Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟེན་ཅན་གྱི་རྫོགས་རིམ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟེན་ཅན་གྱི་རྫོགས་རིམ།next

རྟེན་ཅན་གྱི་རྫོགས་རིམ།

རྟེན་ཅན་གྱི་རྫོགས་རིམ་བཞུགས་སོ། །མི་རྟོག་ནམ་མཁའི་དབྱིངས་གར་ཡང་། །རྣམ་ཀུན་སྤྲིན་གྱིས་འཁྱུད་གྱུར་པས། །ལྷན་སྐྱེས་འབྲུག་སྒྲའི་རོལ་མོ་བ། །གང་ལ་གུས་འདུད་གཙུག་ཕུད་ཅན། །རྣམ་དཔྱོད་སྒྲོ་མདངས་རྫོགས་གྱུར་པས། །ཆོས་ཀྱི་སྐྱེད་མོས་ཚལ་བཟང་བར། །སྒྲུབ་པའི་ལེགས་བཤད་ཟློས་གར་འདི། །ལྟ་འདོད་ཐམས་ཅད་བསགས་པས་རྒྱལ། །འདིར་རྡོ་རྗེ་གཏུམ་པོའི་ལྷ་ཁྲིད་དུ་གྲགས་པ་རྟེན་མེད་རྟེན་ཅན་གྱི་རྫོགས་རིམ་བཤད་པ་ལ་རྣམ་པ་གཉིས་ཏེ། རྟེན་མེད་ཀྱི་དྲན་པའི་རྩི་བཏང་བ། རྟེན་ཅན་ཤེས་བཞིན་གྱི་རྩལ་སྦྱོང་བའོ། །དང་པོ་ནི། རྒྱུད་ལས། རྟེན་མེད་རྣམ་དག་གསལ་བ་ཡིན། །ཞེས་པས། དང་པོ་བྱེད་པ་ལྔས་བཅིངས་ནས་ལུས་དག་པར་བྱེད་པ་ནི། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག མཉམ་བཞག་གི་ཕྱག་རྒྱ་བཅའ། ལུས་མདའ་སྨྱུག་ལྟར་བསྲངས། ཨོལ་སྟོང་ཅུང་ཟད་ཨོག་སྒོས་མནན། མིག་འབྲས་ཡས་ཀྱི་པགས་པས་ཆ་གཉིས་བཀབ་ནས་ཟིམ་མེར་བལྟའོ། །དེ་དུས་ལུས་རྣལ་དུ་ཕེབས་པར་འགྱུར་རོ། །གཉིས་པ། རླུང་འགྲོ་འོང་གནས་པ་བརྟག་པས་རྩོལ་མེད་དུ་འགགས་པར་འགྱུར་རོ། །གསུམ་པ་སེམས་ཀྱིས་ཅིར་གཟུང་ཡང་འཁྲུལ་པ་ཡིན་པས། མི་འཛིན་རང་གི་ངང་ལ་མ་ཡེངས་ཙམ་བྱས་ཏེ་འདུག་པའོ། །དེ་ལ་མི་གནས་ན། ཡང་ཁ་ནང་དུ་བཀུག་སྟེ་བཞག་ལ། བྱིང་རྒོད་བྱུང་ན་སྔ་ནས་ཤེས་བཞིན་བྱ་ར་བར་བཞག་པ་དེས་སེལ་བར་བྱ་སྟེ། ཚུལ་འདིས་སེམས་ཀྱི་གླང་པོ་དྲན་ཤེས་ཀྱི་ཀ་བ་ལ་ཐོགས་པས། ཡུལ་སྣ་ཚོགས་ཀྱི་སྟེང་དུ་རྒྱུག་པ་ཞི་བས་ཞི་གནས་སོ། །གཉིས་པ་རྟེན་ཅན་ཤེས་བཞིན་གྱི་རྩལ་སྦྱངས་པ་ལ། སྟེང་གི་སྒོ་བཀག་ནས་སྟོང་པ་བདེ་བ་དང་སྦྱོར་བ། འོག་གི་འཛག་པ་བསྐྱིལ་ནས་བདེ་བ་སྟོང་པ་དང་སྦྱོར་བ། གནད་འབྱེད་པའི་སྒོ་ཕྱེ་ནས་ནམ་མཁའ་རྡོ་རྗེའི་གྲོང་ལ་འཇུག་པ་གསུམ་ལས། དང་པོ་ལ་གསུམ། རྩ་ཡོན་པོ་བྱེད་བཅིངས་ཀྱིས་བསྲང་བ། རླུང་ལོག་པ་རང་གནས་སུ་འགུགས་པ། ཁམས་ཁུ་བ་དྭངས་མར་སྦྱང་བ་གསུམ་ལས། དང་པོ་ནི། རང་ལུས་རྡོ་རྗེ་འཆང་སྟོང་རར་བལྟས་པའི་ལུས་ཀྱི་དབུས་ན་སྒྲ་གཅན་གྱི་རྩ་སྔོན་པོ་མདའ་སྨྱུག་ལྟར་དྲང་ངེ་འཁྱོག་མེད་པའི་གཡས་སུ་ཉི་མའི་རྩ་དམར་པོ་གཡོན་དུ་ཟླ་བའི་དཀར་པོ་འཁོར་ལོ་དྲུག་གི་ལྟེ་བར་འབྲེལ་ལ་དེ་གཉིས་ཀྱི་རྩེ་སྣ་སྒོར་དང་། རྩ་བ་ནོར་བུའི་བུ་གར་སླེབ་པ། དབུས་མ་གཙུག་ཏོར་གྱི་དབུས་དང་། ནོར་བུའི་བུ་གར་རོ། །རོ་རྐྱང་ལས་སྟེང་དུ་འདབ་མ་དྲུག་པ་རྟོག་པ་སད་པའི་འཁོར་ལོ་སྟེ་གཙུག་ཏོར་དེའི་འོག་དཔྲལ་བའི་ཐད་འདབ་མ་སུམ་ཅུ་རྩ་གཉིས་པ་ཐབས་ཀྱི་རང་བཞིན་ཐུར་བསྟན། མགྲིན་པར་བཅུ་དྲུག་པ་ཤེས་རབ་ཀྱི་རང་བཞིན་གྱེན་ལྟ། སྙིང་གར་བརྒྱད་ཐབས་དང་། ལྟེ་བར་དྲུག་ཅུ་རྩ་བཞི་པ་ཤེས་རབ། གསང་བར་འདབ་མ་དྲུག་པ་བདེ་འཛིན་གྱི་འཁོར་ལོ། ཐམས་ཅད་སྦུབས་ཅན་དུ་བསམ་མོ། །གཉིས་པ་ནི། སྣའི་སྒོ་ནས་ཉི་ཟླའི་རླུང་ནང་དུ་བརྔུབས་ཏེ་བདེ་འཛིན་དུ་བཀུག་ལ། དེ་ནས་འོག་འཐེན་པས་བསྐྱིལ་ཏེ། དབུ་མའི་ནང་ནས་འཁོར་ལོ་རྣམས་སུ་གཞུག་གོ །དེར་རྩ་རླུང་གི་གང་བས་གཉིས་སུ་མི་ཕྱེད་པར་བསྡམས་ཏེ་སེམས་བཞག་ལ་བརྟན་པར་བྱའོ། །གསུམ་པ་ནི། དེ་ནས་གཙུག་ཏོར་གྱི་དབུས་སུ་ཧཾ་དང་། བདེ་འཛིན་དུ་ཨ་ཤད་ཟླ་བ་དང་ཉི་མའི་རང་བཞིན་ཅན་གསལ་བཏབ། དང་པོར་རླུང་གིས་ཨ་ཤད་བསྐུལ་བས་དེ་ལས་མེ་འབར་ཏེ་ལུས་གང་རྩའི་བུ་ག་རྣམས་ནས་བྱུང་དེ་བ་སྤུའི་སྒོ་ནས་ཕྱིར་སོང་བས། སྣང་བ་འདི་ཐམས་ཅད་མེ་དཔུང་གི་རང་བཞིན་དུ་བལྟའོ། །མེ་དེས་དངོས་པོར་སྣང་བ་འདི་ཐམས་ཅད་སྦྱངས་པས་གཏུམ་མོ། །དེས་སྟོང་པ་ཉིད་གྲུབ་པ་ཡིན་ལ། དེ་ནས་དེ་བདེ་བ་ལ་སྦྱོར་བའི་ཕྱིར་མེའི་རེག་པས་ཧཾ་ལས་བདུད་རྩི་འཛགས་ཏེ་འཁོར་ལོ་རྣམས་གསོས་པས་དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཁྱད་པར་གྱི་དགའ་བ་དང་། ལྷན་སྐྱེས་ཀྱི་བར་བསྐྱེད་པས་བྱོན་ནོ། །དེ་རྩོལ་བས་བཟློག་སྟེ། ལུས་ཐམས་ཅད་ལ་ཁྱབ་པར་བྱས་ན། གསེར་འགྱུར་རྩིས་ལྕགས་བཞིན་དུ་ཕལ་པའི་ལུས་དྭངས་མར་འགྲོ། དེ་ཡང་འཇས་མཚོན་པ་འཇའ་ལུས། དེས་མ་གྲུབ་ན། གཉིས་པ་འོག་གི་འཛག་པ་བསྐྱིལ་ནས་བདེ་བ་སྟོང་པ་དང་སྦྱོར་བ་ནི། དེ་ལྟར་བདེ་བ་ཆེན་པོ་སྐྱེས་འཛག་པར་དོགས་ན། དགྲ་དང་སྤྲད་དེ་འཛག་པ་འཆིང་བ། དགྲ་ནི་སྐྱེ་གནས། རྒྱུད་ལས་གསུངས་པ་ཡོངས་སུ་སྦྱངས་པའི་ཤེས་རབ་མ་དང་དབེན་པར་ལུས་ཟུངས་གསོ་བ་ལ་སོགས་པའི་ཆོ་ག་སྔོན་དུ་བཏང་ནས་འདོད་པ་ལྔ་བརྟེན་པར་བྱ་བའི་ཕྱི་མར་དེའི་རྩ་ནོར་བུར་བཅུག་ནས་རྗེས་སུ་ཆགས་པའི་སྦྱོར་བས་ཕན་ཚུན་གྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྐུལ་བས་ཕུང་པོ་ཁམས་ལ་ཁྱབ་པའི་དྭངས་མ་རྣམས་དང་། ཁྱད་པར་ཧཾ་ཡིག་གིས་སྤྲོས་པའི་ཁུ་བ་རོ་གཅིག་པ་དབུ་མར་འདུས་ཏེ་ནོར་བུའི་རྩེར་ལྷུང་བ་ནི། ཁུ་བ་ཡིན་ལ། དེས་བསྐྱེད་པ་ནི་བདེ་བ་ཞེས་བྱའོ། །བདེ་བ་དེའི་དུས་སུ་སྐྱེ་བོ་ཕལ་པ་ནི། བདེ་བ་དེ་ཉིད་ཀྱིས་རྨོངས་པར་བྱས་པས་བརྒྱལ་ཏེ་རི་མགོ་རྨུགས་པས་འཐུམ་པར་ཚུད་པ་ལྟ་བུ། རྣལ་འབྱོར་པ་ལ་ནི་ཡང་དག་པའི་དྲན་པས་དུས་དེ་ཀར་བདེ་བ་དེ་མ་འདྲེས་པ་རིག་པ་ནི་ཤེས་བཞིན་ཡིན་ལ། དེས་བདེ་བའི་ཚོར་བ་དག་པས། བདེ་བ་སྟོང་པ་དང་འབྱོར་པ་ཡིན་ནོ། །དེ་བྱུང་ན་རྟེན་མ་ཉམས་པས་བདེ་བ་ཆེར་འཕེལ་ལ། དེས་སྣང་བ་ཐམས་ཅད་ལ་བྱིན་གྱིས་བརླབ་བོ། །ལོབས་པ་དང་རྣལ་འབྱོར་པ་དེ་ལ་མེ་ལ་སོགས་པ་རེག་པ་ཐམས་ཅད་བདེ་བར་འཆར་རོ། །གསུམ་པ་གནད་འབྱེད་པའི་སྒོ་ཕྱེ་ནས་ནམ་མཁའ་རྡོ་རྗེའི་གྲོང་དུ་འཇུག་པ་ནི། འཇིག་རྟེན་དང་ལས་བྱོན་པའི་ཚུལ་མཐུན། ངོས་ཟིན་གྱི་བརྟན་པར་བྱེད་པས་དེ་དག་ལས་ཁྱད་པར་དུ་གྱུར་ཀྱང་ད་དུང་འཁོར་བ་ལས་མ་འཕགས་པས། སྙིང་གའི་མི་ཤིགས་པའི་ཐིག་ལེ་བསྒོམས་ནས། རྦ་རླབས་ལྟེམ། རགས་པ་དང་། ཕྲ་བ་སྣང་གསུམ་གྱི་འགྲོས་ཐིམ་པའི་མཐའི་འོད་གསལ་དམིགས་པ་ཉེ་བར་ཞི་བ་ལ་གནས་པར་བྱའོ། །ཡང་དེ་ལས་ལྡང་ན་སྔར་བཞིན་གྱི་བསྒོམ་པ་བསྟན་ལ་དེའི་མཐར་འདི་ལ་ཞུགས་པ་ཡང་དང་ཡང་དུ་བྱས་པས་ཀུན་རྫོབ་ཀྱི་སྣང་བ་ཟད་དེ་དོན་དམ་ཉག་གཅིག་ཏུ་འགྲོ། དེ་ལ་ནམ་མཁའ་རྡོ་རྗེའི་གྲོང་དུ་ཞུགས་པའམ། བྱང་ཆུབ་ཀྱི་སྙིང་པོར་ཕྱིན་པའམ། སྤྱི་སྐད་ལྟར་ན་སངས་རྒྱས་པ་ཞེས་བྱ་བ་ལ། སངས་རྒྱ་བར་བྱེད་པའི་ཆོས་ཀྱང་དེ་ཉིད་ལས་གཞན་དུ་མེད་དོ། །འགའ་ཞིག་སངས་རྒྱས་ལ་འགའ་ཞིག་སེམས་ཅན་དུ་ལུས་པ་ནི་མ་ཡིན་ཏེ། སངས་མ་རྒྱས་པ་ཞེས་བྱ་བ་ཞིག་དུས་དེར་སུས་ཀྱང་འགྲུབ་པ་མ་ཡིན་ནོ། །ཅིའི་ཕྱིར་དེ་སྐད་བརྗོད་ན་རང་སྣང་རགས་སུ་སོང་བ་ལས་གཞན་སྣང་གྲུབ་པ་རྨི་ལམ་ལྟ་བུ་ཡིན་པས་སོ། །རྗེ་རས་ཆུང་པའི་ཞལ་གྱི་གདམས་པ་བླ་མ་བརྒྱུད་པའི་སྙན་ནས་སྙན་དུ་འོངས་པ་པདྨ་དཀར་པོས་བརྗེད་བྱང་དུ་བཏབ་པའོ།། །།


previousརྟེན་ཅན་གྱི་རྫོགས་རིམ།next