Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཻ་ཏྲི་པའི་སྙན་བརྒྱུད་ལས་ཚེ་དབང་རིག་འཛིན་སྒྲུབ་པའི་ཆོ་ག་བདུད་རྩིའི་བཅུད་ལེན།
   
   
   
   
   
   
   
   
   
   
   
   
   
   
   


 
previousམཻ་ཏྲི་པའི་སྙན་བརྒྱུད་ལས་ཚེ་དབང་རིག་འཛིན་སྒྲུབ་པའི་ཆོ་ག་བདུད་རྩིའི་བཅུད་ལེན།next

མཻ་ཏྲི་པའི་སྙན་བརྒྱུད་ལས་ཚེ་དབང་རིག་འཛིན་སྒྲུབ་པའི་ཆོ་ག་བདུད་རྩིའི་བཅུད་ལེན།

མཻ་ཏྲི་པའི་སྙན་བརྒྱུད་ལས་ཚེ་དབང་རིག་འཛིན་སྒྲུབ་པའི་ཆོ་ག་བདུད་རྩིའི་བཅུད་ལེན་བཞུགས་སོ། །ཚེ་དབང་རིག་འཛིན་ལ་མོས་རིགས་བརྒྱའི་དབང་། །བདེ་སྐྱོང་བདུད་རྩིའི་གཟུགས་གསར་བྱིན་རླབས་ཀྱིས། །བརླབས་པར་མཛད་འདིས་འཆི་བའི་སྐབས་དགག་པ། །མུན་ལ་ཉི་མ་ཤར་འདྲར་ཕྱག་འཚལ་ལོ། །ལུགས་འདི་བསླུ་མེད་རས་ཆུང་གིས་གཟིགས་གཏམ། །ལྷོ་ཕྱོགས་རིགས་ལྡན་སྙན་དུ་ལྷུང་བའི་ཚུལ། །ཀུན་སྤངས་ཆོས་རྗེའི་ལྗགས་ཀྱི་རྩེར་བཏོན་པ། །དྲིལ་བཞིན་སྒྲོགས་འདི་པད་དཀར་འཆལ་བས་སོ།། ཚེ་ལ་དབང་བའི་རིག་པ་འཛིན་པ་བསྒྲུབ་པར་འདོད་པ་དག་ལ། རྩ་བའི་རྒྱུད་ལས། དུས་མིན་འཆི་བ་བླུ་བ་ལ། །ཡན་ལག་ཁ་ཊྶཱཾ་དག་དང་སྦྱར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆ་ངེས་པར་སྦྱར།། ཞེས་གསུངས་པའི་ཆོ་ག་ལ་བརྟེན་པར་བྱ་སྟེ། བསྒྲུབ་པ་དང་སྒྲུབ་པ་ཆེན་པོའི་ཚུལ་གཉིས། དང་པོ་ནི། འཁོར་ལོ་སྡོམ་པའི་བསྙེན་པ་འཐེམས་པར་སོང་བས། སྐར་མ་རྒྱལ་ཡོད་པའི་ཡར་གྱི་ངོ་ནས་བརྩམས་ཏེ་གྲུབ་པའི་མཚན་མ་མཐོང་བའི་བར་དུའོ། །བཅས་ནི། སྡོམ་པ་འབྱུང་བ་ནས་གསུངས་པའི་ཀ་པཱ་ལ་མཚན་ལྡན་ཆང་བཟང་པོ་དང་འོ་མ་ཅུང་ཟད་བསྲེས་པ་མངར་གསུམ་དང་བདུད་རྩི་རིལ་བུ་བཏབ་པས་བཀང་། དེ་ལ་པྲ་བརྟག་པ་ནི། གཡས་ནས་བསྐོར་ཞིང་མདུན་དུ་འཁོར། །དཔྲལ་བའི་ངོས་སུ་བསྡུ་བ་ཡིས། །ཚོམ་བུ་ལྔ་ནི་བྱུང་གྱུར་ན། །རང་ལ་མཁའ་འགྲོ་མཉེས་པའི་རྟགས། །དབུས་སུ་བྱུང་ན་ཤིན་ཏུ་མཉེས། །སེ་སྒྲར་ལྡན་ན་སྔགས་འགྲུབ་བོ། །ཚོམ་བུ་རྣམས་ནི་ཕྱོགས་སུ་འཐོར། །སུམྦྷ་ནི་སོགས་བགེགས་བསྐྲད་བྱ། །ཞག་རྣམས་མཐར་འགྲོ་ལྦུ་བ་འཐོར། །བཀྲ་མི་ཤིས་པའི་རྟགས་ཡིན་པས། །བཤགས་པ་བྱ་ཞིང་སྲུང་འཁོར་བསྒོམ། །ཞག་དང་ལྦུ་བ་དབུས་སུ་འཁྲིག །ཤིན་ཏུ་བཟང་བས་དངོས་གྲུབ་བླངས། །ཞེས་པས་སོ། །དེར་དར་ལེ་བརྒན་གྱིས་དགབ། ཤར་དུ་ཞོ་དང་འོ་མ། ལྷོར་མར་ཁུ། ནུབ་ཏུ་བུར་སྦྲང་། བྱང་དུ་ཆང་། མཚམས་བཞིར་ཤིང་འབྲུ་སྣ་ཚོགས། གྲུ་བཞི་ལ་བཀྲ་ཤིས་ཀྱི་རྫས་བརྒྱད། རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། ཉེ་བའི་རིན་པོ་ཆེ་སྣ་བདུན་བཀོད། གཞི་གྲུ་བཞིའི་དབུས་སུ་པདྨ་དམར་པོ་འདབ་བརྒྱད་ལྟེ་བ་དང་བཅས་པའི་ཁར་མཉྫྱིའི་སྟེང་དུ་ཐོད་པའོ། །མཐའ་མཆོད་པས་བསྐོར། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད། ཚད་མེད་བཞི་སྔོན་དུ་བཏང་ལ། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨའི་སྡོང་པོ་འདབ་མ་བརྒྱད་བྱས་པ། ལྟེ་བར་ཉི་གདན་ལ་སྲཱིཿདམར་པོ། དེ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དུས་མ་ཡིན་པའི་འཆི་བ་བསལ། ཚེའི་གོ་འཕང་ལ་བཀོད། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བསྡུས། དེ་ལ་ཐིམ། ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ཚེ་དཔག་ཏུ་མེད་པ་བྱི་རུའི་རི་བོ་ལྟ་བུ་མཚན་དཔེའི་དཔྱིད་ཀྱིས་བལྟ་བས་མཛེས་པ་ཉིན་མོར་བྱེད་པ་འབུམ་ཕྲག་གི་འོད་ཟེར་ཅན་ཞི་ཞིང་ཆགས་པའི་ཉམས་དུ་མས་སྒེག་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཉི་ལ་བཞུགས་པ། ཏིང་ངེ་འཛིན་གྱི་ཕྱག་རྒྱའི་སྟེང་ན་འཆི་བ་མེད་པ་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་ཀླུབས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃཿ སྙིང་གི་ཕུག་ཏུ་ཉི་མ་ལ་སྲཱིཿས་བོན་གྱིས་བསྐོར་བ་དེ་ལས་འཕྲོས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་པདྨ་གར་གྱི་དབང་ཕྱུག་ཆེན་པོས་ནམ་མཁའ་གང་བ་ཛཿཧཱུྃ་བཾ་ཧོཿ སླར་ཡང་དབང་གི་ལྷ་ཚོགས་སྤྱན་དྲངས་པ་རྣམས་ཀྱིས་བུམ་པས་མངོན་པར་དབང་བསྐུར་ལུས་གང་། དྲི་མ་དག ཆུའི་ལྷག་མ་གྱེན་དུ་ལུད་པ་ཟུར་ཕུད་ཀྱི་དབུས་སུ་འོད་དཔག་མེད་དུ་གྱུར། ཨོཾ་ཙཀྲ་སཾ་ཝ་ར་པདྨ་ཌཱ་ཀ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱཱ། ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་བཛྭ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། བཛྭ་རཱ་ག་ར་ཏི། གང་གི་མཚན་ཙམ་བརྗོད་པས་ཀྱང་། །འཆི་བདག་བདུད་ཀྱི་སྡེ་འཇོམས་ཤིང་། །འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱུན། །སྦྱིན་མཛད་དེ་ལ་ཕྱག་འཚལ་ལོ། །དེ་ནས་སྔགས་བཟླ་བའི་དུས་སྔགས་གཟུངས་ཐག་ལ་འཁྲིལ་ཏེ་སོང་། སྒྲུབ་རྫས་རྣམས་ལ་ཐིམ་པར་སྦྱངས་ཐུགས་ཀའི་འོད་ཟེར་གྱི་རྩེ་ལ་ལྷ་མོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་ནམ་མཁའ་ཁྱབ་པར་འཕྲོས། འཇིག་རྟེན་ན་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་སྟོབས་མངའ་ཐང་ཐམས་ཅད་དེ་དག་ལ་བསྟིམ་པར་བསམ་ཞིང་། འཆི་མེད་བྱེད་པའི་དངོས་གྲུབ་རྫས། །ས་ཆུ་མེ་རླུང་ནམ་མཁའི་བཅུད། །ཚེ་དང་བསོད་ནམས་རྒྱས་བྱེད་རྣམས། །ཨངྐུ་ཤ་ཛཿཧཱུྃ་བཾ་ཧོཿ ཤར་གྱི་ཕྱོགས་ནས་ཚེ་ཡི་ལྷ། །མི་འཁྲུགས་རྒྱལ་པོ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདུད་རྩིའི་རྒྱུན། །ཨ། ལྷོ་ཡི་ཕྱོགས་ནས་ཚེ་ཡི་ལྷ། །རིན་འབྱུང་རྒྱལ་བ་ཐམས་ཅད་ཀྱི། །ནུབ་ཀྱི་ཕྱོགས་ནས་ཚེ་ཡི་ལྷ། །སྣང་མཐའ་རྒྱལ་བ་ཐམས་ཅད་ཀྱི། །བྱང་གི་ཕྱོགས་ནས་ཚེ་ཡི་ལྷ། །དོན་གྲུབ་རྒྱལ་བ་ཐམས་ཅད་ཀྱི། །སྟེང་འོག་མཚམས་ནས་ཚེ་ཡི་ལྷ། །གཟི་བརྗིད་རྒྱལ་པོ་ལ་སོགས་པའི། །ཞེས་དེ་དག་གི་སྐུ་གསུང་ཐུགས་ཡེ་ཤེས་བདུད་རྩི་ཐམས་ཅད་དེ་ལ་བསྟིམས་པས་མང་པོར་འཕེལ་བ་དང་། ལྷག་པར་རོ་བཅུད་ནུས་པ་ཐམས་ཅད་སྦར་བར་བསམ་མོ།། དེ་ནས་ཐུན་གྱི་མཐར་སྔར་གྱི་སྔགས་ཀྱི་མཇུག་ཏུ། བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པས་འབུལ། དགེ་བ་བསྔོ། དེ་ལྟ་བུས་སྒྲུབ་རྫས་རྣམས་འཕེལ་བ་དང་འོད་དང་ལྡན་པར་གྱུར་ན་གྲུབ་པའོ། །ཨོཾ་ཨཱཿཧཱུྃ་རཏྣ་སིདྡྷི་ཨ་ཡུ་པུཎྭ་ཀ་པཱ་ལ་སིདྡྷི་བྷྲཱུཾ་བྷྲཾཱུ་ཧཱུཾ་ཧཱུྃ། ཞེས་བཟླས་རྟེན་འབྲེལ་སྙིང་པོ་འདོན་པ་སྒྲུབ་སྔགས་སོ། །གཉིས་པ་ལ། ལུས་འཆི་མེད་དུ་བྱིན་གྱིས་བརླབ་པ། ངག་འཆི་མེད་དུ་བྱིན་གྱིས་བརླབ་པ། ཡིད་འཆི་མེད་དུ་བྱིན་གྱིས་བརླབ་པ་གསུམ་ལས། དང་པོ་ནི། རང་ལུས་ཐ་མལ་གྱི་སྣང་བ་ཁོ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མེ་ཏོག་དང་བཅས་པས། རྩ་ཡི་ཞིང་དུ་རླུང་གིས་ལམ་བསྟན་ཏེ། །ཁམས་ཀྱི་དྭངས་མས་སེམས་ཀྱི་སྒྲིབ་སྦྱངས་ནས། །ཡེ་ཤེས་འོད་ཀྱིས་མི་ཤེས་མུན་བསལ་ཏེ། །སྐུ་ཡི་རྡོ་རྗེ་ཐོབ་པར་བྱིན་གྱིས་རློབས། །གསུང་གི་རྡོ་རྗེ་ཐོབ་པར་བྱིན་གྱིས་རློབས། །ཐུགས་ཀྱི་རྡོ་རྗེ་ཐོབ་པར་བྱིན་གྱིས་རློབས།། ཞེས་གདུང་ཤུགས་དྲག་པོས་གསོལ་བ་བཏབ། རྣམ་སྣང་གི་ཆོས་བདུན་བཅའ། ལུས་སྟོང་ར། འོག་རླུང་འཐེན། རྩ་གསུམ་འཁོར་ལོ་བཞི་དང་བཅས་པ། གསང་གནས་སུ་ཆོས་འབྱུང་གྲུ་གསུམ་དཀར་ལ་དམར་བ་གདེངས་ཀ་ཆེ་བ་གྱེན་དང་རྩ་བ་ཕྲ་བ་ཐུར་བསྟན། དེའི་དབུས་སུ་རཾ་ལས་ཉི་མ་ཆེ་ཞིང་རྒྱས་པ། དེའི་སྟེང་དུ་སྲཱིཿདམར་པོ་མེའི་རང་བཞིན་གསལ་བཏབ། ལྟེ་བའི་འཁོར་ལོར་གཏུམ་མོ་ཡེ་ཤེས་མེ། །ཚེ་དང་འོད་ཀྱི་སྣང་བ་ཆེར་རྒྱས་པ། །གྱེན་དུ་འབར་ཞིང་དྲག་ཏུ་བསྐུལ་བ་ལས། །ལུས་ལ་འཆི་མེད་འགྲུབ་པར་བྱིན་གྱིས་རློབས། །ཞེས་དྲག་ཏུ་གསོལ་བ་བཏབ་པས། བླ་མའི་སྐུ་དང་དཀྱིལ་འཁོར་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་གཏུམ་མོའི་མེ་སྤྲོས་པ་དང་། རང་གི་སྲཱིཿདམ་ཚིག་པའི་མེ་རོ་གཅིག་ཏུ་འདྲེས་པ་ལས་རེག་བྱ་ཤིན་ཏུ་ཚ་བའི་མེ་ལྕེར་འབར་བས་རྩ་གཟུགས་འཆི་བདག་བདུད་བཞིའི་རྣམ་པར་ཡོད་པ་བསྲེགས་པ་དང་། མདུད་པ་ཐམས་ཅད་དབྲལ་ཏེ་ལུས་ཐམས་ཅད་གཏུམ་མོའི་མེའི་རང་བཞིན་འཇའ་འོད་དུ་གྱུར་པར་བསམ་པ་དང་བསྟུན། ཀ་པཱ་ལ་སྤྱི་བོར་བཞག་ནས། མཆོག་ཏུ་དགའ་བ་དགའ་བ་ཆེ། །ལྷན་ཅིག་སྐྱེས་དགའ་རྟག་དགའ་བ། །པདྨ་རྫོགས་སངས་རྒྱས་ཀྱི་སྐུའི། །དངོས་གྲུབ་ཐམས་ཅད་ཐོབ་པར་ཤོག། ཅེས་པའི་མཐར། ཨོཾ་ཨཱ་ཡུ་པུཎྭེ་སིདྡྷི་ཨ་བྷི་ཥིཉྩྨ་ཨོཾ། གཉིས་པ་ནི། དེ་ནས། སྤྱི་བོའི་འཁོར་ལོར་ཧཾ་ཡིག་བདེ་བའི་རྒྱུན། །ཚེ་དང་འོད་ཀྱི་སྣང་བ་ཆེར་རྒྱས་པས། །ཐུར་དུ་འབབ་ཅིང་གྱེན་དུ་བརྟན་པ་ཡིས། །ངག་ལ་འཆི་མེད་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ་ལྷ་ཚོགས་བདུད་རྩིར་ལྟེམ་གྱིས་ཞུ། སྣ་བུག་གཡས་ནས་རླུང་བུང་བའི་མཆུ་ལྟ་བུ་འཕྲོས་ཏེ་ཐོད་པའི་ནང་དུ་སོང་བས་བདུད་རྩི་དྲངས། སྣ་གཡོན་པའི་ནང་ནས་ཞུགས་ཏེ་སྤྱི་བོར་ཧཾ་ཡིག་བདུད་རྩི་འཛག་ལ་ཁད་པ་དགུ་ཡོད་པ་དང་འདྲེས། དེ་དག་དཀར་ཆིལ་ལི་ལི་ཞུ་ནས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་ལུས་ཐམས་ཅད་གང་བར་བསམ་ཞིང་སྟེང་རླུང་མནན་ཉེར་གཅིག་གིས་བདུད་རྩི་ལྷག་མ་ལུས་པར་བལྟའོ། །དེ་དུས་ཐོད་པ་མགྲིན་པར་བཞག སྔར་གྱི་ཚིག་གི་མཐར་ངག་ཅེས་དང་། སྔགས་ཀྱི་མཐར་ཨཱཿཞེས་འདོན་པ་བསྒྱུར་རོ། །གསུམ་པ་ནི། གསང་སྐྱིལ་བཅས། སྔོན་དུ། སྙིང་གའི་འཁོར་ལོར་ཟུང་འཇུག་ཡེ་ཤེས་དཔྱིད། །ཚེ་དང་འོད་གྱི་སྣང་བ་ཆེར་རྒྱས་པ། །འབར་ཞིང་འཛག་པ་གཉིས་མེད་རོ་མཉམ་པས། །ཡིད་ལ་འཆི་མེད་འགྲུབ་པར་བྱིན་གྱིས་རློབས། །ཞེས་དྲག་ཏུ་གསོལ་བ་བཏབ། རླུང་ཁ་སྦྱར་བུམ་པ་ཅན་འཛིན། ལྟེ་བར་ཚེའི་བུམ་པའི་ཁར་པདྨའི་སྡོང་པོ་ལ་ཚེ་དཔག་མེད་དམར་པོ་ཡུམ་ཅན། སྤྱི་བོར་བུམ་པའི་ཁར་པདྨའི་སྡོང་པོ་ལ་དཀར་པོ་ཡུམ་ཅན། དེ་ལས་དང་པོ་དམར་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩི་བབས། བུམ་པའི་ནང་དུ་སོང་། དེ་གང་། ཆིལ་གྱིས་ལུད། དེས་མས་རིམ་གྱིས་སྙིང་གའི་བར་དུ་གང་། ཡང་དཀར་པོ་ཡབ་ཡུམ་སྙོམས་པར་ཞུགས། སྦྱོར་མཚམས་ནས་བདུད་རྩི་བབས། བུམ་པའི་ནང་དུ་སོང་། དེ་གང་། ཆིལ་གྱིས་ལུད། སྙིང་ག་ཡན་གང་། སྙིང་གའི་འཁོར་ལོར་དཀར་དམར་འཐབ་པའི་བདེ་བ་ལ་རྩེ་གཅིག་ཏུ་དབང་ཤེས་ཀྱི་འཇུག་པ་བསྡུས་ཏེ་མཉམ་པར་གཞག་པར་བྱའོ། །དེ་ནས། འཇིག་རྟེན་ཁྱིམ་བདག་རྣམས་ནི་དཔལ་བརྟེན་ནས། །བིལ་བ་སྟར་ཀ་བུམ་པ་བཟང་དང་བཅས། །མདུན་དུ་བདར་ནས་བཀྲ་ཤིས་བྱེད་པ་ལྟར། །བཀྲ་ཤིས་ཀུན་གྱིས་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད། ཚེ་རྫས་ལོངས་སྤྱོད། བཀྲ་ཤིས་རྫས་སྣ་གཉིས་པོ་གཏད། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །སྐལ་ལྡན་རིགས་ཀྱི་བུ་ཡང་བདུད་བཞི་ལས། །རྣམ་པར་རྒྱལ་བའི་དངོས་གྲུབ་ཐོབ་གྱུར་ཅིག། སྣ་བདུན་གཉིས་གཏད། ཇི་ལྟར་མི་དབང་འཁོར་ལོས་སྒྱུར་རྒྱལ་ནི། །རྒྱལ་སྲིད་སྣ་བདུན་ཚོགས་དང་ལྡན་པར་ལྟར། །སྐལ་ལྡན་རིགས་ཀྱི་བུ་ཡང་དེ་ལྟ་བུས། །འཇིག་རྟེན་ཐམས་ཅད་རྗེས་སུ་འཛིན་གྱུར་ཅིག། ཅེས་བརྗོད་ལ། རབ་བམ་རྒྱུན་གྱི་ཉམས་ལེན་ལ་བསམས་པ་ཙམ་གྱིས་འགྲུབ་བོ། །ཞེས་རྗེ་བཙུན་ཨ་ཝ་དྷཱུ་ཏི་པའི་གསུང་གི་གསང་བས་བརྒྱན་ཏེ། པདྨ་དཀར་པོས་གཉལ་ཡངས་པ་ཅན་གྱི་ཆོས་འཁོར་རྡོ་རྗེའི་གདན་དུ་སྦྱར་བ་དགེ་ལེགས་དམ་པས་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག་གུ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟཱི་ཡེ་སྭཱ་ཧཱ།། །།


previousམཻ་ཏྲི་པའི་སྙན་བརྒྱུད་ལས་ཚེ་དབང་རིག་འཛིན་སྒྲུབ་པའི་ཆོ་ག་བདུད་རྩིའི་བཅུད་ལེན།next