Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་རྣམ་པར་སྒེག་མོའི་རྫོགས་རིམ་རིམ་པ་བཞི་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་རྣམ་པར་སྒེག་མོའི་རྫོགས་རིམ་རིམ་པ་བཞི་པ།next

རྡོ་རྗེ་རྣམ་པར་སྒེག་མོའི་རྫོགས་རིམ་རིམ་པ་བཞི་པ།

རྡོ་རྗེ་རྣམ་པར་སྒེག་མོའི་རྫོགས་རིམ་རིམ་པ་བཞི་པ་བཞུགས་སོ། །རྡོ་རྗེ་བཙུན་མོའི་ཞབས་སེན་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །ཆོས་རྣམས་རང་བཞིན་མཉམ་པ་ཉིད་ལས་མི་འདའ་ཡང་། །ཧེ་རུ་ཀ་དཔལ་རྣམས་དང་ལྷན་ཅིག་རོལ་པ་ཡི། །སྤྲུལ་པའི་གཟུགས་ནི་སྣ་ཚོགས་འཛིན་པའི་བཅོམ་ལྡན་མ། །རྡོ་རྗེ་ཕག་མོ་དེ་ཡིས་དེང་འདིར་བདེ་ལེགས་མཛོད། །རྣམ་ཀུན་དགའ་མ་ལ་རོལ་སྙིང་རྗེའི་ཆ། །བཅུ་དྲུག་ལང་ཚོ་རྒྱས་པའི་སྙེམས་འཆང་བས། །སྲིད་པའི་ཁྲོམ་པ་དགའ་བའི་ཟློས་གར་ལ། །ཆགས་པར་གྱུར་དེ་རྒྱལ་དབང་རི་ཁྲོད་པ། །དེ་སྲས་མཁས་པའི་དྲང་སྲོང་ཤིང་ཤུན་ཅན། །གཉུག་མའི་དམོད་པ་གྲུབ་པའི་ཆུ་དོར་བས། །དངོས་འཛིན་རི་བོ་ཆེམ་ཆེམ་གཞོམ་བྱེད་པའི། །གྲུབ་རིགས་དཔྱིད་དེ་མངའ་བདག་མཻ་ཏྲི་པ། །བོད་ཡུལ་འགྲོ་ཡིད་སྣ་ཚོགས་ཆུ་ཀླུང་དུ། །གང་འདོད་གདམས་ངག་གཟུགས་ཀྱི་རི་མོ་རེ། །ཅིག་ཅར་འགོད་ལ་རྒྱལ་རྣམས་ཐུགས་རྗེའི་མཁར། །རྗེ་བཙུན་རས་ཆུང་ཟླ་བའི་དཀྱིལ་འཁོར་ཤར། །སླད་ནས་བྱང་ཕྱོགས་འགྲོ་བའི་གདུང་སེལ་དུ། །གཉེར་ཚེ་ཤིང་ཀུན་ནགས་ཀྱི་འདུན་ས་དེར། །མཆོག་གི་བདུད་རྩིས་བློ་གྲོས་རིན་ཆེན་གྱིས། །བུམ་པ་གང་བར་འཛིན་པ་དེ་དག་གི །རིང་ལུགས་ཉི་མའི་འོད་ཀྱིས་ངོམས་གྱུར་པས། །རྣམ་དཔྱོད་གེ་སར་རྒྱས་པའི་ཟེའུ་འབྲུའི་རྩེར། །ལེགས་བཤད་ཟིལ་དངར་ཞིམ་པོ་སྐྱུག་ནུས་པ། །ས་ལ་མཚུངས་མེད་པདྨ་དཀར་པོ་འོ། །རྒྱལ་བ་ཐམས་ཅད་བསྐྱེད་པར་བྱེད་པའི་ཡུམ་རྡོ་རྗེ་རྣམ་པར་སྒེག་མོ་ལ་རྣལ་འབྱོར་དུ་བྱ་བ་འདི་ལ་བཞི་སྟེ། དངོས་གྲུབ་བསྒྲུབ་པའི་རིམ་པ། ཛཱ་ལནྡྷ་རའི་རིམ་པ། ཉོན་མོངས་པ་འཇོམས་པའི་རིམ་པ། ལྷན་ཅིག་སྐྱེས་པའི་རིམ་པའོ། །དང་པོ་ལ། གང་དུ་དངོས་གྲུབ་བསྒྲུབ་པའི་གནས། གང་གིས་དངོས་གྲུབ་བསྒྲུབ་བའི་ཐབས། གང་བསྒྲུབ་པའི་དངོས་གྲུབ་ཀྱི་རྣམ་པར་དབྱེ་བ་བཤད་པའོ། །དང་པོ་ནི། ཡུལ་ཕྱོགས་གང་ཆོས་ལྡན་གྱི་རྒྱལ་པོས་སྐྱོང་ཞིང་སྐྱེ་དགུ་རྣམས་བདེ་བར་གནས་པ། ས་འཛིན་གཞན་གྱིས་གཡུལ་གྱི་དོགས་པ་དང་བྲལ་བ། སྐྱེ་བོ་རྣམས་ཀྱི་གཡེང་བའི་སར་མི་འོས་ཤིང་། རྣལ་འབྱོར་དང་རྗེས་སུ་མཐུན་པའི་གནས་དུར་ཁྲོད་དམ། རི་བྲག་གམ། ཤིང་ཀ་དང་། ལྷ་ཁང་ལ་སོགས་པའོ། །དེ་ཡང་། གང་དུ་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་པ་མེད། །དེར་ནི་རྣལ་འབྱོར་བརྩམ་པར་བྱ། །ཞེས་སམ་གདོད་ནས་དག་པའི་དུར་ཁྲོད་དང་། །མཚན་མོ་མ་མོའི་ཁྱིམ་རྣམས་སུ། །སྔགས་པས་དེར་སྒོམ་ཤིས་པར་མཛོད། །ཅེས་གསུངས་པའོ།། །། གཉིས་པ་ནི། བདེན་གཉིས་ཞལ་མཆོད་པའི་ཆོ་གར་བཤད་པའི་ནང་གི་རྣལ་འབྱོར་ཇི་ལྟ་བས་སམ། བསྡུས་པ་ལ་མོས་ན། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཚངས་པའི་གནས་པ་བཞི་ལ་ཡིད་འདྲེ་བར་གནས་པ་སྔོན་དུ་བཏང་ནས། རྡོ་རྗེ་རྣལ་འབྱོར་མ་ལ་ལྷག་པར་དད་པའི་སེམས་ཀྱིས། དག་པ་གསུམ་གྱི་སྔགས་བརྗོད་ནས། སྒྱུ་མ་ལྟ་བུའི་རྣལ་འབྱོར་མའམ། ལུས་ཇི་ལྟ་བར་བལྟས་པའི་ལྟེ་བ་སྤྲུལ་པའི་འཁོར་ལོར་རྩ་ཐམས་ཅད་འདུས་པའི་དབུས་སུ། རང་སེམས་ཀྱི་ངོ་བོ་ཉི་མའམ། རོ་སེར་པོའི་སྙིང་གར་ཉི་མ་ལ་གནས་པའི་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྒེག་མོ་སྐུ་མདོག་དམར་མོ་ཞལ་གཉིས་ཕྱག་གཉིས་མ། སྤྱན་གསུམ་དང་ལྡན་ཞིང་། མཆེ་བ་རྣམ་པར་གཙིགས་པའི་གཡས་ཞལ་ཕག་གདོང་གྱེན་དུ་ལྟ་བ་ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ། ཧེ་རུ་ཀའི་རང་བཞིན་གྱི་ཁ་ཊྶཱཾ་ག་མཆན་ཁུང་དུ་བསྒྲེང་བ། དབུ་སྐྲ་ཕྱེད་བཅིངས་ཤིང་ཕྱེད་གྲོལ་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་ཡང་དག་པར་བརྒྱན་པ། གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ། ཞལ་དང་བྷ་ག་ནས་ཁྲག་འཛག་བཞིན་པ། མེ་རི་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་སྐུ་སོར་བཞིའི་ཚད་ཙམ་གསལ་ཞིང་དྭངས་པ་བལྟ་བར་བྱའོ། །དེའི་པདྨའི་ནང་དུ་ཆོས་འབྱུང་ཕྲ་མོ་ཟུར་གསུམ་པ་ཉིས་བརྩེགས། དབུས་སུ་བཾ་ཡིག་དམར་པོ་ནཱ་ད་ཆེས་ཕྲ་བ་དང་བཅས་པས་བརྒྱན་པ། དེའི་མཐར་སྔགས་ཀྱི་རྒྱལ་པོ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུས་ཡོངས་སུ་བསྐོར་བ། རབ་ཏུ་དམར་ཞིང་འོད་འབར་བ། གཡོན་བསྐོར་དུ་དྲག་ཏུ་འཁོར་བཞིན་པའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བྱས་ཏེ། ཨུ་རྒྱན་ལ་སོགས་པའི་གནས་ནས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་ཐམས་ཅད་རྣལ་འབྱོར་མའི་འཁོར་ལོར་གསལ་བར་སྤྱན་དྲངས་པ། དམ་ཚིག་པ་དང་རོ་མཉམ་པ་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པས། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་མཆོག་རྣམས་འཆར་བར་འགྱུར་རོ། །དེ་བས་ན་འདི་ལ་སེམས་རྩེ་གཅིག་པ་ཉིད་ལ་ནན་ཏན་དུ་བྱ་ཞིང་། ངལ་ན་ཇི་ལྟར་རིགས་པའི་སྔགས་བཟླས་པ་བྱ། དེ་ལས་ལངས་ནས་རྣལ་འབྱོར་མ་ལ་ཕྱག་འཚལ་བ་དང་། མཆོད་པ་དང་། བསྟོད་པ་ལ་སོགས་པ་ལ་འབད་ཅིང་། དགེ་བ་བྱང་ཆུབ་ཏུ་བསྔོ་བ་ཡིན་གསུངས། ཚུལ་འདི་ལ་ཡི་གེ་ནི་མི་འཁོར་བའོ་ཞེས་དཔལ་ནགས་ཀྱི་རིན་ཆེན་གྱིས་སོ།། །། གསུམ་པ་ནི། དེ་ལ་རྣལ་འབྱོར་དུ་བྱས་པས། ཟས་དང་། སྐོམ་དང་། ནོར་དང་། འབྲུ་དང་། ཁང་པ་བརྩེགས་པ་དང་། ལྷའི་མལ་སྟན་བདེ་བ་སོགས་ཅི་འདོད་པ་དག་ཀྱང་འཐོབ་ལ། ལྷའི་མིག་ལ་སོགས་པའི་མངོན་པར་ཤེས་པ་ལྔ་དང་། དབང་ཕྱུག་གི་ཡོན་ཏན་བརྒྱད་པོ་དག་དང་། ཁྱབ་འཇུག་དང་། དྲག་པོ་དང་། ཚངས་པ་སོགས་ལྷ་ཆེན་པོ་དག་གིས་ཀྱང་རྒྱལ་བར་མ་ནུས་པའི་འཆི་བའི་གནས་དག་ལས་ཀྱང་རྒྱལ་བ་འཐོབ་སྟེ་གང་ཞེ་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །ཚུལ་དེ་དག་ཀྱང་། གང་ཞིག་འདི་ན་རྦ་རླབས་མེད་པའི་ཡིད་ཀྱི་མཚོར། །རྡོ་རྗེ་རྣམ་པར་སྒེག་མོ་འཆར་བ་སུས་བལྟས་པ། །དེ་ནི་མ་ལུས་དགའ་བ་ཡང་དག་རྫོགས་པ་ཡི། །སྐད་ཅིག་གཅིག་གིས་དངོས་གྲུབ་བསྒྲུབ་པའི་རིམ་པའོ། །ཞེས་པས་བསྟན་ཅིང་། གཞུང་ལས། དེ་ཡི་པདྨའི་ནང་དུ་ནི། །དོན་ཀུན་བསྒྲུབ་བྱེད་འཁོར་ལོ་བསྒོམ། །གྲུ་གསུམ་གྱིས་བརྒྱན་མཚན་མ་ནི། །ཁ་དོག་དམར་པོ་འོད་ཟེར་ཅན། །སྔགས་ཀྱི་ཡི་གེ་ཡོངས་རྫོགས་ནས། །རྫ་མཁན་འཁོར་ལོ་བཞིན་དུའོ། །ཞེས་གསུངས་པའོ།། །། གཉིས་པ་ཛཱ་ལནྡྷ་རའི་རིམ་པ་ལ། ཐུར་སེལ་གྱིས་རྒྱུ་ཙཎྜྻཱ་ལི་སྦར་བ། སྲོག་གིས་བདུད་རྩིའི་ས་བོན་བཞུ་བ། རིགས་གཉིས་ཀྱི་ངེས་པས་འབྲས་བུའི་ཙཎྜྻཱ་ལི་བཤད་པ་དང་གསུམ་ལས། དང་པོ་ནི། ལུས་གནད་རྡོར་སྐྱིལ་ལམ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། ལག་པ་གཉིས་པུས་མོ་ལ་བཀབ་པའི་གྲུ་མོ་བསྲངས་པས་ལུས་གཅུན། གསུས་པ་སྒལ་ཚིགས་ལ་སྦྱར་ཞིང་དྲང་པོར་བསྲངས། མགྲིན་པ་ཅུང་ཟད་སྒུ་བྱས། ལྕེ་རྩེ་རྐན་ལ་སྦྱར་བའི་མཆུ་ལ་སོར་ཕྱེད་ཙམ་གྱི་བར་ཡོད་པར་བྱ། མིག་རྩ་ཞལ་ཀྱི་ལྟ་སྟངས་དང་། དམིགས་པ་གཞུང་དུ་ལྟེ་བར་བཤད་ནའང་། བླ་མ་རྒྱུད་པའི་མན་ངག་གིས། ལྟེ་འོག་སོར་བཞིའི་ཐད་ཨ་ཝ་དྷཱུ་ཏཱིའི་ནང་དུ། ཆོས་འབྱུང་ཟུར་གསུམ་པ་རབ་ཏུ་དམར་ཞིང་འོད་འབར་བ། ཙཎྜྻཱ་ལིའི་ངོ་བོ་སོར་བཞི་པ། དབུས་སུ་བཾ་ཡིག་དམར་པོ་ནཱ་ད་ཆེས་ཕྲ་བ་དང་བཅས་པས་བརྒྱན་པ་བསམས་ལ། འོག་རླུང་ལྟེ་བའི་འཁོར་ལོར་སླེབ་པ་བཟུང་ནས་དེས་བསྐུལ་བས་གཡོན་སྐོར་དུ་བར་མེད་རིམ་པ་མི་མངོན་པར་འཁོར་བ་ལ་སེམས་རྩེ་གཅིག་ཏུ་བཟུང་བ་འདིས་སེམས་གནས་པ་མཆོག་སྐྱེ་བ་ཡིན་ནོ། །དེ་ནས། ཆོས་འབྱུང་ཡི་གེ་དང་བཅས་པ་ལས། མེ་ཆེས་ཕྲ་ཞིང་རྣོ་བ་འབར་བ་ལས་ལྷག་པར་བཾ་ཡིག་གི་རྩེ་མོའི་མེ་ཕྲ་བ་ལ་སེམས་རྩེ་གཅིག་ཏུ་བཟུང་བ་ནི་རྒྱུའི་ཙཎྜྻཱ་ལི་སྟེ། དེ་ལ་སེམས་ཟིན་པ་ན། བཾ་ཡིག་དེ་ལས་པདྨའི་སྣལ་མ་ལྟར་ཕྲ་བའི་མེ་དྲག་ཅིང་བཟོད་པར་དཀའ་བ། རབ་ཏུ་དམར་བའི་འོད་ཟེར་ཅན། དལ་བུས་གྱེན་དུ་སོང་བས་ལྟེ་བའི་དཀྱིལ་འཁོར་ཕུག འཁོར་ལོ་དེའི་རྩ་ཐམས་ཅད་མེས་གང་བ་ལ་རྩེ་གཅིག་པའི་ངང་ནས་སྤྲོས་མེད་ལ་མཉམ་པར་གཞག དེ་ནས་ཕྲ་བའི་མེ་རིམ་གྱིས་སྙིང་ག་དང་། མགྲིན་པ་དང་། སྤྱི་བོའི་འཁོར་ལོ་རྣམས་སུ་སོང་བས་འཁོར་ལོ་སོ་སོའི་རྩ་གནས་མེས་གང་བ་ལ་སེམས་བརྟན་པར་བཟུང་སྟེ་སྤྲོས་མེད་དུ་བྱ་བ་སོགས་སྔ་མ་བཞིན་བྱ། དེ་དག་རྣམས་ཀྱིས་སྤྲོས་པ་མེད་པའི་ཏིང་ངེ་འཛིན་རིམ་གྱིས་སྐྱེ་བར་འགྱུར་ཏེ། གལ་ཏེ་མ་སྐྱེས་ན། ཕྱི་ནང་གི་སྤྲོས་པའི་རྒྱུ་ཁ་ཟས་དང་ནད་ལ་སོགས་པའི་རྐྱེན་གྱིས་སམ། ལུས་གནད་དང་སྟན་དང་། ཐབས་མ་བདེ་བ་སོགས་ཀྱིས་ཀྱང་རུང་སྟེ། དེ་དང་དེ་བརྟགས་ལ་དོར་ཞིང་སྤྲོས་མེད་ལ་མཉམ་པར་གཞག་པས་ཏིང་ངེ་འཛིན་མཆོག་སྐྱེ་བ་ཡིན་གསུངས། དེ་ནས་རྩ་ནང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་། བ་སྤུའི་བུ་ག་རྣམས་ཀྱི་མཐར་ཐུག་པར་མེས་གང་བར་བལྟས་ནས་སྤྲོས་མེད་དུ་བྱའོ། །ཚུལ་དེ་ཡང་ཤ་ཝ་རས། སྲིན་པོའི་ཞལ་བསྡམ་ཐུར་སེལ་དབང་དུ་བྱ། །ཞེས་གསུངས་པས་སོ།། །། གཉིས་པ་ནི། ལུས་གནད་སྔ་མ་ཇི་ལྟ་བ་ལས། ཁྱད་པར་ལྟ་སྟངས་གྱེན་དུ་ཅུང་ཟད་གཏོད་དེ། འོག་རླུང་དལ་བུས་འཐེན། སྟེང་རླུང་རྒྱུ་བ་མི་མངོན་ཙམ་དྲངས་པ་རོ་རྐྱང་གི་ལམ་ལས་བརྒྱུད་དེ། དྷཱུ་ཏཱིའི་མར་སྣར་བསྒྱུར་བ་འོག་རླུང་དང་ཕྲད་པས། ཡང་ཐབས་སུ་དྷཱུ་ཏཱིའི་མར་སྣ་ནས་ཞུགས་པས་ཙཎྜྻཱ་ལི་བསྐྱོད་པའི་མེ་ཕྲ་ཞིང་རྣོ་བ་གློག་ལྟ་བུའི་རོལ་བ་དང་བཅས་པས་གྱེན་དུ་སོང་བའི་རྩེ་མོ་སྙིང་ག་དང་། མགྲིན་པའི་འཁོར་ལོ་ཕུག་པའི་འོད་ཀྱི་གདུང་བ་བཟོད་པར་དཀའ་བས། བདེ་བ་ཆེན་པོའི་འཁོར་ལོའི་དབུས་ན་གནས་པའི་ཁམས་ཐམས་ཅད་ཀྱི་དྭངས་མའི་ངོ་བོ་ཐིག་ལེ་ཧཾ་ཡིག་བ་མོ་འཛག་པ་ལྟ་བུ་མགོ་བོ་ཐུར་དུ་བསྟན་ཏེ་ལྷག་པར་གདུངས་པ་ལས། བྱང་ཆུབ་ཀྱི་སེམས་སྐྲ་རྩེ་ཙམ་དུ་ཕྲ་བ་དྷཱུ་ཏཱིའི་ནང་དུ་འཛག་བཞིན་པ། མགྲིན་པའི་འཁོར་ལོར་ལྷུང་བས་དགའ་བའི་ཡེ་ཤེས་སྐྱེ་སྟེ། དེ་ཉིད་ལ་རྩེ་གཅིག་པའི་ངང་ནས་སྤྲོས་མེད་དུ་བྱ། དེ་ལ་སེམས་བརྟན་བཞིན་པའི་ངང་ནས་སྙིང་གའི་འཁོར་ལོར་ལྷུང་བས། སྔ་མ་ལས་ཁྱད་པར་དུ་གྱུར་པའི་མཆོག་དགའི་ཡེ་ཤེས་འཆར་ཏེ་དེ་ཉིད་སྤྲོས་མེད་དུ་རོ་གཅིག་པར་བྱ། དེ་ནས་ལྟེ་བའི་འཁོར་ལོར་ལྷུང་བས་གཏུམ་མོ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྲུས་གསོལ་བས་ཡང་དག་པར་ཚིམ་པའི་འོད་ཀྱིས་ཆེར་གདུངས་པས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེ་མོའི་བར་དུ་སོན་པའི་སྐད་ཅིག་འཛག་མེད་དུ་འཆིངས་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བ་ནི་ཝཱ་རཱ་ཧཱི་སྟེ། རྣམ་པར་རྟོག་པའི་ཚོགས་བཅོམ་པའི་རང་བྱུང་གི་རྟོགས་པ་དེ་ཉིད་འབྲས་བུའི་ཙཎྜྻཱ་ལི་ཡིན་ནོ།། །། གསུམ་པ་ནི། ནོར་བུ་ལྷན་སྐྱེས་མྱོང་བ་ན། དེར་ཙཎྜྻཱ་ལི་གྱེན་དུ་ལྷག་པར་ལངས་པ་ལས་བྱང་ཆུབ་ཀྱི་སེམས་གྱེན་དུ་གཤེགས་པར་འགྱུར་བ་ནི། ཇི་ལྟར་ཆུ་དང་བཅས་པའི་སྣོད་ངོས་མཉམ་པར་མར་མེའི་སྡོང་བུ་གཏམས་ཏེ། སྟེང་ནས་བུམ་པ་བཀབ་པ་ན། མེ་ལྕེ་གྱེན་དུ་འབར་བའི་རླུང་ཤུགས་ཀྱིས་ཆུ་རྣམས་གྱེན་དུ་འགྲོ་བ་ལྟ་བུའོ། །དེ་ལས་འཁོར་ལོ་སོ་སོར་བརྟན་པ་ནི། གསང་བར་རྡོ་རྗེ་སེམས་དཔའ། ལྟེ་བར་རྣམ་སྣང་། སྙིང་གར་འོད་དཔག་མེད། མགྲིན་པར་རིན་འབྱུང་། དཔྲལ་བར་དོན་གྲུབ། གཙུག་ཏོར་དུ་མི་བསྐྱོད་པའི་རང་བཞིན་དུ་རྣམ་པར་དག་པར་འགྱུར་བ་ཡིན་གསུངས། ལྷན་སྐྱེས་འཆར་བའི་སྔོན་རོལ་དུ། ས་ཆུ་ནས། ནམ་མཁའ་རྣམ་ཤེས་ལ་ཐིམ་པའི་བར་འབྱུང་བ་ལྔ་པོ་ཐིམ་པའི་ངེས་པས། དང་པོ་སྨིག་རྒྱུ་དང་། དེ་ནས་དུ་བ། མེ་ཁྱེར། འབར་བ། སྤྲིན་མེད་པའི་ནམ་མཁའ་རྣམས་མཐོང་བར་འགྱུར་བའོ། །དེ་དག་ཀྱང་དང་པོར་ཅུང་ཟད་ནས། མཐར་ཡུལ་འཁོར་གང་བར་མཐོང་བ་ལ་སོགས་པའི་རིམ་པ་ཡིས་སོ། །ལ་ཝ་པས། དང་པོ་རི་དྭགས་སྲེད་བཞིན་སྣང་བ་སྟེ། །མཚན་མ་གཉིས་པ་དུ་བའི་རྣམ་པ་ཅན། །གསུམ་པ་སྲིན་པོ་མེ་ཁྱེར་དང་འདྲ་བ། །བཞི་པ་སྒྲོན་མེ་འབར་བ་ལྟ་བུ་སྟེ། །མཚན་མ་ལྔ་པ་རྣམ་པར་མ་བརྟགས་པས། །སྤྲིན་མེད་ནམ་མཁའ་ལྟ་བུར་སྣང་བ་ཡིན། །དེ་ལྟ་བུ་ཡི་མཚན་མ་མཐོང་ནས་ནི། །ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །དེ་ལྟར་མཉམ་གཞག་ཏུ་མྱོང་བ་བརྟན་པ་ན། །དེ་ལས་ལངས་པའི་སྣང་བ་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པ་དེའི་བདག་ཉིད་འབད་པ་མེད་པར་འཆར་བའོ། །འདི་ལས་འཕྲོས་ནས་མཚན་མ་དང་པོ་སྨིག་རྒྱུ་དང་། དུ་བ་འཆད་པ་རྒྱུད་སོ་སོའི་ངེས་པ་གང་ཡིན་ཞུས་པས། དེ་ནི་བཀྲི་བའི་རིམ་པ་ལས་ཏེ། དང་པོར་སོ་སོར་སྡུད་ནས་འཁྲིད་པ་ལ་ནི། གཙོ་བོར་ས་དབང་དུ་བྱས་པའམ། རེངས་པའི་སྟོབས་ཀྱིས་འཆར་བའི་རིམ་པ་ཡིན་པས་དུ་བ་དང་པོར་འཆར་བ་ཡིན་ཞིང་། འདི་སོགས་སུ། རྗེས་དྲན་གཏུམ་མོའི་རྣལ་འབྱོར་ནས་བཀྲི་བ་ཡིན་པས་གཙོ་བོར་མེ་རེངས་པའི་འཆར་རིམ་གྱིས་སྣང་བ་སྨིག་རྒྱུ་ནས་དང་པོར་འཆར་བ་ཉམས་སུ་མྱོང་བའི་ངེས་པ་ལས་ཡིན་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཡང་། གཏུམ་མོའི་འོད་ཀྱི་རོལ་པ་རང་གི་གནས་གཡོ་བ་ལའང་རང་བྱུང་གི །རང་རྟོགས་ཤར་བ་བདེ་བ་ཆེན་པོར་ཐིམ་པ་ཁྱབ་རྒྱས་གསལ་བར་བྱེད་བཞིན་པ། །ཆུ་སྐྱེས་རྩེ་མོར་སོན་ཞིང་རྒྱས་པ་གང་གིས་མྱང་འདས་གོ་འཕང་ཐོབ་པའང་། །རིག་གཉིས་དག་ལ་ཤར་བའི་སྐད་ཅིག་ལྷན་ཅིག་སྐྱེས་པ་ལ་ནི་བདག་འདུད་དོ། །ཞེས་གང་གསུངས་པའི་རིག་གཉིས་དག་ལ་གང་ཤར་བའི་ལྷན་ཅིག་སྐྱེས་པ་ནི་ནོར་བུ་དང་། གཙུག་ཏོར་གྱི་སྣ་རྩེར་མྱོང་བ་ཉིད་ཡིན་ལ། དེར་མངོན་དུ་གྱུར་པ་ཉིད་ཝཱ་རཱ་ཧཱི་སྟེ། ཡི་གེ་བདུན་གྱིས་བསྙད་པ་དེའི་ཚུལ་ཡང་འདི་ལྟར་ཡིན་ཏེ། ཝ་ཡིག་གིས་ནི། ཝ་དང་འགྲོ་བ་དང་དྲི་དག་ལ་ཡང་ངོ་། །ཞེས་པའི་བྱིངས་ལས། ཐུར་སེལ་གྱི་རླུང་སྟེང་དུ་འགྲོ་བའི་རིམ་གྱིས་ཙཎྜྻཱ་ལི་རྒྱས་པར་བྱེད་པ་དང་། ཝ་སྲོག་གི་ཨ་ཡིག་གིས་ནི། ཨ་ཀཱ་ར་སྟེ། ཨ་ཡིག་གི་རང་བཞིན་ལྷ་མོའི་ངོ་བོ་ཉིད་ཡིན་པའམ། ཡང་ན། ཨ་ཝ་དྷཱུ་ཏཱི་རྩ་དང་། ར་ཡིག་གིས་རེ་ཁའི་རང་བཞིན་མེའི་ངོ་བོ་ཉིད་ཡིན་པ་དང་། ར་སྲོག་གི་ཨ་གོང་མས་ཡེ་ཤེས་ཀྱི་ཨ་ཝ་དྷཱུ་ཏཱི་སྟེ། ཨ་ཝ་རྣམ་པར་རྟོག་པ་དང་། དྷཱུ་ཏཱི་དེའི་ཚོགས་བཅོམ་པ་སྟེ། དེ་ལ་ལྷག་པར་གནས་པ་ཉིད་དང་། ཨ་ཕྱི་མ་ནི། ཨ་ནུཏྤནྣ་སྟེ། ཆོས་ཐམས་ཅད་ཀྱི་གནས་ཚུལ་སྐྱེ་བ་མེད་པ་ལྷན་ཅིག་སྐྱེས་པའི་རང་བཞིན་མཚོན་པ་ཨ་ཤད་ཡིན་པ་ཉིད་དང་། ཧ་ཡིག་གིས་ཧཾ་ཀཱ་ར་སྟེ་ཧཾ་ཡིག་ཧེ་རུ་ཀའི་རང་བཞིན་དང་རོ་མཉམ་པ་བདེ་བ་ཆེན་པོའི་ངོ་བོ་ཉིད་དང་། དེའི་སྲོག་ཨི་ནི། དེ་བུ་བཀྲ་བ་དང་གསལ་བ་སོགས་ལ་འཇུག་པའི་དབང་གིས་དང་མོའི་དོན་གྱིས་ཏེ། དེ་ཡང་ཙཎྜྻཱ་ལིའི་རོལ་པ་ཤེར་ཕྱིན་གྱི་རང་བཞིན་སྣ་ཚོགས་པའི་སྣང་བར་ཤར་བ་མཚོན་པའོ། །དེ་ཡང་ཇི་ལྟར་ལྷན་ཅིག་སྐྱེས་པ་ལ་ཙཎྜྻཱ་ལི་ཞེས་བྱ་ཞེ་ན། ཙཎྜྻཱི་ཁྲོ་བ་ལ་ཡང་ངོ་ཞེས་པའི་བྱིངས་ལ་ཁྲོ་བ་དང་། ཨ་ལི་ཀཾ་ལོག་པ་སྟེ། ལོག་པའི་རྟོག་ཚོགས་འབྲས་བུ་དང་བཅས་པ་འཁོར་བའི་ཕྱོགས་ཡིན་ལ། དེ་ལ་ཁྲོ་བ་མྱ་ངན་ལས་འདས་པའི་ཕྱོགས་ཏེ་དེའི་བདག་པོ་ཡིན་པ་ཉིད་ཀྱིས་སོ། །ཚུལ་དེ་ཡང་གཞུང་ལས། སྲིན་པོའི་ཞལ་ནི་ཅུང་ཟད་བསྡམ། །རབ་ཏུ་འབར་བའི་རྣམ་པར་བསྒོམ། །ཞེས་འབར་བའི་རྣལ་འབྱོར་དངོས་སུ་གསུངས་ནས། འཛག་པའི་རྣལ་འབྱོར་ཤུགས་ཀྱིས་བསྟན་པ་ཡིན་ཏེ། རླུང་དང་ཡང་དག་ཕྲད་པ་ཉིད་ཀྱིས་ཙཎྜྻཱ་ལི་ནི་ཆེར་འབར་བས། །ཀུན་ཏུ་རྟོག་པའི་ཚོགས་རྣམས་བསྲེགས་ནས་བདུད་རྩིའི་ས་བོན་ཞུ་བ་ཡིས། །གང་དུ་དགའ་བ་ཡང་དག་རྫོགས་པ་འབྲས་བུའི་གནས་སྐབས་དེ་ཡང་ནི། །ཡི་གེ་བདུན་གྱི་རྣམ་པར་བསྙད་པ་ཛཱ་ལནྡྷ་རའི་རིམ་པའོ། །ཞེས་བསྙད་པ་ཡིན་ནོ།། །། གསུམ་པ་ཉོན་མོངས་པ་འཇོམས་པའི་རིམ་པ་ལ། མཉམ་གཞག་ཏུ་འདོད་པའི་ལྷ་བསྒྲུབ་པ། རྗེས་ཐོབ་ཏུ་དེས་ཐམས་ཅད་ལ་ཁྱབ་པར་སྤྲོ་བ། མཉམ་རྗེས་འདྲེས་པའི་རྣལ་འབྱོར་ལ་བསླབ་པའོ། །དང་པོ་ལ། ལུས་གནད་རྡོར་སྐྱིལ། ལག་པ་ཁུ་ཚུར་བརླ་ལ་སྦྱར་ཞིང་སྟན་ལ་བཙུགས། གྲུ་མོ་བསྲངས་པས་ལུས་ཀྱི་སྟོད་གཅུན། མགྲིན་པ་ཡིད་ཙམ་སྒུ། ལྕེ་རྩེ་རྐན་ལ་སྦྱར། མཆུ་ལ་བར་ཡོད་ཙམ་བྱ། མིག་ཕག་ཞལ་གྱི་ལྟ་སྟངས་ལྡན་པས། བདག་ཉིད་བཅོམ་ལྡན་འདས་མར་བསམས་པའི་ཕག་ཞལ་གྱི་སྤྱན་དབུས་མའི་ཐད་ཀྱི་ནམ་མཁའ་ལ་ཉི་མ་འཆར་ཀ་ལྟ་བུའི་དགའ་བ་འཁྱིལ་བ་གཡོན་བསྐོར་དུ་བར་མེད་དུ་འཁོར་བ་ལ་དམིགས་ཏེ། སེམས་ཡུལ་ལ་གཡོ་བ་བཟློག་ནས་སྟོང་པ་ཉིད་ལ་གཞུག་པར་བྱའོ། །གང་དུ་གཞུག་པར་བྱ་བའི་སྟོང་པ་ཉིད་དེ་ཡང་གཞན་མ་ཡིན་གྱི། སེམས་རང་ཉིད་ཡིན་པས་ན། སེམས་སུ་རྣམ་པར་གཞུག་པར་བྱ་སྟེ། སེམས་རང་གི་རང་བཞིན་ལ་གནས་པ་ཙམ་མ་གཏོགས་པ་བསྒོམ་པའི་བྱ་བ་གཞན་ནི་ཡོད་པ་མ་ཡིན་པས་སོ། །ཚུལ་དེ་ལས་ནི་ནམ་མཁའ་དང་འདྲ་བའི་ལྷན་ཅིག་སྐྱེས་པར་འགྱུར་ཏེ། ཇི་ལྟར་ནམ་མཁའ་འདྲ་ཞེ་ན། ནམ་མཁའ་ལ་ནམ་མཁའ་མ་ཡིན་པའི་རྟེན་དང་གཞི་ལ་སོགས་ཡོད་པ་མ་ཡིན་པ་བཞིན་དུ། ལྷན་ཅིག་སྐྱེས་པ་དེ་ལ་སྣོད་ལྟ་བུའི་རྟེན་དང་། ཆུ་ལྟ་བུའི་བརྟེན་པ་དང་། དེ་ཡང་གཞི་ས་ལྟ་བུ་དག་དང་། དཔེར་བྱ་བ་ཐམས་ཅད་ཡོད་པ་མ་ཡིན་ནོ། །དེ་ཡང་། སེམས་ནི་ནམ་མཁའ་བཞིན་དུ་བཟུང་བྱ་སྟེ། །ནམ་མཁའི་རང་བཞིན་ཉིད་དུ་སེམས་བཟུང་བྱ། །ཞེས་གསུངས་པ་ཡིན་ཞིང་། དེ་ལྟར་སྤྲོས་པ་གཅོད་པའི་རིམ་པ་འདི་ཡང་། དཔལ་ཤ་ཝ་རས། ཅི་ལ་ཡང་མི་སེམས་ཏེ། ཅི་ལ་ཡང་མི་སེམས་པས་ནི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་གསུངས། དེ་ལ་ཁ་ཅིག རྟོག་པ་རྒྱུན་ཆད་པས་རྨོངས་པའི་སྒོམ་པར་སོང་ངོ་སྙམ་ནས་མ་རངས་པའི་ཚིག་གིས་སྨྲེང་འདོན་པར་བྱེད་མོད། དེ་དག་གི་བསམ་པ་ལྟར་དུ་ག་ལ་འགྱུར་ཏེ། མདའ་བསྣུན་ཞབས་ཀྱིས། དྲན་པ་ཉམས་པས་བློ་ཉམས་ཞེས། །བློ་ངན་རྗེས་སུ་རྟོག་བྱེད་ལོ། །དེ་ཉིད་ཀྱིས་ནི་བློ་བཟང་ལ། །ནམ་མཁའ་ལས་ལྷག་ཅི་ཡང་འཆར། །ཞེས་པས་སོ། །དེ་ལྟར་གནས་པས་དྷཱུ་ཏཱིར་སྲོག་གི་རང་བཞིན་ས་ཆུ་ལ་ཐིམ་པ་ནས། རླུང་སྟོང་པ་ལ་ཐིམ་པའི་རིམ་པས། དུ་བ་ལ་སོགས་པའི་རྟགས་བཅུ་འཆར་ཞིང་། རྟགས་རྣམས་ཀྱང་སྒྱུ་མ་ལྟ་བུའི་སེམས་ཀྱིས་སྒྱུ་མ་ལྟ་བུའི་སྣང་བ་མ་བརྟགས་པར་པྲ་ཕབ་པ་བཞིན་དུ་མཐོང་བ་ལ་དེའི་རང་བཞིན་དུ་མཉམ་པར་གཞག་པར་བྱ་སྟེ། དང་པོའི་སངས་རྒྱས་ལས། སྣང་བརྙན་བསམས་པ་མ་ཡིན་པ། །དུ་སོགས་མཚན་མ་དེ་རྣམས་ཀྱིས། །ཤེས་རབ་གཟུགས་བརྙན་ནམ་མཁའ་མཉམ། །ཞེས་པ་ལ་སོགས་པ་གསུངས་སོ། །སིནྡྷཱུ་རས་བསྒོས་པའི་མེ་ལོང་དྲི་མ་ཅན་དག་དེ་ཉིད་མཉེས་པས་རྡུལ་ཚོགས་ཀྱི་དྲི་མ་དང་བྲལ་བའི་རབ་ཏུ་དྭངས་པར་གྱུར་པ་ལ། གཟུགས་བརྙན་སོ་སོ་བ་དག་འགོག་པ་མེད་པར་འཆར་བ་དེ་བཞིན་དུ། རྟོག་པའི་རྡུལ་གྱི་དྲི་མ་ཅན་དུ་གྱུར་བའི་སེམས་ཀྱི་མེ་ལོང་། ཡང་དག་པའི་རྟོག་པའི་ཚོགས་ཀྱིས་རབ་ཏུ་སྦྱངས་པས། རྣམ་པར་མི་རྟོག་པའི་བདག་ཉིད་དུ་གྱུར་པའི་ལྷན་ཅིག་སྐྱེས་པ་ལ། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་རང་གི་བདག་ཉིད་དང་གཉིས་སུ་མེད་པར་འཆར་བ་ཡིན་པས། རྟོག་པའི་རྣལ་འབྱོར་ཉིད་མི་རྟོག་པའི་ཐབས་མཁས་སུ་བྱ་བ་ཡིན་པའི་ཕྱིར། ཐམས་ཅད་དུ་རྣམ་པར་རྟོག་པ་མེད་པ་ལ་ནན་ཏན་ཏུ་བྱ་བ་ཡིན་ནོ། །ཨཱརྻ་དེ་ཝའི་ཞལ་སྔ་ནས། རྣམ་དག་རྟོག་པའི་རྡུལ་གྱིས་མཉེས་པ་ལས། །ཀུན་ནས་དྭངས་ཤིང་ཤིན་ཏུ་འོད་གསལ་བ། །མཐའ་ཡས་པ་ཡི་གཟུགས་དང་གཟུགས་བརྙན་ཚོགས། །སེམས་ཀྱི་མེ་ལོང་དེ་ལ་ཅི་ཡང་མཛེས། །ཞེས་གསུངས་སོ།། །། གཉིས་པ་ནི། འགྲོ་འདུག་ཉལ་འཆག་ལ་སོགས་པའི་སྤྱོད་ལམ་ཅི་བྱེད་ཀྱང་གང་ཤར་ཐམས་ཅད་གཉིས་མེད་ཡེ་ཤེས་དེའི་ངང་དུ་རོ་མཉམ་པར་བལྟ་བ་ཡིན་ཏེ། དགྱེས་རྡོར་ལས། བརྟན་དང་གཡོ་བའི་དངོས་པོ་གང་། །རྩྭ་ལྕུག་འཁྲི་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། །ཞེས་སོ། །ཚུལ་དེ་ལྟ་བུས་གོམས་པར་བྱས་པ་ལས། ཇི་ཞིག་ལྟར་ན་བརྟན་པ་དང་གཡོ་བ་ལ་སོགས་པའི་ཆོས་ཐམས་ཅད་གཟུགས་བརྙན་གྱི་རང་བཞིན་སྟོང་པ་ཉིད་དང་བདེ་བ་དབྱེར་མེད་པའི་ངོ་བོ་ཉིད་དུ་གནས་པ་སོ་སོ་རང་རིག་པའི་བདག་ཉིད་དུ་མངོན་དུ་གྱུར་བ་ཡིན་ཏེ། མཻ་ཏྲི་ཞབས་ཀྱིས་ཀྱང་གསུངས་པ། འགྲོ་བའི་རང་བཞིན་ཡོངས་ཤེས་ན། །རྣམ་པར་མི་རྟོག་བདག་ཉིད་དེ། །དེ་ཕྱིར་སྣ་ཚོགས་རྣམ་རྟོག་གི །རང་བཞིན་ཤེས་ལས་ངལ་མི་བྱ། །ཞེས་པས་སོ།། །། གསུམ་པ་ནི། མིག་དག་ལ་བཀོད་ཅིང་གཞག་པའི་སེམས་བརྟན་པར་གནས་པ་ལས་ནི་འཇིག་རྟེན་གསུམ་གྱི་གཟུགས་ཇི་སྙེད་པ་མཐོང་ཞིང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལྤགས་པ་ལ་བཀོད་ཅིང་གཞག་པའི་སེམས་བརྟན་པར་གནས་པ་ལས། འཇིག་རྟེན་གསུམ་ན་གནས་པའི་སྒྲ་རྣམས་ཉན་ཞིང་སྐད་ཤེས་པ་དང་། དྲི་རོ་རེག་བྱ་ཇི་སྙེད་པ་ལ་ལོངས་སྤྱོད་ཅིང་། དེ་བཞིན་དུ། སྙིང་ག སྤྱི་བོ། མགྲིན་པ། ལྟེ་བ་ལ་བརྟན་པར་བྱས་པ་ལས། མངོན་པར་ཤེས་པ་དྲུག་དང་ཆོས་ཀྱི་སྐུ། ལྷའི་ཚོགས་མཐོང་བ་དང་། བདེ་ཆེན་གྱི་སྐུ། བསྟན་བཅོས་ཐམས་ཅད་རིག་ཅིང་། ལོངས་སྤྱོད་རྫོགས་པའི་སྐུ། ལྷའི་མཆོག་ལས་སྐྱེས་པའི་བུ་མོ་ལ་སྤྱོད་ཅིང་། སྤྲུལ་པའི་སྐུ་བཞི་རིམ་པ་བཞིན་དུ་ཐོབ་པ་ཡིན་ནོ། །དེ་ཡང་གཞུང་ལས། ཕག་གདོང་གྱེན་དུ་ཉེ་བར་བལྟ། །གཡུང་དྲུང་འཁྱིལ་བ་མྱུར་དུ་འཁོར། །ཕྱག་རྒྱ་གཉིས་ཀྱི་རྣལ་འབྱོར་གྱིས། །ཁམས་གསུམ་པོ་ཡང་བསྒྲུབ་པར་བྱ། །ཞེས་གསུངས་ཤིང་། ཚུལ་དེ་ཡང་། སྣ་ཚོགས་མོས་པས་ཀུན་ཏུ་སྦྱར་བའི་དངོས་པོ་རྣམས། །རང་གི་རང་བཞིན་རྟོགས་པ་ཡིས་ནི་མ་ལུས་པ། །གསལ་ཞིང་རྙོག་མེད་དཀྱིལ་འཁོར་འཁོར་ལོ་མཉམ་སྦྱོར་བའི། །རྣལ་འབྱོར་འདི་ནི་ཉོན་མོངས་འཇོམས་པའི་རིམ་པའོ། །ཞེས་པས་བཤད་དོ།། །། བཞི་པ་ལྷན་ཅིག་སྐྱེས་པའི་རིམ་པ་ལ། ལུགས་འབྱུང་དུ་ནོར་བུར་ལྷན་སྐྱེས་མྱང་བ། ལུགས་ལྡོག་ཏུ་གཙུག་ཏོར་དུ་ལྷན་སྐྱེས་མྱང་བ། ཚུལ་གཉིས་ཀར་ལྷན་སྐྱེས་ཀྱི་དགའ་བས་ཐམས་ཅད་དུ་ཁྱབ་པར་བྱ་བའོ། །དང་པོ་ནི། ཕོ་ཉ་མོ་མཆོག་གི་རྗེས་ཆགས་ཀྱི་མེས་བཞུ་བས་ནོར་བུའི་རྩ་བར་བྱང་ཆུབ་ཀྱི་སེམས་བྱོན་པ་ན་དགའ་བ། ནོར་བུའི་དབུས་ཕྱིན་པ་ན་མཆོག་དགའ་སྟེ། གཉིས་པོ་ནི་ཆགས་པའི་ཕྱོགས་ཡིན་ལ། དགའ་བྲལ་ནི་ཆགས་པ་དང་བྲལ་བའི་ཕྱོགས་ཏེ། དེ་ཡང་བླ་མའི་མན་ངག་དང་བྲལ་བ་ལས་ནི་ཆགས་བྲལ་གྱི་ཕྱོགས་སུ་ལྷུང་བ་ཉིད་ཀྱིས་ཁམས་ཉམས་པ་ལས། བུ་དང་བུ་མོ་ལ་སོགས་པ་སྐྱེད་པར་བྱེད་ལ། བླ་མའི་མན་ངག་གིས་ནོར་བུའི་རྩེ་མོར་ཁམས་བརྟན་པ་ལས། ཆགས་པ་དང་ཆགས་བྲལ་དེ་དག་གི་དབུས་སུ་ལྷན་ཅིག་སྐྱེས་པའི་མཐའ་གཉིས་ལ་མི་གནས་ཤིང་། དཔེས་མཚོན་པ་དང་བྲལ་བ། བརྗོད་དུ་མེད་པའི་རང་བཞིན་དབང་པོ་ཐམས་ཅད་ནུབ་པ་དང་། རྟོག་ཚོགས་ཐིམ་པ་དང་། སོ་སོ་རང་གི་རིག་པའི་བདག་ཉིད་དུ་ཉམས་སུ་མྱོང་བ་དེ་ཉིད་ཧེ་རུ་ཀ་དང་གཉིས་སུ་མེད་པའི་ངེས་པའི་ཝཱ་རཱ་ཧཱི་མངོན་དུ་གྱུར་པ་ཡིན་ཏེ། མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །ཞེས་གསུངས་པ་ཡིན་ནོ།། །། གཉིས་པ་ནི། དེ་ཉིད་བརྟན་པ་ལས། སླར་གྱེན་དུ་རང་བཞིན་གྱིས་སམ། སྦྱོར་བས་བྱང་ཆུབ་ཀྱི་སེམས་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། གཙུག་ཏོར་གྱི་འཁོར་ལོ་སོ་སོར་ཕྱིན་པ་ལས། འོག་མ་འོག་མ་ལས་ཕུལ་དུ་གྱུར་པའི་བདེ་བ་སོ་སོ་རང་གིས་རིག་པའི་བདག་ཉིད་བརྗོད་པ་ལས་འདས་པ་སྐྱེ་སྟེ། གང་དུ་གཙུག་ཏོར་དུ་ཕྱིན་པ་ལས་ནི་དཔེ་མེད་པའི་བདེ་བ་བརྟན་གཡོ་ཐམས་ཅད་ཁྱབ་པར་ཉམས་སུ་མྱོང་བར་འགྱུར་བ་ཉིད་ཀྱང་ཝཱ་རཱ་ཧཱི་སྟེ། དེའི་དོན་ཀྱང་། ཝ་ཡིག་གིས་བརྗོད་དུ་མེད་པ་ཉིད་དང་། ར་ཡིག་གིས་རྣམ་པ་དང་རྣམ་པ་མེད་པ་དང་བྲལ་བ་དང་། དེའི་སྲོག་གི་ཨ་ཡིག་གིས་སོ་སོ་རང་གི་རིག་པ་དང་། ཧ་ཡིག་གིས་གཞོམ་དུ་མེད་པ་དང་། ཨེ་ཡིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་མཚོན་པ་སྟེ། དེ་ཡང་ཡི་གེ་ལྔར་བྱེད་པ་ནི་ཤ་ཝ་རའི་ལུགས་དང་། བདུན་དུ་བྱེད་པ་ནི་བརྩོན་འགྲུས་དཔལ་བཤེས་གཉེན་གྱི་འཆད་སྲོལ་ཡིན་གསུངས། མཚན་ཡང་དག་པར་བརྗོད་པ་ལས། རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་གསུངས་པ་དང་། དྲི་མ་མེད་པའི་འོད་ལས་ཀྱང་། ཞབས་གཅིག་རྡོ་རྗེ་ནོར་བུར་རྡུལ་དང་ཉི་མ་དང་། །གཉིས་པ་གཙུག་ཏོར་ཁུ་བ་རི་བོང་ཅན་ལ་ནི། །རྟག་ཏུ་མི་ཕྱེད་དབྱེར་མེད་འདོད་པ་བཀོད་གྱུར་པ། །འཇིག་རྟེན་གསུམ་གྱིས་མཆོད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཞེས་གསུངས་པ་ལྟར་རོ།། །། གསུམ་པ་ནི། དེ་ལྟར་དགའ་བའི་བདེ་བ་དེ་ཉིད་ལས་དང་པོ་བས་ལུས་ཁོ་ན་དང་། གཞན་དུ་ནི་རྣམ་པ་ཐམས་ཅད་པའི་ཡུལ་ལ་སྦྱོར་བ་དང་། རང་རིག་པའི་ཚུལ་གྱིས་དྲངས་ནས། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དུ་འཆར་བཞིན་པའི་བདེ་བ་ཆེན་པོ་ནམ་མཁའ་ལྟ་བུའི་ངོ་བོ་ཉིད་ཀྱིས་ནམ་མཁའ་མཐའ་ཀླས་པ་ཁྱབ་པར་བྱས་པས། དེ་ཉིད་དབང་བཞི་པའི་དོན་མཐར་ཐུག་པ་སྟེ། ཚུལ་དེ་དག་གིས་ཚེ་འདི་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་གྱུར་བར་གདོན་མི་ཟ་བ་ཉིད་དོ། །གཞུང་ལས། ཕྱག་རྒྱ་གཉིས་ཀྱི་རྣལ་འབྱོར་གྱིས། །ཁམས་གསུམ་པོ་ཡང་བསྒྲུབ་པར་བྱ། །ཞེས་གསུངས་པའི་ཕྱག་རྒྱ་དང་པོ་ནི་གོང་དུ་བཤད་པའི་ཕྱག་རྒྱ་ཆེན་མོ་ཡིན་ལ། དེས་མ་འགྲུབ་ན་བཙན་ཐབས་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་གྱི་སྟེ། ཇི་སྐད་བཤད་པའི་རིམ་པས་སོ། །དེའི་ཚུལ་ཡང་། ཀཀྐོ་ལར་ནི་ག་བུར་ཞུ་བ་ཉི་མའི་འོད་དང་འདྲེས་པ་གང་། །ནོར་བུའི་དབུས་ན་རྣམ་པར་རོལ་པའི་སྐད་ཅིག་བདེ་བའི་ཁྱིམ་གྱི་སྒོའི། །ཐེམ་སྐས་ལྟ་བུར་རིག་ནས་སྟུག་པོར་གྱུར་པའི་དགའ་བ་ཝཱ་རཱ་ཧཱིས། །སྲིད་པ་གསུམ་པོ་འགེངས་པ་འདི་ནི་ལྷན་ཅིག་སྐྱེས་པའི་རིམ་པའོ། །དེ་ལྟར་ལམ་འདི་ནི། སློབ་མ་གང་དད་པ་དང་སྙིང་རྗེ་དམན། བརྩོན་འགྲུས་དང་མི་ལྡན་ལ། བླ་མ་ལ་རིམ་འགྲོ་བྱེད་པ་དང་བྲལ་བ། ལམ་ལ་ཐེ་ཚོམ་དང་བཅས་པ་ལ་མི་སྦྱིན་ཞིང་། གང་དད་པ་དང་གཏོང་བའི་བློ་ཁྱད་པར་གྱིས་བླ་མ་ལ་སངས་རྒྱས་སུ་ཡིད་ཆེས་ཤིང་རིམ་འགྲོ་བྱེད་པ། ལམ་ལ་ཡིད་ཆེས་པ་དང་བརྩོན་འགྲུས་མཆོག་དང་ལྡན་པ་ལ་སྦྱིན་པར་བྱ་བ་སྟེ། འདི་ནི་དམ་ཚིག་ཡིན་ནོ། །ཚིག་གི་གྱ་གྱུ་ཙམ་ལ་མཁས་པ་ཀུན། །ཁྲེལ་བས་བོར་ཏེ་ཕུན་ཚོགས་ཡོན་ཏན་རྣམས། །གང་སྙིང་བླ་མའི་མན་ངག་གིས་གཏམས་པ། །དེ་ལ་མགྲོན་དུ་བོས་བཞིན་འདུ་བར་སྣང་། །རང་རིག་ཡེ་ཤེས་གནས་ལ་བག་ཕེབས་པ། །དེ་ལ་དངོས་འཛིན་གདོན་གྱིས་ཅོ་འདྲི་རྣམས། །སྐྱེ་བོའི་མདུན་སར་བཞད་གད་མཁན་པོ་ཡིས། །སྦྱར་བའི་གར་བཞིན་ཉམས་དགའ་ཙམ་དུ་ཟད། །སྐྱེ་བར་བསྟེན་པའི་རོ་ལ་སྲེད་པ་ཡིས། །རྡོ་རྗེ་བཙུན་མོའི་ཞབས་ཀྱི་པདྨོ་ཅན། །བལྟ་འདོད་མགྲིན་པ་སྐྱོགས་ཏེ་ངང་པའི་བུ། །ཟུང་འཇུག་ལམ་གྱི་གཤོག་པ་འདི་བརྐྱང་ངོ་། །རྣལ་འབྱོར་མ་ཡི་རྒྱུད་སྡེའི་པདྨོར་ཤིན་ཏུ་སྦས་པའི་སྦྲང་རྩིའི་སྙིང་པོ་འདི། །བླ་མའི་བཀའ་དྲིན་ཉི་མའི་འོད་ཀྱི་གསལ་བར་ཕྱེ་ལ་ཤེས་རབ་བུང་བ་ཡིས། །ལེགས་པར་གཞིབས་འདི་མཐའ་དག་ས་ཡི་སྐྱེ་བོའི་ལོངས་སྤྱོད་གནས་ཀྱི་གཞིར་གྱུར་པས། །ཐར་པའི་ལང་ཚོའི་ཅི་ཡང་འཕེལ་བའི་མཛེས་པ་མཆོག་ལ་རྟེན་པར་བྱེད་གྱུར་ཅིག། །། རྗེ་བཙུན་འཇའ་ཚོན་གྱི་སྐུ་ཅན་རས་ཆུང་ཞབས་ཀྱི་མན་ངག་གི་ལུས་མཛེས་པ། དཔལ་ནགས་ཀྱི་རིན་ཆེན་གྱི་ཚིག་གིས་བརྒྱན་པས་སྐལ་བཟང་དགའ་བ་བསྐྱེད་པའི་མན་ངག་གི་སྒེག་མོ་འདི་ནི། སྐྱེ་བར་རྡོ་རྗེ་རྣལ་འབྱོར་མའི་ཞབས་རྡུལ་ལ་མངོན་སུམ་དུ་རེག་པའི་གྲུབ་པའི་དཔྱིད་པདྨ་དཀར་པོས། རྒྱལ་བྱེད་ཚལ་གྱི་ནགས་ཁྲོད་གོ་བི་ཙནྡྲར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།མངྒ་ལཾ།། །།


previousརྡོ་རྗེ་རྣམ་པར་སྒེག་མོའི་རྫོགས་རིམ་རིམ་པ་བཞི་པ།next