཐོབ་པ་ནས་ས་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་འཆང་ཆེན་པོ་ཐོབ་པའི་བར་དུའོ། །དེ་ཡང་། གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བརྟེན་པ་རྣལ་འབྱོར་དབང་པོས་བརྟེན་བྱ་སྟེ། །ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་དེ་ནི་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་སྲེག་བྱེད་ཅིང་། །ལུས་ལ་ཆགས་པ་ལ་སོགས་ཀྱང་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡི་སྦྱོར་བས་བདེ་མཉམ་སྟེར་བར་བྱེད། །ཅེས་བཅོམ་ལྡན་འདས་ཀྱི་ངེས་པ་ཡིན་ལ། ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། དམིགས་པ་མེད་པའི་སེམས་སུ་ནི། །གནས་པ་བྱང་ཆུབ་ཉིད་ཡིན་ཏེ། དེ་ཕྱིར་དམིགས་མེད་སེམས་གོམས་ན། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བཞེད་པ་ཡིན་ནོ། །ཚུལ་འདིར་ངེས་པའི་བླ་མ་མཇལ་བར་ཆེས་རིངས་པ་དག་ནི། མུན་པའི་རྣལ་འབྱོར་ལ་འཁྲིད་པར་བྱ་ཡིས། གཞན་དུ་ནི་དེ་ལྟ་བུའི་ཚུལ་ལ་བལྟོས་པར་མ་མཐོང་སྟེ། སོར་བསམ་འཇུག་པ་གཅིག་པའི་ལམ་ཡིན་པས་སོ། །གཉིས་པ་མཚན་མ་དང་བཅས་པའི་དབང་རྣོན་བར་གྱི་ལྕེ་རྩེ་རྐན་སྦྱར་གྱིས་འཁྲིད་པ་ལ། སྔོན་འགྲོ། དངོས་གཞི། མཇུག་གསུམ་ལས། དང་པོ་ནི། སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་པའི་པུས་མགོ་གཉིས་ལ་ལག་པ་གཉིས་ཆུན་དང་བཅས་པར་བཀབ། སྒལ་ཚིགས་དྲངས་པོར་བསྲངས། མགྲིན་པ་ཅུང་ཟད་སྒུ་བའི་ངང་ནས། དབུགས་རྒྱུན་གཅིག་ལན་ཉེར་གཅིག་ཏུ་དུམ་བུ་བར་མེད་དུ་བུས་པའི་མཐར་དལ་བུས་ལྷག་མ་མེད་པར་དབྱུང་བ་ལན་གསུམ་བྱའོ། །གཉིས་པ་ལ། ཉི་ཟླའི་རྒྱུ་བ་བཅིང་བ་བུམ་པ་ཅན་གྱི་རླུང་སྦྱོར། ཐིག་ལེ་ལ་ལྷག་གནས་སུ་བྱ་བ་བདེ་ཆེན་གྱི་རླུང་སྦྱོར། ལྕེ་ཆུང་གི་བདུད་རྩི་གཞིབ་པ་འཆི་མེད་ཀྱི་རླུང་སྦྱོར་གསུམ་ལས། དང་པོ་ལ་ལུས་ཀྱི་གནད། ལྟ་སྟངས། དམིགས་པ་དང་གཅིག་ཏུ་བྱེད་པའི་རླུང་སྦྱོར་རོ། །དང་པོ་ལུས་གནད་ཙོག་པུ་སྟེགས་བུའི་ཁར་ཁེལ་བ་སྒོམ་ཐག་བཅུག ལག་པ་བསྣོལ་བའི་ཁུ་ཚུར་གྱི་སྒལ་པས་སྒྱིད་ཁུང་མནན། སྒལ་ཚིགས་བསྲངས། མགྲིན་པ་ཡིད་ཙམ་སྒུ། ལྕེ་རྩེ་རྐན་ལ་སྦྱར། མཆུ་ལ་བར་ཡོད་ཙམ་མོ། །གཉིས་པ་ནི། བདུད་རྩི་འཁྱིལ་བའི་ལྟ་སྟངས་སྨིན་མཚམས་ཀྱི་ཐད་དུ་བཟློག་སྟེ་བལྟ་བའོ། །གསུམ་པ་ནི། རྡོ་རྗེ་ཉི་མའང་གང་སེམས་ནི། །ནོར་བུའི་ནང་དུ་སོན་པར་བལྟ། །ཡེ་ཤེས་དཀྱིལ་འཁོར་རྣམ་པ་ཡིས། །ཁམས་གསུམ་པོ་ནི་སྣང་བར་བྱ། །རྡོ་རྗེ་ཉི་མ་ནི་ལྟེ་བའི་གཏུམ་མོ་དང་། འང་གི་སྒྲས་དེས་མངོན་པར་བཞུ་བ་དང་། གང་སེམས་ནི་བྱང་ཆུབ་ཀྱི་སེམས། ནོར་བུའི་ནང་དུ་སོན་པར་བལྟ་ནི། ནོར་བུར་སོན་པའི་སྐད་ཅིག་འཛག་མེད་དུ་འཆིངས་པའི་ཆ་བཅུ་དྲུག་པ་ཉིད་ཡེ་ཤེས་རྣམ་པ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བའོ། །དཀྱིལ་འཁོར་རྣམ་པ་ཡིས་ནི། དེ་དང་ཟུང་དུ་ཆུག་པ་སྒྲིབ་པ་ཐམས་ཅད་དང་བྲལ་བ། པྲ་ཕབ་པ་ལྟ་བུའི་ཕྱག་རྒྱ་ཆེན་པོ་སངས་རྒྱས་ཀྱི་འོད་ཟེར་གྱི་སྤྲིན་མཐའ་ཡས་པའི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་མཛེས་པ་འཆར་བཞིན་པའི་དཀྱིལ་འཁོར་གྱི་འཁོར་ལོས། ཁམས་གསུམ་པོ་ནི་སྣང་བར་བྱ་ནི། ཁམས་གསུམ་པོ་ཐམས་ཅད་དེ་དང་རོ་མཉམ་གཅིག་ཏུ་བྱས་པ་སྟེ་ཚིག་གི་ངེས་པའོ། །གཞན་ཡང་འདིར་ལྕེའི་སྒྲས་ནི་ལས་ཀྱི་རླུང་དང་བྱང་ཆུབ་ཀྱི་སེམས་ལ་བཟུང་ཞིང་། རྐན་གྱི་སྒྲས་དབུ་མ་དང་ཡེ་ཤེས་ཀྱི་མེ། སྦྱར་བའི་སྒྲས་དེ་དག་རོ་མཉམ་དུ་བྱེད་པའོ། །དེའི་རྣལ་འབྱོར་གྱི་ཚུལ་ཡང་ལྷག་པའི་ལྷ་གང་ཡང་རུང་བ་སྒྱུ་མའི་སྣང་བརྙན་ཙམ་དུ་མོས་པའི་ལུས་ཀྱི་དབུས་དྲངས་པོའི་ནང་དུ། ཨ་ཝ་དྷཱུ་ཏཱི་ལྗང་ཁུ་ཡར་སྣ་སྤྱི་བོ་ཚངས་བུག་ཏུ་ཟུག་པ། མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་བཅད་ཁའི་རྣམ་པ། རོ་རྐྱང་གཉིས་སྣའི་སྒོར་ཟུག་པའི་མར་སྣ་ཅུང་ཟད་དབུ་མ་ལ་ཁ་ཕྱོགས་པའི་བཅད་ཁ་ཅན། དབུ་མའི་ནང་དུ་གཏུམ་མོ་ཡེ་ཤེས་ཀྱི་མེ་འཇིག་རྟེན་གྱི་ཁམས་ཀྱི་མེའི་རེག་བྱ་ཐམས་ཅད་གཅིག་ཏུ་སྤུངས་པ་ལྟ་བུར་ཚ་བ། སྤུ་རྩེ་རླུང་གིས་བསྐྱོད་པ་ལྟར་གཡོ་བ། ཉི་མའི་དཀྱིལ་ལྟར་དམར་ཞིང་དྭངས་པའི་ཨ་ཤད་སོར་གཅིག་པ་བསམས་ལ། འོག་རླུང་ལྟེ་བའི་འོག་གི་ཆའི་བར་དུ་དྲག་ཏུ་དྲངས་པ་དབུ་མའི་ཁ་སྒོར་སྤྲིན་ཆགས་པ་ལྟར་གནས་པའི་སྟེང་དུ། སྟེང་རླུང་གཉིས་ཆ་མཉམ་དུ་བརྔུབས་པ་ལྷུང་བས་ཡར་སྟབས་སུ་དྷཱུ་ཏཱིའི་ནང་དུ་ཞུགས་ཏེ། མེ་དང་རོ་མཉམ་པ་ཉིད་དུ་གྱུར་པ་ལ་རྩེ་གཅིག་པའི་བསམ་པས་བལྟ་བ་ལ་གོམས་པར་བྱའོ། །དེ་ལས་ནི་ས་ལ་སོགས་པའི་རླུང་རྣམས་རང་གནས་སུ་ཟིན་པའི་དུ་བ་ལ་སོགས་པའི་སྟོང་གཟུགས་འཆར་ལ། འོད་གསལ་བའི་ངོ་བོ་དེ་དག་དང་མཉམ་པར་སྦྱར་བའི་མྱོང་བ་བརྟན་པས་ཉིན་གཅིག་ཐུན་བརྒྱད་དུ་ཕྱེ་བའི་ཐུན་ཕྱེད་དུ་སྲོག་འགོག་པ་ཆུང་ངུ་། དེ་ཉིས་འགྱུར་འབྲིང་། དེ་ཉིས་འགྱུར་ནས་ཆེན་པོར་བཞག་པའི་བུམ་པ་ཅན་གྱི་གནས་སྐབས་ཐོབ་པར་འགྱུར་ཞིང་། གཏུམ་མོའི་མེ་སྟོབས་སུ་གྱུར་པས་སྤྱི་བོ་ན་རང་བཞིན་གྱིས་གནས་པའི་བདུད་རྩིའི་ས་བོན་ཞུ་བ་གཙུག་ཏོར་ནས་བྱང་ཆུབ་ཀྱི་སེམས་མགྲིན་པའི་བར་དུ་འོང་བ་ནི། རྣམ་པ་སྣ་ཚོགས་པའི་སྐད་ཅིག་དང་། ཕྱི་རོལ་ཏུ་དཀར་པོའི་ཚེས་གཅིག་ནས་ལྔའི་བར་དུ་དག་པ་ཡིན་ལ། དེ་བཞིན་དུ། སྙིང་གའི་བར་དུ་འོང་བ་རྣམ་པར་སྨིན་པ་དང་། ཚེས་དྲུག་ནས་བཅུའི་བར་དང་། ལྟེ་བར་འོང་བ་རྣམ་པར་ཉེང་པ་དང་། ཚེས་བཅུ་གཅིག་ནས་བཅོ་ལྔའི་བར་རྣམ་པར་དག་པ་དང་། ནོར་བུའི་རྩེ་མོའི་མཐར་ཐུག་པར་ཡོངས་སུ་གང་བ་ནི་མཚན་ཉིད་དང་བྲལ་བ་སྟེ། བཅོ་ལྔའི་ཟླ་བའི་ཆ་ཡོངས་སུ་རྫོགས་ནས་ནག་པོའི་ཚེས་གཅིག་མ་ཞུགས་པའི་བར་གྱི་ཆ་བཅུ་དྲུག་པའི་སྐད་ཅིག་རྣམ་པར་དག་པའོ། །དེར་ལྷན་ཅིག་སྐྱེས་པ་རྗེས་སུ་མྱོང་བ་ན། དེའི་ཚེ་ཁམས་ཐམས་ཅད་དེས་དབང་བྱས་པས་རང་བྱུང་དུ་ཁུ་བ་གྱེན་དུ་རེངས་པས། ལྟེ་བར་ས་ཐིམ་པ་ནས་མགོ་བོའི་པདྨར་རླུང་ཐིམ་པའི་བར་གྱི་དབང་ལས། བྱང་ཆུབ་ཀྱི་སེམས་གཤེགས་པར་འགྱུར་བའི་ཕྱིར། ས་སོགས་ཀྱི་རང་བཞིན་སྤྱན་མ་ལ་སོགས་པའི་ལྷ་མོ་བཞིའི་གླུས་བསྐུལ་བ་འདི་ལས་བདེ་བ་རྣམ་པ་ཐམས་ཅད་པ་དང་། ཁྲག་འཐུར་དུ་སོང་བས་ནཱ་དའི་རང་སྒྲ་རྣམ་པ་ཐམས་ཅད་པ་དང་། མདོར་ན་བརྟན་གཡོ་ཐམས་ཅད་གྲུབ་པའི་དུས་ཀྱི་ལྷའི་འཁོར་ལོ་རིས་མེད་པར་མཐར་ཐུག་གི་བར་དུ་འཆར་བ་ཡིན་ནོ། །དགྱེས་རྡོར་ལས། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་པས་གསུངས་ཤིང་། །ནཱ་རོའི་ཞབས་ཀྱི་ལམ་ལས་ཀྱང་། ལྟེ་བར་ཆུ་ཤིང་སྙིང་པོ་གནས། །སྙིང་གར་ཡང་ནི་བསྒྲེང་སྟེ་གནས། །རྟག་ཏུ་སྟོང་པའི་སྒོ་ཡིན་ཏེ། །མཁས་པས་རྟག་ཏུ་བཟློག་པར་བྱ། །སྒོམ་དང་བཟླས་པའི་ཁྱད་པར་གྱིས། །ངག་གི་ལམ་ནས་ཞུགས་གྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ཡིན་ལ། དེ་ཉིད་སྒོམ་པ་ཡིན་ཞིང་། བཟླས་པའི་ཚུལ་ཡང་དེ་ཁོ་ན་ཡིན་ཏེ། ཡི་གེ་དང་། དེ་གདངས་སུ་ཕྱིན་པར་འདོན་པའི་ཚུལ་ལ་མི་བྱ་བར། ཐམས་ཅད་དུ་འགོག་པ་མེད་ཅིང་བཅོས་མ་དང་བྲལ་བ་ལས་རླུང་སྔགས་མི་ཕྱེད་པ་ཉིད་བཟླས་པར་བཞག་པ་སྟེ། དོན་རྟོགས་པ་ཡི་བཟླས་པ་ནི། །རང་བཞིན་མེད་པ་མཛེས་པ་ཡིན། །དུས་གསུམ་སངས་རྒྱས་ཀྱིས་བཏབ་པས། །རྡོ་རྗེ་བཟླས་པར་དེ་བཤད་དོ། །ཞེས་གསུངས། དེ་བས་ན་སྟོང་པ་གསུམ་ལ་ཡི་གེ་གསུམ་གྱི་བརྡས་བསྙད་པ་ཡིན་ནོ། །སྐབས་འདིར་ལྷ་ཞེས་པ་ཞལ་ཕྱག་གི་རྣམ་པ་ཅན་ཁོ་ན་ལ་མི་བཟུང་གིས། ཡེ་ཤེས་ཀྱི་རང་སྣང་ཆུ་ཟླ་ལྟར་འགོག་པ་མེད་པར་འབྱུང་བ་ཐམས་ཅད་ལ་བྱ་སྟེ། ལ་ཝ་པའི་ཞབས་ཀྱིས་གསུངས་པ། བསམ་པ་དང་བའི་རྒྱུན་ལ་ནི། །ཡེ་ཤེས་ལེགས་པར་འབྱུང་བ་གང་། །ཆུ་ཡི་ཟླ་བ་ལྟ་བུ་སྟེ། །མངོན་སུམ་དུ་ནི་ཡོད་མ་ཡིན། །ཞེས་པ་ལྟར་རོ། །རྒྱུད་ཕྱི་མ་ལས་གསུངས་པ། སྲོག་དང་རྩོལ་བ་བཀག་པས་སངས་རྒྱས་གཟུགས་བརྙན་དྲི་མ་བྲལ་བའི་དཀྱིལ་འཁོར་ཡང་དག་པར། །གསང་བ་ལྟེ་བ་སྙིང་ག་མགྲིན་པ་མགོ་བོ་རྡོ་རྗེ་རྣམས་སུ་རིམ་བཞིན་ས་བཟུང་སྟེ། ཁུ་བ་གྱེན་དུ་སོང་ཞིང་ཁྲག་ཀྱང་འོག་ཏུ་འགྲོ་ལ་ཚངས་དབྱངས་གཞོམ་དུ་མེད་པ་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དང་དྲི་མ་བྲལ་བ་གང་གིས་སྟོན་པ་སངས་རྒྱས་ཉིད། །ཅེས་གསུངས་སོ། །གཉིས་པ་ཐིག་ལེ་ལ་ལྷག་གནས་སུ་བྱ་བ་བདེ་ཆེན་གྱི་རླུང་སྦྱོར་ནི། དེ་ཡང་ཁ་ཟས་ཀྱི་བྱ་བ་དང་མ་འབྲེལ་བའི་སྔོན་ནང་བར་གྱི་དུས་ལ་སོགས་པར་ཀླད་རྒྱ་དང་ཐོད་པའི་བར་དུ་སོར་གཉིས་ཙམ་གྱི་བར་སྟོང་འབྱུང་ལ། ཟས་ཟོས་ནས་དེ་དག་འབྱར་བར་འགྱུར་བས། དེའི་དུས་སུ་ངེས་པར་བྱས་ནས་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་དུ་གནས་པ་ཙམ་མ་གཏོགས། ལུས་གནད་དང་། རླུང་དག་པར་བྱ་བ་ལ་སོགས་པ་སྔོན་བཞིན་དུ་བྱས་ལ། གཙུག་ཏོར་གྱི་འཁོར་ལོའི་ལྟེ་བའི་ཐད་ཀྱི་ཀླད་པ་དང་། ཐོད་པའི་བར་དུ་ཐིག་ལེ་དཀར་པོ་སྒོ་ངའི་དབྱིབས་ཅན་རྩེ་སོར་གཉིས་ཙམ་པ་འགྲེང་སྟབས་སུ་གནས་པའི་འོག་ཏུ་བུ་ག་གཏོད་པ་ལ། རྩྭ་དྷཱུ་ཏཱིའི་རྩེ་མོ་རྗེས་སུ་ཞུགས་པར་བསམ་ནས། སྟེང་འོག་གི་རླུང་ལྟེ་བར་འདུས་པ་དབུ་མའི་ལམ་ལ་ཞུགས་ནས་ཐིག་ལེ་དེར་ཐིམ་པར་དམིགས་པ་ལ་བསམ་གཏན་དུ་བྱའོ། །དེར་སེམས་ཐིག་ལེ་རླུང་རྣམས་འོད་གསལ་དུ་རོ་གཅིག་པའི་བསམ་གཏན་གྱིས་རྩེ་གཅིག་པར་བརྟན་པར་བྱས་པ་ལས་སྤྲོས་པ་མེད་པའི་ཏིང་ངེ་འཛིན་བདེ་བའི་རང་བཞིན་དུ་འཆར་ཏེ། རང་དབང་རིན་ཆེན་དག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །མཚན་མ་ཉེར་འཛིན་འབྱུང་བར་འགྱུར། །ཞེས་པས་སོ། །ཚུལ་འདི་ཉིད་ཀྱི་རིམ་པ་ལ་སེམས་ཟིན་ན་ལུས་ཀྱི་ཆ་ཤས་གང་དུ་ཐིག་ལེ་བསམས་པས་རླུང་སེམས་ཀྱི་བཟོད་པ་བརྟེན་པར་འགྱུར་བ་ཡིན་ནོ། །གསུམ་པ་ལྕེ་ཆུང་གི་བདུད་རྩི་གཞིབ་པ་འཆི་མེད་ཀྱི་རླུང་སྦྱོར་ནི། ལུས་ཀྱི་བྱེད་ཆིངས་སོགས་སྔར་དང་འདྲ་བ་ལས། ཕྱི་ནས་རླུང་ཤིན་ཏུ་འཇམ་པ་ཁ་སྣ་གཉིས་ནས་དྲངས། འོག་རླུང་ལྟེ་བར་བཟུང་རུང་མེའི་ཁར་སྒྱུར་མེ་དང་རོ་མཉམ་པར་བསམ། ལྕེ་རྩེ་དང་གསེར་སྒོ་ཡར་དྲག་ཏུ་འཐེན། ལྕེ་ལྡེག་ལ་ལྕེའུ་ཆུང་ལ་རེག་པ་གཞིབ་ཐབས་ཀྱི་སྦྱོར་བས་དེ་ལས་བདུད་རྩི་འབབ་པར་འགྱུར་ཞིང་། དེ་ཉིད་ཀྱི་ལྟེ་བའི་ཡེ་ཤེས་སེམས་དཔའ་ལ་ཁྲུས་གསོལ་བས་ཆེར་དགྱེས་པའི་རོ་མཉམ་གྱི་བདེ་སྟོང་ལྷན་ཅིག་སྐྱེས་པ་ལ་མཉམ་པར་བཞག་པར་བྱའོ། །དེ་ཡང་། སྐྱིལ་ཀྲུང་བཅིང་བ་བྱས་ནས་ཕན་ཚུན་སོ་དག་རེག་པར་མིན་པར་ཁ་ནི་རྣམ་པར་ཕྱེ་བ་ཡིས། །ཕྱི་རོལ་རླུང་དག་བཀུག་སྟེ་དེ་དང་བདུད་རྩིར་བཅས་པ་ལྟེ་བའི་དབུས་སུ་རབ་ཏུ་བཅུག་པ་ཡིས། །ཀུན་ཏུ་གདུང་བ་དང་ནི་བཀྲེས་དང་སྐོམ་པ་འཕྲོག་ཅིང་མཆོག་གི་ལུས་ལ་དུག་ཀྱང་ཡང་དག་འགོག །ཅེས་གསུངས་སོ། །དེས་འཆི་བདག་གི་དཔུང་ཐམས་ཅད་ལས་རྒྱལ་བའི་དངོས་གྲུབ་ཏུ་འགྱུར་བ་ཡིན་ནོ། །ལྕེ་རྩེའི་བདུད་རྩི་འབེབས་དཀའ་ན། པད་རཀ་སྐྱོན་མེད། ཁབ་ལེན། པདྨའི་གེ་སར་དང་གསུམ། སྦྲང་དཀར་སྤྲ་ཚིལ་མེད་པ་ལ་སྦྱར་བའི་རིལ་བུ་རྐན་ལ་སྦྱར། ལྕེ་རྩ་འཇིབས་པས་དེས་སྣ་དྲངས་མྱུར་དུ་ཕེབས་འོང་ངོ་། །གསུམ་པ་མཇུག་ནི། རྩ་མདུད་བཤིག་པར་བྱེད་པའི་འཁྲུལ་འཁོར་རྣམས་སོ། །གསུམ་པ་ཆགས་ཅན་གྱི་དབང་རྣོན་འོག་གི་ལྕེ་རྩེ་རྐན་སྦྱར་གྱིས་འཁྲིད་པ་ལ། དབང་པོ་རྣོན་པོ་ཕྱག་རྒྱ་ཆེན་མོ་དང་སྦྱོར་བ། ཐོད་བརྒལ་བ་ཕྱག་རྒྱ་བཞི་ཀ་དང་སྦྱོར་བ། དབང་པོ་དམན་པ་ལས་ཀྱི་ཕྱག་རྒྱ་མོ་དང་སྦྱོར་བའོ། །དང་པོ་ནི། ཕྱག་རྒྱ་གཅིག་ལ་མཉམ་སྦྱོར་དང་། དབང་པོ་རབ་མཐའ་ཡས་པའི་ཕྱག་རྒྱ་ཆེན་མོར་ཡང་དག་འཁྱུད་པའི་བདེ་བ་ཆེན་པོ་བསྐྱེད་པར་བྱེད་པ་སྟེ། འདིར་ལྕེས་མི་འགྱུར་བའི་བདེ་བ་དང་། ཝཾ་ཡིག་དང་། རྡོ་རྗེ་ལ་སོགས་པ་ཐབས་ཀྱི་བྱ་བ་བརྗོད་ཅིང་། རྐན་གྱིས་སྟོང་པ་ཉིད་དང་། ཨེ་ཡིག་དང་། པདྨ་ལ་སོགས་པ་ཤེས་རབ་ཀྱི་ཆ། སྦྱར་བས་ནི་ཟུང་དུ་འཇུག་པ་ཉིད་སྟོན་པ་ཡིན་ནོ། །དེའི་ཚུལ་ཡང་། ཕྱག་རྒྱ་ཆེན་པོ་ནི་དམིགས་བཅས་སྟོང་པ་ཉིད། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཐམས་ཅད་རོ་མཉམ་པའི་ཚུལ་གྱིས་ཁྱབ་པ་ཡིན་ལ། དེ་ལ་མཉམ་པར་སྦྱོར་བ་པོ་དེ་ལས་དམིགས་པ་མེད་པའི་སྙིང་རྗེ་བདེ་བ་ཆེན་པོ་ཉིད་དེ། དེས་གཉིས་སུ་མེད་པར་འཁྱུད་པའི་ཚུལ་ནི་མང་དུ་སྤྲོས་པའི་ཕྱིར་འདིར་རྒྱས་པར་མ་བརྗོད་དོ། །གཉིས་པ་ནི། ཡང་ན་ཕྱག་རྒྱ་བཞི་སྦྱོར་བ། དམ་ཚིག་དང་། ལས་དང་། ཆོས་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་བཞི་དང་རིམ་པ་བཞིན་སྦྱོར་བ་ནི་ཐོད་བརྒལ་བའི་ཕྱོགས་ཏེ། དེའི་ཚུལ་ཡང་། དུ་བ་ལ་སོགས་པའི་རྟགས་བཅུ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་དང་མཉམ་པར་སྦྱོར་བ་ནི་སྟོང་པ་ཉིད་གསལ་བ་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཆོ་གས་ལྷན་སྐྱེས་ཀྱི་གཏུམ་མོ་འབར་བའི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་ཞུ་བ་རྡོ་རྗེ་ནོར་བུའི་རྩེ་མོར་ཕྱིན་པར་འགྱུར་ལ། དེའི་ཚེ་སྐྱེས་པའི་བདེ་བ་དེ་ཉིད་བརྟག་པར་བྱ་བའོ། །ལས་ཀྱི་ཕྱག་རྒྱ་ནི་ལག་པ་ཉིད་ཀྱིས་ལས་གང་གིས་ཞུ་བའི་བདེ་བ་དེ་ལ་བརྗོད་དེ། དེ་ཡང་། རྐང་པ་རྡོར་སྐྱིལ། གཡས་པའི་ལག་པ་ཁུ་ཚུར་ཡི་ཟུར་དུ་བཙུགས་པ་སོགས་ཡིད་ལ་འབབ་པའི་ལུས་གནད་བཅས་ཏེ། བྱཱ་མ་ཧསྟའི་རྒན་པོ་དང་། སྲིན་ཞགས་མིག་ཏུ་བྱས་པས། སྭ་བཛྭ་ཨུལླ་ཡ་བྱ་བཞིན་པ་ཉིད་ཀྱིས་འཕེལ་བའི་གཏུམ་མོ་ལ་ལྷག་པར་བསམ་གཏན་གྱི་ཡན་ལག་རྗེས་སུ་དྲན་པར་བྱའོ། །དེའི་ཚེ་རླུང་གཉིས་རང་སར་གློད་ཅིང་། བྱང་ཆུབ་ཀྱི་སེམས་ནོར་བུའི་སྣ་རྩེར་བཟུང་བ་ལས། མཐར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་འགྱུར་ལ། དེའི་ཚེ་ལྷན་སྐྱེས་དེ་ལ་བྱང་ཆུབ་ཀྱི་སེམས་རྫོགས་པའི་ཆ་ནས་བཅོམ་ལྡན་འདས་དང་། ལོངས་སྤྱོད་རྫོགས་པའི་སྐུར་བརྗོད་ལ། རྣམ་པར་མི་རྟོག་པའི་ཆ་ནས་བཅོམ་ལྡན་འདས་མ་དང་། ཆོས་ཀྱི་སྐུ་ཞེས་བྱ་བ་ཡིན་ཏེ། ཀྱེ་རྡོ་རྗེ་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་གསུངས་སོ། །གསུམ་པ་ཆོས་ཀྱི་ཕྱག་རྒྱ་ནི། ཡིད་ཀྱི་རང་བཞིན་ཙམ་ཡིན་ལ། དེ་ཡང་། ལྷག་པའི་ལྷ་གང་ཡང་རུང་བ་ཡབ་ཡུམ་དུ་མོས་པ་ཙམ་གྱིས་འཁྱུད་པ་དང་། ཙུམྦ་ན་ལ་སོགས་པ་སྔོན་དུ་འགྲོ་བས། བསྲུབ་པ་དང་བསྲུབ་པའི་སྦྱོར་བས། དེའི་གནས་སྐབས་སོ་སོ་ལ། དགའ་བ་ལ་སོགས་པ་བཞི་མཚོན་པར་བྱ་སྟེ། ཐིག་ལེ་ནམ་ཡང་འཛག་པར་མི་འགྱུར་ཞིང་བདེ་བའི་བདག་ཉིད་དུ་བསྒོམ་པར་བྱའོ། །གཉིས་པོ་འདི་ལ་སླར་གྱེན་དུ་དྲང་བ་ལ་སོགས་པའི་སྦྱོར་བ་དགོས་མོད་ཀྱི། འོག་ནས་འབྱུང་བ་ཇི་ལྟ་བས་འདིར་མ་བཤད་དོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི། མྱོང་བྱ་ཇི་སྙེད་པ་ལ་ཕྱག་རྒྱའི་མིང་ཅན་ཤེས་རབ་དང་། མྱོང་བྱེད་ཀྱི་རིག་པ་ཐབས་ཏེ། གཉིས་པོ་རང་བཞིན་མེད་པར་རོ་གཅིག་པ་ཉིད་ཉམས་སུ་མྱོང་བ་ནི། སྙོམས་པར་འཇུག་པའི་ཚུལ་ཏེ། ཇི་ལྟར་ཆུ་ལ་ཆུ་བཞིན་ནམ། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གི་རིག་པའི་ཡེ་ཤེས་འདི། །ལེགས་མཐོང་གང་དེ་འདིར་ཕྱག་ཡིན། །ཞེས་བཤད་པ་ལས་སོ། །གནས་དེ་ལ་གོམས་པ་ལས་རྡོ་རྗེ་འཆང་གི་གོ་འཕང་ཤིན་ཏུ་རྙེད་པར་སླ་བ་ཡིན་ནོ། །གསུམ་པ་དབང་པོ་དམན་པ་ལས་ཀྱི་ཕྱག་རྒྱ་མོ་དང་སྦྱོར་བ་ལ། བདུད་རྩིའི་ས་བོན་ལ་བརྟེན་ནས་བྱིན་དབབ་པ་དང་། དམར་ཆ་ལ་བརྟེན་ནས་ཉམས་སད་པ་གཉིས་ལས། དང་པོ་ལ། ཡན་ལག་གི་ཆོས་དང་། དངོས་གཞི་གཉིས། དང་པོ་ནི། མཚན་ཉིད་དང་ལྡན་པའི་རིག་མ་བཙལ་ནས་རྒྱུད་ཡོངས་སུ་སྦྱར་བའི་ཆོ་གས་སྨིན་པར་བྱས། རང་དང་གཉིས་འདོད་པའི་ལྷ་ཡབ་ཡུམ་དུ་བྱིན་གྱིས་བརླབས་པ་རྒྱུད་མཉམ་པའི་བར་རོ། །གཉིས་པ་ལ། ཡེ་ཤེས་སེམས་དཔའ་དགུག་པ། གཞུག་པ། བཅིང་བ། མཉེས་པ། རོ་མཉམ་དུ་བྱ་བའི་ཚུལ་ལྔ་ལས། དང་པོ་ཡེ་ཤེས་སེམས་དཔའ་དམ་ཚིག་གི་སེམས་དཔའ་ལ་དགུག་པ་ནི། བཙུན་མོའི་གྲོང་དུ་འཇུག་གྱུར་ཀྱང་། །སྒྱུ་མའི་སྐུ་ནི་རྗེས་དྲན་བྱ། །བཙུན་མོ་ནི་མི་མོ་ལ་སོགས་པའོ། །དེའི་གྲོང་དུ་འཇུག་པ་ནི་དེ་དང་སྦྱོར་བ་སྟེ། སྒྱུ་མའི་སྐུ་ནི་རྗེས་དྲན་བྱ། །ཤེས་རབ་ཀྱི་ཆགས་པས་འབར་བའི་གཏུམ་མོའི་སྣང་བ་ལ་གཟུགས་བརྙན་གྱི་མཐར་ཐུག་པའི་གྲུབ་པའི་ལྷ་མཐོང་བ་ལ། བདེ་བའི་ངོ་བོར་མྱོང་བ་བརྟན་པར་བྱས་པས། ནོར་བུ་དང་རང་གི་གནས་སུ་ལྷན་ཅིག་སྐྱེས་པ་ཤར་བའི་རང་བྱུང་གི་སྣང་བ་ལྷར་དག་པ་སྟེ། ཁམས་གསུམ་པོ་ཐམས་ཅད་དུ་ཁྱབ་པའི་ཆོས་ཀྱི་སྐུའི་རང་བཞིན་གྱི་སྣང་བརྙན་སོ་སོ་རང་རིག་པའི་ཚུལ་གྱིས་གཉིས་སུ་མེད་པར་མྱོང་བ་ལས་རྗེས་སུ་དྲན་པར་བྱའོ། །ཞེས་གསུངས་པ་ཡིན་ལ། དེའི་ཚུལ་ཡང་རེག་པའི་སྐབས་སུ་ཀཀྐོ་ལའི་སྨིན་མཚམས་སུ་དུ་བ། བཅུག་པའི་དུས་སྙིང་གར་སྨིག་སྒྱུ། བསྐྱོད་པའི་ཚེ་ལྟེ་བར་མེ་ཁྱེར། གཡོ་བའི་ཚེ་གསང་གནས་སུ་མར་མེ་ལ་སེམས་གཏད་དེ། མགྲིན། སྙིང་། ལྟེ། གསང་། ནོར་བུའི་བར་དུ་ཀུནྡ་རང་གི་གནས་ལ་གཤེགས་པའི་གནས་སྐབས་ཀྱི་དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཁྱད་པར་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའི་སྐད་ཅིག་བཞི་ཡང་དག་པར་མཚོན་པར་བྱའོ། །འཁོར་ལོ་སྔོན་མ་རྣམས་ལས་མ་བཅིངས་ན། ནོར་བུའི་རྒྱལ་མཚན་ལས་ཀྱང་འཆིང་བར་མི་འགྱུར་བས། ལས་དང་པོ་པས་དེའི་གནས་སྐབས་པ་སོ་སོར་བརྟན་པའི་ཐབས་ལ་འབད་པར་བྱའོ། །གཉིས་པ་ནི། འཕོ་བའི་རྣམ་འགྱུར་དེ་ཉེ་བ་ན། ལྕེ་རྩེ་རྐན་ལ་སྦྱར། གསེར་སྒོ་གནོན་ཅིང་། ཁ་སྣ་གཉིས་ནས་རླུང་དྲོད་དང་བཅས་པ་ཧབ་ཀྱིས་དྲངས་ལ། གསང་གནས་སུ་ཧཱུྃ་གིས་མནན། མི་ཐུབ་ལ་ཁད་པ་དང་འོག་གཉིས་ཀ་ཤེད་བསྐྱེད་གནོན་པ་དང་། ཨེ་རིང་ཐུང་སྤེལ་བ་དང་། གཡས་གཅུད་གཡོན་གཅུད་པས་དྲག་ཏུ་གནོན་ཅིང་། ལྕེ་རྩེ་ཉམས་གློད་པའོ། །དེའི་ཚེ་ལུས་གནད་ནི། ཤེས་རབ་ཀྱི་ལག་པས་ཐབས་ཀྱི་ལྟག་པར་སོར་མོ་བསྣོལ་བས་འཁྱུད། ཐབས་ཀྱི་ལག་པས་དེའི་སྒྲོག་རུས་འོག་གི་གསང་ལ་ཁུ་ཚུར་སྦྱོར་བས་འཁྱུད་པའོ། །དེས་ཀྱང་མ་ཟིན་ན། དེའི་པདྨའི་ཟེའུ་འབྲུ་ལ་རྡོ་རྗེའི་བུ་ག་རེངས་པ་དང་བཅས་པའི་སྟོབས་ཀྱི་སྦྱོར་བས་དྲག་ཏུ་བཏོད་དེ། ཡང་དག་པར་བཙིར་བས་དེ་ཉིད་དུ་སྔོན་གོམས་པའི་ཤུགས་ཀྱིས་སྲོག་ཐུར་འདྲེས་པ་ཐོབ་ནས་མི་འཕོ་བར་འགྱུར་རོ། །གཞན་ཡང་རང་གི་སེམས་ཁམས་གསུམ་པོ་ཐམས་ཅད་དུ་ཁྱབ་པའི་ནམ་མཁའ་ལ་དབྱེར་མེད་དུ་བསྲེས་པ་ལ་མི་གཡོ་བའི་རྣལ་འབྱོར་དུ་བྱས་པས་ཀྱང་བརྟན་པར་འགྱུར་ལ་དམིགས་པའི་ཁྱད་པར་མིག་གཉིས་ཀྱི་དབུས་མཛོད་སྤུའི་ཐད་དུ་ཡེ་ཤེས་ཀྱི་སྤྱན་མངོན་པར་བལྟས་ནས། དེ་ལ་ལྟ་སྟངས་རླུང་ཡིད་རྣམས་རྩེ་གཅིག་པའི་སྦྱོར་བས་འཛིན་པར་ནུས་པ་ཉིད་དོ། །གསུམ་པ་ནི། མདུན་རླུང་འོག་ཏུ་གནོན་ཅིང་རྒྱབ་རླུང་གྱེན་དུ་དྲང་བ་དགའ་བའི་རླུང་སྦྱོར། དེ་ལ་གོམས་ནས་རྒྱབ་རླུང་འོག་ཏུ་གནོན་ཅིང་མདུན་རླུང་གྱེན་དུ་འདྲེན་པ་ལྷན་ཅིག་སྐྱེས་པའི་རླུང་སྦྱོར་ཏེ། དེ་དང་བསྟུན་ནས་ཁམས་དྷཱུ་ཏཱིའི་ལམ་ནས་རང་གནས་སུ་འཁོར་ལོ་བཞིའི་ཡུལ་ས་ལ་རིམ་པ་བཞིན་བགྲོད་པའི་དམིགས་པས་འདྲེན་ལ་འབད་པར་བྱའོ། །བཞི་པ་ནི། རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་སྣེ་མོ་དབུ་མ་ལ་ཟུག་པ་ལས་ཁམས་དཀར་དམར་གྱི་ཐིག་ལེས་བ་སྤུའི་རྩེ་མོ་ཐམས་ཅད་ཀྱི་མཐར་ཐུག་པར་ཁྱབ་པའི་དམིགས་པ་དང་། བུམ་པ་ཅན་ཆེན་པོའི་རླུང་དང་སྦྱར་བའི་འགྲེམ་རྣམས་ལ་འབད་པར་བྱའོ། །ལྔ་པ་ནི། ནམ་མཁའི་རླུང་དང་ཡེ་ཤེས་ཀྱི་རླུང་གཉིས་དེ་ཡང་ནམ་མཁའི་རླུང་རགས་པ་དང་། ཡེ་ཤེས་ཀྱི་རླུང་ཕྲ་བའོ། །དེ་ལ་ནམ་མཁའི་རླུང་ནི། བུམ་པ་ཅན་གྱི་ལུས་གནད་ལྟར་བཅས་ལ། རླུང་ཧཾ་གིས་ནང་དུ་དྲངས། བདེ་བས་ལུས་ཐམས་ཅད་ཁེངས་པར་བསམ། རླུང་ཕྱིར་འགྲོ་དུས་ཧིཾ་གིས་བཏང་། བདེ་བས་མཁའ་ཁྱབ་ཏུ་བསམ། རླུང་ཕྱིར་གནས་ནང་གནས་ཡུན་རིང་ཐུང་སོགས་གང་ལའང་ཁྱད་མེད་པ་ལ་སེམས་གཏོད། ཡེ་ཤེས་ཀྱི་རླུང་ནི། ལུས་གནད་སྔར་ལྟར་ཡིན་པ་ལ། དེ་ཡང་ཕྲ་བ་ཤེས་རབ་ཡི་གེའི་གདངས་ལ་བསླབ་པ་དང་། ཐབས་བཟོ་མེད་དམ་མ་བཅོས་པ་ལ་བསླབ་པ་ཞེས་བྱ་སྟེ། དང་པོ་རླུང་ཤིན་ཏུ་འཇམ་པ་ཧཱུྃ་གི་གདངས་སུ་ཁ་སྣ་གཉིས་ནས་དྲངས། ལྟེ་རླུང་སྲ་འཐས་པ་གཟུང་རུང་མའི་ངང་ལ་ལྟེ་བར་སྐྱུར། འདིར་ལྕེ་རྩེ་དང་གསེར་སྒོ་ཡར་དྲག་ཏུ་འཐེན་པ་བསྟུན། ཇི་ཙམ་རན་པ་བཟུང་། མར་གཏོང་དུས་ཧོ་ལ་སེམས་གཏད། རླུང་ཀྲུང་སེ་བ་ལ་བརྒྱུད་ལ། ཁ་སྣ་གཉིས་ཀ་ནས་དལ་བུས་གཏོང་། ནམ་མཁའ་ཁྱབ་པ་ལ་དམིགས་པ་ཡུན་ཇེ་རིང་དུ་འཇོག འཕྲོ་ན་ནང་དུ་བསྡུ་བ་དང་། མ་བདེ་ན་ཕྱིར་གཏོང་བ་གོང་བཞིན་བྱའོ། །གཉིས་པ་རྒྱུན་དུའང་རླུང་ཅུང་ཟད་བཟུང་བའི་ངང་ནས་ལྕེ་རྩ་དྲག་ཏུ་འཇིབ་པ་དང་། གསེར་སྒོ་འཐེན་པ། ལྟེ་བའི་ཡེ་ཤེས་སེམས་དཔའ་ལ་དམིགས་རྩེ་གཏད་པའི་ངང་ནས་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་མ་བརྗེད་པར་ཉམས་སུ་བླང་ངོ་། །གཉིས་པ་དམར་ཆ་ལ་བརྟེན་ནས་ཉམས་སད་པ་ལ། སྦྱངས་པ་ཅན་རླུང་གི་དབང་དུ་བྱ་བ་དང་། ལས་དང་པོ་པ་འདུག་སྟངས་ཀྱི་དབང་དུ་བྱ་བ་གཉིས་ལས། དང་པོ་ནི། བཅུ་གཅིག་ནས་ཉེར་ལྔ་མའི་བར་ཡོངས་སུ་དག་པའི་དམར་ཆ་དྭངས་མ་འབབ་པའི་དུས་ངེས་པར་བྱས་ནས། གོང་དུ་བཤད་པ་བཞིན་ཡང་དག་པར་སྦྱར་བའི་ཆོ་གས་བྱང་ཆུབ་ཀྱི་སེམས་མཆོག་གི་ཟེ་བར་ལྷུང་བའི་དཀར་དམར་གྱི་ཐིག་ལེ་རྡོ་རྗེ་ནོར་བུའི་སྣ་རྩེར་རླུང་སྦྱོར་སྔ་མས་ཚུར་དྲངས་ནས་བཟློག་པ་ནས་ཁྱབ་པའི་བར་དུ་བྱའོ། །གཉིས་པ་ནི། ཇི་ལྟར་གཞན་ནས་བཤད་པའི་རྩ་འཚོལ་བའི་འདུག་སྟངས་ཀྱིས་རྙེད་པའི་ཨ་ཝ་དྷཱུ་ཏཱིའི་སྣེ་མོ་ནོར་བུའི་བུག་པ་ལས་ནང་དུ་དྲངས་པའི་ཁ་སྦྱོར་གྱི་བདེ་བ་ལ་རྩལ་སྦྱོང་བའི་ཚུལ་ཡང་སྔ་མ་བཞིན་ནོ། །ཚུལ་དེས་བཅུད་ཤ་དང་། ལྤགས་པ་དང་། རུས་པ་དང་། རྩ་ལ་འདུས་པའི་ཡོན་ཏན་རྙེད་ཅིང་། རྒས་པ་དང་། ནད་དང་། འཆི་བ་ཟད་ནས་ཚེའི་རིག་འཛིན་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དུ་མྱུར་བར་འགྲོ་བ་ཡིན་ནོ། །མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་བ་མེད། །མ་བཅིངས་ན་ནི་གསེར་བྱེད་མེད་དེ་གསེར་དང་བྲལ་ན་སྨྲ་པོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། །དེ་བཞིན་བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམས་དག་གིས་སེམས་ནི་འཆིང་མི་འགྱུར། །བཅིངས་པ་མེད་ན་ལུས་འབིགས་མེད་དེ་མ་ཕུག་ལུས་ཀྱིས་འདིར་ནི་ལྷན་སྐྱེས་བདེ་བ་སྟེར་བ་མིན། །ཞེས་སོ། །དེ་ལྟར་ཟབ་ལམ་གྱི་རྣལ་འབྱོར་འདི་ཉིད་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་གསུངས་པ། སྟོང་པ་ལས་ནི་དུ་བ་སོགས་ལམ་བླ་མའི་ངེས་པའི་དབང་གིས་གཟུགས་བརྙན་མཚམས་སུ་བསྒོམ་པར་བྱ། །དེ་ནས་རྩ་ཡི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་པ་དག་ཀྱང་བྱེད་པ་སྟེ། །ཕྱི་ནས་ཟླ་བ་ངེས་པར་འགོག་པ་བཟའ་བཞིན་བྱེད་དེ་བྱང་ཆུབ་སེམས་ནི་རྣལ་འབྱོར་པ་ཡིས་སོ། །དེ་ནས་གང་ཞིག་ཅུང་ཟད་འདོད་པ་དག་ནི་ཉིན་ཞག་འགའ་ཡིས་སྐྱེ་བ་འདི་ལ་ཐོབ་པར་འགྱུར། །ཞེས་གསུངས་སོ། །བདེན་ལྟ་ནང་གི་མཚན་མོའི་གཤེད་བྲལ་བའི། །སྙིང་གི་འདབ་བརྒྱའི་འཕྲེང་ལ་ཟུང་འཇུག་གི །གེ་སར་རྒྱས་པའི་ཁུར་སྟེར་མན་ངག་གི །ཉིན་བྱེད་གང་དེ་བདག་བློའི་ཤར་རི་ནའོ། །རྣ་ཐོས་མེ་ཏོག་འཕྲེང་ལ་ཆེར་རློམ་སྙེག །ཅོལ་གཏམ་འགྲོན་བུའི་ཤལ་པར་བློ་ཆུང་ཧཾ། །མཁས་རྣམས་འདོད་འཇོའི་ལེགས་བཤད་རིན་ཆེན་གྱི། །འཕྲེང་བ་གང་དེ་བདག་གི་མགྲིན་པར་འཁོར། །གྱ་གྱུའི་ཚིག་འཕྲེང་སྨིག་སྒྱུ་ལ་སྲེད་པས། །ཅོལ་ཆུང་རི་སྐྱེས་དགའ་བ་སྐྱེ་མིན་ཡང་། །འཁོར་བས་ཡིད་དུབ་མཐར་པའི་ངལ་བསོ་དཔྱིད། །དོན་དུ་གཉེར་ལ་ལམ་འདི་བདུད་རྩིར་འཁྲུངས། །དཔལ་ཤ་བ་རའི་མན་ངག པཎྜྻི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་གྱིས་རྣམ་པར་ཕྱེ་བ། གྲུབ་པའི་སློབ་དཔོན་དམ་པ་རྣམས་ལས་ཇི་ལྟར་ཐོས་པ་བཞིན་དུ་གཞན་ལ་མི་བསྐྱུད་པའི་བསམ་པས། པུཎྜྻ་རཱི་ཀའི་ངག་གི་བརྗོད་པ་ཇི་ལྟ་བའི་རྗེས་སུ། ཡི་གེའི་འཇུག་པ་པོ་ནི་བཱིརྻ་བྷ་དྲ་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ནགས་ཚལ། གོ་བི་ཙནྡྲར་གྲུབ་པ་འདིས་ཡང་དག་པའི་ལམ་ལ་ཐམས་ཅད་ཀྱི་མིག་བྱེ་བར་གྱུར་ཅིག །བརྒྱུད་པ་ནི། རྡོ་རྗེ་འཆང་། ཤ་བ་ར། ནགས་ཀྱི་རིན་ཆེན། རྒྱལ་དབང་རྗེ། རྗེ་རིན་པོ་ཆེ། ཆོས་ཀྱི་གྲགས་པ། ཨ་ཝ་དྷཱུ་ཏཱི་པ། དེས་བདག་ལའོ།། །།མངྒ་ལཾ།། །།


previousལྕེ་རྩེ་རྐན་སྦྱར་གྱི་ཁྲིད། རྡོ་རྗེ་འཛིན་པའི་ཉེ་ལམ།next