Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞི་བྱེད་ཀྱི་ཁྲིད་ཀྱི་འཕྲུལ་འཁོར་གྱི་འགྲེལ་བ།
   
   
   
   
   
   
   
   
   
   
   


 
previousཞི་བྱེད་ཀྱི་ཁྲིད་ཀྱི་འཕྲུལ་འཁོར་གྱི་འགྲེལ་བ།next

ཞི་བྱེད་ཀྱི་ཁྲིད་ཀྱི་འཕྲུལ་འཁོར་གྱི་འགྲེལ་བ།

ཞི་བྱེད་ཀྱི་ཁྲིད་ཀྱི་འཕྲུལ་འཁོར་གྱི་འགྲེལ་བ་བཞུགས་སོ། །བཙན་ཐབས་སྦྱོར་བའི་འཁྲུལ་འཁོར་ལ། སྟག་མོའི་ངར་དང་བྱི་ལའི་རྨྱོང་། །སེང་གེའི་འགྱིང་དང་རྨ་བྱའི་སྐོར། །དེ་ཡང་འོག་རླུང་ཁོང་སྒྲ་དང་བཅས་པར་གྱེན་དུ་དྲང་བ། ལྕེ་རྩེ་རྐན་ལ་སྦྱར་བ། སྒལ་ཚིགས་དྲང་པོར་བསྲང་བ། ལྟ་སྟངས་ཐད་ཀར་གཏད་པ། རྐང་པ་སེམས་སྐྱིལ། ལག་པ་བརླའི་ཕྲ་མཚམས་ནས་ཐལ་མོ་ཕྱིར་ལོག །གྲུ་མོ་བསྲངས་པས་གཡས་གཅུད་གཡོན་གཅུད་པ་སྟག་མོའི་ངར་རོ། །ལག་མཐིལ་པུས་མོ་ལས་ཕྱིར་སྔ་མ་བཞིན་ལ། པུས་མོ་སར་བཙུགས་པས་རོ་སྟོད་ཅུང་ཟད་དགུར། གཡས་འཐེན་གཡོན་འཐེན། མཐར་སྐེད་པ་ཉག་པོར་བྱས་གཅུད་པ་བྱི་ལའི་རྨྱོང་ངོ་། །ལུས་གནད་རྡོར་སྐྱིལ། ལག་པ་པུས་བཀབ། གཡས་གཅུད་གཡོན་གཅུད། མཐར་དྲག་ཏུ་སི་ལི་ལི་སྤྲུག་པ་སེང་གེའི་འགྱིང་ངོ་། །དེ་ནས་གཞན་སྔ་མ་བཞིན་ལ། རླུང་ཐུར་དུ་ལྟེ་བར་མནན་ནས་གཡས་སུ་ཐུབ་ཚད་གཅུ། དེ་བཞིན་དུ་གཡོན་དུ་ལྡོག་སྟེ་བྱ་བ་རྨ་བྱའི་འགྱིང་ངོ་། །བཟློག་དང་རིམ་པར་བཅིང་བ་དང་། །དགྲམ་དང་གནས་དང་འགྱུར་མེད་དང་། །ཁྱབ་དང་རེངས་པར་བྱ་བ་བདུན། དང་པོ་ནི། རྐང་པ་གཡོན་པའི་རྟིང་པས་རྡོ་རྗེའི་སྲད་བུ་དམ་དུ་མནན་པའི་བོལ་ལ་ལག་པ་གཡོན་པ་འཇུས། དེ་ནས་མཐོ་གང་ཙམ་གྱི་མདུན་དྲང་པོར་རྐང་གཡས་བཞག་པའི་མཐེ་བོང་ལ་ལག་པ་གཡས་པའི་མཐེ་བོང་གུང་མཛུབ་རྣམས་ཀྱིས་འཇུས་ནས་སྒལ་ཚིགས་དྲང་པོར་བསྲང་། རླུང་བུམ་པ་ཅན་དྲག་པོར་གཅུད། གཡས་པའི་རྟིང་པས་གཡོན་པའི་བོལ་མཚམས་ལ་དྲག་ཏུ་བསྣུན་པ་ལན་དགུའི་བར་བྱ། མཐར་ལུས་ཐམས་ཅད་མཉེས་ལ་རླུང་ཕྱིར་བཏང་། གཉིས་པ། གཞན་ཁྱད་པར་མེད་པ་ལ་རྐང་པ་གཉིས་ཀྱི་བར་དུ་སོར་ལྔ་ཙམ་བཞག་པའོ། །གསུམ་པ། ཙོག་བུ་རྐང་གཉིས་བསྣོལ་བའི་མཐེ་བོང་ལག་པ་གཉིས་བསྣོལ་བའི་གུང་མོས་བཟུང་ནས་རོ་སྨད་སྟེང་གི་གཡས་གཡོན་དབུས་གསུམ་དུ་འཐེན། མཐར་སྔ་མ་བཞིན་དུ་མཉེས་ནས་རླུང་བཏང་ངོ་། །བཞི་པ། ལངས་ཏེ་རྐང་པ་གཉིས་བཤིབས་པའི་བར་ལ་མཐོ་གང་ཙམ་བཞག །ལག་པ་གཉིས་སོ་སོའི་བརླ་ནང་ལ་དྲངས་ནས་རྐང་པ་སོ་སོའི་མཐེ་བོང་ལ་གུང་མཛུབ་མཐེ་བོང་གསུམ་གྱིས་འཇུས་ཏེ་རླུང་སྦྱོར་སྔ་མ་ལྟ་བུས་རོ་སྨད་འཆུན་དང་བཅས་པར་ཇི་ཙམ་ནུས་པ་དེ་སྲིད་དུ་གྱེན་དུ་དྲག་ཏུ་འཐེན་ཅིང་། སླར་འདུག་ལ་མཉེ་བ་སོགས་སྔ་མ་བཞིན་ནོ། །ལྔ་པ། ལངས་ལ་རྐང་པ་མཉམ་པར་གཤིབས་པའི་བར་དུ་མཐོ་གང་ཙམ་ཡོད་པར་བྱ། ལག་པ་གཡས་ཁུ་ཚུར་མདུན་དུ་རྐང་པ་ནས་མཐོ་གསུམ་ཙམ་དུ་སྦུབ་པའི་མཐེ་བོང་ལ་ལག་པ་གཡོན་སྦུབ་པས་མནན་ཐབས་སུ་འཇུས། རླུང་སྔ་མ་ལྟ་བུས་རོ་སྨད་དྲག་ཏུ་འཆུན་བཙལ་བས་བཏེག་སྟེ་བྱིན་པའི་ནང་ལ་ཆེར་རྡེབ་པ་ལན་གསུམ་དུ་བྱ། སླར་འདུག་སྟེ་མཉེ་བ་སོགས་སྔ་མ་བཞིན་ནོ། །དྲུག་པ་ནི། རྡོར་སྐྱིལ། ལག་པ་ཁུ་ཚུར་བརླ་ཁུགས་སུ་བཙུགས། མགོ་བོ་གཡས་གཡོན་དུ་ལན་གསུམ་བསྐོར། ལག་པ་གཞག་ཤ་བརྡབས། ནུ་སྟེང་དུ་ལན་གསུམ་རྡེག །ལག་པ་པུས་སྟེང་དུ་བཀབ་ལ་སྐེད་པ་གཡས་གཡོན་དུ་ལན་གསུམ་བསྐོར། ལག་པ་རྒྱབ་ཏུ་བཙུགས་ནས་རྐང་པ་དྲག་ཏུ་བརྐྱང་ནས་འཕོངས་ཚོས་ལ་ལན་གསུམ་བརྡེག །མཐར་སྔ་མ་བཞིན་ནོ། །བདུན་པ་ནི། ལངས་ཏེ་རྐང་པ་གཡོན་པའི་མཐིལ་དང་གཡས་པའི་པུས་མོ་སར་བཙུགས། ལག་པ་ཐལ་མོ་བསྡམས་པ་ནང་ནས་ཕྱིར་སློག་པའི་ཚུལ་འཆུན་དང་བཅས་པས་ལུས་དྲག་ཏུ་གཡོན་གྱི་ནམ་མཁར་གཏད་པས་བསྒྲིམ། དེ་ཉིད་གཡས་སུ་བཟློག་སྟེ། མཐར་རྟ་སྐད་ཀྱི་སྦྱོར་བས་སྤྲུགས་ནས་མཉེ་བ། རླུང་ཕྱིར་འབུད་བྱའོ།། མངྒཱ་ལཾ།།


previousཞི་བྱེད་ཀྱི་ཁྲིད་ཀྱི་འཕྲུལ་འཁོར་གྱི་འགྲེལ་བ།next