Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནཱ་རོ་གསང་སྤྱོད་ཀྱི་དམིགས་རིམ།
   
   
   
   
   
   
   
   
   
   
   
   
   
   


 
previousནཱ་རོ་གསང་སྤྱོད་ཀྱི་དམིགས་རིམ།next

ནཱ་རོ་གསང་སྤྱོད་ཀྱི་དམིགས་རིམ།

ནཱ་རོ་གསང་སྤྱོད་ཀྱི་དམིགས་རིམ་བཞུགས་སོ། །དཔལ་ནཱ་རོ་པ་ལ་ཕྱག་འཚལ་ལོ། །འདིར་གསང་སྤྱོད་ཟློག་སྒོམ་གྱི་གདམས་པ་ཟབ་མོ་འདི་ཉིད་འཆད་པར་བྱེད་པ་ལ༑ གནས་གང་དུ་འགྲོ་བ། དུས་ནམ་འགྲོ་བ། གང་ཟག་གང་གིས་འགྲོ་བ། སྤྱོད་ལམ་ཇི་ལྟ་བུས་འགྲོ་བ་དང་རྣམ་པ་བཞིའི་ནང་ནས། དང་པོ་གནས་གང་དུ་འགྲོ་བ་དེ་སྟོན་པར་བྱེད་དེ། དེ་ཡང་རོ་སྙོམས་གཞུང་དུ། རི་བོ་དང་ནི་བཞི་མདོ་དང་། །ཤིང་གཅིག་ཆུ་འགྲམ་ཐང་ཆེན་དང་། །དེ་བཞིན་དབེན་པ་བས་མཐའ་དང་། །རི་བོའི་སུལ་དང་རྩེ་མོ་དང་། །པདྨའི་ཚལ་ནི་ཡིད་འོང་དང་། །རྫིང་བུ་ཆུ་ངོགས་ཡུལ་རྣམས་དང་། །ཚང་ཚིང་ཕུག་དང་རྒྱ་མཚོའི་འགྲམ། །གདོད་ནས་དག་པའི་དུར་ཁྲོད་ཆེ། །མཚན་མོ་མ་མོའི་ཁྱིམ་རྣམས་སུ། །སྔགས་པས་དེར་བསྒོམ་ཤིས་པར་མཛད། །ཅེས་པའི་གནས་དེ་རྣམས་སུ་འགྲོ་བར་བྱེད་པ་ཡིན་ནོ། །གཞན་ཡང་མི་མང་པོ་ཕུང་བའི་ཤུལ་དང་། གཡུལ་ངོ་ཆེན་པོ་སྤྲད་པའི་ས་དང་། འཇིག་རྟེན་གྱི་ལྷ་འདྲེ་གདུག་པ་ཅན་གནས་པའི་ས་དང་། མདོར་ན་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཉིན་མོའང་འགྲོ་མི་ནུས་ཤིང་འཇིགས་ཤིང་ཡ་ང་བའི་གནས་རྣམས་སུ་འགྲོ་བ་ཡིན་ནོ། །གཉིས་པ་དུས་ནམ་འགྲོ་བ་ནི། སཾ་བྷུ་ཊི་ལས། རྡོ་རྗེ་ཉི་མ་ནུབ་པ་དང་། །དེ་འོག་སྒྲུབ་པ་བརྩམ་པར་བྱ༑ །ཞེས་དང་། རོ་སྙོམས་གཞུང་དུ། མཚན་དུས་གསང་སྟེ་རྒྱུ་བར་བྱ། །ཞེས་གསུངས་པ་ལྟར། དགོངས་མོ་ཉི་མ་ནུབ་ནས། མི་ལ་སོགས་པ་གཞན་གྱིས་མ་ཚོར་བར་གསང་སྤྱོད་ཀྱི་གནས་དེར་འགྲོ །སང་སྔ་དྲོ་གཞན་གྱིས་མ་ཚོར་བར་རང་གི་གནས་སུ་ལོག་ཡོང་བར་བྱེད། མི་མེད་ལུང་སྟོང་ལ་སོགས་པ་ཡིན་ན་ཚར་ལྷོངས་མ་འགྲིག་བར་དེ་ཁར་སྡོད་པའོ། །གསུམ་པ་གང་ཟག་གང་གིས་འགྲོ་བ་ནི། རོ་སྙོམས་གཞུང་དུ། ཅུང་ཟད་དྲོད་ནི་ཐོབ་པ་དང་། །དེ་ནས་སྤྱོད་པ་བརྩམ་པར་བྱ། །ཞེས་གསུངས་པ་ལྟར། ཀུན་ཏུ་བཟང་པོའི་སྤྱོད་པ་མཐར་ཕྱིན་པ༑ མདོར་ན་སྣང་བ་སེམས་སུ་ཤེས་ཤིང་། ཕྱི་རོལ་དུ་ལྷ་འདྲེར་འཛིན་པ་དག་པའི་གང་ཟག་གཅིག་གིས་འགྲོ་བ་ཡིན་ནོ། །བཞི་པ་སྤྱོད་ལམ་ཇི་ལྟ་བུས་འགྲོ་བ་ལ། སྔོན་དུ་འགྲོ་བ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཁྱད་པར། དངོས་གཞི་སྟོང་ཉིད་ཀྱི་ཟློག་སྒོམ་གྱིས་བདག་འཛིན་རྩད་གཅོད་པ། རྗེས་སྙིང་རྗེའི་ཟློག་སྒོམ་གྱིས་ལྷ་འདྲེ་གདུལ་བྱརསྡུད་པ་དང་རྣམ་པ་གསུམ་ཡོད་པ་ལས༑ དང་པོ་སྔོན་དུ་འགྲོ་བ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཁྱད་པར་དེ་སྟོན་པར་བྱེད་དེ། དེ་ལ་གོས་སུ་ཅི་བགོ་བ། རྒྱན་དུ་ཅི་བཏགས་པ། ཟས་སུ་ཅི་ཟ་བ། གྲོགས་སུ་གང་བཀྲི་བ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། བླ་མ་ལ་ལུས་ཕུལ་ཏེ་གསོལ་བ་བཏབ་པ། ཡི་དམ་ལྷ་ལ་དབང་བསྐུར་ཞུ་བ་དང་རྣམ་པ་བདུན་ཡོད་པ་ལས། དང་པོ་གོས་སུ་ཅི་བ་གོ་བ་ནི། རོ་སྙོམས་གཞུང་དུ། རོ་ཡི་གོས་ནི་བ་གོ་བྱ་ཞིང་། །རོ་ཡི་ཐལ་བའང་བགོ་བར་བྱ། །འཛིན་པ་མེད་པའི་སེམས་ཀྱིས་སུ། །ཁ་དོག་བཅོས་མའི་རས་རྙིང་བགོ ཞེས་གསུངས་པ་ལྟར། རོའི་གོས་གྱོན་པ་དང་། རོ་བསྲེགས་པའི་ཐལ་བ་ལུས་ལ་བྱུག་པ་དང་། ཁ་དོག་བཅོས་མའི་རས་ནག་པོ་དང་། རྙིང་པ་ལ་སོགས་པ་དང་། མདོར་ན་གཞན་གྱིས་ཕྲོགས་ཀྱང་ཆགས་པ་མི་སྐྱེ་བའི་གོས་སྲུལ་པོ་སོགས་གྱོན་པའོ། །གཉིས་པ་རྒྱན་དུ་ཅི་བཏགས་པ་ནི། གཞུང་དུ། གུ་ཛ་ན་ལ་སོགས་པ་ཡི། །འབྲས་བུའི་འཕྲེང་སོགས་ཀྱིས་བརྒྱན་བྱ། །ཞེས་གསུངས་པ་ལྟར། ཤིང་གུ་ཛ་ན་ལ་སོགས་པའི་འབྲས་བུའི་འཕྲེང་བས་རྒྱན་བྱེད་པ་སྟེ། མདོར་ན་ཤིང་གི་འབྲས་བུའི་རྒྱན་བྱེད་པའོ། །འདིར་ཤིང་གི་འབྲས་བུའི་རྒྱན་བྱེད་པ་ནི། རུས་རྒྱན་གྱི་དོད་པོ་སྟེ། དགོས་པ་དཔའ་བོ་མཁའ་འགྲོ་དང་སྐལ་བ་མཉམ་པའོ། གསུམ་པ་ཟས་སུ་ཅི་ཟ་བ་ནི། །གཞུང་དུ། བཟའ་བ་མི་འཆི་བཅུ་ཕྱེད་དོ། །ཞེས་གསུངས་པ་ལྟར། ཟས་སུ་ཤ་ལྔ་དང་༑ སྐོམ་དུ་བདུད་རྩི་ལྔ་སྟེན་པར་བྱེད་དོ། །དེའི་དགོས་པ་ནི་མི་འཆི་བ་སྟེ། འཆི་མེད་ཚེའི་རིག་འཛིན་བརྙེས་པའོ། །ཤ་ལྔ་དང་བདུད་རྩི་ལྔ་མ་འབྱོར་ན་ལས་སུ་ཐུག་ཕྲད་གང་བྱུང་ཚད་ཟ་བའོ༑ །བཞི་པ་གྲོགས་སུ་གང་བཀྲི་བ་ནི། གཞུང་དུ། ཤིན་ཏུ་བཞིན་བཟངས་མིག་ཡངས་མ། །རང་གི་དབང་བསྐུར་སྙིང་རྗེར་ལྡན། །རྡོ་རྗེ་བུ་མོ་འདི་ཁྱེར་ནས། །བརཏལ་ཞུགས་ཅན་གྱིས་སྤྱོད་པ་བྱ། །ཞེས་གསུངས་པ་ལྟར། ཆགས་ལམ་པ་ཡིན་ན། ལས་རྒྱ་དང་འགྲོགས་ནས་འགྲོ། གྲོལ་ལམ་པ་ཡིན་ན་སྟོང་ཉིད་ཀྱི་ཉམས་བཟང་པོ་དང་འགྲོགས་ནས་འགྲོ་བར་བྱེད་དོ། །ལྔ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། གཞུང་དུ། སེམས་ཅན་རྗེས་སུ་བཟུང་བྱའི་ཕྱིར། བློ་དང་ལྡན་པས་རྒྱུ་བར་བྱ། ཞེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་གསང་སྤྱོད་ཟློག་སྒོམ་གྱི་གདམས་པ་ཟབ་མོ་འདི་ཉིད་ཉམས་སུ་བླང་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དྲུག་པ་བླ་མ་ལ་ལུས་ཕུལ་ཏེ་གསོལ་བ་བཏབ་པ་ནི། གཞུང་དུ། འཇམ་པའི་རྡོ་རྗེས་བདག་དབང་བསྐུར། །ཞེས་གསུངས་པ་ལྟར། རང་གི་སྤྱི་བོར་དྲིན་ཅན་རྩ་བའི་བླ་མ། དེའི་དབུ་ཐོག་ནས་ཡར་གསང་སྤྱོད་བརྒྱུད་པའི་བླ་མ་རྣམས་མཐོ་བརྩེགས་ཀྱིས་བཞུགས་པར་བསམ། དེ་དག་ལ་རང་གི་ལུས་ལོངས་སྤྱོད་དང་བཅས་པ་ཐམས་ཅད་དང་། ཁྱད་པར་དུ་རང་གི་ལུས་འདི་ཉིད་ལྟོས་མེད་དུ་ཕུལ་ཏེ། །བདག་གིས་གསང་བའི་སྤྱོད་པ་སྤྱད་པར་བྱའོ་སྙམ་པའི་སྒོ་ནས་ངག་ཏུ། སྤྱིི་གཙུག་ཉི་ཟླའི་གདན་སྟེང་དུ། །ཞེས་སོགས་གསང་སྤྱོད་བརྒྱུད་རིམ་གྱི་གསོལ་འདེབས་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་ཕར་ཐིམ་འགྲོ་བ་ལྟ་བུ། ཚུར་འབྲལ་མི་ཕོད་པ་ལྟ་བུ། ཕུར་ཚུགས་སུ་ལེགས་པར་བཏབ་པས། བླ་མ་གོང་མ་གོང་མ་རྣམས་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། །བདུན་པ་ཡི་དམ་ལྷ་ལ་དབང་བསྐུར་ཞུབ་ནི། སྐད་ཅིག་གིས་རྩ་བའི་བླ་མ་དེ་ཉིད་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་བདུད་རྩིའི་རྒྱུན་བབས་རང་གི་སྤྱི་བོ་གང་། བུམ་པའི་དབང་ཐོབ། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་མ་ལུས་པ་དག །ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་བའི་སྐུ་ཐོབ་པའི་རྟེན་འབྲེལ་མངོན་སུམ་དུ་སྒྲིག མགྲིན་པ་ཡན་ཆད་གང་། གསང་བའི་དབང་ཐོབ། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་མ་ལུས་པ་དག ལམ་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་༑ འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་རྟེན་འབྲེལ་མངོན་སུམ་དུ་སྒྲིག སྙིང་ག་ཡན་ཆད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་མ་ལུས་པ་དག ཕོ་ཉའི་ལམ་བསྒོམ་པ་ལ་དབང་འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་རྟེན་འབྲེལ་མངོན་སུམ་དུ་སྒྲིག མཐར་ལུས་ཐམས་ཅད་གང་། བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་མ་ལུས་པ་དག ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་རྟེན་འབྲེལ་མངོན་སུམ་དུ་སྒྲིག མཐར་བླ་མ་འོད་དུ་ཞུ་རང་ལ་ཐིམ། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་པ་ལ་མཉམ་པར་བཞག་དེས་སྔོན་དུ་འགྲོ་བ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཁྱད་པར་དེ་སོང་ནས། །གཉིས་པ་དངོས་གཞི་སྟོང་ཉིད་ཀྱི་ཟློག་སྒོམ་གྱིས་བདག་འཛིན་རྩད་ནས་གཅད་པ་དེ་སྟོན་པར་བྱེད་དེ། དེ་ལ་སྤྲོས་བཅས་སྤྲོས་མེད༑ ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང་གསུམ་ཡོད་པ་ལས། དང་པོ་སྤྲོས་བཅས་ནི། གཞུང་དུ། བ་སྤུ་རྣམས་ཀྱི་བུ་ག་ནས། །ཕྱོགས་བཅུ་རྣམས་སུ་སྤྲོ་བར་བྱ། །ཞེས་གསུངས་པ་ལྟར། རང་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ༑ ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་གར་སྟབས་ཀྱིས་བཞུགས་པ། སྐུ་སྟོད་ཀྱིས་གཟུགས་ཁམས་ཡན་ཆད་ཁྱབ་པ། སྐུ་སྨད་ཀྱིས་འདོད་པའི་ཁམས་ཐམས་ཅད་ཁྱབ་པ། དེའི་བ་སྤུའི་བུ་ག་ཐམས་ཅད་ནས་ཁྲོ་བོའི་སྐུའི་ཚོགས་དཔག་ཏུ་མེད་པ་མེ་སྟག་གི་སྐྱེ་ཚུལ་དུ་འཕྲོ་བ་ཤིན་ཏུ་ནས་ཀྱང་འཇིགས་སུ་རུང་བ་གཅིག་གསལ་བཏབ། གསང་སྤྱོད་ཀྱི་གནས་དེར་གནས་པའི་ལྷ་འདྲེ་ཐམས་ཅད་འཇིགས་ཤིང་། སྡུག་བསྔལ་གྱི་སྐད་ངན་སྣ་ཚོགས་འདོན་ཅིང་ཕྱོགས་བཅུར་འབྲོས་པར་བརྩམས་པ་ན། ཡེ་ཤེས་ཀྱི་མེ་དང་རྡོ་རྗེའི་ར་བ་རྣམས་ཀྱིས་བསྐོར་ནས། དེ་དག་གིས་འབྲོས་མི་ཐུབ་པར་རང་ཉིད་ཀྱི་མདུན་དུ་ལྷ་འདྲེ་དེ་དག་ཏིལ་འབྲུའམ། ཡུངས་འབྲུ་ཙམ་དུ་གནས་ཤིང་༑ འདར་ཕྲིལ་ལི་ལི་ཡོད་པར་བསམ། འགྲོ་བའི་དུས་སུ་ལུས་ཀྱི་གར་སྟབས་དང་། ངག་ཏུ་ཧཱུྃ་ཧཱུྃ་ཕཊཿཕཊཿཀྱི་སྒྲ་དང་བཅས་པས་གསང་སྤྱོད་ཀྱི་གནས་དེར་འགྲོ་བར་བྱེད། དེར་སླེབ་པ་དང་སྤྲོས་བཅས་ཀྱི་སྤྲོས་པ་ཐང་མ་ཆད་ཀྱི་བར་དུ་བྱེད་དོ། །གཉིས་པ་སྤྲོས་མེད་ཀྱི་སྤྱོད་པ་ནི། ལྟ་བ་བདེན་འཛིན་དང་བྲལ་བ། སྒོམ་པ་ཡིད་ལ་མི་བྱེད་པ། སྤྱོད་པ་རོ་སྙོམས་ནུས་པ༑ འབྲས་བུ་རེ་དོགས་ཀྱི་གཡང་ས་ཆོད་པའོ། །དེ་ཡང་གཞུང་དུ། ཤིན་ཏུ་མཉམ་གཞག་རབ་བསྒོམས་ནས། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། ལྟ་བ་བདེན་འཛིན་དང་བྲལ་བ་ནི། ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་བདེན་འཛིན་ཞིག་པ་སྟེ། སྣང་བ་སེམས་སུ་ཤེས་པའོ། །སྒོམ་པ་ཡིད་ལ་མི་བྱེད་པ་ནི། དུས་གསུམ་གྱི་སྤྲོས་པ་ཐམས་ཅད་སེམས་མ་བཅོས་པར་རང་བབས་སུ་འཇོག་པའོ། །སྤྱོད་པ་རོ་སྙོམས་ནུས་པ་ནི། བཟང་རྟོག་ངན་རྟོག་ཅི་བྱུང་ཡང་མ་སྤངས་པར་དེ་ཁའི་ངང་ལ་མཉམ་པར་འཇོག་པའོ། །འབྲས་བུ་རེ་དོགས་ཀྱི་གཡང་ས་ཆོད་པ་ནི། ཡར་སངས་རྒྱས་ཐོབ་ཏུ་རེ་བ་མི་བྱེད། མར་ངན་སོང་དུ་ལྷུངས་ཀྱི་དོགས་པ་མི་བྱེད་པར་སེམས་མ་བཅོས་པར་མཉམ་པར་འཇོག་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ནི། དེ་ནས་གཉིད་ཆོག་ལ་ཁད་བྱུང་བ་དང་། རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོ་ནས་ཡར་རང་གི་སེམས་རྡོ་རྗེ་རྣལ་འབྱོར་མ་ཚོན་གང་བ་གཅིག་རྒྱང་སྟེ་ཐོན་པར་བསམ་སྟེ། ངག་ཏུ་ཕཊཿཅེས་བརྗོད། ཡང་ཕཊཿཅེས་བརྗོད་པས་རྡོ་རྗེ་རྣལ་འབྱོར་མ་དེ་ཇེ་ཆེ་ཇེ་ཆེ་ལ་སོང་བར་བསམ། རང་གི་མདུན་དུ་ཐོད་པའི་སྒྱེད་བུ་རང་བྱུང་དུ་བྱུང་བར་བསམ༑ ཡང་ཕཊཿཅེས་བརྗོད་པས། རྡོ་རྗེ་རྣལ་འབྱོར་མའི་གྲི་གུག་གིས་རང་གི་ཐོད་པ་བཅད་ནས་སྒྱེད་བུའི་སྟེང་དུ་གཞག དེ་ཡང་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་དང་མཉམ་པར་བསམ། ཡང་ཕཊཿཅེས་བརྗོད་པས། རྡོ་རྗེ་རྣལ་འབྱོར་མའི་གྲི་གུག་གིས་རང་གི་ལུས་དེ་རྩེན་བླངས་ནས་ཐོད་པའི་ནང་དུ་སྤུངས་ཏེ་རུབ་ཀྱིས་གཏུབས་ཏེ། ཨོཾ་ཨཱཿཧཱུྃ་ཞེས་པས་བདུད་རྩིར་བྱིན་གྱིས་བརླབས་ནས། ཡང་ཕཊཿཅེས་བརྗོད་པས། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་དང་། ཡང་ཕཊཿཅེས་བརྗོད་པས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་དང་། ཡང་ཕཊཿཅེས་བརྗོད་པས། གཞི་བདག་དེས་གཙོས་པའི་ལྷ་འདྲེ་ཐམས་ཅད་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་མདོར་ན་གནོད་བྱེད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དང་། ཡང་ཕཊཿཅེས་བརྗོད་པས། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྐད་ཅིག་གིས་མདུན་དུ་ཡི་དམ་གྱི་རྣམ་པར་ཁྲ་ཕུང་གིས་བྱོན་པར་བསམ་ཞིང་། དེ་དག་གིས་བདུད་རྩི་གསོལ་བས་ཚིམ་ཞིང་མཉེས་པར་བསམ་མོ། །ཡང་ཕཊ་ཅེས་བརྗོད་པས༑ མཆོད་པའི་ཡུལ་དེ་དག་དང་། མཆོད་པའི་རྫས་དང་། མཆོད་པ་པོ་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་གཞག་གོ །དེ་ནས་དམ་བཅའ་བཞི་པོ་འདི་དག་བྱ་སྟེ། སྟེང་ནས་ཐོག་བྱུང་ངམ། འོག་ནས་མཚོ་རྡོལ་ལམ། གཡས་ནས་རི་ཉིལ་ལམ། གཡོན་ནས་བྲག་རལ་ལམ། ཅི་བྱུང་ཡང་ད་གནས་འདིར་གསང་སྤྱོད་མཐར་མ་ཕྱིན་གྱི་བར་ལ་ལུས་འགུལ་བསྐྱོད་བྱེད་རེ་ཞེས་ཡིད་ཀྱི་དམ་བཅའ་དྲག་པོ་བྱེད་པའོ། །དེ་ལྟར་བྱས་པས་ལྷ་འདྲེ་རྣམས་ལ་གོས་ཀྱི་ཐུ་བ་རྡོས་མནན་པ་བཞིན་སོང་ནས་ཚར་ལྷོངས་མྱུར་དུ་འགྲིག་པའོ། །ཡང་དཀར་འགྱེད་ནི༑ ཕཊཿཅེས་བརྗོད་པས། རང་གི་སེམས་རྡོ་རྗེ་རྣལ་འབྱོར་མ་ཚོན་གང་བ་གཅིག་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་རྒྱངས་ཏེ་ཐོན་པར་བསམ་ཞིང་། ཡང་ཇེ་ཆེ་ཇེ་ཆེ་ལ་སོང་བར་བསམ༑ ཡང་། ཕཊཿཅེས་བརྗོད་པས་རྡོ་རྗེ་རྣལ་འབྱོར་མའི་གྲི་གུག་གིས་རང་གི་ཐོད་པ་བཅད་ནས་མདུན་དུ་གཞག་ཅིང་། ཐོད་པ་དེ་ཉིད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དང་མཉམ་པར་བསམ་མོ། །དེ་ནས་རྡོ་རྗེ་རྣལ་འབྱོར་མའི་གྲི་གུག་གིས་རང་གི་ལུས་དེ་ཉིད་རྩེ་ན་བླངས་ཏེ། རིན་པོ་ཆེའི་སྣོད་ཀྱི་ནང་དུ་འོ་མར་བྱིན་གྱིས་བརླབས་ནས་གནོད་བྱེད་ཀྱིས་གཙོ་བྱས་པའི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ལ་བྱིན་པས། ལྷ་འདྲེ་དེ་དག་གིས་འཐུངས་ཤིང་ཁྲུས་བྱས་པས། ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ཐམས་ཅད་དག་ནས། ལུས་སེམས་བདེ་བས་ཚིམ་པར་བསམ་མོ། །དམར་འགྱེད་ནི། གཞན་གོང་དང་འདྲ་བ་ལས། རྡོ་རྗེ་རྣལ་འབྱོར་མའི་གྲི་གུག་གིས་རང་གི་ཐོད་པ་བཅད་ནས་མདུན་དུ་རང་བྱུང་གི་སྒྱེད་བུའི་སྟེང་དུ་གཞག་ཅིང་། དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་མཉམ་པ་གཅིག་བསམ་མོ། །དེ་ནས་ཡང་ཕཊཿཅེས་བརྗོད་པས་རྡོ་རྗེ་རྣལ་འབྱོར་མའི་གྲི་གུག་གིས་རང་གི་ལུས་དེ་ཉིད་རྩེན་བླངས་ཏེ། ཐོད་པའི་ནང་དུ་སྤུངས་ཏེ་གཏུབས་ནས་ཁྲག་ཏུ་དམར་ཉོག་སྟེ་སོང་བར་བསམ། དེ་ནས་དཀར་ལ་མི་དགའ་ཞིང་། དམར་ལ་དགའ་བའི་གནོད་བྱེད་ཀྱི་ལྷ་འདྲེས་གཙོས་པའི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ལ་སྦྱིན་པས། ལྷ་འདྲེ་དེ་དག་གིས་འཐུངས་ཤིང་ངོམས་པར་བྱས་པས། ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ལ་སོགས་པ་ཐམས་ཅད་ཞི་ནས། ལུས་སེམས་བདེ་བས་ཚིམ་པར་བསམ་མོ། །དེ་ནས་ཡང་ཕཊཿཅེས་བརྗོད་པས། གནོད་བྱེད་ཀྱི་ལྷ་འདྲེས་གཙོས་པའི་ལྷ་འདྲེ་དེ་དག་དང་། ཐོད་པའི་ནང་གི་རྫས་དང་། རང་ཉིད་ཀྱི་རྣམ་པར་ཤེས་པ་གསུམ་ག་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་གཞག་གོ །སྤྲང་སྟོན་ནི། ཡང་ཕཊཿཅེས་བརྗོད་པས། རང་གི་སེམས་རྡོ་རྗེ་རྣལ་འབྱོར་མ་ཚོན་གང་པ་གཅིག་སྤྱི་བོ་ཚངས་པའི་བུག་ནས་ཡར་རྒྱངས་ཏེ་ཐོན་ཞིང་ཇེ་ཆེ་ཇེ་ཆེ་ལ་སོང་བར་བསམ། ཡང་ཕཊཿཅེས་བརྗོད་པས་རྡོ་རྗེ་རྣལ་འབྱོར་མའི་གྲི་གུག་གིས་རང་གི་ལུས་གཤགས་ནས༑ པགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས་ནས། དེའི་ཁུད་དུ་ཤ་དང་རུས་པ་རྣམས་གཏུབས་ཏེ། ཁྲག་དང་སྦགས་ཏེ་ཆེ་ཐོབ་ཆུང་ཐོབ་མཉམ་པ་རིས་མེད་དུ་གནོད་བྱེད་ཀྱི་ལྷ་འདྲེས་གཙོས་པའི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ལ་སྦྱིན་པས། ལྷ་འདྲེ་དེ་དག་ཐམས་ཅད་ངོམས་ཤིང་དགའ་བར་བྱས་པས། ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ལ་སོགས་པ་ཐམས་ཅད་ཞི་ནས། ལུས་སེམས་བདེ་བས་ཚིམ་པར་བསམ་མོ། །དེ་ནས་ཡང་ཕཊཿཅེས་བརྗོད་པས། གནོད་བྱེད་ཀྱིས་གཙོས་པའི་ལྷ་འདྲེ་དེ་དག་དང་། ཐོད་པའི་ནང་གི་རྫས་དང་། རང་ཉིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་གསུམ་ག་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་གཞག་གོ །ཡང་སྤུས་འདོད་དུ་གཏོང་ན་ཕཊཿཅེས་བརྗོད་པས༑ རང་གི་རྣམ་པར་ཤེས་པའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་ཚོན་གང་པ་གཅིག་སྤྱི་བོ་ཚངས་པའི་བུ་ག་ནས་རྒྱངས་ཏེ་ཐོན་ཞིང་ཇེ་ཆེ་ཇེ་ཆེ་ལ་སོང་བར་བསམ། ཡང་ཕཊཿཅེས་བརྗོད་པས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་སྐད་ཅིག་ལ་འདུས་པར་བསམ། ཡང་ཕཊཿཅེས་བརྗོད་པས་རྣལ་འབྱོར་མའི་གྲི་གུག་གིས་རང་གི་མགོ་བོ་བཅད་ནས་ལྷན་ཅིག་སྐྱེས་པའི་འདྲེ་ལ་སྦྱིན། སྙིང་གནོད་བྱེད་ཀྱི་འདྲེ་ལ་སྦྱིན། དེ་ནས་དོན་སྙིང་ལྔ་འདོད་པ་ལ་དོན་སྙིང་ལྔ་སྦྱིན། དབང་པོ་ལྔ་འདོད་པ་ལ་དབང་པོ་ལྔ་སྦྱིན། པགས་པ་འདོད་པ་ལ་པགས་པ་སྦྱིན། ཁྲག་འདོད་པ་ལ་ཁྲག་སྦྱིན། ཤ་འདོད་པ་ལ་ཤ་སྦྱིན། ཚིལ་འདོད་པ་ལ་ཚིལ་སྦྱིན། རུས་པ་འདོད་པ་ལ་རུས་པ་སྦྱིན། ཡན་ལག་འདོད་པ་ལ་ཡན་ལག་སྦྱིན། དེ་ནས་ཡང་ཕཊཿཅེས་བརྗོད་པས། གནོད་བྱེད་ཀྱི་ལྷ་འདྲེ་དེས་གཙོ་བྱས་པའི་ལྷ་འདྲེ་དེ་དག་དང་། རང་གི་ལུས་དང་། རྣམ་པར་ཤེས་པའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་གསུམ་ག་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་བཞག་གོ །དེ་ལས་འཕྲོས་པ་སྲིད་པ་གསུམ་གྱི་ངོ་སྤྲོད་བྱ་བ་ལ། སྟེང་ལྷའི་སྲིད་པ་ནི། རང་ཉིད་ལྷ་ཡུལ་སུམ་ཅུ་རྩ་གསུམ་ན་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ནས། དེ་ལ་ལྷའི་བུ་དང་བུ་མོ་ལ་སོགས་པ་ལྷ་དབང་སུམ་ཅུ་རྩ་གསུམ་གྱིས་གཡས་ནས་མཆོད་པ་དཔག་ཏུ་མེད་པ་ཕུལ་བ་དེ་ལ་དགའ་བ་སྐྱེའམ་མི་སྐྱེ་ལྟ། དགའ་བ་སྐྱེ་འདུག་ན་དེ་ལ་སྐྱེ་རྒྱུ་ཅི་ཡོད རང་གི་སེམས་ཀྱིས་བྱས་བ་མ་གཏོགས་དོན་ལ་གྲུབ་པ་མེད་པ་སེམས་ཀྱིས་ཐག་བཅད། ཡང་དེ་དག་སྐད་ཅིག་གིས་བདུད་དང་སྲིན་པོར་གྱུར་ནས་རང་ཉིད་ལ་མི་སྙན་པ་སྣ་ཚོགས་བརྗོད་ཅིང་རྡེག་བཙོག་སྣ་ཚོགས་བྱས་པར་བསམ་ལ། མི་དགའ་བའི་བློ་སྐྱེའམ་མི་སྐྱེ་ལྟ། སྐྱེ་ན་དེ་ལ་མི་དགའ་བའི་བློ་སྐྱེ་རྒྱུ་ཅི་ཡོད། རང་གི་སེམས་ཀྱིས་བྱས་པ་མ་གཏོགས་དོན་ལ་གྲུབ་པ་མེད་པ་སེམས་ཀྱིས་ཐག་བཅད། བར་མིའི་སྲིད་པ་ནི། ཡང་རང་ཉིད་མི་ཡུལ་དུ་མིའི་རྒྱལ་པོ་སྟོང་འཁོར་ལོས་སྒྱུར་པའི་རྒྱལ་པོར་གྱུར་ནས། དེ་ལ་གཡས་ནས་མིའི་བུ་དང་བུ་མོ་སྣ་ཚོགས་པས་རྙེད་པ་དང་བཀུར་སྟི་དཔག་ཏུ་མེད་པ་ཕུལ་བར་བསམས་ལ། དེ་ལ་དགའ་བ་སྐྱེའམ་མི་སྐྱེ་ལྟ། དགའ་བ་སྐྱེ་འདུག་ན་དེ་ལ་དགའ་བ་སྐྱེ་རྒྱུ་ཅི་ཡོད། རང་གི་སེམས་ཀྱིས་བྱས་པ་མ་གཏོགས་དོན་ལ་གྲུབ་པ་མེད་པ་སེམས་ཀྱིས་ཐག་བཅད། ཡང་དེ་དག་སྐད་ཅིག་གིས་བདུད་དང་སྲིན་པོར་གྱུར་ནས། རང་ཉིད་ལ་མི་སྙན་པ་སྣ་ཚོགས་བརྗོད་ཅིང་རྡེག་བཙོག་སྣ་ཚོགས་བྱས་པར་བསམས་ལ། མི་དགའ་བའི་བློ་སྐྱེ་འམ་མི་སྐྱེ་ལྟ༑ སྐྱེ་ན་དེ་ལ་མི་དགའ་བ་སྐྱེ་རྒྱུ་ཅི་ཡོད། རང་གི་སེམས་ཀྱི་བྱས་པ་མ་གཏོགས་དོན་ལ་གྲུབ་པ་མེད་པ་སེམས་ཀྱིས་ཐག་བཅད། འོག་ཀླུའི་སྲིད་པ་ནི། ཡང་རང་ཉིད་ཀླུ་ཡུལ་དུ་ཀླུའི་རྒྱལ་པོར་གྱུར་ནས། དེ་ལ་ཀླུའི་བུ་དང་བུ་མོ་མང་པོས་གཡས་ནས་མཆོད་པ་ལ་སོགས་པ་དཔག་ཏུ་མེད་པ་བྱས་པར་བསམས་ལ། དེ་ལ་དགའ་བ་སྐྱེའམ་མི་སྐྱེ་ལྟ། དགའ་བ་སྐྱེ་ན་དེ་ལ་དགའ་བ་སྐྱེ་རྒྱུ་ཅི་ཡོད། རང་གི་སེམས་ཀྱིས་བྱས་བ་མ་གཏོགས་དོན་ལ་གྲུབ་པ་མེད་པ་སེམས་ཀྱིས་ཐག་བཅད། ཡང་དེ་དག་སྐད་ཅིག་གིས་བདུད་དང་སྲིན་པོར་གྱུར་ནས། རང་ཉིད་ལ་མི་སྙན་པ་སྣ་ཚོགས༑ བརྗོད་ཅིང་རྡེག་བཙོག་སྣ་ཚོགས་བྱས་པར་བསམས་ལ། མི་དགའ་བའི་བློ་སྐྱེ་འམ་མི་སྐྱེ་ལྟ། སྐྱེ་ན་དེ་ལ་མི་དགའ་བ་སྐྱེ་རྒྱུ་ཅི་ཡོད། རང་གི་སེམས་ཀྱིས་བྱས་པ་མ་གཏོགས་དོན་ལ་གྲུབ་པ་མེད་པ་སེམས་ཀྱིས་ཐག་བཅད། དེ་ནས་རང་ཉིད་ལ་དངོས་སུ་གཞན་གྱིས་བསྟོད་པ་དང་བསྙེན་བཀུར་ལ་སོགས་པ་བྱས་པ་ལ་དགའ་བའི་བློ་སྐྱེའམ་མི་སྐྱེ་ལྟ། དགའ་བའི་བློ་སྐྱེ་ན་དེ་ལ་དགའ་བའི་བློ་སྐྱེ་རྒྱུ་ཅི་ཡོད། མེད་བཞིན་དུ་སྣང་བ། དོན་ལ་གྲུབ་པ་མེད་པ་ཡིན་མོད་སྙམ་དུ་སེམས་ཀྱིས་ཐག་བཅད། ཡང་རང་ཉིད་ལ་གཞན་གྱིས་དངོས་སུ་མི་སྙན་པ་སྣ་ཚོགས་བརྗོད་ཅིང་རྡེག་གཙོག་སྣ་ཚོགས་བྱེད་པ་དང་། འཕྲོག་འཇོམ་ལ་སོགས་བྱས་པ་ལ་མི་དགའ་བའི་བློ་སྐྱེ་འམ་མི་སྐྱེ་ལྟ། མི་དགའ་བའི་བློ་སྐྱེ་ན་དེ་ལ་མི་དགའ་བའི་བློ་སྐྱེ་རྒྱུ་ཅི་ཡོད། མེད་བཞིན་དུ་སྣང་བ༑ དོན་ལ་གྲུབ་པ་མེད་པ་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་མོད་སྙམ་དུ་སེམས་ཀྱིས་ཐག་བཅད། མདོར་ན་འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་ཏེ་ཉམས་སུ་བླང་བར་བྱ་བ་ཡིན་ནོ། དེས་དངོས་གཞི་སྟོང་ཉིད་ཀྱི་ཟློག་སྒོམ་གྱིས་བདག་འཛིན་རྩད་བཅད་པ་དེ་སོང་ནས། །གསུམ་པ་རྗེས་སྙིང་རྗེའི་ཟློག་སྒོམ་གྱིས་ལྷ་འདྲེ་གདུལ་བྱར་སྡུད་པ་དེ་སྟོན་པར་བྱེད་དེ། དེ་ལ་ཞལ་གདམས་དང་། སྙིང་རྗེའི་ཟློག་སྒོམ་གཉིས་ལས། དང་པོ་ཞལ་གདམས་ལ། ལྷོངས་ཚད། ཚར་ཚད། རྗེས་འཛིན། ལྷོངས་ཚད་འདྲ་བའི་ཚར་ཚད། ཚར་ཚད་འདྲ་བའི་ལྷོངས་ཚད། གཉིས་ཀ་འདྲ་བའི་བག་ཆགས་དང་དྲུག་ཡོད་པ་ལས། དང་པོ་ལྷོངས་ཚད་ལ་དངོས་སུ་ལྷོངས་པ་དང་། ཉམས་སྣང་དུ་ལྷོངས་པ་དང་། རྨི་ལམ་དུ་ལྷོངས་པ་གསུམ་ལས། དང་པོ་དངོས་སུ་ལྷོངས་པ་ལ། ལུས་ཐོག་ཏུ་ལྷོངས་པ་དང་། སེམས་ཐོག་ཏུ་ལྷོངས་པ་གཉིས་ལས། དང་པོ་ལུས་ཐོག་ཏུ་དངོས་སུ་ལྷོངས་པ་ནི། གསང་སྤྱོད་ལ་ཕྱིན་པ་ན། གསང་སྤྱོད་ཀྱི་གནས་དེར་ལྷ་འདྲེས་གཟུགས་དངོས་སུ་སྟོན་པ་དང་། གཟུགས་མེད་པའི་ལག་པ་རྐྱོང་བ་དང་། ལྷ་འདྲེའི་དམག་གིས་བསྐོར་བ་དང་། བཤུགས་སྐད་འཚེར་བ་དང་། ལུས་སྤུ་ཟིང་བྱེད་པ་དང་༑ ལུས་ལ་བློ་བུར་དུ་ན་ཚ་དྲག་པོ་བྱུང་བ་སོགས་ལུས་ཐོག་ཏུ་ལྷོངས་པ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཡིན་ནོ། །གཉིས་པ་སེམས་ཐོག་ཏུ་དངོས་སུ་ལྷོངས་པ་ནི། སེམས་ལ་བྱིང་རྒོད་རྨུགས་གསུམ་གྱི་སྐྱོན་དང་། གནོད་པ་དང་། སེམས་མི་དགའ་བ་དང་། བླ་མ་ལ་ལོག་ལྟ་སྐྱེ་བ་དང་། དགེ་སྦྱོར་བྱེད་སྙིང་མི་འདོད་པ་ལ་སོགས་མང་དུ་བྱུང་བ་ཡིན་ནོ། །གཉིས་པ་ཉམས་སྣང་དུ་ལྷོངས་པ་ནི། ཉམས་སྣང་དུ་དེ་དག་འབྱུང་བ་ཡིན་ནོ། །གསུམ་པ་རྨི་ལམ་དུ་ལྷོངས་པ་ནི། རྨི་ལམ་དུ་གོང་དུ་ཤར་བ་དེ་དག་འབྱུང་བ་ཡིན་ནོ། །གཉིས་པ་ཚར་ཚད་ནི། གསང་སྤྱོད་བྱེད་པའི་གནས་དེའི་ལྷ་འདྲེས་གཙོས་པའི་ལྷ་འདྲེ་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང་། གུས་པ་དང་། དད་པ་དང་། ལོངས་སྤྱོད་ལ་སོགས་པའི་མཐུན་རྐྱེན་སྒྲུབ་པ་དང་། དེ་དག་གི་ཤུགས་ཀྱིས་མི་རྣམས་ཀྱིས་ཀྱང་དེ་ལྟར་བྱེད་པ་འབྱུང་བ་ཡིན་ནོ། །གསུམ་པ་རྗེས་འཛིན་ནི་འོག་ཏུ་འབྱུང་ངོ་། །བཞི་པ་ལྷོང་ཚད་འདྲ་བའི་ཚར་ཚད་ནི། གསང་སྤྱོད་ལ་ཕྱིན་པ་ན་ལུས་ལ་ན་ཚ་དྲག་པོ་ལ་སོགས་པ་བྱུང་བ་དང་། དེ་ལ་དམིགས་ནས་དགེ་སྦྱོར་བྱས་པ་ན། སྦར་བས་དགེ་སྤྱོར་འཕེལ་ཞིང་བོགས་ཐོན་པ་འབྱུང་བ་ཡིན་པས་ན། ལྷོངས་ཚད་འདྲ་བའི་ཚར་ཚད་ཡིན་ཏེ། རྣམ་པ་ལུས་ལ་ན་ཚ་བྱུང་བས་ལྷོངས་ཚད་འདྲའང་། དེ་ལ་དམིགས་ནས་དགེ་སྦྱོར་འཕེལ་ཞིང་བོགས་ཐོན་པ་འབྱུང་བས་ངོ་བོ་ཚར་ཚད་ཡིན་ནོ། །ལྔ་པ་ཚར་ཚད་འདྲ་བའི་ལྷོངས་ཚད་ནི། གསང་སྤྱོད་ཀྱི་སར་བདུད་ཀྱི་ཆོ་འཕྲུལ་གྱིས་བླ་མ་དང་ཡི་དམ་གྱི་གཟུགས་སུ་བྱས་ནས་ལུང་སྟོན་པ་ལ་སོགས་པ་འབྱུང་བ་ནི། ཚར་ཚད་འདྲ་བའི་ལྷོངས་ཚད་ཡིན་ཏེ། བླ་མ་དང་ཡི་དམ་གྱིས་ལུང་སྟོན་པ་ནི་ཚར་ཚད་འདྲའང་། བདུད་ཀྱི་ཆོ་འཕྲུལ་གྱིས་བླ་མ་དང་ཡི་དམ་གྱི་གཟུགས་སུ་བྱས་ནས་ལུང་སྟོན་པ་ལ་སོགས་པ་ནི། ལྷོངས་ཚད་ཡིན་པས་ན། འདྲ་བ་ནི་ཚར་ཚད་འདྲ་སྟེ། ལྷོངས་ཚད་ཡིན་ནོ༑ །དྲུག་པ་གཉིས་ཀ་འདྲ་བའི་བག་ཆགས་ནི། ཉིན་མོ་ཟ་མ་སྟེར་མཁན་བྱུང་བ་དང་། ཉིན་མོ་གཞན་དང་འཁྲུག་པ་བྱས་པ་ལ་སོགས་པ་རྣམས་མཚན་མོ་རྨི་ལམ་དུ་འབྱུང་བ་རྣམས་དང་། མཚན་མོ་རྨི་ལམ་དུ་དེ་ལྟར་བྱུང་བ་རྣམས་ནི་ལྷོངས་ཚད་དང་ཚར་ཚད་གཉིས་ཀ་མ་ཡིན་ཏེ། གཉིས་ཀ་འདྲ་བའི་བག་ཆགས་ཡིན་ནོ། །ཞལ་གདམས་སོང་ནས༑ གཉིས་པ་རྗེས་སྙིང་རྗེའི་ཟློག་སྒོམ་དེ་སྟོན་པར་བྱེད་དེ། དེ་ལ་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང་གསུམ་ལས། དང་པོ་སྤྲོས་བཅས་དེ་སྟོན་པར་བྱེད་དེ༑ དེའང་རྨི་ལམ་དུ་གསང་སྤྱོད་བྱེད་པའི་གནས་དེའི་གཞི་བདག་གིས་གཙོས་པའི་ལྷ་འདྲེ་རྣམས་ཡུལ་ཐོན་འགྲོ་བ་དང་། ངུ་གཅོམ་ཆེན་པོ་ལ་སོགས་པ་བྱུང་ན། རང་ཉིད་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ། སྐུ་སྟོད་ཀྱིས་གཟུགས་ཁམས་ཡན་ཆད་ཁྱབ་པ། སྐུ་སྨད་ཀྱིས་འདོད་ཁམས་མན་ཆད་ཁྱབ་པ། ཞི་ཞིང་འཛུམ་པ་དང་ལྡན་པ། མཐོང་བ་ཙམ་གྱིས་ལྷ་འདྲེ་དེ་དག་གི་བསམ་ངན་གདུག་རྩུབ་ཐམས་ཅད་ཞི་བར་ནུས་པ་གཅིག་ཏུ་བསམ་ནས། དེའི་ཕྱག་གི་མཐིལ་ནས་བདུད་རྩི་འོ་མ་ལྟ་བུའི་རྒྱུན་བབས་པས། ལྷ་འདྲེ་དེ་དག་གིས་ཁྲུས་བྱས་པས། ལྷ་འདྲེ་དེ་དག་གི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་བསམ་ངན་གདུག་རྩུབ་ཐམས་ཅད་ཞི་ནས། ལུས་སེམས་བདེ་བ་ཕུན་སུམ་ཚོགས་པས་ཁྱབ་པར་བསམ་པའོ། །དེས་སྤྲོས་བཅས་དེ་སོང་ནས། །གཉིས་པ་སྤྲོས་མེད་དེ་སྟོན་པར་བྱེད་དེ། དེ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པར་བྱེད་པ་ཡིན་པས་ན། དེ་ལ་གསང་སྤྱོད་བྱེད་པའི་གནས་དེའི་གཞི་བདག་དེས་གཙོས་པའི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་སྙམ་པའི་བློ་བཅོས་མ་མ་ཡིན་པ་སྒོམ་པར་བྱེད་པ་ནི་བྱམས་པ་སྒོམ་པའོ། །དེ་དག་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ན་སྙམ་པའི་བློ་བཅོས་མ་མ་ཡིན་པ་སྒོམ་པར་བྱེད་པ་ནི་སྙིང་རྗེ་སྒོམ་པའོ། །དེ་དག་ཐམས་ཅད་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་ཞིང་། དེའི་ཆེད་དུ་བདག་གིས་གསང་བའི་སྤྱོད་པ་མཐར་ཕྱིན་པ་སྤྱད་པར་བྱའོ་སྙམ་པའི་བློ་བཅོས་མ་མ་ཡིན་པ་སྒོམ་པར་བྱེད་པ་ནི་བྱང་ཆུབ་ཀྱི་སེམས་སྒོམ་པའོ། །དེས་སྤྲོས་མེད་དེ་སོང་ནས། གསུམ་པ་ཤིན་ཏུ་སྤྲོས་མེད་དེ་སྟོན་པར་བྱེད་དེ། དེ་ནི་ལྷ་འདྲེ་དང་རང་ཉིད་གཉིས་ཀ་མི་དམིགས་ཤིང་། མདོར་ན་ཆོས་ཐམས་ཅད་མི་དམིགས་པ་ཉིད་དེ་ཆོས་ཀྱི་སྐུའི་ངང་ལ་མཉམ་པར་འཇོག་པའོ། །དེ་ལས་ལངས་ནས། རྗེས་ཐོབ་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་སྨོན་ལམ་རྣམ་པར་དག་པ་འདེབས་པར་བྱེད་པ་ཡིན་ནོ། །ནཱ་རོ་གསང་སྤྱོད་ཀྱི་དམིགས་རིམ་འདི་ཉིད། ཤཱཀྱའི་དགེ་སློང་མི་ཕམ་པདྨ་དཀར་པོས་སྦྱར་བའོ།།


previousནཱ་རོ་གསང་སྤྱོད་ཀྱི་དམིགས་རིམ།next