Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་དུ་སེང་གེ་རྣམ་པར་རྩེ་བ།
   
   
   
   
   
   
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་དུ་སེང་གེ་རྣམ་པར་རྩེ་བ།next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་དུ་སེང་གེ་རྣམ་པར་རྩེ་བ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་དུ་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བ་བཞུགས་སོ། །ལྟ་བའི་ཡར་ཚེས་ཟླ་ནགས་སུ། །སྒོམ་པའི་རི་དྭགས་བཅིང་བའི་སླད། །སྤྱོད་པའི་འོད་དཀར་སྒྲོ་ལྡན་རྣམས། །མི་ཟད་ནམ་མཁའི་ཕ་མཐར་བཏང་། །དེ་འདྲའི་རྔོན་ལ་ཆགས་སྟོན་པའི། །འཇམ་དབྱངས་འཕགས་པ་ལྷའམ་ཀླུའི། །རྟོག་འོངས་དམ་པའི་རྒྱ་ནང་དུ། །གཉིས་འཐུང་འཁོར་བའི་ཚོགས་ནས་གར། །དེ་ཡིས་ལབ་པའི་རེ་ཁཱ་ལས། །ཡིད་སྲུབས་རྩེ་དགས་རྨོངས་པའི་སྒྲོན། །བརྒལ་བས་སྒྱུ་མའི་གར་མཁན་པོ། །དགའ་བ་རྒྱས་པའི་ལག་རྩེར་བླངས། །ཤེས་རབ་ཉི་འོད་དེ་འཐུང་ལ། །དགའ་བྱེད་པདྨ་དཀར་པོའི་གྲོགས། །སྦྱངས་སྟོབས་ཧ་ནུ་མན་དའི་རླུང་། །མི་ཤེས་ནམ་མཁའི་སྤྲིན་གཏོར་འོངས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་དུ་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བ་འདི་གང་ལས་བྱུང་བའི་ཁུངས་དང་། དངོས་སོ། །དང་པོ་ནི། སྟོན་པས་འཇམ་དབྱངས་ལ། དེས་བྲམ་ཟེ་ཨཱརྻ་དེ་བ་ལ། དེས་དམ་པ་རྒྱ་གར་བ་ལ། དེས་ལབ་ཀྱི་སྒྲོན་མ་ལ། དེས་གངས་ཅན་གྱི་རྒྱུད་འདི་ཁའི་ཉི་འོག་ལྷོ་ཡི་རྒྱལ་ཁམས་ཆེན་པོ། བཀྲ་ཤིས་པ་མཐོང་ཚད་སྨོན་པའི་འཕྲུལ་གྱི་གཙུག་ལག་ཁང་ངོགས་སུ་ཆགས་པའི་རྩེ། གང་གིས་བྱིན་གྱིས་རློབ་པའི་དུས། རྡོ་རྗེ་བཙུན་མོ་པདྨའི་སྣོད་དུ་བརྫུས་ནས་འོངས་པ། དམ་ཚིག་གི་བཏུང་བས་བཀང་བ་ཡོད་པའི་ཚོགས་ཀྱི་དཀྱིལ་འཁོར་དུ། རྒྱ་གར་གྱི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། མཆོག་རྣམས་ལ་དངོས་དང་། དམངས་མས་ཀྱང་བྱ་རྒོད་ཀྱི་གཟུགས་གྲངས་དེ་སྙེད་འདུས་ནས་དགའ་སྟོན་བགྱིད་པ་མངོན་སུམ་དུ་མཐོང་བས་བྱ་རྒོད་ཕུང་པོའི་རི་ཞེས་ཕྱིས་གྲགས་པར་གྱུར་པའི་བསམ་གཏན་གྱི་ཁང་པར་ཁོ་བོའི་རྗེ་བཙུན་སྒྱུ་མའི་གར་མཁན་ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་སྐྱོང་བའི་དྲུང་དུ། མཛེས་སྡུག་གི་རི་མོ་རྫོགས་པས་ཡིད་དུ་འོང་བ་ཐམས་ཅད་ཀྱི་མཐར་ཐུག་པར་བྱས་པའི་བུ་མོ་ཞིག་ཏུ་མཛད་དེ་བྱོན། །ཁོ་མོ་ནི་ལབ་ཀྱི་སྒྲོན་མའོ་ཞེས་གསུང་པ་གསན་པས་མི་ཕྱེད་པའི་དད་པས་མྱོས་པ་ན། དེ་ན་རེ། རིགས་ཀྱི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱད་པ་སྤྱོད་པར་འདོད་ན་འདི་ལྟར་བསླབ་པར་བྱ་སྟེ། དབྱིངས་དང་རིག་པ་བསྲེས་ན་རྡོ་རྗེ་ལྟ་བུར་འགྱུར། །ཕུང་པོ་གཟན་དུ་བསྐྱུར་ན་སྒྱུ་མའི་ཀློང་དུ་འབྱམས། །གཟུང་འཛིན་སྙེམས་ཐག་བཅད་ན་དཔའ་བར་འགྲོ་སྟེ་མཆི། །དམ་པ་རྒྱ་གར་བས་ཁོ་མོ་ལ་བསྟན་པ་ནི་ཚིག་གསུམ་པོ་འདི་ཙམ་སྟེ། འདིས་ཁོ་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་ཡོངས་སུ་ཞུགས་པ་ཡིན་ནོ། །ཞེས་གསུངས་པའི་མཐར་སྙོམས་པར་འཇུག་པས་བྱིན་གྱིས་བརླབས་ཏེ་གཉིས་སུ་མེད་པར་ཐིམ་མོ། །རྗེ་བཙུན་དེས་ཀྱང་འདིའི་སྣོད་དུ་ཁོ་བོ་འོས་པར་གཟིགས་ནས་ཤིན་ཏུ་གསང་བའི་ཚུལ་གྱིས་རྒྱས་པར་བསྟན་ཏེ། ཕྱིས་ཡི་གེའི་རིགས་སུ་སྤེལ་ཞིག་ཞེས་པའི་ལུང་ཡང་ཐོབ་བོ། །གཉིས་པ་ལ། དབྱིངས་རིག་བསྲེ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལྟ་བའི་རྦ་བཟློག ཕུང་པོ་གཟན་དུ་བསྐྱུར་བ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒོམ་པའི་དར་འཕྱར། གཟུང་འཛིན་སྙེམས་ཐག་བཅད་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་སྤྱོད་པའི་ཕ་མཐར་བརྒལ་བ་གསུམ་ལས། །དང་པོ་ནི། གནས་ངན་ལེན་གྱི་དྲི་མ་བདུད་ཅེས་བྱ་ལ། དེ་ཡང་བདག་དང་ཆོས་སུ་གཟུང་བས་རྒྱས་པར་གྱུར་པའོ། །དེ་གཅོད་པ་ནི་བདག་དང་ཆོས་རང་བཞིན་གྱིས་སྟོང་པར་ལྟ་བས་སོ། །གང་གིས་ཞེ་ན། དབྱིངས་དང་རིག་པ་བསྲེས་ན་རྡོ་རྗེ་ལྟ་བུར་འགྱུར། །ཞེས་པ་འདིས་ཏེ། དེ་ཤེས་པ་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ལ་སེང་གེ་རྣམ་པར་རྩེ་བ་ཡིན་པའི་ཕྱིར་འདི་ལ་བདུད་ཀྱི་སྤྱོད་ཡུལ་ཞེས་བྱ་བ་ཁྱེད་རྣམས་ལ་སྟོན་ཏེ་ཞེས་དང་པོ་བླ་མས་ངོ་སྤྲད་པའི་དུས་སུ་བརྗོད། སློབ་མས་ཀག་ལངས་ནས་ཐལ་མོ་སྙིང་གར་སྦྱར་བའི་རྩེར་མིག་བཅིངས། ཡིད་རྩེ་གཅིག་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་ནས། བླ་མའི་སྤྱི་བོར་བརྒྱུད་པའི་བླ་མ་རྣམས་མུ་ཏིག་གི་འཕྲེང་བ་ལྟར་བརྩེགས་ཤིང་འོད་ཟེར་གྱིས་བརྗིད་པ་བདག་གི་སྤྱི་བོར་བྱོན། འཁོར་གསུམ་མི་རྟོག་པ་ཉིད་ཡན་ལག་བདུན་པར་གཞག་པས་མཆོད། སྐྱོན་མི་མངའ་ལ་ཡོན་ཏན་རྫོགས་ལགས་པས། །སྐྱབས་གནས་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་གཟུང་ཞིག་སྟོན་པ་རིན་པོ་ཆེ། །བྱིན་གྱིས་རློབས་དང་ཟས་གཙང་རྒྱལ་པོའི་སྲས། །རྒྱལ་བ་ཀུན་ཀྱི་ཡེ་ཤེས་སྐུ་ལགས་པས། །བླ་མ་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་གཟུང་ཞིག་ངག་དབང་ལྷག་པའི་ལྷ། །བྱིན་གྱིས་རློབས་དང་རྗེ་བཙུན་འཇམ་པའི་དབྱངས། །གསང་བ་ཀུན་གྱི་གཏེར་འབྱེད་ཁྱོད་ལགས་པས། །དཔུང་གཉེན་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་གཟུང་ཞིག་བྲམ་ཟེ་མཐུ་སྟོབས་མགོན། །བྱིན་གྱིས་རློབས་དང་དཔལ་ལྡན་འཕགས་པ་ལྷ། །བསྟན་པ་འདི་ལ་སྟོན་པར་མཚུངས་ལགས་པས། །མགོན་པོ་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་གཟུང་ཞིག་ཀ་མ་ལ་ཤཱི་ལ། །བྱིན་གྱིས་རློབས་དང་དམ་པ་རྒྱ་གར་བ། །དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ་ལགས་པས། །མ་མ་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་གཟུང་ཞིག་ཡེ་ཤེས་ཌཱ་ཀི་མ། །བྱིན་གྱིས་རློབས་དང་ལབ་སྒྲོན་སྤྲུལ་པའི་སྐུ། །མི་ཟད་རྒྱན་གྱི་འཁོར་ལོའི་མཛོད་ལགས་པས། །གཏད་སོ་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་གཟུང་ཞིག་ཨ་ཝ་དྷཱུ་ཏཱི་པ། །བྱིན་གྱིས་རློབས་དང་གྲུབ་ཆེན་བཙུན་མོ་ཅན། །སྙིང་རྗེའི་སྤྱན་རས་ཀུན་ལ་གཟིགས་ལགས་པས། །ཡོངས་འཛིན་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་གཟུང་ཞིག་པདྨ་དཀར་པོའི་ཞབས། །བྱིན་གྱིས་རློབས་དང་མ་ཧཱ་པཎྜྻི་ཏ། །ཆོས་ཀུན་མཁྱེན་པའི་མངའ་བདག་ཁྱོད་ལགས་པས། །མཁས་གྲུབ་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་ཟུང་ཞིག་ལྷ་དབང་བློ་གྲོས་ཞབས། །བྱིན་གྱིས་རློབས་དང་གསུམ་ལྡན་རྡོ་རྗེ་འཛིན། །རྒྱལ་ཀུན་ནུས་པའི་གོང་བུ་ཁྱོད་ལགས་པས། །མཐུ་ཆེན་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་ཟུང་ཞིག་ངག་དབང་རྣམ་རྒྱལ་ཞབས། །བྱིན་གྱིས་རློབས་དང་བདུད་འཇོམས་རྡོ་རྗེའི་མཚན། །ཞེས་གསོལ་བ་བཏབ་པས་བླ་མ་རྣམས་བདུད་རྩིར་དཀར་ནར་གྱིས་ཞུ་ནས་ལུས་ཕྱི་ནང་ཐམས་ཅད་ལ་ཁྱབ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ནད་གདོན་ཐམས་ཅད་དག་པར་བྱས་པས་ལུས་ཤེལ་གོང་ཕྱིས་པ་ལྟར་སོང་བར་བསམ་མོ། །དེ་ནས་རིག་པའམ་སེམས་ཞེས་བྱ་བ་ལུས་ཐམས་ཅད་ལ་ཡུངས་ཀར་ལ་མར་ཁུ་བཞིན་དུ་ཁྱབ་པར་གནས་པ་སྟེང་རླུང་མནན་འོག་རླུང་བསྐུམ་པའི་རྐྱེན་གྱིས་མེ་ལོང་ལ་ཧས་བཏབ་པ་འདུས་པ་བཞིན་འུབ་འུབ་འདུས་ཏེ་སྤྱི་བོ་ཚངས་པའི་བུ་ག་ན་ཡར་སྟོང་སང་གིས་འཐོན་ནས་ཕཊ྄་ནམ་མཁའ་དབྱིངས་དང་དབྱེར་མེད་དུ་འདྲེས་པའི་ངང་ལ་ལྷོད་ཀྱིས་གློད་ཁྲེས་ཀྱིས་བོར་ལ་གཞག་གོ །ལུས་དཀོན་མཆོག་སྲི་ཞུའི་མགྲོན་ཐམས་ཅད་ཀྱི་སྤྱན་སྔར་བླ་ན་མེད་པའི་མཆོད་རྫས། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཀྱི་སྤྱན་སྔར་ཀུན་ཏུ་བཟང་པོའི་མཆོད་སྤྲིན། ལན་ཆགས་ཤ་འཁོན་གཉེར་བའི་མགྲོན་སྡེ་བརྒྱད་རྣམས་ཀྱི་མིག་སྔར་ཤ་རུས་དབང་པོ་དོན་སྣོད་ཀྱི་རི་བོ། ཁྲག་ཞག་ཀླད་པའི་རྒྱ་མཚོ། ཅི་འཐུང་ཅི་ཟོས་ཀྱང་ཟད་པ་མེད་པ། འགྲོ་དྲུག་སྙིང་རྗེའི་མགྲོན་རྣམས་ཀྱི་སྣང་ངོར། གནས་གོས་མལ། ཟས་ལོངས་སྤྱོད་ཐམས་ཅད་པར་གྱུར་བར་བསམས་ཏེ་དགེ་བ་བྱང་ཆུབ་ཏུ་བཏང་ངོ་། །སྔ་མ་ནི་ཡེ་ཤེས། ཕྱི་མ་ནི་བསོད་ནམས་ཀྱི་ཚོགས་བསྒྲུབ་བོ། །གཉིས་པ་ནི་ཕུང་པོ་གཟན་དུ་བསྐྱུར་ན་སྒྱུ་མའི་ཀློང་དུ་འབྱམས། །རྒྱུན་ཏུ་གོང་བཞིན་དུ་སྐྱབས་སེམས། བྱིན་རླབས་ཞུ་བ་གསུམ་བྱས་ནས་ལུས་སེམས་ཕྲལ་ཏེ། ལྟ་རྒྱུ་དང་སྒོམ་རྒྱུ་ཐམས་ཅད་དང་བྲལ་བ། བསམ་རྒྱུ་དང་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བའི་ངང་ལ་ཕྱད་དེ་ཧད་དེ་ཁྲེས་སེ་གཞག་གོ །དེ་ཙམ་ན་རྟོག་མེད་ཀྱི་རིག་པ་མཁའ་ལ་བསྐྱུར་བས་བདག་མེད་ཀྱི་ཕུང་པོ་ས་ལ་བོར་བ་བྱ་བ་ཡིན་པས་དུས་དེ་ནས་ལུས་ཀྱི་གཉེར་ཁ་སེམས་ཀྱིས་མི་བྱ། སེམས་ཀྱི་རྟེན་སོ་ལུས་ལ་མི་བཅོལ་བར་ལུས་བདག་མེད་པ་ས་རྡོ་བཞིན་དུ་བོར་ལ་བཞག སེམས་ནམ་མཁའ་སྟོང་པ་ལྟར་རྟེན་མེད་རང་སར། དུས་གསུམ་གྱི་རྟོག་པའམ་ཡིད་ལ་བྱེད་པའི་དྲན་རྟོག་གང་བྱུང་ཡང་། དེའི་རྗེས་སུ་མི་འབྲང་བར་ཕཊ྄་ཅེས་བརྗོད་ཅིང་ཤིག་གིས་བཤིག་ལ་མ་བཅོས་པར་བསྐྱུར་བས་སྣང་བ་ཐམས་ཅད་བན་མ་བུན་མ་འམ་ཟི་འོམ་ཟི་སྒྱུ་མ་ཙམ་དུ་འགྱུར་རོ། །གསུམ་པ་ལ། གཅོད། ལྷོངས། ཚར་ཚད། ལོག་གནོན་བཞི་ལས། དང་པོ་ནི། གཟུང་འཛིན་སྙེམས་ཐག་བཅད་ན་དཔའ་བར་འགྲོ་བར་འགྱུར། །ཞེས་པས་སྒོམ་ལ་བོགས་དབྱུང་བའི་ཕྱིར་སྤྱོད་པ་ལ་འཇུག་སྟེ། གཉན་ས་ཆེན་པོར་ཕྱིན་ནས་ནམ་མཁའ་སྒོ་འབྱེད་ཀྱི་ལག་ལེན་ལ་ཞུགས་པའོ། །གཉིས་པ་ནི། རྨི་ལམ་ལྷོངས་པ་དང་། ཆོ་འཕྲུལ་ལྷོངས་པ་དང་། ན་ཚ་ལྷོངས་པའོ། །དེ་དག་གང་ཡང་མ་བྱུང་ན་གདོན་ནུས་པ་ཆུང་བ་ཡིན་པས་གཉན་ས་གཞན་དུ་སྤོ་བར་བྱའོ། །ཆོ་འཕྲུལ་བྱུང་ན་ལྷོངས་པ་ཡིན་པས་ས་དེ་ཉིད་དུ་འདུག་ལ་ཉམས་ལེན་རེམ་དུ་བྱའོ། །ལྷོངས་ནས་མ་ཚར་གྱི་བར་དུ་གཉན་ས་གཞན་དུ་མི་སྤོ། ལྷོངས་པའི་ཆོ་འཕྲུལ་ལ་བྲེད་ནས་གཞན་དུ་སྤོས་ན་གདོན་གྱི་ལག་ཏུ་གཏད་པ་དང་འདྲ་བ་ཡིན་ནོ། །གསུམ་པ་ནི། སྔར་གྱི་ཆོ་འཕྲུལ་ལྷོངས་པ་དེ་ཉལ་གྱིས་ཞི་ན་ཚར་བ་ཡིན་པས་གཉན་ས་གཞན་དུ་སྤོས་པས་ཆོག་པ་ཡིན་ནོ། །བཞི་པ་ལ། ནད་གཅོད་དང་གདོན་གཅོད། གཉན་གཅོད་དང་རོ་གཅོད། མི་གཙང་བའི་གཅོད་དང་སྙེམས་གཅོད་དོ། །དང་པོ་ནད་གཅོད་ནི། འགོ་བའི་ནད་ཀྱི་སར་འགྲོ། ཕཊ྄་ཅེས་པས་ལུས་སེམས་གཉིས་ཕྲལ་ལ་ནད་པའི་དྲུང་དུ་འཛེམ་བག་མེད་པར་ཕྱིན་ཏེ་ཕ་རོལ་གྱི་ནད་རང་གི་སྣ་བུག་གིས་བརྔུབ་ཅིང་ཁོང་དུ་མིད་པས་དེའི་ནད་དེ་རང་གི་རྩ་དབུ་མའི་ནང་དུ་ཞུགས་པས་སྟོང་སང་སོང་བར་བསམས་ལ་ནད་ལ་འཛེམ་བག་དང་ཉམ་ང་བར་མི་བྱའོ། །གཉིས་པ་གདོན་གཅོད་ནི། གདོན་གང་ཐུ་བའི་ས་དེ་ཉིད་དུ་སོང་ལ་ཁྱོད་འོང་པ་འོ་བརྒྱལ་ངས་འོངས་པས་ཆོག་བྱས་ལ། ངའི་སེམས་ཁྱོད་པས་ང་རང་གིས་ཀྱང་མ་མཐོང་། །ལུས་བེམ་པོ་རྣག་ཁྲག་གི་རྐྱལ་བ་འདི་ཁྱོད་ལ་སྦྱིན་པས་ཆོག ཤ་འདོད་ན་ཤ་ཁྱེར། ཁྲག་འདོད་ན་ཁྲག་ཁྱེར། རིངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ། ཡོད་ཚད་ཟོ། ཁྱག་ཚད་ཁུར་བྱས་ལ་གཅེས་འཛིན་མེད་པར་ཁྲེས་ཀྱིས་བོར་ལ་གཏང་ངོ་། །འཚུབ་ན་སེམས་ཡེ་ཤེས་ཀྱི་མེར་གྱུར་པས་ཁོ་བསྲེག་ཅིང་ཐལ་བ་ཙམ་དུ་མ་ལུས་པར་བཏང་ངོ་། །གསུམ་པ་གཉན་གཅོད་ནི། གཉན་ས་ཆེན་པོར་འགྲོ། དེར་གོང་ནོན་པ་གལ་ཆེ་བས། མཚོ་ཡིན་ན་སྟོད་དུ་ཐལ། ན་ཡིན་ནའང་སྟོད། ཕ་བོང་གི་སྟེང་། ཆུ་མིག་གི་ཁ་གཡམ་པས་བཅད་ལ་སྟེང་དུ། ཤིང་ཡལ་ག་བཅད་ལ་འོག་ཏུ་གཞུག སྔར་བཞིན་ལུས་སེམས་ཕྲལ་བའི་ལུས་བམ་མྱགས་ཤིང་སུམས་པ་དྲི་གདུག་ཅིང་རྩུབ་པས་དེར་གནས་པའི་ལྷ་འདྲེ་མནན་པར་བསམ། བཞི་པ་རོ་གཅོད་ནི། རོ་རིགས་གང་ཡིན་ཡང་མི་འཛེམ་པར་ལུས་སེམས་གཉིས་ཕྲལ་ལ་རོ་དང་རོ་སྤྲད་དེ་རྟོག་པ་ཆུང་ན་ཤ་ཁམ་གཅིག་བཅད་ལ་ཟ། ཡང་སྐྲ་བག་ཙམ་ཞིག་ཕྱི་ལ་ཨམ་ཕྲག་ཏུ་འཇུག དེ་ནས་ཅི་བདེར་ཁུར་ལ་གང་འདོད་དུ་བསྐྱལ་ལོ། །ལྔ་པ་མི་གཙང་བའི་གཅོད་ནི། མི་གཙང་བ་གང་ཡིན་ཡང་། ལུས་སེམས་ཕྲལ་ལ་འཛེམ་བག་མེད་པར་བྱའོ། །གང་མི་གཙང་བ་དེ་འོག་ཏུ་ཚུད་པར་བྱ། སྔར་མི་གཙང་བས་ཕོག་ཀྱང་བསྐྱར་ལ་དེའི་སར་འགྲོ །དེ་ནས་ལུས་སེམས་ཕྲལ་ལ་དེ་འོག་ཏུ་བཅུག་ལ་ཉལ་ལོ། །དྲུག་པ་སྙེམས་གཅོད་ནི། ཡུལ་གང་ཡིན་ཡང་ཐེ་ཚོམ་ཟ་བ། མི་ཕོད་པ། སྙེམས་ཞུགས་པ་དེ་ལ་རང་གི་ཐོག་ཏུ་རྩལ་འགེལ་བྱེད་པ་ཡིན་པས། འདྲེ་གདོན་གྱིས་དོགས་ན་སླར་ལ་དོགས་པའི་ས་དེར་འགྲོ། ནད་འགོས་ཀྱིས་དོགས་ན་སླར་ལ་ནད་ཡོད་པའི་སར་འགྲོ་བ་ལ་སོགས་པ་ཡིན་ནོ། སྐྱིད་ན་ཞེན་དུ་མི་འཇུག་པར་ལམ་དུ་ཁྱེར་རོ།། །།གཅོད་ཁྲིད་འོ་མའི་རྒྱ་མཚོ་ཀུན། །སྙིང་པོ་མར་དུ་འདི་ན་འཁྲིལ། །གཉིས་འཛིན་རླུང་གིས་སུ་སྣད་པ། །དེ་གསོའི་བདུད་རྩི་ཉིད་དུ་འཁྲུངས། །ཞེས་པདྨ་དཀར་པོས་གྲུབ་པའི་གསུང་བཞིན་དུ་སྦྱར་བའོ།། །།མངྒ་ལཾ།།


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་དུ་སེང་གེ་རྣམ་པར་རྩེ་བ།next