Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞི་བྱེད་ཀྱི་ཁྲིད་དམ་པའི་དགོངས་རྒྱན།
   
   
   
   
   
   
   
   
   
   
   
   


 
previousཞི་བྱེད་ཀྱི་ཁྲིད་དམ་པའི་དགོངས་རྒྱན།next

ཞི་བྱེད་ཀྱི་ཁྲིད་དམ་པའི་དགོངས་རྒྱན།

ཞི་བྱེད་ཀྱི་ཁྲིད་དམ་པའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །མཆོག་གི་རྡོ་རྗེ་སློབ་དཔོན་ལ་ཕྱག་འཚལ་ལོ། །བཅོས་མས་སྦྱར་བ་སྣ་ཚོགས་སྲིད་པའི་གྱུ། །མ་ལུས་གཉུག་མའི་དབྱིངས་སུ་སྙོམ་པའི་ལུང་། །སྐལ་བཟང་ལ་བསྒོ་ཕོ་ཉའི་དམ་པ་དེར། །རྫོགས་པའི་སངས་རྒྱས་ཀུན་གྱིས་བསྔགས་ལ་འདུད། །ཟབ་པའི་རོ་ལྡན་གྲངས་ཀྱིས་མི་མཚོན་པའི། །རྒྱལ་བའི་དབང་པོའི་གཞུང་གི་ཆུ་བོ་ཀུན། །གང་བློ་རྒྱ་མཚོའི་རོལ་པར་ཞུགས་ཉིད་ཀྱི། །ཐར་འདོད་ལག་འགྲོའི་ཉེར་འཚོར་གྱུར་ལ་འདུད། །སྐྱེ་རྒུའི་ཚོགས་ལ་དག་པར་སྣང་བའི་ཕུལ། །ནམ་ཡང་འགག་པ་མེད་པའི་འོད་མཛད་པ། །སྔོན་མེད་གྲུབ་པའི་ཉི་མ་ཆོས་ཀྱི་རྗེ། །དཔལ་ལྡན་འབྲུག་པའི་ཞབས་རྡུལ་སྤྱི་བོས་མཆོད། །རྣམ་རྟོག་སོར་མོའི་སྒྱུར་བ་ལྷུར་ལེན་པའི། །ཐོས་པའི་སྙིམ་པས་བཏུང་བར་མི་ནུས་པ། ཟབ་དོན་སྦྲང་རྩིས་མ་ཡེངས་ལམ་ཐོས་པས། །དགའ་བ་རྒྱས་པའི་ཡིད་རྣམས་སྐལ་བཟང་བྱ། །འདིར། སྡེ་སྣོད་གསུམ་གྱི་སྙིང་ཕྱུང་། རྒྱུད་སྡེ་བཞིའི་སྲོག་བཅད། མཁའ་འགྲོ་མའི་གསང་བའི་མཛོད་བརྟོལ་ནས། དབང་པོའི་རིམ་པ་དང་མཐུན་པར་སྡུག་བསྔལ་ཞི་བར་བྱེད་པའི་ཐབས་ཐིག་ལེ་སྤྱན་འབྱེད་ཀྱི་གདམས་ངག་འདི་བཤད་པ་ལ་ངོ་མཚར་ཅན་གྱི་གླེང་གཞི། སྙན་རྒྱུད་གནད་ཀྱི་མན་ངག་གཉིས་ལས། དང་པོ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་བེ་ཏའི་ཡུལ་གྱི་ཙ་ར་སིང་ངར་འཁྲུངས་པའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལའམ་དམ་པ་སངས་རྒྱས་སུ་གྲགས་པ། ཨུ་རྒྱན་གྱི་དུར་ཁྲོད་རྒྱུ་སྐར་དཔལ་གྱི་རོལ་པར་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་མའི་ཚོགས་ཀྱི་གཙོ་མོ་བདག་མེད་མ་ལས་མཆོག་ཐོབ་ཅིང་། བདེ་བར་གཤེགས་པ་བཅུ་གཉིས། གྲུབ་ཆེན་ལྔ་བཅུ་རྩ་ལྔ། དཔལ་ལྡན་སུམ་ཅུ་རྩ་དྲུག་གི་ལུང་ཐམས་ཅད་ཀྱི་ཕ་རོལ་ཏུ་བརྒལ་བ། སྐུ་ཚེ་འདི་ཉིད་ཀྱིས་རྡོ་རྗེའི་གདན་དུ་བྱོན་པ་དེས། ཙ་རི་ཏྲའི་ཞིང་གི་དབུ་མའི་རི་བོར་སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཉན་རྣ་བ། དཔལ་འབྲུག་པ་རྒྱལ་བའི་དབང་པོ་ལ་གཉིས་སུ་མི་ཕྱེད་པའི་དབང་བསྐུར་ནས། ཟབ་པ་ལས་རྨད་དུ་བྱུང་བའི་རྡོ་རྗེའི་ཚིག་འདིའི་བདག་པོ་གཏད་དོ། །དེས་ཀྱང་སྙིགས་དུས་པ་རྣམས་ལ་རྡོ་རྗེ་འཆང་ཉིད་དུ་གྱུར་པའི་ངག་དབང་ཆོས་ཀྱི་རྒྱལ་པོ་ལ་རྗེས་སུ་བསྟན་པ་ཞིབ་མོར་གདམས་ཤིང་། རྗེ་བཙུན་དེའི་ཞབས་ཀྱི་པདྨོ་ལ་བསྙེན་བཀུར་བའི་མཐུ་ལས། བདག་ཀྱང་ཡང་དག་པའི་ཕུལ་གྱི་གཏམ་འདི་སྨྲེང་བ་ལ་སྤོབས་པ་དང་ལྡན་པར་གྱུར་ཏོ། །གཉིས་པ་སྙན་རྒྱུད་གནད་ཀྱི་གདམས་ངག་བཤད་པ་ལ། རྡོ་རྗེའི་ཚིག་ཕྱེ་བས་འགག་བསྡམ། བསྒོམ་བྱ་ལག་ལེན་གྱི་འཕྲང་ལ་གཞལ་བས་འཆུག་ས་མེད་པར་བསྟན་པ་གཉིས་ལས། དང་པོ་ནི། སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་སེལ། །སྲིད་གསུམ་མཐའ་ཡས་གྲོལ་གསུམ་འཐོབ། །སྒྲིབ་པ་ཀུན་ལས་རྣམ་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་པའི་རྡོ་རྗེའི་ཚིག་འདིའི་སྡུག་བསྔལ་གསུམ་གྱིས་ཞེས་པ། བྱ་བ་གཞིའི་རྣལ་འབྱོར། བར་པ་ཕྱེད་དང་གཉིས་ཀྱིས་བྱེད་པ་ལམ་གྱི་རྣལ་འབྱོར། ལྷག་མའི་རྐང་པ་གཉིས་ཀྱིས་བྱ་བྲལ་འབྲས་བུའི་རྣལ་འབྱོར་བསྟན་པ་ཡིན་ལ། དེ་དག་གི་རྒྱས་པར་བཤད་པ་ཡང་འདི་ལྟར། བདེ་བར་གཤེགས་པའི་སྙིང་པོ་དང་། གཉུག་མ་ལྷན་སྐྱེས་དང་། མི་ཤིགས་པའི་ཐིག་ལེ་ཆེན་པོ་ཞེས་སོགས་མིང་མཐའ་ཡས་པས་བསྙད་པའི་གཞི་ནི། སེམས་ཀྱི་ངོ་བོ་བཏགས་པ་དང་ཞེན་གཟུང་གང་གིས་ཀྱང་མ་བསླད་པ་འདི་ཡིན་ལ། དེ་ཉིད་རང་དང་འདྲེས་པ་ལྟ་བུའི་རླུང་གིས་ཡིད་གཡོས་པ་འགྱུ་བ་རང་ངོ་མ་ཤེས་པས་མ་རིག་པ་སེམས་ཅན་གྱི་ཁམས་སམ། འབྱུང་བ་ལྔས་དབང་བྱས་པར་ཤར་ལ། དེ་ལྟར་ཤར་བའི་ཀུན་རྫོབ་ཀྱི་གནས་ཚུལ་ཁམས་དང་ཤེས་པ་འདྲེས་པ་དེ་ཉིད་ལ། མི་ཕྱེད་པའི་ཆ་ནས་མི་ཤིགས་པ་དང་། རྟེན་བྱེད་པའི་ཆ་ནས་རྩ་དང་། གཡོ་བའི་ཆ་ནས་རླུང་དང་། བརྟེན་པའམ་ཡོན་ཏན་གྱི་ཆ་ནས་ཐིག་ལེ་དང་། ཁམས་ཀྱི་ངེས་པས་ཡི་གེར་བཞག་ལ། དེ་ནི་ཤིན་ཏུ་ཕྲ་བའི་གནས་སྐབས་སམ་སེམས་དང་ཚོགས་པ་གཅིག་པའི་དྭངས་མའི་འབྱུང་བ་ཞེས་བྱ་བ་གཟུགས་མེད་ཀྱི་སྲིད་པའི་རྟེན་དུ་བཤད་དོ། །དེའི་སྣང་ཆ་རྡུལ་གྱི་དབང་ལས་འཁོར་འདས་ཀྱི་སྣང་བ་འབྱུང་བ་ལས་གཞན་རྟོག་འཇུག་པ་ནི་ཕྲ་བའི་གནས་སྐབས་གཟུགས་ཀྱི་སྲིད་པའི་རྟེན་དང་། དེ་ལས་རང་བདག་ཏུ་རྟོག་པ་ཁུ་བའི་དབང་གིས་བྱུང་བ་ཁམས་རགས་པའི་གནས་སྐབས་འདོད་པའི་སྲིད་པའི་རྟེན་དུ་གྱུར་པས་ཕྱི་ནང་ཐམས་ཅད་དུ་ཁམས་བདག་པོར་གྱུར་པའི་རྟེན་འབྲེལ་གྱི་འགྲོས་འདིས་སྣང་བ་སེམས་ཀྱི་འོད་ཡིན་པར་གདོད་མ་ནས་གྲུབ་ལ། དེ་ལྟར་མ་ཤེས་པ་ནི་སྡུག་བསྔལ་བ་ཞེས་བྱའོ། །དེ་བཟློག་པ་གཞིའི་གནད་ཚུལ་བཞིན་དུ་ཤེས་པའི་བརྡ་སྤྲོད་པ་སྨིན་ལམ་དང་། དེའི་གནད་རང་མྱོང་གིས་འཆིང་བ་གྲོལ་བྱེད་ཀྱི་ལམ་སྟེ། ཕྱི་མ་ལ་ཡང་སེམས་སྐད་ཅིག་མའི་སྟེང་དུ་གཟུགས་མེད་ཀྱི་རྟེན་སེམས་དང་ཚོགས་པ་གཅིག་པ་འབྱུང་བ་འཆིངས་པ་ཙམ་གྱིས་གྲོལ་བ་ཐོབ་པའི་ཅིག་ཅར་བའི་ལམ་དང་། གནས་སྐབས་བཞིར་གཟུགས་ཀྱི་རྟེན་ཕྲ་བའི་འབྱུང་བ་བཅིངས་པས་གྲོལ་བ་ཐོབ་པའི་ཐོད་བརྒལ་བའི་ལམ་དང་། ཟག་བཅས་ཀྱི་ལས་སྣང་གི་སྟེང་དུ་འདོད་ཁམས་ཀྱི་རྟེན་རགས་པའི་འབྱུང་བ་བཅིངས་པས་གྲོལ་བ་ཐོབ་པའི་རིམ་འཇུག་པའི་ལམ་གསུམ་སྟེ། ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས་ཞེས་དང་། ཆོས་ཐམས་ཅད་ནི་རྨི་ལམ་དང་སྒྱུ་མ་དང་། བྲག་ཆ་ལྟ་བུར་བསྟན་ཏེ་ཞེས་དང་། ཆོས་ཀྱི་དབྱིངས་འོད་ཟེར་བཀོད་པའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་སོགས་ཀྱིས་རིམ་པ་བཞིན་དུ་བསྟན་ཏེ་དང་པོ་ནི། བརྡ་སྐོར་འཇམ་གླུ་རྣམས་ཀྱི་ལམ་རིམ། གཉིས་པ་ནི། ངོ་མཚར་བརྒྱུད་པའི་ལམ་རིམ། གསུམ་པ་ནི། དྲི་མེད་དངུལ་སྒོང་། གསེར་སྒོང་། ཤེལ་སྒོང་རྣམས་ཀྱི་ལམ་རིམ་དུ་བསྟན་པ་ཡིན་ནོ། །དེ་ལྟར་ལམ་གསུམ་གྱིས་གནས་སྐབས་ཀྱི་འཁྲུལ་པ་སྦྱངས་པས་དྲི་མ་མེད་པའི་གནས་སྐབས་ཇི་ལྟ་བའི་སངས་རྒྱས་ཀྱི་སྙིང་པོའི་ཡོན་ཏན་སྣང་བར་འགྱུར་བ་ཡིན་ནོ། །གཉིས་པ་བསྒོམ་བྱ་ལག་ལེན་གྱི་འཕྲང་ལ་གཞལ་བས་འཆུག་ས་མེད་པར་བསྟན་པ་ལ། གཞི་འབྲས་ལྷུན་གྲུབ་ཏུ་བརྡ་སྤྲོད་པའི་སྨིན་བྱེད་དང་། གཞི་འབྲས་དབྱེར་མེད་ཀྱི་གནད་འཆིང་བ་གྲོལ་བའི་ལམ་རྣམ་པར་གཉིས་ལས། དང་པོ་ནི། རྡོ་རྗེ་ཐེག་པ་ཉིད་ཀྱིས་ཡང་དག་པར་བགྲོད་པར་འདོད་པའི་སྐྱེ་བོ་སྐལ་བ་ཆེན་པོ་དག་གིས་གང་དོན་དུ་གཉེར་བར་བྱ་བ་ནི། རིས་མེད་པའི་སེམས་ཅན་མཐའ་དག་ཟུང་འཇུག་གི་སྐུ་བླ་ན་མེད་པའི་རང་བཞིན་ཅན་དུ་མཐོང་ནས་དེ་ཐམས་ཅད་ཀྱི་གློ་བུར་གྱི་དྲི་མ་བསལ་ཏེ། རང་གི་རང་བཞིན་སྒྲིབ་བྲལ་དུ་མངོན་དུ་གྱུར་བ་ལ་འགོད་པར་འདོད་པ་གཞན་ལ་དམིགས་པའི་སེམས་དང་། དེའི་ཆེད་དུ་རང་གི་རང་བཞིན་ལས་ཟུང་འཇུག་གི་སྐུ་མངོན་དུ་བྱ་བར་འདོད་པ་བྱང་ཆུབ་ལ་དམིགས་པའི་སེམས་རྣམ་པ་གཉིས་བསྐྱེད་ཅིང་སྦྱངས་པ་ལ་མཐར་ཕྱིན་པར་བྱས་ནས། ཟབ་མོ་བརྡའི་དབང་བཞིས་སྨིན་པར་བྱ་སྟེ། དེའི་ཆོ་ག་ནི་གཞན་དུ་བཤད་དོ། །གཉིས་པ་གཞི་འབྲས་དབྱེར་མེད་ཀྱི་གནད་བཅིང་བ་གྲོལ་བའི་ལམ་ལ། ཅིག་ཅར་དུ་འཚང་རྒྱ་བར་བྱེད་པ་དཀར་ཁྲིད་རིག་པ་གཅེར་མཐོང་གི་གནད། ཐོད་བརྒལ་དུ་སྐུ་བཞིར་གྲུབ་པ་དམར་ཁྲིད་མོས་གུས་ཆིག་ཆོད་ཀྱི་གནད། རིམ་འཇུག་གི་ལམ་ལྔ་ཐོབ་པ་ནག་ཁྲིད་གདམས་ངག་གི་ཕྲ་ཆོད་པའི་གནད་དང་གསུམ་ལས། དང་པོ་ནི། དོ་ཧ་ལས། ཐག་པ་ནག་པོའི་དུག་སྦྲུལ་བཞིན། །མཐོང་བ་ཙམ་གྱིས་དངངས་པར་འགྱུར། །གྲོགས་དག་སྐྱེ་བོ་དམ་པ་ནི། །ཡུལ་གཉིས་སྐྱོན་གྱིས་འཆིང་བར་འགྱུར། ཡུལ་ལ་ཞེན་པས་འཆིང་བར་མ་བྱེད་ཅིག ཅེས་པས་སེམས་མ་བཅོས་པ་ལ་གཟུང་འཛིན་བཟང་ངན་ལ་སོགས་པ་གཉིས་ཆོས་གང་ཡང་ཡོད་མ་མྱོང་བ་སྟེ། གལ་ཏེ་ཡོད་ན་དེ་གང་གིས་ཀྱང་གཞིལ་བར་མི་ནུས་ཏེ། དངོས་པོའི་ཆོས་ཉིད་ནི་སུས་ཀྱང་བཟློག་ཏུ་མེད་པའི་ཕྱིར་རོ། །དེ་བས་ན། སེམས་མ་བཅོས་པ་ལ་འཁྲུལ་པ་མཐའ་དག་མེད་བཞིན་དུ་སྣང་བ་ནི་ཐག་པའི་དོག་པ་ལ་སྦྲུལ་དུ་སྣང་བ་ལྟ་བུའོ། ཐག་པ་ལ་སྦྲུལ་དུ་འཛིན་པའི་བློ་དང་། སྦྲུལ་དེ་བསལ་བའི་གཉེན་པོ་མངོན་པར་འདུ་བྱེད་པའི་བློ་གཉིས་ལ་འཁྲུལ་མ་འཁྲུལ་གྱི་ཁྱད་ཅུང་ཟད་མེད་པ་ལས། ཕྱི་མ་ཉིང་འཁྲུལ་ལྟ་བུའི་བློ་ཡིན་པས་སྤང་དཀའ་བ་ལྟར་དུ་འཁྲུལ་པར་སྣང་བ་དང་དེའི་གཉེན་པོ་བཅོས་མ་མཐའ་དག་ཀྱང་མཚུངས་ཤིང་། ཐག་པའི་རང་ཚུལ་མ་བཅོས་པ་དེ་ཉིད་ཤེས་ན་སྦྲུལ་འཛིན་གྱི་འཁྲུལ་པ་རང་སར་འདག་པ་བཞིན་དུ། འཁྲུལ་པ་སེལ་བ་ལ་མ་བཅོས་པ་ཉིད་གནད་དུ་འགྱུར་བ་ཡིན་ནོ། །དེའི་ཕྱིར་སྦྲུལ་དུ་འཛིན་པའི་དུས་དང་། ཕྱིས་ཐག་པ་ཉིད་དུ་མཐོང་བའི་དུས་གཉིས་གར་ལྟ་བ་པོའི་བློས་བཅོས་མ་བཅོས་མ་གཏོགས་ཐག་པའི་གནས་ཚུལ་ལ་ཁྱད་པར་མེད་པ་བཞིན་དུ་འཁོར་འདས་གཉིས་ཀྱང་རྟོགས་པ་དང་མ་རྟོགས་པའམ། རིག་པ་དང་མ་རིག་པའི་འདུ་བྱེད་ཡིད་ཀྱི་གཡོ་བས་ཐ་དད་དུ་བཅོས་པ་མ་གཏོགས་སེམས་རང་ལ་བཟང་ངན་ཅུང་ཟད་ཀྱང་མེད་པའི་ཕྱིར། འཁོར་འདས་རྒྱུད་གཅིག་པ་དང་། དེ་གཏན་ལ་འབེབས་པའི་རྫོགས་རིམ་ཀྱང་མཐར་ཐུག་ཏུ་འགྲོ་མི་འགྲོ་མ་བཅོས་པའི་རིམ་པར་སོང་མ་སོང་ཡིན་ཞེས་གྲུབ་པ་དང་རྣལ་འབྱོར་མའི་དབང་ཕྱུག་མ་རྣམས་ཀྱིས་བརྡ་དང་མགུར་རྣམས་སུ་མགྲིན་གཅིག་པར་གསུངས་པ་ཡིན་ནོ། །དེ་ལྟར་ལྟ་བ་གཏན་ལ་ཕེབས་ནས་སྒོམ་པའི་རིམ་པ་ཡང་འཁོར་བར་སྣང་བའི་འབྱུང་རིམ་ལས་བཟློག་པ་ནི། སེམས་དང་ཚོགས་པ་གཅིག་པའི་དྭངས་མའི་འབྱུང་བ་འཆིངས་པ་ལས་ཡིན་ལ། དེ་ནི་སེམས་མ་བཅོས་པ་ལས་གཞན་གང་གིས་ཀྱང་འཆིང་མི་ནུས་ལ། དེ་ལྟ་བུའི་མ་བཅོས་པ་དེ་ཡང་འགའ་ཞིག་སེམས་མེད་པར་འདུ་ཤེས་པའི་རང་བཞིན་ཅན་གཟུགས་མེད་པའི་ཏིང་ངེ་འཛིན་གྱི་ཆར་གྱུར་པ་དག་མ་ཡིན་ནམ་སྙམ་དུ་རྟོག་མོད། དེ་འདྲ་ག་ལ་ཡིན་ཏེ། སེམས་ཀྱི་བབས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ཉིད་བློས་བཞག་གང་ཡང་མ་ཡིན་པའི་བདེ་བ་ཆེན་པོ་རང་རིག་པའི་མཚན་ཉིད་ཅན་གྱིས་མངོན་དུ་བྱེད་པ་ལ་མིང་མ་བཅོས་པར་བསྙད་པ་སྟེ། ཇི་ལྟ་བ་ཡི་གེའི་ལམ་དུ་མཚོན་དུ་མེད་དོ། །དེ་ཉིད་སྒྲོ་འདོགས་ཆོད་པའི་ཆ་ནས་ལྷག་མཐོང་དང་། གང་ཤར་ཡང་དེའི་ངང་ལས་མི་གཡོ་བའི་ཆ་ནས་ཞི་གནས་སུ་བཞག་གོ །དེ་ལྟ་བུའི་སྒོམ་པ་དང་ལྡན་པའི་སེམས་སྐད་ཅིག་གིས་འབྱུང་བའི་འགྲོས་སྒྲིབ་བྲལ་དུ་བྱས་པ་ལས་དེ་ཕྱིན་ཆད་ཐམས་ཅད་དེའི་ཡོ་ལང་དུ་འབྱུང་བས་སྣང་བ་ཐམས་ཅད་རང་བྱུང་གི་སྟོང་གཟུགས་སུ་འཆར་ཞིང་། སེམས་བཅིངས་པ་ལས་རྩ་རླུང་རེངས་པའི་སྣང་བ་དགོས་ན་ཡང་གང་དགོས་འཆར་རོ། གནད་འདི་འདྲ་བ་ཞིག་གིས་མ་ཟིན་པའི་སྟོང་གཟུགས་ཙམ་ལ་སྙིང་པོ་མེད་དེ། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཕྱི་རོལ་པ་དང་ཐུན་མོང་བར་ཡང་སྟོང་གཟུགས་ཇི་སྙེད་འཆར་བར་བཤད་པའི་ཕྱིར་རོ། །དེ་ནས་དབང་པོ་ཡུལ་ལ་ཐུག་ཕྲད་ཀྱི་སྟེང་དུ་གང་ཤར་འགག་མེད་ཀྱི་རྩལ་སྦྱོང་བ་ལ་སྤྱོད་པ་ཞེས་བྱའོ། །དེ་ལྟར་ལྟ་སྒོམ་སྤྱོད་པ་དེ་གསུམ་གྱི་གནད་འཆིངས་པས་གཞིའི་གནས་ཚུལ་བསལ་བཞག་ཐམས་ཅད་དང་བྲལ་བ་དེ་ཉིད་ཁམས་རླུང་གི་གཡོ་བ་ལས་བྱུང་བའི་འཁྲུལ་པའི་དྲི་མ་ཕྲ་བས་ཀྱང་མ་བསླད་པའི་ངོ་བོ་མངོན་དུ་གྱུར་པས་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པར་བཞེངས་ནས་འཕྲིན་ལས་རྣམ་པ་ཐམས་ཅད་པས་འཁོར་བ་ཇི་སྲིད་པར་རོལ་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པའམ། ནམ་མཁའ་རྡོ་རྗེའི་གྲོང་དུ་ཞུགས་པའམ་རྡོ་རྗེའི་གདན་དུ་བྱོན་པ་ཞེས་བྱ་བའི་འབྲས་བུའི་གནས་སྐབས་སོ། །གཉིས་པ་ཐོད་བརྒལ་དུ་སྐུ་བཞིར་གྲུབ་པ་སྨར་ཁྲིད་མོས་གུས་ཆིག་ཆོད་ཀྱི་གནད་ལ། ལུས་ཀྱི་ཐིག་ལེ་སྦྱང་བ་བླ་མ་སྤྲུལ་སྐུ་ལམ་རྫོགས། ངག་གི་ཐིག་ལེ་སྦྱང་བ་བླ་མ་ལོངས་སྐུ་ལམ་རྫོགས། ཡིད་ཀྱི་ཐིག་ལེ་སྦྱང་བ་བླ་མ་ཆོས་སྐུ་ལམ་རྫོགས། བཞི་པའི་ཐིག་ལེ་སྦྱང་བ་བླ་མ་གསང་བའི་སྐུའི་ལམ་རྫོགས་དང་བཞི་ལས། དང་པོ་ནི། རིང་ལམ་འཁོར་ལོས་བསྟུངས་ཏེ་རྟེན་སྨིན་པས་ས་ལམ་ཆིག་རྫོགས་སུ་གཏོང་བར་བྱེད། དབང་བཞི་ལམ་ཁྱེར་བློ་སྦྱོང་གི་གནད་ཅེས་པ་རྩ་བར་བྱས་ནས་སྟོན་ཏེ། སྤྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུའི་རང་རྩལ་ཀུན་རྫོབ་ཏུ་སོ་སོར་འཆར་ཞིང་། རིག་པའི་རང་ས་ཟིན་པས་དོན་དམ་པར་རོ་གཅིག་ཏུ་གྱུར་པའི་ངེས་པ་ལས་བརྩམས་ནས་ཕྱི་ནང་གསང་བའི་དུས་གནད་ཁྱད་པར་ཅན་དང་སྦྱར་ཏེ། བོགས་འདོན་པ་ལ་མཁས་པར་བྱ་བ་ནི། རྣལ་འབྱོར་གྱི་རང་ས་མ་ཉམས་པས་ཆོས་མིན་ཡིད་ལ་མི་འགྱུར་བར་བྱེད། ལོག་པའི་ཤེས་པ་ཚར་གཅོད་པའི་གནད་ཅེས་བྱ་ལ། དེ་ཉིད་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ངེས་གསང་ཡིན་ཏེ། རྩ་བ་དོན་གྱི་རང་ངོ་བསྟན་པས་སྡེ་སྣོད་རིན་པོ་ཆེའི་སྙིང་འབྱིན་པར་བྱེད། བློས་དཔྱད་མ་ཡིན་པ་དོན་རྒྱུད་ཀྱི་གནད་ཅེས་བྱ་བས་སོ། ཁྱད་པར་གནས་སྐབས་བཞི་བསྐྱེད་པའི་ཐིག་ལེ་འཁོར་བའི་རྒྱུར་ཤེས་ནས་དེ་ཉིད་ལམ་གྱིས་སྦྱོང་བ་སྟེ། འཁོར་བར་སྐྱེ་བར་བྱེད་པའི་རྒྱུ་ངོས་ཟིན་པས་འཁྲུལ་པའི་སྒྲོག་རང་གྲོལ་དུ་ཆད་པར་བྱེད། དེས་ནི་ལོག་པའི་ལམ་དུ་མི་འཇུག་པའི་གནད་ཅེས་གསུངས་ལ། དེ་ལམ་དུ་བྱེད་པའི་དུས་ཀྱང་རོ་རྐྱང་གི་རླུང་ཨཱ་ལི་ཀཱ་ལིའི་རང་བཞིན་དབུ་མར་ཞུགས་པ་དང་། སྦྱར་ནས་ཏེ། ཁ་ནས་བྲེ་མོའི་གཏམ་སྨྲས་པས། ངག་ལ་ནུས་པ་འབྱུང་བར་བྱེད། ཅི་དང་ཅི་བརྗོད་པ་སྔགས་སུ་འགྲོ་བ་ཨཱ་ལི་ཀཱ་ལིའི་གནད་ཅེས་པས་སོ། དེ་ཡང་། འཁྲུལ་པའི་གནས་སྐབས་བཞི་པོ་ཉིད་མ་སྤངས་པར་རྩལ་སྦྱོང་བ་ཡིན་ཏེ། སྤྱོད་པ་རིགས་ངན་གྱི་བུར་བྱས་པས་འཇིག་རྟེན་གྱི་ཆེ་ཐབས་འཇིག་པར་བྱེད། བདུད་ཀྱི་ཕྱག་རྒྱ་རྣམ་པར་འགྲོལ་བའི་གནད་ཅེས་གསུངས་སོ། །རྩལ་སྦྱོང་དེ་ཡང་མ་བཅོས་པ་ཉིད་ལ་གནས་པས་ཏེ། སྒོ་གསུམ་ཐ་མལ་དུ་བསྡད་པས་རྒྱུད་ལ་ཚོགས་གཉིས་རྫོགས་པར་བྱེད། སྐམ་ཐག་ཆུ་ནང་དུ་གཅོད་པ་གྱ་ལོག་གི་གནད་ཅེས་པས་སོ། །དེའི་མ་བཅོས་པ་དེ་ཡང་རང་མྱོང་གི་གནད་འཆིང་བར་བྱེད་པ་སྟེ། འཆིང་བའི་སྒྲོག་ཏུ་ཆོས་མ་བཏང་བས། དེས་ལྷ་བདུད་དུ་མི་འབབ་པར་བྱེད། དེ་ནི་ཐར་ལམ་འབྲས་བུའི་གེགས་སུ་མི་འགྲོ་བའི་གནད་ཅེས་པས་སོ། །དེ་ལྟ་བུར་མཉམ་པར་འཇོག་པ་ལ་ཡང་ལྟོ་གོས་ལ་གྱོང་བསྐུར་བས་སྡུག་བསྔལ་བསྲན་ཚུགས་པར་བྱེད། དཀའ་ཐུབ་མཐར་ཕྱིན་པར་འགྱུར་བའི་གནད་ཅེས་པ་གལ་དུ་ཆེའོ། །དེ་དག་གིས་ཐོད་བརྒལ་གྱི་ལམ་སྤྱི་ལ་འཇུག་པའི་ཆིངས་བཤད་ནས། ད་ནི་སད་པའི་གནས་སྐབས་ཀྱི་འཁྲུལ་པ་བསལ་ནས་བླ་མ་སྤྲུལ་པའི་སྐུ་མངོན་དུ་བྱེད་པ་གཙོ་བོར་གཞན་དོན་གྱི་རིགས་འདྲ་ལ་བསླབ་པའི་འཕྲིན་ལས་རྣམ་པ་བཞི་ལ་བློ་སྦྱང་བ་བཤད་པར་བྱ་སྟེ། དེ་ཡང་སྔ་དྲོའི་དུས་སུ་རྒྱས་པའི་ལས་རབ་འབྱམས་ལ་བློ་སྦྱང་བའི་ཕྱིར། སྐྱབས་གནས་ཀྱི་ཡུལ་གཅུད་ལ་བོར་བས་རྒྱུད་ལ་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བྱེད། བྱིན་རླབས་བརྒྱུད་པའི་གནད་ཅེས་པའི་དོན། སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་དང་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་ཤིང་མི་འབྲལ་བར་འདོད་པས་ཚིམ་པའི་རྣམ་པ་ཅན་གྱི་དགའ་བའི་སེམས་ཀྱིས་དེ་མཐའ་དག་བདེ་བ་ཆེན་པོའི་གོ་འཕང་བླ་ན་མེད་པ་ལ་འགོད་པའི་ཕྱིར། རྟེན་འདི་ཉིད་ཀྱིས་མཆོག་གི་སྤྲུལ་པའི་སྐུ་མངོན་དུ་བྱ། དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་རྒྱས་པའི་འཕྲིན་ལས་བསྒྲུབ་སྙམ་དུ་སེམས་བསྐྱེད། རང་ཉིད་བཅོམ་ལྡན་འདས་བདག་མེད་མ་རིན་པོ་ཆེའི་རིགས་སུ་རིགས་ཐམས་ཅད་སྦྱོར་བའི་བདག་ཉིད་ཅན་གསེར་བཙོ་མ་ལྟ་བུ་ཆེར་རྒྱས་ཤིང་དགའ་བའི་ཉམས་ཅན་དུ་བསམས་པའི་ལྟེ་བའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པའི་ལྟེ་བ་དང་འདབ་མ་རྣམས་ལ་དཔལ་ལྡན་བླ་མ་དམ་པ་རིན་པོ་ཆེའི་རིགས་ཀྱི་བདག་པོའི་རང་བཞིན་ཅན་གྱི་རིན་ཆེན་འབྱུང་གནས་རིན་པོ་ཆེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ་རྒྱས་པའི་རྣམ་པ་ཅན་གསལ་གདབ། རྒྱས་པའི་ལས་དང་མཐུན་པའི་ཕྱི་ནང་གསང་བའི་མཆོད་པ་མཆོག་ཏུ་སྤེལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་དབྱེར་མེད་པར་མཆོད། བདག་དང་སེམས་ཅན་ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་མཐའ་དག་རྒྱས་པར་གསོལ་བ་གདབ། འཁོར་ལོ་ལས་འོད་ཟེར་སེར་པོ་ནམ་མཁའ་གང་བ་དང་ལྷན་ཅིག་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སེར་པོ་རིན་པོ་ཆེའི་བུམ་པ་དང་། དཔག་བསམ་གྱི་ཤིང་དང་། ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ལ་དབང་བསྐུར་ཚེ་བསོད་ནམས་ཡེ་ཤེས་སོགས་དང་། རིན་པོ་ཆེའི་ཆར་འབབ་པ་སོགས་ཀྱི་སྣོད་ཀྱི་འབྱོར་པ་ཐམས་ཅད་རྒྱས། སླར་ལྟེ་བའི་འཁོར་ལོར་བསྡུ་བའི་སྤྲོ་བསྡུ་ལ་དམིགས་ཏེ། ཨོཾ་ཨཱཿཔུཥྚིཾ་ཀུ་རུ་ཧཱུྃ་སྲཱིཿཞེས་བཟླ། ཡང་ན། ཤེས་རབ། ཚེ་ནོར་སོགས་གང་འཕེལ་བར་འདོད་པའི་རང་དབང་མིང་སྤེལ་ཚིག་ཏུ་སྦྱར་རོ། །དེ་མཐའ་དག་རང་བཞིན་བདེ་བ་ཆེན་པོར་གཉིས་སུ་མེད་པའི་དོན་ལ་མཉམ་པར་བཞག་པ་ནི། རྩལ་སྦྱོངས་ཀྱི་རིག་པ་བསྒྲིམས་ཤིང་གློད་པས་རྟོག་པའི་ཕན་མི་ལྡང་བར་བྱེད། ཐུན་རྗེས་བཤིག་པ་ཐབས་ཀྱི་གནད། ཅེས་སོ། །རྒྱས་པའི་ལས་གཙོ་བོར་གྱུར་པའི་འཁོར་འདས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་ཞེས་འཁོར་གསུམ་མི་རྟོག་པས་སྤེལ། རྗེས་སུ་ཡི་རང་བ་དང་བཅས་པའི་དགེ་བའི་རྩ་བ་འཁོར་འདས་ཀྱི་དགེ་བའི་རྩ་བ་ཐམས་ཅད་དང་རོ་གཅིག་ཏུ་གྱུར་པ་འདིས་བདག་ཅག་དམ་ཚིག་གིས་བསྡུས་པ་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟེན་འདི་ཉིད་ཀྱིས་ཚོགས་ཀྱི་འཁོར་ལོ་གཅིག་ཏུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་ཅིག་ཅེས་མི་དམིགས་པའི་སྦྱོར་བས་བསྔོའོ། །དེ་ནས་ཉི་མ་གུང་གིས་ཆ་ལ་མངོན་སྤྱོད་ཀྱི་འཕྲིན་ལས་ལ་བློ་སྦྱང་སྟེ། གདུག་པ་ཅན་རྣམས་གཙོ་བོར་གྱུར་པའི་སེམས་ཅན་མཐའ་དག་ལ་དམིགས་པ་མེད་པའི་སྙིང་རྗེའི་ཤུགས་དྲག་པོའི་ཉམས་ཆེར་ཁྲོས་པའི་རང་རྩལ་དུ་འཆར་བ་གཉིས་མེད་དུ་སྤྱོད་པའི་ནང་གི་མ་རུངས་པའི་སེམས་ཀྱིས་དེ་མཐའ་དག་བླ་ན་མེད་པའི་བདེ་བ་ཆེན་པོའི་བྱང་ཆུབ་ལ་འགོད་པའི་ཕྱིར། རྟེན་འདི་ཉིད་ཀྱིས་མཆོག་གི་སྤྲུལ་པའི་སྐུ་མངོན་དུ་བྱ། དེའི་ཕྱིར་གདུག་པ་ཅན་ཐམས་ཅད་ལ་དྲག་པོའི་འཕྲིན་ལས་བསྒྲུབ་སྙམ་དུ་སེམས་བསྐྱེད་རང་ཉིད་བཅོམ་ལྡན་འདས་བདག་མེད་མ་རྡོ་རྗེའི་རིགས་སུ་རིགས་ཐམས་ཅད་སྦྱོར་བའི་བདག་ཉིད་ཅན་མུན་པ་ལྟ་བུ་ཆེར་ཁྲོས་ཤིང་འཁྲུགས་པའི་ཉམས་ཅན་དུ་བསམས་པའི་སྙིང་གའི་འཁོར་ལོ་འདབ་མ་དགུ་པའི་འདབ་མ་དང་ལྟེ་བ་རྣམས་ལ། དཔལ་ལྡན་བླ་མ་རྡོ་རྗེའི་རིགས་ཀྱི་བདག་པོའི་རང་བཞིན་ཅན་གྱི་མི་བསྐྱོད་པ་རྡོ་རྗེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ་དྲག་པོའི་ཉམས་ཅན་གསལ་གདབ། ལས་མཐུན་གྱིས་མཆོད། གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་གསོལ་བ་གདབ། འཁོར་ལོ་ལས་འོད་ཟེར་ནག་པོའི་ཚོགས་དང་། ཕོ་ཉ་དང་ཕོ་ཉ་མོ་ལྕགས་ཀྱུ་དང་ཞགས་པ་ལ་སོགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། བླ་མ་དང་དཀོན་མཆོག་གསུམ་ལ་བསྡོ་བ། བསྟན་པ་དང་སེམས་ཅན་ལ་གནོད་པ། དམ་ཚིག་ཉམས་ཤིང་དྲལ་བ། དངོས་གྲུབ་རྣམ་པ་གཉིས་ལ་བར་དུ་གཅོད་པ་ལ་སོགས་པའི་བདུད་དགྲ་བགེགས་ལོག་འདྲེན་རྣམས་དང་། མཚམས་མེད་པ་ལྔ་བྱེད་པ། ངན་སོང་གསུམ་གྱི་སེམས་ཅན་ལ་སོགས་པ་མཐའ་དག་གི་སྙིང་ག་ནས་ལྕགས་ཀྱུས་བཀུག མགྲིན་པ་ནས་ཞགས་པས་བཅིངས་ཏེ། གཙོ་བོའི་མདུན་གྱི་འབྲུབ་ཁུང་དུ་བཅུག ལུས་དཀྱིལ་གྱི་གཙོ་བོའི་ཐུགས་ཀ་ནས་བྱུང་བའི་འོད་ཀྱིས་རེག་པས་དེ་མཐའ་དག་གི་དྭངས་མའི་སྲོག་ཨ་ཡིག་གི་རང་བཞིན་ཅན་སོ་སོའི་སྙིང་ག་ན་གནས་པ་སད་པས་ཐམས་ཅད་ཀྱི་ཕུང་ཁམས་སྐྱེ་མཆེད་ལྷར་དག་པ་མངོན་དུ་གྱུར། འོད་ཟེར་གྱི་ལྕགས་ཀྱུས་དྲངས་ཏེ་ལྷ་དང་སྲུང་མར་བཅས་པ་ཐམས་ཅད་རང་གི་ལུས་དཀྱིལ་ལ་གཞུག མ་དག་པའི་ལྔ་ཕུང་། ཕོ་ཉ་ཆོས་སྐྱོང་བཀའ་འཁོར་དང་བཅས་པ་རྣམས་ཀྱིས་རྡོ་རྗེ་མཚོན་ཆའི་ཆར་བུ་ཡུག་གཏིབས་པའི་ཀློང་དུ་བསད་བཅད་གཏུབས་དྲལ། མ་དག་པའི་ཕུང་པོ་ཟོས་པར་བསམ་ཞིང་ཨོཾ་ཨཱཿམཱ་ར་ཡ་ཀུ་རུ་ཧཱུྃ་སྲཱིཿཞེས་བཟླ། འདོད་ན་བསྲུང་བཟློག་གི་སྔགས་དང་ཏིང་ངེ་འཛིན་ཡང་འདིར་སྦྱར། དེ་མཐའ་དག་རང་བཞིན་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ངང་ལ་མཉམ་པར་གཞག དྲག་པོའི་ལས་གཙོ་བོར་གྱུར་པའི་དགེ་བ་སྤེལ་ཞིང་བསྔོའོ། །དེ་ནས་དགོང་ཀའི་དུས་སུ་དབང་གི་འཕྲིན་ལས་ལ་བློ་སྦྱང་བའི་ཕྱིར། གང་ཡིད་ལ་བརྣགས་ཤིང་འདོད་ཆགས་ཅན་གྱི་རིགས་གཙོ་བོར་གྱུར་པའི་སེམས་ཅན་གྱི་ཁམས་མཐའ་དག་ལ་གཉུག་མ་བྱམས་པ་ཆེན་པོའི་ཡིད་ཀྱིས་རྗེས་སུ་ཆགས་པའི་སེམས་ཀྱིས་དེ་མཐའ་དག་བདེ་བ་ཆེན་པོའི་གོ་འཕང་བླ་ན་མེད་པ་ལ་འགོད་པའི་ཕྱིར། རྟེན་འདི་ཉིད་ཀྱིས་མཆོག་གི་སྤྲུལ་པའི་སྐུ་མངོན་དུ་བྱ། དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་དབང་གི་འཕྲིན་ལས་བསྒྲུབ་སྙམ་དུ་སེམས་བསྐྱེད། རང་ཉིད་བཅོམ་ལྡན་འདས་བདག་མེད་མ་པདྨའི་རིགས་སུ་རིགས་པ་ཐམས་ཅད་སྦྱོར་བའི་བདག་ཉིད་ཅན་མཚམས་ཀྱི་སྤྲིན་ལྟ་བུའི་རྗེས་སུ་ཆགས་པའི་ཉམས་ཅན་དུ་བསམས་པའི་མགྲིན་པའི་འཁོར་ལོ་འདབ་མ་བཅུ་དྲུག་པའི་ལྟེ་བ་དང་འདབ་མ་རྣམས་ལ་དཔལ་ལྡན་བླ་མ་པདྨའི་རིགས་ཀྱི་བདག་པོའི་རང་བཞིན་ཅན་གྱི་སྣང་བ་འཐའ་ཡས་པད་མ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ་མཆོག་ཏུ་ཆགས་པའི་ཉམས་ཅན་གསལ་བཏབ། ལས་མཐུན་གྱིས་མཆོད། ཐམས་ཅད་དབང་དུ་འདུ་བར་གསོལ་བ་གདབ། འཁོར་ལོ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུའི་ཚོགས་དང་ཕོ་ཉ་དང་ཕོ་ཉ་མོ་ལྕགས་ཀྱུ་དང་ཞགས་པ་ཨུཏྤལ་དམར་པོའི་གཞུ་ཐོགས་པ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས། བསྒྲུབ་བྱ་ཕོ་རྣམས་ཀྱི་སྙིང་ག་དང་མོ་རྣམས་ཀྱི་གསང་གནས་ནས་ལྕགས་ཀྱུས་བཏབ། མགྲིན་པ་ནས་ཞགས་པ་དང་གཞུ་རྒྱུད་ལ་སོགས་པས་བཅིངས་ཏེ་བསྐལ་པའི་རླུང་གིས་བཏེག་སྲིད་པའི་མེས་གདུངས་བཞིན་དུ་གཙོ་བོའི་མདུན་དུ་དབང་ཐམས་ཅད་དང་བྲལ་ཞིང་ཉམས་སྟོབས་དམན་པས་ཡིད་དང་མགོ་བོ་ལྷན་ཅིག་ཏུ་རང་ལ་འདུད་པར་བསམ། སླར་ཡང་ལུས་དཀྱིལ་གྱི་ལྷའི་ཐུགས་ཀ་དང་སྦྱོར་མཚམས་ནས་བྱུང་བའི་འོད་རྣོན་པོས་རེག་པས་དེའི་བསྲུང་བ་རིགས་སྔགས་ཏིང་ངེ་འཛིན་ལ་སོགས་པ་དང་ཡེ་ཤེས་ཀྱི་ཕྱོགས་ཀྱི་ཕུང་སོགས་ཐམས་ཅད་དང་། གཞན་ཡང་དེ་དང་དེའི་བླ་མ་ལྷ་སྲུང་མ་རིམ་གྲོ་བ། ཆགས་ཡུལ་ལ་སོགས་པའི་ནུས་མཐུ་སོགས་མ་ལུས་པར་བསྡུ། དེ་ནས་ཕོ་ཉ་མདའ་གཞུ་ཐོགས་པ་སྤྲོས་པ་རྣམས་ཀྱིས་མདའ་ལྔའི་སྦྱོར་བ་ལ་སོགས་པས་མྱོས་ཤིང་རང་ལ་ལྷག་པར་འདུད་པ་ཉིད་དུ་དབང་དུ་བྱས། དེའི་ཚེ་བསོད་ནམས་ཡེ་ཤེས་དབང་ཕྱུག་སོགས་དང་། གཞན་ཡང་ཡུལ་འཁོར་ནོར་རྫས་སོགས་ཀྱི་བཅུད་མདངས་སོགས་དང་། ཕྱོགས་བཅུ་རབ་འབྱམས་འཁོར་འདས་སྣོད་བཅུད་མ་ལུས་པའི་ཚེ་བསོད་ནམས་ཡེ་ཤེས་སོགས། མཐའ་དག་ལྷག་མ་མེད་པར་བྱང་ཆུབ་དང་གཞན་དོན་ཁོ་ནའི་དབང་དུ་བསྡུས་པས། དེ་མཐའ་དག་གཟི་མདངས་སོགས་དང་བྲལ་ཞིང་རང་ཉིད་ཁམས་གསུམ་གྱི་དབང་ཕྱུག་ཏུ་གྱུར་པར་བསམ། ཨོཾ་ཨཱཿབ་ཤཾ་ཀུ་རུ་ཧཱུྃ་སྲཱིཿཞེས་བཟླ། གང་དབང་དུ་བྱ་བར་འདོད་པའི་མིང་སྤེལ་གྱི་ཏིང་ངེ་འཛིན་ཡང་སྦྱར། དེ་མཐའ་དག་རང་བཞིན་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ངང་དུ་མཉམ་པར་གཞག དབང་གི་ལས་གཙོ་བོར་གྱུར་པའི་དགེ་བ་སྤེལ་ཞིང་བསྔོའོ། །དེ་ནས་སྲོད་ལ་ཞི་བའི་འཕྲིན་ལས་ལ་བློ་སྦྱང་སྟེ། ནད་དང་སྡུག་བསྔལ་དྲག་པོས་གཟིར་བ་ལ་སོགས་པའི་གཙོ་བོར་གྱུར་པའི་སེམས་ཅན་མཐའ་དག་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བསལ་ཏེ། བཏང་སྙོམས་ཆེན་པོའི་སེམས་ཀྱིས་དེ་མཐའ་དག་བདེ་བ་ཆེན་པོའི་གོ་འཕང་བླ་ན་མེད་པ་ལ་འགོད་པའི་ཕྱིར། རྟེན་འདི་ཉིད་ཀྱིས་མཆོག་གི་སྤྲུལ་པའི་སྐུ་མངོན་དུ་བྱ། དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཞི་བའི་འཕྲིན་ལས་བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད། རང་ཉིད་བཅོམ་ལྡན་འདས་བདག་མེད་མ་འཁོར་ལོའི་རིགས་སུ་རིགས་ཐམས་ཅད་སྦྱོར་བའི་བདག་ཉིད་ཅན་ཟླ་བ་ལྟ་བུ་ཞི་བའི་ཉམས་ཅན་དུ་བསམས་པའི་སྤྱི་བོའི་འཁོར་ལོ་འདབ་མ་སོ་གཉིས་པའི་ལྟེ་བ་དང་འདབ་མ་རྣམས་ལ་དཔལ་ལྡན་བླ་མ་འཁོར་ལོའི་རིགས་ཀྱི་བདག་པོའི་རང་བཞིན་ཅན་གྱི་རྣམ་པར་སྣང་མཛད་འཁོར་ལོ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ་ཤིན་ཏུ་ཞི་བའི་ཉམས་ཅན་གསལ་བཏབ། ལས་མཐུན་གྱིས་མཆོད། སེམས་ཅན་ཐམས་ཅད་ནད་དང་སྡུག་བསྔལ་མ་ལུས་པ་ཞི་བར་གསོལ་བ་གདབ། འཁོར་ལོ་ལས་སྤྱན་མ་ལ་སོགས་པའི་ལྷ་མོས་བདུད་རྩིས་གང་བའི་བུམ་པ་དཀར་པོ་སོགས་ཐོགས་པ་རྣམས་དང་འོད་ཟེར་དཀར་པོ་རབ་འབྱམས་སྤྲོས། སྣོད་བཅུད་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱངས། ཁྱད་པར་བུམ་པའི་བདུད་རྩི་སོགས་ཀྱིས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བས་སྡིག་སྒྲིབ་ནད་གདོན་སོགས་གནོད་པ་དང་ཉེ་བར་འཚེ་བ་མཐའ་དག་ཞི། ཕྱིས་མི་འཇུག་པར་ཡེ་ཤེས་ཀྱིས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པས་བསྲུང་པར་བསམ་ཞིང་། ཨོཾ་ཨཱ་ཤཱནྟིཾ་ཀུ་རུ་ཧཱུྃ་སྲཱིཿཞེས་བཟླ། དམིགས་བྱ་ཡོད་ན་མིང་དང་ཏིང་ངེ་འཛིན་ཡང་སྦྱར། དེ་མཐའ་དག་རང་བཞིན་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ངང་ལ་མཉམ་པར་གཞག ཞི་བའི་ལས་གཙོ་བོར་གྱུར་པའི་དགེ་བ་སྤེལ་ཞིང་བསྔོའོ། །ཆེས་སྟོབས་སུ་གྱུར་ན་འཕྲིན་ལས་བཞི་ཟུང་འཇུག་ཏུ་སློབ་སྟེ། ངོ་སྤྲོད་གཅིག་གི་ཡུལ་ལ་རྩ་བ་ཟིན་པས་ཟབ་མོའི་དོན་ཕྱོགས་མེད་དུ་ཟིན་པར་བྱེད། མཚང་རིག་པ་གོ་རྟོགས་ཀྱི་གནད་ཅེས་པས་སོ། །དེ་ཐམས་ཅད་དུ་མ་ཡེངས་པ་དགོས་ཏེ་ཤེས་པ་མ་བཅོས་གཉུག་མ་སྲངས་སུ་བཅུག་པས་གནས་ལུགས་ཕྱག་རྒྱ་ཆེན་པོ་ནང་ནས་འཆར་བར་བྱེད། རིག་པ་མ་ཡེངས་པ་ཐབས་ཀྱི་གནད་ཅེས་སོ། །དེ་ལྟར་སྒྲུབ་པའི་ཚེ་ལོངས་སྤྱོད་ཕྲན་ཚེགས་བདུད་དུ་ཤེས་ནས་དེ་ལ་མི་ཆགས་པར་སྒྲུབ་པ་ལ་རྩེ་གཅིག་པ་ཞིག་དགོས་ཏེ་འདུ་འཛི་བར་གཅོད་དུ་ངོས་ཟིན་པས། ཕྱི་སྣང་བ་ལོངས་སྤྱོད་ཀྱི་བདུད་མི་འཁོར་བར་བྱེད། འདི་ཆགས་སྡང་གི་སྒྲོག་རང་གྲོལ་ལ་འགྲོ་བའི་གནད་ཅེས་སོ། །ལྷག་པར་སྙན་ཁུང་བླ་མའི་ཞལ་གྱི་གདམས་པས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་སྲོག་གཅོད་པར་བྱེད། ཚིག་གི་ལྷད་དང་མ་འདྲེས་པས་དོན་རྒྱུད་ཀྱི་གནད་ཅེས་པ་འདི་ཤེས་པར་བྱའོ། །གཉིས་པ་ངག་གི་ཐིག་ལེ་སྤྱང་བ་བླ་མ་ལོངས་སྐུ་ལམ་རྫོགས་ནི། སྐྱ་རེངས་ཤར་བ་ནས་གཉིད་སྲབ་མོའི་འོད་གསལ་ལས་སྒྱུ་མའི་རྩལ་མ་འགགས་པ་ལ་བསླབ་པའི་ཕྱིར། དྲན་རིག་གི་རྟོག་པ་ནང་དུ་གཅུན་པས་རླུང་སེམས་ཀྱི་བདེ་བ་འཛིན་པར་བྱེད། འགྱུ་བ་སྒྲོག་ཏུ་བཅུག་པ་རིག་པ་བཙིར་འཛིན་བྱེད་པའི་གནད་ཅེས་པ་འདིས་སྟོན་ཏེ། གཉིད་དུ་འགྲོ་ཁར་སེམས་བསྐྱེད་དང་སྣོད་བཅུད་སྒྱུ་འཕྲུལ་གྱི་ལྷར་དྲན་ཙམ་ལས་རྨི་ལམ་འཛིན་པ་དང་སྤྲུལ་སྒྱུར་གྱི་ཏིང་ངེ་འཛིན་མངོན་དུ་བྱ་འདོད་ཀྱི་འདུན་པ་དྲག་པོས་མཚམས་སྦྱར་བས་རིག་པ་དྭངས་སྙིགས་ཕྱེད་པར་འགྱུར་ཏེ། དྲན་རྟོག་སྔ་ཕྱིའི་ཡུལ་བཅད་པས། འདུ་བའི་ནད་ནང་དུ་ཆོམས་པར་བྱེད། དེ་ནི་རླུང་མཁྲིས་བད་ཀན་གྱི་ནད་མི་འཁྲུགས་པའི་གནད་ཅེས་སོ། །དེ་ནས་མགྲིན་པའི་འཁོར་ལོའི་དྷཱུ་ཏཱིའི་དབུས་ཀྱི་མི་ཤིགས་པ་དཔལ་ལྡན་བླ་མ་གསུང་རྡོ་རྗེའི་རང་བཞིན་གྱི་སྦྱོར་མཚམས་ལ་སེམས་གཏད་གསོལ་བ་བཏབ། ཐིམ་རིམ་གྱི་རྟགས་གང་ཤར་ལ་བསྲེ་བའི་ཚེ་ཤེས་པ་ཡུལ་གྱི་རྗེས་སུ་མ་འབྲངས་པས། རྟོག་པའི་རྩ་བ་འབྲལ་བར་བྱེད། ཆིག་ཆོད་ཀྱི་ཤེས་པ་མི་འགྱུར་བའི་གནད་ཤེས་པས་བཟུང་། རྨི་ལམ་ངོས་ཟིན་པ་དང་གསལ་དྭངས་གྲུང་ལ་སྲིག་བཏོན་པས། རྟེན་འབྲེལ་གྱི་སྒྱུ་རྩལ་འཆར་བར་བྱེད། རང་མདངས་དྲི་མ་མེད་པ་འོད་གསལ་གྱི་གནད་ཤེས་པ་དང་ལྡན་པས་གཉིད་སྲབ་མོའི་འོད་གསལ་ལས་ཤར་བའི་རྨི་ལམ་གྱི་སྣང་བ་མཐའ་དག་སྒྱུ་མར་སྦྱངས། དེ་ནས་བསམ་གཏན་གྱི་ཡན་ལག་གིས་ཕྱག་རྒྱ་ཆེན་པོར་བཅིངས་པ་ལས། བདེ་བ་ཆེན་པོ་མངོན་དུ་འགྱུར་བ་ཡིན་ཏེ། རིག་པ་སོར་གཞག་གི་རྒྱལ་ས་བཟུང་བས་བདེ་གསལ་མི་རྟོག་པའི་ཉམས་འཆར་བར་བྱེད། ཡེ་ཤེས་དངོས་སུ་སྐྱེ་བར་བྱེད་པའི་གནད་ཅེས་པས་སོ། དེ་ལས་མཉམ་གཞག་གསལ་བའི་མདངས་ལས་བཤིག་པས་གནས་པའི་ཕྱིར་རྗེས་བཟང་བར་བྱེད། ཐུན་ཆུང་ལ་གྲངས་མང་བ་བྱིང་རྒོད་མི་འབྱུང་བའི་གནད་ཅེས་པས། ལྡང་འཇུག་རན་པར་བརྟེན་ནོ། །གསུམ་པ་ཡིད་ཀྱི་ཐིག་ལེ་སྦྱང་བ་བླ་མ་ཆོས་སྐུ་ལམ་རྫོགས་ནི། ལིངས་པ་སྲོག་ལ་མཁས་པའི་གདམས་པས། ཡིད་བཙན་ཐབས་སུ་གསོད་པར་བྱེད། རྟོག་པ་ཆོས་ཉིད་དུ་འགྲོ་བའི་གནད་ཅེས་པ་འདིའི་དོན། ནམ་གྱི་གུང་ཐུན་ལ་གཉིད་མཐུག་འོད་གསལ་དུ་སྦྱང་བའི་ཕྱིར། གཉིད་དུ་འགྲོ་ཀར་སེམས་བསྐྱེད་དང་སྣོད་བཅུད་རང་བཞིན་གྱི་ལྷར་དག་པ་དྲན་ཙམ་བྱ་སྟེ། རྐྱེན་སྣང་གི་རྟོག་པ་སྒྱུ་མར་ཤེས་པས། ཀུན་གཞི་ལ་བག་མི་ཆགས་པར་བྱེད། དུས་གསུམ་ཡིད་ལ་བདེན་འཛིན་མི་བརྟེན་པ་ཕྱག་རྒྱ་ཆེན་པོའི་གནད་ཅེས་གསུངས། དེ་ནས་གཉིད་མཐུག་པོའི་འོད་གསལ་མངོན་དུ་བྱ་འདོད་ཀྱི་འདུན་པ་ཤུགས་དྲག་པོས་མཚམས་སྦྱར་ནས་སྙིང་གའི་དྷཱུ་ཏིའི་དབུས་ཀྱི་མི་ཤིགས་པ་དཔལ་ལྡན་བླ་མ་ཐུགས་རྡོ་རྗེ་འོད་ཀྱི་རང་བཞིན་ཅན་ཡབ་ཡུམ་གྱི་སྦྱོར་མཚམས་ལ་སེམས་གཏད། གསོལ་བ་དྲག་ཏུ་གདབ་པ་ནི། ཤེས་རབ་ཀྱི་སྤྱོད་ཐབས་སུ་ཁྱེར་བས་གཉིས་མེད་ལམ་དུ་སློང་བར་བྱེད། ཟུང་འཇུག་རྒྱུད་ལ་སྐྱེ་བར་བྱེད་པའི་གནད་ཅེས་བྱ་བ་ཡིན་ནོ། །དེ་ནས་གཉིད་ཀྱི་ཐིམ་རིམ་གྱི་རྟགས་གང་ཤར་ལ་གཤིས་རང་བབས་སུ་གློད་པས་སྣོད་བཅུད་ཐམས་ཅད་འོད་གསལ་དུ་འཇུག་པ་ནི། རྒྱུ་མི་མཐུན་པ་ལམ་དུ་བླངས་པས། འགལ་རྐྱེན་གྲོགས་སུ་འཆར་བར་བྱེད། རྐྱེན་ངན་གྱི་སྟེང་དུ་ཐོག་འགེལ་བྱེད་པའི་གནད་ཅེས་བྱ་ལ། དེས་དཔལ་ལྡན་བླ་མ་ཆོས་ཀྱི་སྐུའི་རང་ཞལ་སོ་སོ་རང་རིག་པའི་བདག་ཉིད་དུ་མངོན་དུ་འགྱུར་བ་ཡིན་ལ། འཁོར་བའི་ཆོས་ཟད་པ་འཁོར་འདས་དབྱེར་མེད་དུ་གཏན་ལ་ཕབ་པས། གཉིས་སྣང་གི་ཤེས་པ་གྲོལ་བར་བྱེད། བླང་དོར་གཞི་ལ་དག་པ་ཟུང་འཇུག་གི་གནད་ཅེས་བཞག་ལ། དེ་རྟོགས་པ་ཕྱིན་ནས་སྣང་བ་ཐམས་ཅད་སྒྱུ་འཕྲུལ་གྱི་རོལ་པར་འཆར་བས་ལམ་ལ་གང་ཕན་གྲོགས་སུ་བསྟེན་པས། ཨ་འཐས་ཀྱི་དངོས་འཛིན་ཟློག་པར་བྱེད། གྲལ་རིམ་གྱི་ཁྲིགས་བསྒྱེལ་བ་རྒྱ་ཡན་གྱི་གནད་ཅེས་པ་བསྟེན་པར་བྱ་ལ། དེས་སྣང་སེམས་རོ་གཅིག་ཏུ་འདྲེ་བ་ནི་རིག་པའི་རྩལ་ཕྱིར་སྦྱངས་པས། རྟོགས་པའི་རྐྱེན་བསྐུལ་ཡུལ་གྱིས་བྱེད། སྣང་བ་ཐམས་ཅད་དཔེ་ཆར་འཆར་བའི་གནད་ཅེས་པས་སོ། །དེའི་ཚེ་སྒོམ་པ་བདག་པོ་ལ་གཏད་པས་གཅེས་འཛིན་གྱི་བདུད་མི་འཁོར་བར་བྱེད། གཉེན་པོའི་བྱ་ར་རང་ཞིག་ལ་འགྲོ་བའི་གནད་ཅེས་པ་དེ་ཟིན་པ་ཡིན་ནོ། །བཞི་པ་བཞི་བའི་ཐིག་ལེ་སྦྱོང་བ་བླ་མ་གསང་བའི་སྐུའི་ལམ་རྫོགས་ནི། ངོ་བོ་སྦས་པ་གསེར་གྱི་ཉི་མའི་མིག་ཕྱེ་བས་རྟོགས་པའི་ཡེ་ཤེས་ཕྱོགས་མེད་དུ་འཆར་བར་བྱེད། ཕྱག་རྒྱ་ཆེན་པོ་བརྡའི་གནད་ཅེས་པའི་དོན། ཐོ་རངས་ཀྱི་ཆ་སྐྱ་རེངས་ཤར་བའི་མཚམས་ཀྱི་མཐར་ཐུག་པ་མངོན་པར་བྱང་ཆུབ་པའི་དུས་དང་སྦྱར་ཏེ། སྦྲུལ་གཉིད་པ་ལྟ་བུའི་བྱེད་ཆིངས་མིག་གྱེན་དུ་བཟློག་པའི་ལྟ་སྟངས་ཀྱིས་བཙན་ཐབས་སུ་སྲོག་བསད་པ་ནི། རྟེན་འབྲེལ་ལུས་ལ་བསྒྲིགས་པའི་ཆེ་བས་ཉམས་མྱོང་སེམས་ལ་སྐྱེ་བར་བྱེད། འཁྲུལ་འཁོར་འདུག་སྟངས་ཀྱི་གནད་ཅེས་བྱའོ། །དེ་ནས་སྤྱི་བོའི་དྷཱུ་ཏཱིའི་དབུས་ཀྱི་མི་ཤིགས་པ་བླ་མ་སྐུ་རྡོ་རྗེ་འོད་ཀྱི་རང་བཞིན་ཅན་ཡབ་ཡུམ་གྱི་སྦྱོར་མཚམས་ལ་སེམས་གཏད། གསོལ་བ་དྲག་ཏུ་བཏབ་པ་ནི། རིག་པ་ལ་སིང་ཡར་གྱི་སྲིག་བཏོན་པས་རྣོ་ངར་གྱི་རྩི་ཆགས་པར་བྱེད། བྱིང་རྨུགས་ཀྱི་གདན་འཇིག་པར་བྱེད་པའི་གནད་ཅེས་བྱ་ལ། དེས་ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་མོའི་རྒྱུ་ལས་སྐྱེས་པའི་སྟོང་གཟུགས་རབ་འབྱམས་སོ་སོ་རང་རིག་གི་མངོན་སུམ་དུ་བྱེད་པ་ནི། དཀའ་ཐུབ་ཀྱི་སྲང་ནས་རིམ་པ་གསུམ་དུ་ཕྱེ་བས། སྒྲུབ་པ་པོར་ཟགས་ལ་མི་འགྲོ་བར་བྱེད། དྲི་མ་ངོས་འཛིན་བསྲུང་སྡོམ་གྱི་གནད་ཅེས་བྱ་བ་ཡིན་ནོ། །དེའི་ཚེ་སོ་སོར་རྟོག་པའི་ཤེས་རབ་ཀྱི་རལ་གྲིས་རྟོག་པ་དུམ་བུ་ཁྲིགས་སུ་བཅད་པས། ཡེ་ཤེས་རིམ་གྱིས་སྐྱེ་བར་བྱེད། སོ་མའི་མལ་བྱེ་བ་རིག་པ་བྱེ་འཕུར་གྱི་གནད་ཅེས་པ་དང་ལྡན་པར་བྱ་ལ། དེ་ལས་སྤྱན་ལྔ་མཐར་ཕྱིན་ནས་སྣང་བ་ཐམས་ཅད་ཟུང་དུ་འཇུག་པ་གསང་བ་ཆེན་པོའི་སྐུར་རྟོགས་པ་ནི། འགྱུ་བའི་འཕྲང་བཙན་ཐབས་སུ་བཅད་པས། རླུང་སེམས་གཉུག་མའི་དོན་འོད་གསལ་འཆིང་བར་བྱེད། སྤྱན་ལྔ་ལྟ་སྟངས་ཀྱི་གནད་ཅེས་བྱའོ། །འདི་ལ་སྒྲུབ་པ་པོ་འདོད་བློ་མ་བསྟེན་པས། ལམ་རྟགས་ལ་མཆོག་ཏུ་མི་འཛིན་པར་བྱེད། དེ་ནི་འབྲས་བུ་མ་དམིགས་ན་ཐོབ་པའི་གནད་ཅེས་པ་གནད་དུ་ཆེའོ། །གསུམ་པ་རིམ་འཇུག་གི་ལམ་ལྔ་ཐོབ་པ་ནག་ཁྲིད་གདམ་ངག་གི་ཕྲ་གཅོད་པའི་གནད་ལ། ཕྱི་མཚན་ཉིད་ཀྱི་གདམས་པ་ལ་བརྟེན་ནས་ཚོགས་ལམ་བློ་སྦྱོང་གིས་ལམ་བགྲོད། ཕ་རྒྱུད་གཡོ་བའི་རླུང་སྦར་འཛིན་གྱི་ལམ་ལ་བརྟེན་ནས་སྦྱོར་ལམ་དཀའ་ཐུབ་ཀྱིས་སྲངས་སུ་བཅུག མ་རྒྱུད་བདེ་བ་ཉམས་ཀྱི་གདམས་ངག་ལ་བརྟེན་ནས་མཐོང་ལམ་གྱིས་རྗེས་བཅད། སྙིང་པོ་དོན་གྱི་གདམས་པ་ལ་བརྟེན་ནས་བསྒོམ་ལམ་རོ་སྙོམས་ཀྱིས་བོགས་དབྱུང་། རིག་པ་རང་གྲོལ་གྱི་གདམས་པ་ལ་བརྟེན་ནས་མཐར་ཕྱིན་བྱ་བྲལ་གྱི་ལམ་ཐོབ་པར་བྱ་བ་དང་ལྔ་ལས། དང་པོ་ནི། སྐབས་བརྒྱད་རྩ་བ་གཅིག་ཏུ་བསྡུས་ནས་ལམ་ལྔ་གདན་གཅིག་ལ་ཉམས་སུ་བླངས་ནས་ས་བཅུ་དུས་གཅིག་ལ་ནོན་པ་ཞེས་གསུངས་པ་འདི་ཉིད་རྩ་བར་བཞག་སྟེ་བཤད་པར་བྱའོ། དེ་ཡང་། ཚོགས་ལམ་དུ་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་མཁྱེན་གསུམ་གྱི་རྣམ་པར་བསྡུས་ནས་སྒོམ་པར་བྱེད་པ་ནི་རྣམ་རྫོགས་སྦྱོར་བ་ཞེས་བྱ་ལ། དེ་ཉིད་མོས་སྤྱོད་དུ་མོས་པས་འཇུག་པའི་དང་། ས་དང་པོ་ནས་བདུན་པའི་བར་མངོན་དུ་བྱེད་པའི་གསལ་སྣང་ཐོན་པ་རྩེ་མོའི་སྦྱོར་བ་སྟེ་བྱང་ཆུབ་ཀྱི་སེམས་གཉིས་ལ་ཡིད་སྦྱངས་པས། བསྟན་པ་ཐམས་ཅད་གདན་གཅིག་ལ་རྫོགས་ཏེ། དོན་གཉིས་མངོན་དུ་གྱུར་པར་བྱེད་པ་ཞེས་དང་། ས་བརྒྱད་པ་ནས་དག་ས་གསུམ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཞུགས་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོར་འཇུག་པ་མཐར་ཕྱིན་པ་བྱེད་པས་མཐར་གྱིས་པའི་སྦྱོར་བ་སྟེ་ཤེས་བྱའི་གནས་ལ་བློ་སྦྱངས་པས། སངས་རྒྱས་ཀྱི་ཡོན་ཏན་མངོན་དུ་གྱུར་ཏེ། གཟུགས་སྐུ་རྟེན་འབྲེལ་གྱི་ཆེ་བ་ལས་འཆར་བ་ཞེས་དང་། རིམ་གྱིས་ཁོ་ནས་ས་གོང་མ་རྣམས་སུ་སེམས་ཀྱི་རྒྱུད་གསེར་ལྟ་བུར་རྣམ་པར་སྦྱོང་བ་དེའི་རྒྱུན་གྱི་མཐའི་སྐད་ཅིག་མ་བྱུང་བ་དེའི་ཚེ་སྐད་ཅིག་མའི་སྦྱོར་བ་སྟེ་སེམས་ཀྱི་སྣང་ཡུལ་ངོས་བཟུང་ནས། ཐབས་རྟེན་འབྲེལ་ལ་རྩལ་སྦྱངས་པས། གཤིས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ཞེས་བྱ་བའི་མིང་གིས་བསྙད་པ་ཡིན་ནོ། །དེ་ལྟར་བསྒོམས་པས་བག་ཆགས་དང་བཅས་པའི་ཉེས་པའི་དྲ་བ་མཐའ་དག་དང་ནི་བྲལ། ཡིད་བཞིན་གྱི་ནོར་བུ་ལྟ་བུར་སེམས་ཅན་མཐའ་དག་ཉེ་བར་འཚོ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་མ་ལུས་པ་རབ་ཀྱི་མཐར་ཕྱིན་པའི་ཕུང་པོ་དང་ནི་ལྡན། སྔོན་གྱི་སྨོན་ལམ་འབྲས་བུ་ཡོད་པར་ནི་མཛད། ཐུགས་རྗེ་ཆེན་པོའི་རང་བཞིན་དུ་ནི་གྱུར། ལྷུན་གྱི་གྲུབ་པར་ཐབས་སྣ་ཚོགས་དག་དང་། སྤྲུལ་པ་དཔག་ཏུ་མེད་པ་དག་གིས་འགྲོ་བ་མ་ལུས་པའི་དོན་རྣམ་པ་ཐམས་ཅད་སེམས་ཅན་གྱི་ཁམས་ཀྱི་མཐས་གཏུགས་པར་བཞུགས་ནས་མཛད་པ་ནི་ཆོས་ཀྱི་སྐུ་སྟེ་སྦྱོར་བ་བཞི་པོ་དེ་དག་གིས་འབྲས་བུར་བཞག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཐབས་དང་ཤེས་རབ་ཏུ་བསྡུས་ནས། སྟོང་པ་དང་སྙིང་རྗེ་ཟུང་འཇུག་ཏུ་བསྒོམས་པས། སངས་རྒྱས་ཀྱི་སྐུ་གཉིས་མངོན་དུ་གྱུར་པ་ཞེས་བྱའོ། །དེ་ལྟར་མཁྱེན་གསུམ་གྱི་རྣམ་པར་བསྒོམ་བྱ་ཐམས་ཅད་བསྡུས་པའི་ཕྱིར་རྣལ་འབྱོར་པས་ཐམས་ཅད་དུ་དེ་གསུམ་པོ་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། དང་པོར་གཞི་ཤེས་ཀྱི་རྣམ་པ་བསྒོམ་པའི་ཚུལ་ནི། ཡིད་དུ་འོང་བའི་ཕྱོགས་སུ་བདག་གི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་འགོད་པར་བྱའོ་སྙམ་དུ་བསམ་ཞིང་། འགྲོ་བ་མཐའ་དག་འདོན་པར་འདོད་པའི་བསམ་པ་ཅན་གྱིས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ཏེ་ཡན་ལག་བདུན་པ་བྱས་ནས། སྟན་ཤིན་ཏུ་བདེ་བ་འཇམ་པོ་ལ་ལུས་བསམ་གཏན་གྱི་བྱེད་ཆིངས་ལྔས་བཅིངས་ཏེ། གང་ཟག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་གུད་ན་མི་དམིགས་ཏེ་གཟུགས་ལ་སོགས་པ་ལ་ངའོ་སྙམ་པའི་ཤེས་པ་འབྱུང་བའི་ཕྱིར་རོ། །གང་ཟག་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། གཟུགས་ལ་སོགས་པ་དེ་དག་མི་རྟག་པ་དང་དུ་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། གང་ཟག་ནི་རྟག་པ་གཅིག་པུའི་ངོ་བོ་ཉིད་ཡིན་པར་གཞན་དག་གིས་བཏགས་པའི་ཕྱིར་རོ། །དེ་ཉིད་དམ་གཞན་ཉིད་དུ་བརྗོད་དུ་མི་རུང་བའི་གང་ཟག་གིས་དངོས་པོ་ཡོད་པར་མི་རུང་སྟེ། དངོས་པོ་ཡོད་པའི་རྣམ་པ་གཞན་མེད་དོ། །དེའི་ཕྱིར་འཇིག་རྟེན་གྱི་ང་དང་ངའི་ཞེས་བྱ་བ་ནི་རྫུན་པ་དང་འཁྲུལ་པ་ཁོ་ནའོ་ཞེས་ཤེས་པར་བྱ་བ་དེ་ཡང་། སྒྲར་སྣང་དང་སྒྲར་འཛིན་གྱི་ཤེས་པ་གཏན་ལ་ཕབ་པས། རང་རྒྱུད་དུ་འཛིན་པའི་བློ་ཞིག་སྟེ། བདེན་མེད་ཀུན་རྫོབ་ཀྱི་མཚང་རྟོགས་པ་ཞེས་བྱའོ། །ཇི་ལྟར་ཐོས་པའི་སངས་རྒྱས་ཀྱི་སྐུ་གཟུགས་ལ་སེམས་བཟུང་སྟེ་དྲན་པ་ནང་དུ་གཞག་པས་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས་ནང་དུ་དམིགས་པས་རྒྱུན་དུ་རང་གི་ངང་གིས་འཇུག་པ་ལ་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས། སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །གང་གི་ཚེ་དམུས་ལོང་ངམ་མུན་པར་ཞུགས་པའི་མི་དང་འདྲ་བར་དེ་ཁོ་ན་ཉིད་ཤིན་ཏུ་གསལ་བར་མི་འཛིན་པ་དེའི་ཚེ་བྱིང་བ་ཞེས་བྱ་ལ། སྔར་བཤད་པའི་ཤེས་རབ་ཀྱིས་གསལ་བར་བྱའོ། །གང་གི་རྣམ་པར་གཡེང་བའི་མི་ལྟ་བུའམ་སྤྲེའུ་བཞིན་དུ་སེམས་མི་གནས་པར་གྱུར་པ་ནི་རྒོད་པ་ཞེས་བྱ་ལ། དེའི་ཚེ་རྩོལ་བ་གློད་པས་བཏང་སྙོམས་སུ་བྱའོ། དེ་ནི། ལུས་ངག་ཡིད་ཀྱི་ཉེས་སྤྱོད་བསྡམས་པས། ལས་ཀྱི་སྒྲིབ་པས་གོས་དོན་མེད་དེ། གཉེན་པོ་སྟོབས་སུ་གྱུར་པ་ཞེས་བྱའོ། །དེ་ཉིད་ཉོན་མོངས་པ་རྣམས་རྣམ་པར་གནོན་པའི་གཞིར་གྱུར་པས་གཞི་ཤེས་ཀྱི་རྣམ་པ་ཞེས་བྱ་ལ། ཏིང་ངེ་འཛིན་ཤས་ཆེ་ཤེས་རབ་ཤས་ཆུང་པས་ཉན་ཐོས་ཀྱི་རྟོགས་རིས་སུ་བཞག་པ་ཡིན་ནོ། །གཉིས་པ་ལམ་ཤེས་ཀྱི་རྣམ་པ་བསྒོམ་པའི་ཚུལ་ནི། ཞི་གནས་ལ་གནས་ཏེ་ཤེས་རབ་བཙལ་བར་བྱའི། ཞི་གནས་ཙམ་གྱིས་ཆོག་པར་འཛིན་པར་མི་བྱའོ་སྙམ་དུ་བསམས་ནས། ཆོས་ཞེས་བྱ་བ་ནི་མདོར་བསྡུ་ན། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དོ། །དེ་ལ་ཕུང་པོ་དང་སྐྱེ་མཆེད་དང་། ཁམས་གཟུགས་ཅན་གང་ཡིན་པ་དེ་དག་ནི། དོན་དམ་པར་ནི་སེམས་ཀྱི་རྣམ་པ་ལས་གང་ན་མེད་དེ། དེ་དག་རྡུལ་ཕྲ་རབ་ཏུ་བཤིག་ལ། རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱིས་ངོ་བོ་ཉིད་སོ་སོར་བརྟགས་ན་ངོ་བོ་ཉིད་ངེས་པར་བཟུང་དུ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པའི་དབང་གིས། རྨི་ལམ་ན་དམིགས་པའི་གཟུགས་ལ་སོགས་པ་སྣང་བ་བཞིན་དུ། བྱིས་པ་རྣམས་ལ་སེམས་ཉིད་གཟུགས་ལ་སོགས་པ་ཕྱི་རོལ་དུ་ཆད་པ་བཞིན་དུ་སྣང་གི དོན་དམ་པར་ན་འདི་ལ་གཟུགས་ལ་སོགས་པ་ནི་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དོ། །དེའི་ཕྱིར་ཁམས་གསུམ་པོ་ཡང་སེམས་ཙམ་དུ་རྟོགས་ཀྱི་གཞན་དུ་མ་ཡིན་ནོ། །དོན་དམ་པར་ན་སེམས་ཀྱང་སྒྱུ་མ་བཞིན་དུ་མ་སྐྱེས་པ་སྟེ། གང་གི་ཚེ་རྫུན་པའི་ངོ་བོ་ཉིད་གཟུགས་ལ་སོགས་པའི་རྣམ་པ་འཛིན་པས་སེམས་ཉིད་སྣ་ཚོགས་ཀྱི་རྣམ་པར་སྣང་བ་དེའི་ཚེ། དེ་ལས་གུད་ན་མེད་པའི་ཕྱིར། དེ་ཉིད་ཀྱང་གཟུགས་ལ་སོགས་པ་བཞིན་དུ་བདེན་པ་ཉིད་དུ་ག་ལ་འགྱུར། ཇི་གཟུགས་ལ་སོགས་པ་སྣ་ཚོགས་ཀྱི་རྣམ་པ་ཡིན་པས། གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ། སེམས་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར། གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་ནོ། །སེམས་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང་། འགོག་པའི་ཚེ་ཡང་གང་དུ་ཡང་མི་འགྲོ་སྟེ། དོན་དམ་པར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བར་མི་རིགས་སོ། དེ་ལྟ་བས་ན་སེམས་ཀྱང་སྒྱུ་མ་བཞིན་ཏེ་སེམས་ཇི་ལྟ་བ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་སྟེ་དོན་དམ་པར་ན་མ་སྐྱེས་པའོ། །དེས་དེ་ལྟར་བརྟགས་ན་སེམས་ཀྱི་དང་པོ་ཡང་དག་པར་རྗེས་སུ་མི་མཐོང་། ཐ་མ་ཡང་དག་པར་རྗེས་སུ་མི་མཐོང་། བར་པ་ཡང་དག་པར་རྗེས་སུ་མི་མཐོང་། ཇི་ལྟར་སེམས་ལ་མཐའ་དང་དབུས་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་དོ། །དེ་ནི་ཡུལ་སྣ་ཚོགས་ལ་རོ་སྙོམས་པས། གཉིས་འཛིན་གྱི་བློ་རང་སར་ཞིག་ནས་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་རྟོགས་པ་ཞེས་བྱ་ཞིང་། དེས་དེ་ལྟར་སེམས་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་ནས། སེམས་ཀྱི་ངོ་བོ་ཉིད་གང་ཡང་མི་དམིགས་སོ། །སེམས་གང་གིས་ཡོངས་སུ་རྟོགས་པ་དེ་ཡང་སྟོང་པར་རྟོགས། དེ་རྟོགས་པས་སེམས་ཀྱིས་རྣམ་པར་གྲུབ་པའི་ངོ་བོ་ཉིད་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེས་དེ་ལྟར་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་བས། གཟུགས་རྟག་གོ་ཞེའམ། སྟོང་ངོ་ཞེའམ། མི་སྟོང་ངོ་ཞེའམ། ཟག་པ་དང་བཅས་པའོ་ཞེའམ། ཟག་པ་མེད་པའོ་ཞེའམ། བྱུང་བའོ་ཞེའམ། མ་བྱུང་བའོ་ཞེའམ། ཡོད་པའོ་ཞེའམ། མེད་པའོ་ཞེས་རྟོག་པར་མི་བྱེད་དོ། །ཇི་ལྟར་གཟུགས་ལ་རྟོག་པར་མི་བྱེད་པ་དེ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་སོགས་པ་རྣམས་ལ་ཡང་རྟོག་པར་མི་བྱེད་དོ། །དེ་དེ་ལྟར་ཤེས་རབ་ཀྱིས་དངོས་པོ་མཐའ་དག་གི་ངོ་བོ་ཉིད་ལ་སོ་སོར་བརྟགས་ནས་གང་ཞིག་ཀྱང་མི་དམིགས་པར་བསམ་གཏན་བྱེད་པ་དེའི་ཕྱིར་ཤེས་རབ་མཆོག་གི་བསམ་གཏན་པ་ཞེས་བྱའོ། །དེ་ནི་རིགས་པས་ཆོས་རྣམས་གཏན་ལ་ཕབ་པས། ཆེད་འཛིན་གྱི་བློའི་སྤུ་རིས་བསུབས་ནས་འཁྲུལ་པའི་ཡིད་རང་གྲོལ་དུ་རྟོགས་པ་ཞེས་པའོ། །འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་བཀའ་སྩལ་ཏེ། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟགས་གལ་ཏེ་བསྒོམ་པ་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར། །ཞེས་སོ། །དེ་ནས་ཏིང་ངེ་འཛིན་ལས་ལངས་ནས་ཆེས་འདི་དག་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཡིན་དུ་ཟིན་ཀྱང་། ཀུན་རྫོབ་ཏུ་རྣམ་པར་གནས་པ་ཉིད་དོ། །དེ་ལྟ་མ་ཡིན་ན་ལས་དང་འབྲས་བུར་འབྲེལ་བ་ལ་སོགས་པ་ཇི་ལྟར་རྣམ་པར་གནས་པར་འགྱུར། བཅོམ་ལྡན་འདས་ཀྱིས་ཀྱང་། དངོས་པོར་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་ངོ་བོ་མེད། །ཅེས་བཀའ་སྩལ་ཏོ། །འདི་ནི་ཤེས་བྱའི་དེ་ཁོ་ན་ཉིད་བདེན་པ་གཉིས་སུ་གཏན་ལ་ཕབ་ནས། གཉིས་འཛིན་གྱི་བློ་རང་སར་ཞིག་ཏེ། ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པ་ཞེས་བྱའོ། །སེམས་ཅན་བྱིས་པའི་བློ་ཅན་འདི་དག་ནི། ངོ་བོ་ཉིད་མེད་པའི་དངོས་པོ་རྣམས་ལ་ཡོད་པ་ལ་སོགས་པར་སྒྲོ་འདོགས་པས་བློ་ཕྱིན་ཅི་ལོག་ཏུ་གྱུར་ཏེ། ཡུན་རིང་པོར་འདོད་པའི་འཁོར་ལོ་ན་ཡོངས་སུ་འཁྱམས་པས། བདག་གིས་ཅི་ནས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བླ་ན་མེད་པ་ཡོངས་སུ་རྫོགས་པར་བྱས་ཏེ། དེ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱས་ལ། དེ་དག་ཆོས་ཉིད་དེ་ཁོང་དུ་ཆུད་པར་བྱའོ་སྙམ་པས། ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སེམས་ཅན་གང་ལན་བརྒྱར་བདག་གི་གཉེན་དུ་མ་གྱུར་པ་དེ་གང་ཡང་མེད་དོ་སྙམ་དུ་དེ་ཡོངས་སུ་བསམ་ཞིང་། འདི་ལ་བྱེ་བྲག་ཅི་ཡོད་ན། །ལ་ལ་ལ་ནི་རྗེས་སུ་ཆགས། །ལ་ལ་ལ་ནི་ཁོང་ཁྲོར་གྱུར། །དེ་ལྟ་བས་ན་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཉིད་དུ་བྱའོ་སྙམ་དུ། དེ་ལྟར་ཡིད་ལ་བྱ་ཞིང་བར་མའི་ཕྱོགས་ནས་བརྩམས་ཏེ། མཛའ་བཤེས་དང་དགྲ་ལ་ཡང་སེམས་མཉམ་པ་ཉིད་དུ་བསྒོམ་མོ། །དེ་ནས་བྱམས་པའི་ཆུས་རྒྱུད་བརླན་པར་བྱ་སྟེ། དེ་ཡང་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་སྟེ། མཛའ་བཤེས་ཀྱི་ཕྱོགས་ཐོག་མར་བྱས་ཏེ། རིམ་གྱིས་ཐ་མལ་པ་དང་དགྲ་ལ་ཡང་བསྒོམ་མོ། །དེ་ནས་སྙིང་རྗེའི་ས་བོན་གདབ་སྟེ། སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཡིན་ནོ། །གང་གི་ཚེ་བུ་ཆུང་ངུ་སྙིང་དུ་སྡུག་པ་སྡུག་བསྔལ་བར་གྱུར་པའི་མ་བཞིན་དུ། བདག་ཉིད་ཀྱིས་ཤིན་ཏུ་སྡུག་བསྔལ་བ་ལས་འདོན་པར་འདོད་པའི། རྣམ་པ་རང་གི་ངང་གིས་འཇུག་པའི་སྙིང་རྗེ་དེ་སེམས་ཅན་ཐམས་ཅད་མཉམ་པར་ཞུགས་པར་གྱུར་པ་དེའི་ཚེ་རྫོགས་པ་ཞེས་བྱ་སྟེ། སྙིང་རྗེ་ཆེན་པོའི་མིང་ཡང་འཐོབ་བོ། །དེ་ནས་ལངས་ནས་ཚོགས་རྣམ་པ་གཉིས་བསྒྲུབ་པ་ལ་རིམ་པས་འཇུག་པར་བྱའོ། །དེ་ནི་བག་ལ་ཉལ་འཇོམས་པར་བྱེད་པའི་ཐབས་ཡིན་པས་ལམ་ཤེས་ཀྱི་རྣམ་པ་ཞེས་བྱ་ལ། ཤེས་རབ་ཤས་ཆེ་ཏིང་ངེ་འཛིན་ནི་ཤས་ཆུང་བས་བྱང་ཆུབ་སེམས་དཔའི་རྟོགས་རིས་སུ་བཞག་པའོ། །གསུམ་པ་རྣམ་མཁྱེན་གྱི་རྣམ་པ་བསྒོམ་པའི་ཚུལ་ནི། དེ་ལྟར་གང་དང་གང་དུ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཚིག་ཐོས་ནས། དེ་དང་དེར་ཐོས་པ་དང་བསམ་པ་ཙམ་ཁོ་ནས། དེ་ཁོ་ན་རྟོགས་པ་གང་དག་སེམས་དཔའ་དེ་དག་གི་མངོན་པའི་ང་རྒྱལ་དགག་པའི་ཕྱིར། ཆོས་རྣམས་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དུ་སྟོན་པར་བྱེད་དོ། །དེ་ཡང་རིག་པའི་ཤེས་རབ་ཀྱི་དངོས་འཛིན་གྱི་བློ་བཤིག་པས། སྤྲོས་བྲལ་དོན་གྱི་ཡེ་ཤེས་རྟོགས་ཏེ། ཁོ་ན་བའི་ཤེས་པ་མཐའ་བྲལ་དུ་རྟོགས་པ་ཞེས་བྱ་བ་ནི། ཏིང་ངེ་འཛིན་ཤས་ཆེ་ན་ཤེས་རབ་ལ་བརྟེན། ཤེས་རབ་ཤས་ཆེ་ན་ཞི་གནས་ལ་བརྟེན་པས་ཆ་མཉམ་དུ་འཇུག་པ་ཐོབ་པ་ན། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ངོ་བོ་ཉིད་ཀྱི་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་ཞི་གནས་ལྷག་མཐོང་གི་གཟུགས་བརྙན་དུ་ལྡང་བ་སྟེ། དེ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བས་ན། ཡེ་ཤེས་དེ་འདོད་པས་དེ་ལ་བརྟེན་པར་བྱའོ། །ཇི་ལྟར་ཤིང་གཉིས་དྲུད་པས་མེ་བྱུང་བ་དེས་ཤིང་དེ་གཉིས་སྲེག་པ་བཞིན་དུ། དེ་ཡང་ཕྱིས་དེ་ཉིད་ཀྱིས་སྲེག་པར་བྱེད་དོ། །དཀོན་བརྩེགས་ལས། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་གཉིས་སྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་གཉིས་སྲེག་པར་བྱེད། །ཅེས་དང་། དགོངས་པ་ངེས་པར་འགྲེལ་པ་ལས། དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་དེ་ཉིད་ལ་གནས་ཏེ། སེམས་ཀྱི་རྣམ་པ་སྤངས་ནས་ཇི་ལྟར་སྤངས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད། མོས་པར་བྱེད་དོ། །དེ་ལྟར་ཏིང་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང་། རབ་ཏུ་འབྱེད་པ་དང་། ཡོངས་སུ་རྟོག་པ་དང་། ཡོངས་སུ་དཔྱོད་པ་དང་། བཟོད་པ་དང་། འདོད་པ་དང་། བྱེ་བྲག་འབྱེད་པ་དང་། ལྟ་བ་དང་། རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ། །ཞེས་གསུངས་སོ། །ཤིན་ཏུ་མཉམ་པར་གཞག་གནས་སྐབས་ན། སྦྱིན་པ་ལ་སོགས་པ་ཐབས་ལ་བརྟེན་པ་མི་འབྱུང་དུ་ཟིན་ཀྱང་། དེ་ལྟར་སྦྱོར་བ་དང་དེའི་རྗེས་ལ་འབྱུང་བའི་ཤེས་རབ་གང་བྱུང་བ་དེའི་ཚེ། སྒྱུ་མ་མཁན་བཞིན་དུ་ཕྱིན་ཅི་མ་ལོག་པ་ཁོ་ནའི་ཐབས་ལ་བརྟེན་པ་འབྱུང་བ་ཉིད་དེ། དེའི་ཕྱིར་ཤེས་རབ་དང་ཐབས་ཅིག་ཅར་དུ་འཇུག་གོ །དེ་ལྟར་ཞུགས་པ་དེ་ཉིད་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་འདི་ལྟ་སྟེ། དཔེར་ན་བློན་པོས་ཟིན་པའི་རྒྱལ་པོ་རྣམས་དགོངས་པ་ཐམས་ཅད་བྱེད་པ་དེ་བཞིན། བྱང་ཆུབ་སེམས་དཔའི་ཤེས་རབ་ཐབས་མཁས་པས་ཟིན་པ་ཡང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ་ཞེས་གསུངས་པས། རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་བསམ་གཏན་པར་ཐམས་ཅད་དུ་གྱུར་པ་ཡིན་ནོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ། ཚུལ་ཁྲིམས་དང་མ་བྲལ་བ། བཟོད་པ་དང་མ་བྲལ་བ། བརྩོན་འགྲུས་དང་མ་བྲལ་བ། བསམ་གཏན་དང་མ་བྲལ་བ། ཤེས་རབ་དང་མ་བྲལ་བ། ཐབས་དང་མ་བྲལ་བ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བཀའ་སྩལ་པ་ལྟ་བུའོ། །དེ་ནི་སངས་རྒྱས་ཀྱི་མཛད་པ་བྱེད་ནུས་སུ་སྒྲུབ་པའི་ཐབས་ཡིན་པས་རྣམ་མཁྱེན་གྱི་རྣམ་པ་ཞེས་བྱ་ལ། ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་སངས་རྒྱས་ཀྱི་རྟོགས་རིས་སུ་བཞག་གོ །དེ་ལྟར་ཡང་། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཉན་ཐོས་རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་རིགས་མི་མཐོང་སྟེ། ཏིང་ངེ་འཛིན་གྱི་ཤས་ཆེ་བའི་ཕྱིར་དང་། ཤེས་རབ་ཆུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་མོད་ཀྱི། མི་གསལ་ཏེ་ཤེས་རབ་ཀྱི་ཤས་ཆེ་བའི་ཕྱིར་དང་། ཏིང་ངེ་འཛིན་ཆུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་ཐམས་ཅད་གཟིགས་ཏེ། ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་རོ། །ཞེས་བཀའ་སྩལ་ཏོ། །གཉིས་པ་ཕ་རྒྱུད་གཡོ་བའི་རླུང་སྦར་འཛིན་གྱི་ལམ་ལ་བརྟེན་ནས་སྦྱོར་ལམ་དཀའ་ཐུབ་ཀྱི་སྲངས་སུ་བཅུག་པ་ནི། རླུང་འབྱུང་འཇུག་གནས་པ་གསུམ་ལ། ཡི་གེ་གསུམ་གྱིས་བཟླས་པ་བྱས་པས། རིམ་ལྔ་གདན་གཅིག་ཏུ་རྫོགས་པ་ཞེས་པ་འདི་ཉིད་གཞིར་བྱས་ནས་བསྒོམ་པར་བྱ་སྟེ། དེ་ཡང་། གཡས་སུ་མེའི་རླུང་རྐྱང་པར་འབབ་པ་དགུ་བརྒྱ། གཡས་ཅུང་ཟད་འགྲིབ་པའི་རིམ་གྱིས་གཡོན་དུ་འཕེལ་བ་མཉམ་རྒྱུ་ས་རླུང་དགུ་བརྒྱ་ཕྲག་གཅིག དེ་བཞིན་དུ། གཡོན་ལའང་རླུང་གི་རླུང་རང་རྐྱང་དུ་འབབ་པ་དང་གཡོན་འགྲིབ་གཡས་སུ་འཕེལ་བའི་ཆུའི་རླུང་དགུ་བརྒྱ་འབབ་པ་མགོན་པོ་བཞིའི་རླུང་དངོས་སུ་རྒྱུ་བ་ཡིན་ལ། སྤྱོད་བསྡུས་ལས། ཁྱབ་བྱེད་ཀྱིས་ནི་ཁམས་ཀྱི་དཀྱིལ་འཁོར་བཞི་ཆར་ལ་ཁྱབ་པའི་རླུང་སྟེ། མི་འབྱུང་ཞིང་ཁྱབ་པའི་འོད་ཟེར་ཅན་དེ་ནི་དེ་བཞིན་གཤེགས་པ་དཔལ་རྣམ་པར་སྣང་མཛད་དེ། ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་དོ། །དེ་ལྟ་མོད་ཀྱི་འོད་ཟེར་རེ་རེ་འབྱུང་བ་ན་ཡང་། འོད་ཟེར་ལྔ་ངེས་པར་འབྱུང་སྟེ། ཞེས་གསུངས་པས། གང་ཁམས་ལྔ་པོ་གཅིག་ཡོད་པར་ཐམས་ཅད་ཀུན་འབྱུང་བ་ནི། འཁོར་བའི་གནས་སྐབས་ཐམས་ཅད་དུ་ཁམས་ལྔའི་དྭངས་མ་སོ་སོར་བྱེ་མི་སྲིད་པའི་གཞོམ་མེད་ཀྱི་ཐིག་ལེར་གནས་པའི་གནད་ཀྱིས་ཡིན་ནོ། །དེ་ལྟར་མགོན་པོ་སོ་སོའི་རླུང་འབྱུང་འཇུག་གི་མཚན་ཉིད་ཅན་ལྷ་དེ་དང་དེའི་སྔགས་རླུང་དང་སྦྱར་ཏེ་བཟླས་པས། ལས་སོ་སོ་འགྲུབ་པ་ལ་སོགས་པ་དང་། ཁ་དོག་དང་གསལ་སྣང་འབྱུང་བ་ནི་དག་སྣང་ལ་ཡིད་སྦྱངས་པས། དངོས་འཛིན་གྱི་སྤུ་རིས་བསུབས་ནས། སྣང་བ་སྤྲུལ་སྐུར་འཆར་བ་ཞེས་བྱ་སྟེ། རགས་པའི་རྡོར་བཟླས་སོ། །དེ་ནས་འབྱུང་འཇུག་གི་མཚན་ཉིད་ཅན་གྱི་རླུང་མལ་དུ་ཟིན་པས་རྒྱུ་བ་ཅུང་ཟད་འགགས་ནས་རྣམ་ཤེས་ཀྱི་བཞོན་པར་གྱུར་པའི་རླུང་མགོན་པོ་སོ་སོའི་ངེས་པ་དང་མཐུན་པར་གནས་པ་ཡེ་ཤེས་ལྔའི་རང་བཞིན་མི་ཤིགས་པའི་འོད་ལྔའི་རླུང་ཡུངས་འབྲུ་ཙམ་དང་། དེ་དང་མི་ཕྱེད་པའི་འོད་གསལ་བའི་ལྷ་དེ་ཉིད་རླུང་དང་དབྱེར་མེད་དུ་སྦྱོར་བ་ལ་སློབ་པ་ནི། སྒྲ་དོན་ལ་ངག་སྦྱངས་པས། ཆོས་བརྒྱད་ཀྱི་ཆགས་སྡང་བསུབས་ཏེ། གྲགས་པ་གསུང་དུ་རྟོག་པ་ཞེས་པ་ཕྲ་བའི་རྡོར་བཟླས་སོ། །དེ་ཉིད་སྔགས་ཀྱི་དེ་ཁོ་ན་ཉིད་དམ། རྡོ་རྗེ་བཟླས་པའི་རིམ་པ་སྟེ། རིམ་པ་དང་པོའོ། །དེ་ནས། རྣམ་ཤེས་ཀྱི་བཞོན་པའི་རླུང་རྣམས་དབུ་མར་བསྒྲུབ་པར་བྱ་བའི་ཕྱིར་སེམས་དབེན་ལ་འཇུག་སྟེ། དེ་ཡང་། བེམ་རླུང་དང་ཚོགས་པ་མ་བྱེ་བའི་རླུང་གི་གཞོན་པའི་རྒྱུའི་དབང་སོགས་ཡུལ་ལ་འཇུག་པ་ན་སྣང་མཆེད་གཉིས་ཀྱི་གཙོ་བོར་ཤེས་པའི་ཁ་བདག་བྱེད་པ་ཡིན་ལ། དེའི་དབང་གིས་རང་བཞིན་བརྒྱད་ཅུའི་རྟོག་པ་འབྱུང་བ་ལ་ཉོན་མོངས་དང་། དེ་ལ་མངོན་པར་འདུ་བྱས་ཏེ། འབྲས་བུ་སྡུག་བསྔལ་གྱི་སྲིད་པར་གྲུབ་བོ། །སེམས་རླུང་རགས་པ་མི་རྒྱུ་བའི་དུས་སུ་ལུས་ཀྱི་བདག་པོའི་རྒྱུ་གང་གིས་བྱེད་སྙམ་ན། སྣང་མཆེད་གཉིས་ཀྱི་རྒྱུར་གྱུར་པའི་ཉེར་ཐོབ་ཀྱིས་གཙོ་བོའི་ཁ་བདག་བྱེད་པ་ཡིན་ནོ། །འོ་ན་མཚོན་བྱེད་རང་བཞིན་དེ་རྣམས་ཀྱི་མཚོན་བྱ་ཡེ་ཤེས་ཐ་མལ་པ་ལ་མྱོང་བའི་ཚུལ་དུ་འབྱུང་ངམ་ཞེ་ན། དངོས་མི་འབྱུང་ཀྱང་། ཆ་འདྲ་བ་ལ་དེའི་མིང་གིས་བཏགས་པ་སྐད་ཅིག་ཙམ་འབྱུང་བ་ལས་རང་བཞིན་སོ་སོར་འབྱུང་ངོ་ཞེས་པའི་སྐད་ཅིག་ཡུལ་སྔ་ཕྱི་ལ་འཇུག་པ་བོར་བའི་བར་དུ་རྟོག་མེད་ལུང་མ་བསྟན་འབྱུང་བ་ནི་ཐ་མལ་པས་མྱོང་བའི་ཡེ་ཤེས་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང་། ཞལ་ལུང་དུ་ཐལ་བྱུང་གི་སྟོང་པ་ཞེས་བསྙད་དོ། །འདིར། རྟོག་པས་འདྲེས་པར་འཛིན་པའི་ཤེས་པ་ཡང་མ་ཡིན། སྤྲོས་པའི་རྟོག་པ་བཀག་ཙམ་གྱི་ལུང་མ་བསྟན་ཡང་མ་ཡིན་པའི་རང་རིག་ཙམ་གྱི་ཡེ་ཤེས་དེ་མངོན་དུ་བྱས་ནས། དེ་ཉིད་སྣང་གསུམ་དུ་ཤར་བའི་སྒྱུ་མ་ལྟ་བུ་མི་ཕྱེད་པའི་ཡན་ལག་ལ་གནས་པ་ནི་ཉམས་ཀྱི་འོད་གསལ་ལམ་དཔེའི་ཡེ་ཤེས་ཏེ་སྟོང་པ་ཉིད་ལ་སེམས་སྦྱངས་པས་རང་བཞིན་བརྒྱད་ཅུའི་རྩ་བ་ཞིག་ནས། འོད་གསལ་ཆོས་སྐུ་རྟོགས་པ་ཞེས་བྱ་སྟེ། ཕྱག་རྒྱའི་དེ་ཁོ་ན་ཉིད་དམ། སེམས་དབེན་གྱི་མིང་ཅན་རིམ་པ་གཉིས་པའོ། །དེ་ནས། སྣང་གསུམ་གྱི་རིམ་པས་མངོན་དུ་གྱུར་པ་ལས་འོད་གསལ་དྭངས་མའི་རླུང་དང་འདྲེས་པ་ཉིད་སྒྱུ་མ་ལྟ་བུའི་བརྟན་གཡོའི་འཁོར་ལོར་འཆར་ཞིང་། སྣང་གསུམ་མངོན་དུ་མ་གྱུར་པ་དེ་སྲིད་ལས་རླུང་དང་འདྲེས་པ་ལས་རྣམ་པ་སྣ་ཚོགས་པ་འཁོར་བའི་ཆོས་སུ་འཆར་རོ། །དེ་བས་རྣམ་རྟོག་གི་བཅོས་མས་སྒྱུ་མར་བརྟག་པ་མིན་གྱི་ཚོགས་དྲུག་གི་འཇུག་པ་གང་ཤར་ཉིད་ཀྱི་སྟེང་དུ་མཉམ་པར་གཞག་པ་རང་གིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་འགྱུར་བ་སྟེ། ཏིང་ངེ་འཛིན་འདི་ཐམས་ཅད་ནི་རྟོག་མེད་ཡིན་པས་སོ། །རྟོག་མེད་ཀྱི་ཏིང་ངེ་འཛིན་སྣང་གསུམ་གྱི་རང་བཞིན་ཅན་གང་གི་ངང་དུ་འདིར་མོས་པ་རྣམས་ཀྱིས་མཚན་པའི་བརྟན་གཡོའི་འཁོར་ལོ་ཇི་སྙེད་པ་མེ་ལོང་གི་གཟུགས་བརྙན་ལྟར་མཐོང་བ་ལ་སྒྱུ་མ་ལྟ་བུའི་སྐུ་ཞེས་བཤད་དོ། །དེ་ནི། ཐབས་ལུས་ཀྱི་འཁྲུལ་འཁོར་གྱི་གནད་ལ་སྦྱངས་པས། འཁྲུལ་པའི་རླུང་རང་མལ་དུ་འཆིངས་ཏེ། གཟུང་འཛིན་གྱི་རྟོག་པ་བག་ལ་ཞ་བ་ཞེས་བྱའོ། །འདོད་ན་མངོན་པར་ཤེས་པ་ལྔ་ལ་སོགས་པ་མྱུར་བར་བསྒྲུབ་པའི་ཕྱིར། རྩ་བའི་རླུང་ལྔ་སྟོད་དུ་བཅིངས་ནས་ལྟེ་བར་མནན། སའི་མི་ཤིགས་པ་གསེར་གྱི་སྦྲམ་བུ་ལྟ་བུ་ཡུངས་འབྲུ་ཙམ་ལ་བསམ་གཏན་བྱས་པས་ཟད་པར་ས་དང་། སྙིང་གར་ཆུ་དང་། མགྲིན་པར་མེ་དང་། སྤྱི་བོར་རླུང་གི་ཟད་པར་མངོན་དུ་འགྱུར་ཞིང་། ཆུ་བུར་གྱི་མིག་ལ་སོགས་པ་དག་པས་སྤྱན་ལྔ་ལ་སོགས་པའི་ཡོན་ཏན་ཐོབ་པ་སྟེ། རྩ་བའི་རླུང་ལྔ་སྟོད་ལ་མནན་པས། ཡན་ལག་གི་རླུང་ལྔ་ལས་སུ་རུང་སྟེ། ཡོན་ཏན་གྱི་འཆར་སྒོ་དུ་མ་རྟོགས་པ་ཞེས་བྱ་བའོ། །དེ་ནས་བཙན་ཐབས་སུ་སྲོག་གཟུགས་སམ་ཟག་བཅས་ཀྱི་ཕུང་པོ་འཇའ་ལུས་སུ་བསྒྲུབ་པའི་ཚུལ་ལ་འཇུག་པར་བྱ་སྟེ། སྲོག་ཐུར་གྱི་རླུང་གོང་བུ་གཅིག་ཏུ་བྱས་ནས་ལྟེ་བའི་བྷ་གར་བཅུག མི་ཤིགས་པའི་ཙཎྜྻཱ་ལི་དང་རོ་གཅིག་པའི་བུམ་པ་ཅན་གྱི་ས་ཆུ་ལ་བསྟིམ། དེ་ནས། སྙིང་མགྲིན་སྤྱི་བོར་འབྱུང་བ་ལྷག་མ་གསུམ་ཐིམ་པའི་འགྲོས་ཀྱིས་སླར་གསང་གནས་ཀྱི་འཁོར་ལོར་རླུང་ནམ་མཁའ་ལ་ཐིམ་པའི་ཚུལ་གྱིས་བཅུག་པས་རླུང་ཐམས་ཅད་སྒྲ་ཚུལ་དུ་དག་པའི་དྷཱུ་ཏཱིའི་རྐང་སྒྲས་ཁམས་ཐམས་ཅད་ཅིག་ཅར་དུ་དྭངས་པའི་འཇའ་ཚོན་ལྟ་བུའི་ལུས་སུ་འགྲུབ་པར་འགྱུར་རོ། །དེ་ཉིད་ཁམས་ལྔའི་དྭངས་མའི་རླུང་གི་ཚོགས་པ་ཙམ་ཡིན་པའི་ཕྱིར་སྲོག་གི་གཟུགས་ཞེས་ཀྱང་བྱའོ། །དེ་ཡང་། ཕྲ་རགས་ཀྱི་རླུང་གཅིག་ཏུ་བསྡུས་ནས། སྲོག་བརྩོལ་གྱི་རླུང་དུམ་བུ་གཅུད་པས། རྗེས་ལ་དོན་གྱི་ངོ་བོ་རྟོགས་པ་ཞེས་པ་དེ་ནི། བདག་གི་དེ་ཁོ་ན་ཉིད་དམ། སྒྱུ་ལུས་ཞེས་བྱ་བ་རིམ་པ་གསུམ་པའོ། །དེ་ནས་སྒྱུ་མར་སྣང་བཞིན་པ་རྣམས་ཀྱི་བཞོན་པའི་རླུང་ཡེ་ཤེས་ཀྱི་ཙཎྜྻཱ་ལི་གདོད་མའི་འོད་གསལ་རྟོག་བྲལ་དང་མངོན་སུམ་དུ་སྦྱོར་བ་ཞི་བ་ཅན་གྱི་རླུང་བུམ་པ་ཅན་ལ་འབད་པས། ཡེ་ཤེས་ཀྱི་ཙཎྜྻཱ་ལི་བདག་པོར་གྱུར་ནས་ཁམས་སྙིགས་མ་ཐམས་ཅད་ཐིམ་པས་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་ཞུགས་པ་དེ་ནི་རྩ་གསུམ་རླུང་གི་སྦྱོར་བས་བཀང་བས། སྤྲོས་བྲལ་དོན་གྱི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་ནས། ཆོས་སྐུ་རྟེན་མེད་རང་གསལ་དུ་རྟོགས་པ་ཞེས་བྱའོ། །དེ་ནི། ཆོས་ཀྱི་དེ་ཁོ་ན་ཉིད་དམ། མངོན་པར་བྱང་ཆུབ་པའི་མིང་ཅན་རིམ་པ་བཞི་པའོ། །དེ་ལྟར་སྒྱུ་ལུས་སྣང་གསུམ་གྱི་མཚན་ཉིད་ཅན་འོད་གསལ་དུ་ཞུགས་པའི་སྐད་ཅིག་དང་པོ་ནས་དག་པའི་འོད་གསལ་ལམ་མངོན་པར་བྱང་ཆུབ་པའི་ཐ་སྙད་འཐོབ་ལ། དེ་ཉིད་ཟུང་འཇུག་གི་རིམ་པའང་ཡིན་ཞིང་། འོད་གསལ་དེ་ལས་རྗེས་ཐོབ་སྒྱུ་ལུས་སུ་ལངས་པ་ཡེ་ཤེས་ཀྱི་སྐུ་གྲུབ་པ་སློབ་པའི་ཟུང་འཇུག་གམ། སངས་རྒྱས་ཀྱི་ས་མཐོང་ལམ་ཆེན་པོ་ཞེས་བྱ་ལ། འདི་ནས་ལས་ཉོན་སོགས་དང་བཅས་པ་ལོག་ཅིང་། མཚན་དཔེ་དང་རྣམ་མཁྱེན་ཆ་མཐུན་པ་ཐོབ་བ་སྟེ། ལྟ་སྟངས་ཀྱི་ཡུལ་རིག་པ་བསྒྱུར་བས། རླུང་དང་རྟོག་པའི་འགྲོ་འོང་བཅད་དེ། རྗེས་ལ་མ་བཅོས་པའི་དོན་རྟོགས་པ་ཞེས་བྱའོ། །དེ་ནས་ས་བདུན་པའི་བར་དུ་ཉོན་མོངས་པའི་བག་ཆགས་ཀྱི་ལུས་ཕྲ་བ་སྦྱང་བའི་ཕྱིར་ཟུང་འཇུག་གི་ཏིང་ངེ་འཛིན་ཉིད་སའི་རིམ་པས་སྦྱངས་པ་ལས་ས་བརྒྱད་པར་མི་སློབ་པའི་ཟུང་འཇུག་འགྲུབ་སྟེ། འདི་ནས་ཉོན་ཡིད་གནས་གྱུར། ཞེས་པའང་དོན་འདི་ཉིད་ཡིན་ལ། མཚན་དཔེ་རྣམ་མཁྱེན་སོགས་སྔ་མ་ལས་ཕུལ་དུ་གྱུར་པ་ཉིད་དང་། སྟོབས་བཅུ་སོགས་བྲལ་འབྲས་རྗེས་མཐུན་པའང་བཞག་གོ །ལྟ་སྟངས་ཀྱིས་རིག་པ་བྱེ་འཕུར་དུ་ཁྱེར་བས། འཁྲུལ་པའི་རླུང་གིས་གླགས་བཅད་དུ་མེད་དེ། འོད་གསལ་འགྲོ་འོང་མེད་པར་པ་ཞེས་བྱའོ། །དེ་ནས་དག་ས་གསུམ་གྱི་མཐར་མངོན་པར་བྱང་ཆུབ་པ་ལྔའི་རིམ་གྱིས་ཀུན་ཏུ་སངས་རྒྱས་པའི་ས་གྲུབ་ནས། དེ་ནས། རྣམ་མཁྱེན་སྐད་ཅིག་དང་པོའི་ཡེ་ཤེས་ཤེས་བྱ་མ་ལུས་པའི་རྣམ་པར་འཆར་ཞིང་། གཟུགས་སྐུའི་རོལ་མོའང་མཚན་ཉིད་པ་འབྱུང་བ་ཡིན་ནོ། །དེ་ནི་རྩ་བ་མ་རིག་པའི་རླུང་བཅིངས་པས། ཡན་ལག་གི་རླུང་ཕྲ་རགས་ཐམས་ཅད་འཆུན་ནས། རྩོལ་མེད་བྱང་ཆུབ་ཀྱི་རླུང་རྟོགས་པ་ཞེས་བྱ་བ་ལྷའི་དེ་ཁོ་ན་ཉིད་དམ་ཟུང་འཇུག་གི་རིམ་པ་སྟེ་རིམ་པ་ལྔ་པའོ། །གསུམ་པ་མ་རྒྱུད་བདེ་བ་ཉམས་ཀྱི་གདམས་ངག་ལ་བརྟེན་ནས་མཐོང་ལམ་གྱི་རྗེས་བཅད་པ་ནི། ཕྱག་རྒྱ་བཞི་གདན་རྫོགས་སུ་བསྒོམ་པའི་ལམ་སྟེ། དབབ་བཟུང་བཟློག་དང་དགྲམ་པའི་གནད་ཀྱིས། ཐིག་ལེ་རྡོ་རྗེའི་དབྱིབས་སུ་ཆགས་པར་གྱུར་ནས། ནམ་མཁའ་རྡོ་རྗེའི་གྲོང་དུ་འཇུག་པ་ཞེས་པ་རྩ་བར་བྱས་ནས་བཤད་དེ། དང་པོར་ལུས་མཚན་ཐམས་ཅད་ཀྱིས་བརྒྱན་པ་དྲི་ཞིམ་པ་ཁྲེམས་གཉེར་གསུམ་གྱིས་མངོན་པར་མཛེས་པ། དབུས་ཤིན་ཏུ་ཕྲ་ཞིང་རྒྱལ་མཚན་ལྟར་ལྟེ་བ་རྒྱ་ཆེ་བ་གཡས་སུ་འཁྱིལ་ཞིང་ཟབ་པ། རོ་སྨད་ལྕི་བ་དལ་ཞིང་སྒེག་པ་འཛུམ་བག་དང་བཅས་ཤིང་ཞི་བར་ལྟ་བ་ལོ་བཅུ་དྲུག་མ་སྐྱེ་གནས་མ་ཉམས་ཤིང་ནུ་མ་མཁྲང་ཞིང་རྒྱས་པའི་ན་ཆུང་མཆོག་རིགས་གང་ཡང་རུང་བ་ལས་བཙལ་བར་བྱ་སྟེ། རྟེན་དམན་པ་ལ་ཡོན་ཏན་སྐྱེ་བར་དཀའ་བས། མཚན་ལྡན་རིགས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བྱེད་པ་ཞེས་པས་སོ། །ཕྱག་རྒྱ་དེ་ཡང་བྱང་ཆུབ་ཏུ་སེམས་རྣམ་པ་གཉིས་བསྐྱེད་ཅིང་། རང་དང་རིགས་གཅིག་ཏུ་གཏོགས་པའི་རྒྱུད་ཡོངས་སུ་དག་པ་མཐར་ཕྱིན་པར་བྱ་སྟེ། རྒྱུད་མ་སྨིན་པའི་རྟེན་ལ། ཡོན་ཏན་གྱི་རྩི་མི་འཆགས་པས། ཐོག་མར་རྒྱུད་སྦྱོང་བ་སྔོན་དུ་གཏོང་བ་ཞེས་པས་སོ། །དེ་ནས། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་རང་ཉིད་ཀྱི་ལུས་ཀྱི་དཀྱིལ་འཁོར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་། ལྷ་མོ་ཐམས་ཅད་འདུས་པའི་ཕྱག་རྒྱའི་ལུས་དཀྱིལ་རྡོ་རྗེ་སྙེམས་མར་མི་ཕྱེད་པའི་ང་རྒྱལ་གྱིས་ཡུལ་དང་དབང་པོ་དང་། རྡོ་རྗེ་དང་། པདྨ་དང་། ཐབས་དང་ཤེས་རབ་དང་། ཤེས་བྱ་དང་ཤེས་པ་སྙོམས་པར་ཞུགས་པས་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་དྲི་མ་མེད་པའི་རྒྱུན་ལྟ་བུར་ཞུ་བར་གྱུར་ནས། ལུས་ཀྱི་ཆ་ཐམས་ཅད་དུ་ཁམས་གཡོ་བ་རླུང་གི་མཚན་ཉིད་ཅན་དགའ་བའམ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་གམ། སྣང་བའི་ཡེ་ཤེས་ལ་རང་མྱོང་གི་གནད་བཅིངས་པས་ལམ་དུ་བཏང་། དེ་ནས་རྗེས་ཆགས་ཀྱིས་བསྐུལ་བས་ཁམས་འདུས་པའི་དབང་གིས་བདེ་བར་སྨིན་ཅིང་། རྫོགས་པ་མེའི་མཚན་ཉིད་ཅན་མཆོག་དགའམ། རྣམ་པར་སྨིན་པའམ། སྣང་བ་མཆེད་པའི་འོད་གསལ་གྱི་ཡེ་ཤེས། དེ་ནས་ནོར་བུའི་བར་འོག་ཏུ་ལྟུང་བ་ཆུའི་མཚན་ཉིད་ཅན་ཁྱད་དགའ་འམ་རྣམ་པར་མཉེད་པའི་སྐད་ཅིག་གམ། སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས། དེ་ནས། ཐིག་ལེ་ནོར་བུའི་དབྱིབས་སུ་ཤེས་རབ་ཀྱི་ཆུ་སྐྱེས་ཀྱི་ཟེའུ་འབྲུས་མི་འདའ་བར་འཛིན་པ་སའི་མཚན་ཉིད་ཅན་ཏེ་ལྷན་ཅིག་སྐྱེས་དགའམ། མཚན་ཉིད་དང་བྲལ་བའི་སྐད་ཅིག་གམ། འོད་གསལ་གྱི་ཡེ་ཤེས་ལམ་དུ་བཏང་བ་སྟེ། དབབ་པ་ཡིན་ནོ། །དེ་ལ་ཐབས་ཀྱི་དམ་ཚིག་ཉམས་པར་གྱུར་ན། ཡོན་ཏན་གྱི་འཆར་སྒོ་འགག་པ་ཡིན་པས། གཉེན་པོ་སྟོབས་ལྡན་བརྟེན་པ་ཞེས་བྱའོ། །དེའི་ཚེ་སྟེང་གི་རླུང་འཆུན་དང་ལྡན་པ་འོག་གི་སྒོ་གཉིས་སུ་འཕུལ་ནས། དམར་ལམ་གྱི་སྣང་བ་མ་ཤར་བར་དུ་གཅུན་ན་ཐིག་ལེའི་ལམ་འགགས་ཏེ་ལུས་སྨད་ལྕི་སྙམ་བྱེད་ཅིང་རྟེན་ལས་སུ་རུང་བར་འགྱུར་ཏེ་བཟུང་བ་ཡིན་ནོ། །དེ་ལ་འོག་སྒོ་སྟེང་གིས་འཆུན་པར་གྱུར་ན། བདུད་རྩིའི་ལམ་རང་འགགས་ལ་འགྲོ་བ་ཡིན་པས། སྲོག་རྩོལ་གྱི་ལམ་སྔོན་དུ་གཏོང་བ་ཞེས་བྱའོ། །དེ་ནས་རླུང་སྟེང་དུ་དྲག་པོར་འཐེན་པས་རྡོ་རྗེ་སྲིན་པོའི་ཁ་བཅིང་ཞིང་དུད་འགྲོའི་འགྱུར་བ་བཞིས་གཅུད་པས་ཁམས་གྱེན་དུ་བཟློག་པར་འགྱུར་བ་ནི་བཟློག་པའོ། །དེ་ལ། སྟེང་སྒོ་འོག་གིས་འཆུན་པར་གྱུར་ན། བདེ་ཆེན་རང་འབར་ལ་འགྲོ་བ་ཡིན་པས། རྡོ་རྗེ་སྲིན་པོའི་ཁ་འཆིང་བ་ཞེས་བྱའོ། །དེ་ནས། བུམ་པ་ཅན་གྱི་རླུང་གིས་འཁོར་ལོ་བཞིའི་ཙཎྜྻཱ་ལི་བསྐུལ་བས་དགའ་བ་བཞི་ཉམས་སུ་མྱོང་བའི་འབར་འཛག་རྩའི་ཞིང་ཐམས་ཅད་དུ་བརྟེན་པའི་ཕྱིར་དམ་པའི་སྟང་སྟབས་བདུན་གྱིས་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་བསྲེ་བ་ནི་དགྲམ་པ་ཡིན་ནོ། །དེ་ལ། འཁོར་ལོ་བཞི་རང་གནས་སུ་བྲོས་པས། དགའ་བ་བཞིའི་ཡེ་ཤེས་སྐྱེས་ནས། སྤྲོས་མེད་ལྷན་ཅིག་སྐྱེས་པ་རྟོགས་པ་ཞེས་བྱའོ། །དེ་དག་ནི་ལས་ཀྱི་ཕྱག་རྒྱའི་ལམ་རིམ་སྟེ། ཉམས་མྱོང་གི་སྣ་བདེ་བས་འདྲེན་པར་བྱེད་པས། གཞན་ལུས་ཕྱག་རྒྱའི་དཀྱིལ་འཁོར་ལ་བརྟེན་ནས། བདེ་གསལ་སྟོང་པའི་ཉམས་དངོས་སུ་སྐྱེ་བར་བྱེད་པ་ཞེས་སོ། །དེ་ནས་ཡང་དང་ཡང་དུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་གཟུང་འཛིན་ཕྲ་རགས་ཐམས་ཅད་བསྡུས་ཏེ་གཉིས་སྣང་གཅོད་པའི་རྒྱུན་སྤྱི་བོ་ནས་བརྩམས་ཏེ་མཐེ་བོའི་བར་གྱི་ནཱ་ཌི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་ཨཱ་ལི་ཀཱ་ལིའི་བདག་ཉིད་དུ་ཞུགས་པར་གྱུར་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོ་སོ་རང་གི་རིག་པ་ཉིད་རྫོགས་པར་བྱེད་པའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཐམས་ཅད་ཀྱི་དགའ་བ་བཞི་པོ་ཉིད་རེ་རེ་ཡང་བཞི་བཞིར་ཕྱེ་བས་ཁམས་ཟླ་བའི་ཆས་དབྱེ་བའི་རང་སའི་ས་བཅུ་དྲུག་གམ། ཉི་མའི་ཡོན་ཏན་མུན་རྡུལ་སྙིང་སྟོབས་ཀྱིས་ཕྱེ་བས་ས་བཅུ་གཉིས་མངོན་དུ་གྱུར་པ་ནི། ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་སྟེ། རང་གསལ་མདངས་དང་ལྡན་པའི་ཉམས་ཀྱིས། ཡུལ་གྱི་འཁྲུལ་པ་རང་སར་བཅོམ་ནས། རྟོགས་པའི་གདེངས་མངོན་དུ་གྱུར་པ་ཞེས་བྱའོ། །དེ་ཡང་། ལུགས་འབྱུང་དུ་ཐིག་ལེ་འཕོ་བའི་རིམ་པ་ནི་རྩ་བ་སྤྱི་བོའི་ཁམས་དཀར་ཆར་བདག་གི་རྟེན་དུ་གྱུར་པ་དག་གིས་བསྐྱེད་པས་གཙོ་བོར་འཁོར་བའི་ཆོས་དང་རྟོག་པའི་ཕྲ་རགས་ལས་མ་འདས་པས་དེའི་མཐའི་ཐིག་ལེ་རྡོ་རྗེའི་དབྱིབས་སུ་འཆིངས་པའི་ཡེ་ཤེས་ནི་འཇིག་རྟེན་པའི་ལྷན་སྐྱེས་སུ་སྤྱིར་བཞག་ཅིང་། ལུགས་བཟློག་ནི་ས་ལས་བཅིངས་པའི་བདེ་བ་ཨ་ཐུང་བདག་མེད་པའི་མཚན་ཉིད་ཅན་ཡིན་པས་བདེ་བ་སྐྱེད་པས་ན་འཇིག་རྟེན་ལས་འདས་པའི་ཆོས་སུ་འགྱུར་བ་སྟེ། དེས་རྩ་རླུང་ཁམས་ཐམས་ཅད་དབུ་མར་སྦྱོང་བ་ཡིན་ཞིང་རྡོ་རྗེ་ལུས་སུ་གྱུར་ནས་བཙུན་མོ་མཆོག་དང་ལྷན་ཅིག་ཏུ་མི་སྣང་བར་གྱུར། ཡོན་ཏན་བརྒྱད་དང་ལྡན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །དེ་བས་ན་ལུགས་བཟློག་ཅེས་པ་ཡང་ལུས་ལ་ཁམས་སྙིགས་མ་གྱེན་དུ་འགྲོ་བ་ལྟ་བུ་ཁོ་ན་ལ་ནི་མི་གཟུང་གི དེ་ནི་འཁོར་བའི་འབྱུང་རིམ་ལས་བཟློག་པའི་ཤེས་རབ་ཀྱི་དགའ་བ་བཞི་རེ་རེར་བཞི་བཞིར་ཕྱེ་བ་དང་ཉི་མའི་ཡོན་ཏན་གྱིས་ཕྱེ་བའི་ས་བཅོ་ལྔ་དང་བཅུ་གཅིག་པ་ཚུན་དེ་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ཡང་། བདེ་བའི་རོ་སྟོང་པ་རུ་འབར་བས། གསལ་བ་རང་ཤུགས་ལ་གྲུབ་སྟེ་མི་རྟོག་པའི་ཡེ་ཤེས་ཀྱིས་རྒྱས་འདེབས་པ་ཞེས་པས་སོ། །གཙུག་ཏོར་མཆོག་ཏུ་རྡོ་རྗེའི་ལུས་རྩ་རླུང་ཐིག་ལེ་བདེ་བ་ཐམས་ཅད་ཅིག་ཅར་ཐིམ་པས་མི་གནས་པའི་མྱ་ངན་ལས་འདས་པ་ཁ་སྤྱོར་ཡན་ལག་བདུན་གྱི་སྐུ་ཐོབ་པ་དེ་ནི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །དེ་ཡང་བདེ་བ་དྲོད་ཀྱི་མེ་ཆེན་འབར་བས། ཁམས་ལྔའི་དྭངས་མ་གཅིག་ཏུ་ཞུ་ནས། འབྱུང་བའི་ཟག་པ་ཟད་པ་ཞེས་སོ། །བཞི་པ་སྙིང་པོ་དོན་གྱི་མན་ངག་ལ་བརྟེན་ནས་སྒོམ་ལམ་རོ་སྙོམས་ཀྱིས་བོགས་དབྱུང་བ་ནི། བརྒྱུད་ལྡན་བླ་མའི་བྱིན་རླབས་ཕོག་པས། སྣང་བ་མེད་པའི་ཆོས་ཉིད་རྟོགས་ནས། རང་གྲོལ་བླང་དོར་མེད་པ་ཞེས་པའི་དོན། རྣལ་འབྱོར་བཞི་འམ། ཏིང་ངེ་འཛིན་བཞི་གདན་རྫོགས་སུ་བསྒོམ་པ་སྟེ། དེ་ཡང་། ཐབས་ཀྱི་སྦྱོར་བས་བློ་སྤུ་རིས་བཤིག་པས། ཆོས་ཉིད་མ་བཅོས་པའི་དོན་མངོན་དུ་གྱུར་ནས། རེ་དོགས་མེད་པའི་གནས་ལུགས་རྟོགས་པ་ཞེས་པའི་དོན། དྲན་པའི་གཟུངས་ལ་བརྟེན་པ་སྟེ། བྱིང་བ་དང་རྒོད་པ་ལ་དེར་ཤེས་ནས་དེའི་གཉེན་པོ་བརྟེན་ཅིང་རབ་ཏུ་ཤེས་པའི་བློ་བྱ་ར་བ་དང་འདྲ་བས། གླང་པོ་ཆེ་ཡུལ་བསྲུང་བ་ལྟ་བུའོ། །སྐྱོན་སྐྱེས་ཐུག་ཕྲད་ཀྱི་ཤེས་པ་ངོས་བཟུང་བས། དྲན་པ་དོན་གྱི་ངོ་བོ་རྩ་བ་བྲལ་ཏེ། འགྱུ་བྱེད་ཀྱི་བློ་ཐམས་ཅད་གཞི་གཅིག་ཏུ་རྟོགས་པ་ཞེས་བྱ་བའི་དོན། དེ་ཉིད་ཇི་ལྟར་རི་དྭགས་ཀྱི་རྒྱལ་པོ་སེང་གེས་རི་དྭགས་ཀྱི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་ཅིང་གཞན་ལ་ཉམས་ང་བ་དང་འཇིགས་པ་དང་སྤུ་ཟིང་ཞེས་བྱ་བ་མེད་པར་གནས་ཤིང་། གཞན་ཁ་ཟས་ཙམ་ཞིག་ཡིད་ལ་བྱེད་པ་དེ་བཞིན་དུ། ཏིང་ངེ་འཛིན་འདིས་ཀྱང་ཐུག་ཕྲད་ཀྱི་ཤེས་པ་ངོས་བཟུང་ནས། རྩ་བ་ཕྲལ་ཏེ་ཆོས་བདག་མེད་པ་ཙམ་ཞིག་ཡིད་ལ་བྱེད་པའི་ཆ་ནས་སེང་གེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་ཞེས་སམ་རྩེ་གཅིག་གི་རྣལ་འབྱོར་ཞེས་བྱའོ། །དེ་ནས། མ་བཅོས་པའི་དོན་ལ་ཇི་ལྟ་བ་བཞིན་དུ་ཁྱབ་གདལ་ཆེན་པོའི་སྣོད་ཀྱིས་བཟུང་ནས་བཏང་སྙོམས་སུ་མཉམ་པར་གཞག་པས། ཕུང་སོགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་རང་བཞིན་དུ་རང་གྲོལ་བས་དེའི་རང་བཞིན་ལ་སྒྲིབ་པ་བསལ་བ་དང་ཡེ་ཤེས་པ་སྐྱེད་དུ་མེད་དེ་འོད་གསལ་བར་ཤེས་སོ། །དཔེར་ན་ཅེ་སྤྱང་གི་མིག་ལ་ཉིན་མཚན་མེད་པ་ལྟར་རོ། །དེ་ལྟར་ཤེས་པས་དཔེར་ན་ནམ་མཁའ་ལ་མ་གཡོས་བཞིན་དུ་སྨིག་རྒྱུ་གཡོས་པ་དང་སྔོ་བར་སྣང་བ་དེ་བཞིན་དུ་སྣང་བ་མེད་པའི་ཏིང་ངེ་འཛིན་དེ་ཐོབ་པ་ཕྱིན་ཆད་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ནས་སེམས་ཅན་གྱི་སྡུག་བསྔལ་གྱི་བར་དུ་མ་འགགས་ཙམ་དུ་སྣང་ཡང་ཆོས་ཉིད་ལས་མ་གཡོས་ཤིང་བདེན་པར་མངོན་པར་ཞེན་པ་མེད་པའི་ཕྱིར་སྒྱུ་མ་ལྟ་བུ་ཞེས་བྱའོ། །དེ་ཡང་། གཞི་མ་བཅོས་གཉུག་མའི་སྟེང་དུ། བློ་མི་གཡོ་བར་རང་ལུགས་སུ་གཞག་པས། ཉམས་བཏང་གཞག་མེད་པར་འཆར་བ་ཞེས་བྱ་ཞིང་། དེའི་ཚེ་སྨིག་རྒྱུ་དང་འདྲ་བའི་རང་གི་རིག་པ་དང་ཡེ་ཤེས་ཉིད་ཀྱང་དེ་ལྟར་གྲུབ་པ་མེད་དེ་ཆོས་ཉིད་དག་པའི་རང་བཞིན་དུ་གནས་སོ། དེ་ལྟར་རྟོགས་པའི་བློ་དང་མ་བྲལ་བར་བྱའོ། །དེ་ཡང་ ཡིད་ཀྱི་འཇུར་བུ་རང་ས་རུ་གློད་པས། འཁྲུལ་རྟོག་ཆགས་སྡང་རང་ཡལ་སོང་སྟེ། མ་བཅོས་པའི་རང་ཉམས་ལ་གནས་པ་ཞེས་སོ། །དེ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནམ། སྤྲོས་བྲལ་གྱི་རྣལ་འབྱོར་ཞེས་བྱའོ། །དེ་ནས དུས་གསུམ་གྱི་ཤེས་པ་ཡིད་ལ་མ་བྱས་པས། དྲན་རྟོག་སྔ་ཕྱིའི་རྒྱུན་མི་ཕྲད་དེ། ཤེས་པ་རྩིས་གདབ་མེད་པར་འཇོག་པ་ཞེས་པ། སྒྱུ་མའི་མི་ལ་རྩོལ་བ་མེད་པ་བཞིན་དུ། དེ་ཙ་ན་མི་མཐུན་པ་སྤོང་བར་མི་འཚོལ། གཉེན་པོ་བརྟེན་པར་མི་འདོད། རང་བཞིན་མངོན་དུ་བྱ་བར་མི་རྩོལ། མ་བཅོས་པའི་ངང་ལ་ལྷུན་གྱིས་གནས་པ་ཙམ་མོ། །གང་སྣང་སྐྱེ་མེད་དུ་ཤེས་པས། འཁྲུལ་ཕྱིར་ཡིད་མི་འབྲང་སྟེ། བག་ཆགས་ཀྱིས་གོས་སུ་མེད་པ་ཞེས་པ། དེའི་ཚེ་ཆོས་ཐམས་ཅད་ཀྱང་སེམས་སུ་འདུས་ལ་དེ་མ་གཏོགས་པའི་ཤེས་བྱ་གཞན་མེད་དེ་སེམས་ཀྱི་རང་བཞིན་ནི་བྱང་ཆུབ་ཀྱི་བྷིན་དུ་ཐེ་ཚོམ་དང་དྲི་མ་ཙམ་ཡང་མེད་པས་བརྡར་ཤ་ཆོད་པས། སངས་རྒྱས་པ་དང་མ་རྒྱས་པ་གཉིས་སུ་ཇི་ལྟར་བཙལ་ཏེ་གསེར་གླིང་ན་རྡོ་བ་མེད་པ་ལྟར། དེ་ཙ་ན་སངས་མ་རྒྱས་པ་མེད་དེ་ཀུན་ཀྱང་རྒྱལ་བའི་མཛད་པ་བསྒྲུབ་པས་ཉོན་མོངས་དང་བདུད་ལ་སོགས་པ་ཡང་སྤང་དུ་མེད་དོ། །དབང་པོ་དྲུག་གི་སྤྱོད་ཡུལ་ཀྱང་རང་བྱུང་གི་ཡེ་ཤེས་ཡིན་པས་འདུ་བྱེད་ཐམས་ཅད་ཀྱང་རང་བཞིན་གྱིས་ཞི་བའོ། །དེ་ཡང་། ཅིར་སྣང་འགག་མེད་དུ་ཤེས་པས། འཛིན་རྟོག་རྩད་མ་བཅད་པར། འགྱུ་བ་དྭངས་སངས་ལ་གཏོང་བ་ཞེས་པའོ། །འདིར་ནི་སྤང་བྱ་ལ་སྤང་དུ་མེད་པ་ལ་གནས་བསྒྱུར་དུ་མེད་ཅིང་མངོན་དུ་བྱས་པའི་ཆོས་ལ་ཐོབ་པར་བྱར་མེད་པའོ། །མདོར་ན་མ་བཅོས་ན་འོད་གསལ་བ་ལྷུན་གྱིས་གྲུབ་པ་དེའི་ཕྱིར། དུག་ལྔ་རྐྱེན་ཤར་དུ་ཤེས་པས། ངོ་བོ་རྩ་བ་དང་བྲལ་ཏེ། རྟོགས་པའི་གསལ་འདེབས་པ་ཞེས་བྱ་བ་འདི་ནི། ཕ་རོལ་ཏུ་ཕྱིན་པ་ལ་སྒྲིབ་པ་བསལ་ཏེ། སྣང་བ་གནས་བསྒྱུར་ནས་སངས་རྒྱས་པར་འདོད་པ་རྣམས་ཟིལ་གྱིས་མནན་ནས་དཔའ་བར་འགྲོ་བའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནམ། རོ་གཅིག་གི་རྣལ་འབྱོར་ཞེས་བྱའོ། །དེ་ལྟ་བུའི་དོན་བློ་ལ་གནས་པའི་སྐྱེས་བུ་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དང་མི་གཉིས་པའི་རང་བཞིན་ཡིན་པས་ལྷུན་གྱིས་གྲུབ་པའི་ས་ལ་གནས་པའོ། །དེ་ནི སྤང་བྱ་དང་གཉེན་པོ་འདྲེས་པས། སོར་གཞག་གི་རྒྱལ་ས་ཟིན་ནས། ས་ལམ་གཅིག་རྫོགས་ལ་འགྲོ་བ་ཞེས་སོ། །བརྡ་དོན་གནད་དུ་གྲོལ་བས། དོན་གྱི་རྩ་བ་ཆོད་ནས་འཁོར་འདས་གཅིག་ཏུ་རྟོགས་པ་ཞེས་བྱ་བ་སྟེ། དེ་ནི། རྡོ་རྗེ་རིན་པོ་ཆེའི་གཟུགས་ལྟ་བུ་མི་ཤིགས་པས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནམ་སྒོམ་དུ་མེད་པའི་རྣལ་འབྱོར་ཞེས་བྱའོ། ལྔ་པ་རིག་པ་རང་གྲོལ་གྱི་གདམ་ངག་ལ་བརྟེན་ནས་མཐར་ཕྱིན་བྱ་བྲལ་གྱི་ལམ་ནི། དཔའ་གདེངས་ངར་དང་ལྡན་པས། རིག་པ་ཡུལ་ལ་བཅིངས་ཏེ། འགྱུ་བ་བཙན་ཐབས་སུ་ཆད་པ་ཞེས་པས་བསྟན་པ་སྦྱོར་བ་ཡན་ལག་དྲུག་གདན་རྫོགས་སུ་བསྒོམ་པའི་ལམ་སྟེ། དང་པོར་འཁྲུལ་པ་དུམ་བུར་གཏུབས་པས། ཡུལ་གྱི་བག་ཆགས་མི་ལེན་ཏེ། རིག་པ་བྱེ་འཕུར་དུ་བྱེར་བ་ཞེས་པའི་དོན། ས་དུགས་མི་འབྱུང་བའི་གནས་སུ་ཁང་བུ་ནང་དུ་འདོམ་གང་གི་ཚད་གྲུ་བཞིར་བྱས་པ་སྒོ་འཁྱོག་རིམ་པ་གསུམ་གྱིས་མུན་པ་ལེགས་པར་བསྒྲུབས་ཤིང་ཞལ་ཞལ་གྱིས་དང་སྤྲོ་བར་བྱས་པའི་ནང་དུ། སྟན་ནང་ཚངས་ཅན་བཏིང་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་རྡོ་རྗེ་ཁུ་ཚུར་བཅངས་པ་བརླ་ཁུགས་སུ་བཞག་པའི་གྲུ་མོས་སྟོད་གཅུན། ལུས་བསྲངས། མགྲིན་པ་ཅུང་ཟད་བཀུག ལྕེ་ཡར་རྐན་ལ་གཏད། མིག་གྱེན་དུ་སློག་པ་རྡོ་རྗེ་གཙུག་ཏོར་གྱི་བལྟ་སྟངས་ལ་གནས་པ་ཤེས་པ་སྟེང་གི་ནམ་མཁའ་ལ་བཅིངས་ཏེ་བཞག་པར་བྱའོ། དེ་ནས། རང་གསལ་གྱི་རིག་པ་གཞི་ལས་བླངས་ནས། ཉམས་མྱོང་ཡུལ་གྱི་སྟེང་དུ་སྤྲུགས་པས། རིག་པ་དྭངས་སྙིགས་ཕྱེད་པ་ཞེས་པ་དུ་བ་ལ་སོགས་པ་རྣམ་པ་བཅུ་པོ་གང་ཡིན་པ་མེ་ལོང་ལ་པྲ་ཕབ་པ་ལྟ་བུའི་སྣང་བ་དེ་ཉིད་ནི་ཡེ་ཤེས་ཏེ་བཟུང་བར་བྱ་བའི་སེམས་སོ། །འཆུན་རྗེས་གཉེན་པོས་བཤིག་པས། ཡིད་ཀྱི་འཇུར་བུ་གྲོལ་ནས། བློ་མཐའི་སྤུ་རིས་ཡལ་བ་ཞེས་པ། འདིར་འཛིན་པར་སྐྱེད་པའི་སེམས་ཀྱིས་བཟུང་བར་བྱ་བའི་སེམས་དེ་ལ་རབ་ཏུ་ཞུགས་པ་ནི་ཕྱི་རོལ་གྱི་ཡུལ་རྣམས་ལ་རབ་ཏུ་མི་འཇུག་པའི་ཕྱིར་སོ་སོར་སྡུད་པའོ། །དེ་ལྟར། རྣལ་འབྱོར་པའི་འཛིན་པར་བྱེད་པའི་སེམས་ནི་ཡེ་ཤེས་དང་ཤེས་རབ་སྟེ་བཏགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །གཟུང་བར་བྱ་བའི་སེམས་ནི་རྣམ་ཤེས་དང་ཐབས་སྙིང་རྗེའི་མཚན་ཉིད་དོ། །དེ་ལ་ཚོགས་པའི་དབང་གིས་འཛིན་པའི་ཁམས་གང་ཡིན་པ་དེ་ནི་ལུས་ཀྱི་མིང་དུ་འགྱུར་རོ། །ཚོགས་པའི་དབང་གིས་བཟུང་བ་གང་ཡིན་པ་དེ་ནི་བསམ་པའི་མིང་དུ་འགྱུར་རོ། །དེའི་ཕྱིར་ལུས་ལ་བསམ་པ་རབ་ཏུ་ཞུགས་པ་ནམ་མཁའ་བཞིན་དུ་རོ་མཉམ་པས་གཟུང་བ་དང་འཛིན་པ་དག ཕན་ཚུན་གཅིག་པ་ཉིད་ནི་ཟུང་འཇུག་ཅེས་བྱ་བའི་མིང་དུ་འགྱུར་ཏེ་བསམ་གཏན་ནོ། །གཏོལ་སྐྱེས་ཀྱི་ཤེས་པ་ངོས་བཟུང་བས། རྩ་བྲལ་དྲི་མེད་ཀྱི་ངོ་བོ་རྟོགས་ཏེ། འཁྲུལ་པ་རང་ཞིག་ལ་འགྲོ་བ་ཞེས་བྱའོ། །དེ་ནས། རྟོག་པ་བྱེ་འཕུར་དུ་ཁྲིད་པས། ངོ་ཤེས་ལ་རྩལ་འབྱོངས་ནས་ཉམས་མྱོང་རིགས་མཐུན་དུ་འབྲེལ་བ་ཞེས་བྱ་བ་ཟུང་འཇུག་དེ་ཉིད་ཡུལ་སྣང་གི་སྟེང་དུ་ཁྲིད་པས། མ་འགགས་པའི་འཆར་སྒོ་སྣ་ཚོགས་པའི་གཞན་རྟོག་མི་ཕྱེད་པའི་རང་བབས་སུ་སྦྱོར་བས་སྐུ་རྡོ་རྗེ་ཞེས་བྱའོ། །ཀ་ར་ཎ་རྟེན་ཅན་དུ་བཅིངས་པས། ཡུལ་གྱི་སྤུ་རིས་ཞིག་སྟེ། གཟུང་བ་རང་གྲོལ་དུ་འགྲོ་བ་ཞེས་བྱ་བ་ནི། དེ་ནས། ཟླ་བ་དང་ཉི་མའི་རབ་ཏུ་རྒྱུ་བ་དབུགས་འཇུག་པ་དང་འབྱུང་བ་འགགས་པས་རླུང་བཅུ་ལྟེ་བར་ཕྲད་པ་ནི་སྲོག་རྩོལ་ཞེས་བྱ་ལ། དེ་ནས་ལྟེ་བར་དམིགས་པ་གཏད་པ་སྲོག་ཐུར་གྱི་རླུང་ཐབས་ཤེས་ཀྱི་མཚན་ཉིད་ཟུང་འཇུག་ཏུ་བསྲེ་བའི་སྦྱོར་བས་ཐ་མལ་པའི་དབང་ཡུལ་གྱི་འབྲེལ་པ་བཀག་ནས་འཁོར་ལོ་བཞིའི་ལྟེ་བའི་དྷཱུ་ཏཱིར་སྲོག་ཐུར་འདྲེས་ཤིང་རེངས་པའི་སྟོབས་ཀྱིས་ནཱ་དའི་སྒྲ་ཇི་སྙེད་པའི་སྐད་དུ་ཤར་བ་འཛིན་པ་ཞེས་བྱ་ལ། དེ་ནི་གཉིས་སྣང་གི་རྩ་བ་གཡོ་བ་རླུང་མི་ཕྱེད་པའི་རང་བབས་སུ་སྦྱོར་བས་གསུང་རྡོ་རྗེ་ཞེས་བྱ་ལ། ཀ་ར་ཎ་རྟེན་མེད་དུ་བཅིངས་པས། རྟོག་པ་བག་ལ་ཞ་བ་སྟེ། འཛིན་པ་རང་གྲོལ་ལ་འགྲོ་བ་ཞེས་བྱའོ། །དེ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་ཏེ་སྤྱི་བོའི་ཟླ་བ་ཞུ་བ་ལུས་ཀྱི་ཆ་ཐམས་ཅད་ནས་འོངས་ཏེ་གསང་བའི་མཐར་ཐུག་པའི་བར་དུ་སོན་པ་དེའི་ཚེ། གསང་གནས་ཀྱི་འཁོར་ལོ་འབའ་ཞིག་ཏུ་ཐིག་ལེ་བརྟེན་པར་བཅིངས་པས། ཡུལ་ཡུལ་ཅན་བཅུ་རྩ་འཆིངས་ཏེ་དབང་ཡུལ་གྱི་འབྲེལ་པ་ཁེགས་ནས་ཕྱག་རྒྱ་ཆེན་པོ་འཆར་བ། རིག་པ་དེང་དུ་བསྐྱངས་པས། ཚོགས་པའི་རྒྱུན་ཞིག་ནས། རྟོག་པ་གྱང་འགྱེལ་བ་ཞེས་བྱའོ། །དེས་འཁོར་ལོ་དྲུག་གི་རྩ་འཆིངས་ཏེ་སྲོག་ལ་སོགས་པའི་རླུང་གི་བྱང་ཆུབ་ཀྱི་སེམས་སྤྱི་བོ་གང་བར་བྱེད་ལ། དེས་དཔྲལ་བ་ལ་སོགས་པའི་འཁོར་ལོ་སོ་སོའི་ཐིག་ལེ་འགོག་པར་འགྱུར་བ་ཐབས་ཀྱི་མིང་ཅན་གྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དགའ་བ་བཞི་བཞི་སྟེ་བཅུ་དྲུག་གི་མཚན་ཉིད་ཅན་ཡིན་ལ། དེའི་ཆ་བཅུ་དྲུག་པ་ནི། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང་བའོ། །སོ་མའི་མདངས་ལ་གནས་པས། ཆོས་སྐུ་འདུ་འབྲལ་མེད་དེ། དྲན་པའི་རྩི་དང་མི་འབྲལ་བ་ཞེས་བྱའོ། །རྗེས་དྲན་དེ་ཉིད། གཉིས་སྣང་ཕྲ་བའི་རྩ་བ་ཐིག་ལེའི་འགྱུར་བ་ལུགས་བཟློག་གི་ལྷན་སྐྱེས་མི་ཕྱེད་པའི་རང་བབས་སུ་སྦྱོར་བས་ཐུགས་རྡོ་རྗེ་ཞེས་བྱའོ། །དེ་ཉིད་རྟེན་ཐིག་ལེ་ལུགས་བཟློག་ཏུ་བཅིངས་པའི་དབང་ལས་གསང་བར་སྐུ་ཐིག་ལེ་འགོག་པ་ལ་སོགས་པའི་རིམ་གྱིས་རྒྱུ་མཐུན་ལ་སོགས་པ་འབྲས་བུ་བཞིར་འགྱུར་བ་ལས་ཤེས་རབ་ཀྱི་མིང་ཅན་གྱི་འབྲས་བུའི་དགའ་བ་བཅུ་དྲུག་ཏུ་འགྱུར་རོ། །རིག་པ་ལ་ངར་བཏོན་པས། རྟོག་པ་རང་གྲོལ་དུ་ཞིག་ནས། རིག་པ་གཅེར་བུ་རུ་གནས་པ་ཞེས་བྱའོ། །འདི་ནི་ཏིང་ངེ་འཛིན་ཀུན་རྫོབ་ཀྱི་ཐིག་ལེ་བརྟན་པར་བཅིངས་པ་ལ་མངོན་དུ་གྱུར་པའི་དགའ་བཞིའི་ཡེ་ཤེས་དོན་དམ་པའི་དབུ་མའི་རང་བབས་སུ་སྦྱོར་བས་ཡེ་ཤེས་རྡོ་རྗེ་ཞེས་བྱའོ། །ཐུབ་དབང་རྣམས་ཀྱི་སྙིང་ལ་ཞེན་པའི་ཡུལ། །མ་ཉམས་རི་མོར་འབྲི་ལ་བྱེད་པོ་ཡི། །གཟུགས་གསར་སྤྲུལ་ཏེ་དམ་པའི་ལེགས་བཤད་ཀྱི། །མེ་ལོང་ཉིད་དུ་ས་ལ་གྲགས་པར་གྱུར། །དེ་ཕྱིར་དེ་བློའི་ཉི་འོད་སྣང་བ་ཡིས། །སྙིགས་དུས་ནམ་མཁའི་སྐྱེད་ཚལ་མཛེས་པའི་རིང་། །རྒྱལ་བའི་གཞུང་ལུགས་པདྨའི་ཚལ་རྒོད་པའི། །གེ་སར་ཡིད་འོངས་ནོར་འཛིན་བུ་མོས་མྱོང་། །ཚིག་རེའི་རྒྱས་པ་ནམ་མཁའི་རྗེས་སུ་འགྲོ་བས་རྒྱ་ཆེའི་ཕ་མཐའ་དང་། །ཆ་ཡི་ཆ་ཡང་འོལ་སྤྱིར་མི་ནུས་རྨད་བྱུང་ཟབ་པའི་གཏིང་ལྡན་པ། །ལེགས་པར་བཤད་པའི་ཆུ་གཏེར་འདི་ནི་དབང་རྣོན་གདེངས་ཅན་མ་ལུས་པའི། །ཉེར་འཚོར་གནས་ནས་ཕན་བདེའི་ནོར་བུ་ཅི་ཡང་སྦྱིན་ལ་དཔའ་བར་ཤོག །དེ་ལྟར་ཞི་བྱེད་ཀྱི་ཁྲིད་དམ་པའི་དགོངས་རྒྱན་ཞེས་བྱ་བ་གདན་རྫོགས་བདུན་གྱི་གདམས་ངག་འདི་ཉིད། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་སྦས་པ་རྣམ་པར་དབྱེ་བ་ལ་མཁས་པར་གྱུར་པ། པད་མ་དཀར་པོས། གཡས་རུ་གཙང་གི་རི་བོ་བསམ་འགྲུབ་ཆོས་སྡིངས་སུ་སྦྱར་བ་དགེ་ལེགས་ཀྱི་གཞིར་གྱུར་ཅིག། །།སརྦ་མངྒ་ལཾ།།


previousཞི་བྱེད་ཀྱི་ཁྲིད་དམ་པའི་དགོངས་རྒྱན།next