Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
རྣལ་འབྱོར་གསུམ་གྱི་གདམས་པའི་འཁྲུལ་འཁོར་གྱི་འགྲེལ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣལ་འབྱོར་གསུམ་གྱི་གདམས་པའི་འཁྲུལ་འཁོར་གྱི་འགྲེལ་པ།next

རྣལ་འབྱོར་གསུམ་གྱི་གདམས་པའི་འཁྲུལ་འཁོར་གྱི་འགྲེལ་པ།

རྣལ་འབྱོར་གསུམ་གྱི་གདམས་པའི་འཁྲུལ་འཁོར་གྱི་འགྲེལ་པ་བཞུགས་སོ། །དབུ་མའི་སྒོ་དབྱེ་བའི་འཁྲུལ་འཁོར་ནི། པུས་མོ་དང་རྐང་སོར་སར་བཙུགས་པའི་རྟིང་པའི་སྟེང་དུ་འཕོངས་བཞག ལུས་བསྲང་། ལག་པ་བསྣོལ། ཐལ་མོས་མཆན་ཁུང་བསྡམ། རླུང་བརྔུབས་ལ་ཐུབ་ཚད་བསྡམ། མི་ཐུབ་ལ་ཁད་པ་དང་གཡས་གཡོན་རེ་མོས་ཀྱིས་གྱེན་དུ་གཅུད། ཡང་བརྔུབས་ལ་མནན། སླར་གཅུད། མིག་སོགས་གྱེན་དུ་གཏད་ནས་ཕྱིར་འཕང་ངོ་། །ཟླ་བ་སྟེང་དུ་བཅིང་བའི་འཁྲུལ་འཁོར་ནི། ལུས་གནད་གཞན་འདྲ་བ་ལ། ལག་པ་གཉིས་བསྲང་བས་པུས་མོ་བཀབ། རླུང་མདུན་དུ་མནན། མི་ཐུབ་ཚད་པ་དང་རྒྱབ་ནས་གྱེན་དུ་འཐེན་ཅིང་གཡས་གཅུད་གཡོན་གཅུད། མཐར་སྔ་མ་བཞིན་དུ་བྱའོ། །ཉི་མ་ཐུར་དུ་གནོན་པའི་འཁྲུལ་འཁོར་ནི། རྐང་པ་རྡོར་སྐྱིལ། ལག་པ་བསྣོལ་བས་པུས་མགོ་བཀབ། ལུས་བསྲང་། རླུང་མི་ཐུབ་བར་དུ་གནོན་པ་དང་། ལག་པས་མར་འཐེན་པུས་མགོས་ཡར་འཕུལ། སྐྱིལ་ཀྲུང་གཡས་གཡོན་དུ་རེ་མོས་གཅུད་དོ། །རྩ་ཕྲན་དྷཱུ་ཏཱིར་གཞུག་པའི་འཁྲུལ་འཁོར་ནི། ལུས་གནད་གཞན་གོང་བཞིན་ལ། ལག་པ་གཉིས་བསྲང་བ་པུས་བཀབ། དང་པོར་མགོ་བོ་དང་། དེ་ནས་སྐེད་པ་གཡས་གཡོན་དུ་ཐེངས་བདུན་བདུན་བསྐོར་ལ། མཐར་ལུས་གཡང་མོ་ལྟར་དྲག་ཏུ་སྤྲུག་གོ །སྒྲ་གཅན་ཨར་ལ་གཏད་པའི་འཁྲུལ་འཁོར་ནི། སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱ་བཅིང་། རླུང་མི་ཐུབ་ཚོད་ཀྱི་བར་དུ་བགགས། ལུས་བསྐོར་ཞིང་མཐར་འཕགས་པ་དང་ལག་པ་གཉིས་མགོ་བོ་ལ་བསྐོར་ནས་དང་། རྐང་པ་བརྐྱང་སྟེ་སྤྲུག་པ་བསྟུན་ནས་བྱའོ། །རྩིགས་མ་གཞི་ལས་བསྐྲད་པའི་འཁྲུལ་འཁོར་ནི། ལུས་ཙོག་པུ་ལག་པས་དབྱུག་པ་ལྟར་བྱས་ཏེ་བརྐྱང་ནས་འཕག་ཅིང་འཕོངས་སྟན་དང་། ལག་པ་པུས་སྟེང་དུ་ཕབ་ནས་སྤྲུག་པར་བྱའོ། །མངྒ་ལཾ།། །།


previousརྣལ་འབྱོར་གསུམ་གྱི་གདམས་པའི་འཁྲུལ་འཁོར་གྱི་འགྲེལ་པ།next