Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྙན་བརྒྱུད་ལས་ཟབ་མོ་བརྡའི་དབང་གི་ཆོ་ག།
   
   
   
   
   
   
   
   
   
   


 
previousསྙན་བརྒྱུད་ལས་ཟབ་མོ་བརྡའི་དབང་གི་ཆོ་ག།next

སྙན་བརྒྱུད་ལས་ཟབ་མོ་བརྡའི་དབང་གི་ཆོ་ག།

སྙན་བརྒྱུད་ལས་ཟབ་མོ་བརྡའི་དབང་གི་ཆོ་ག་བཞུགས་སོ། །སེམས་ཀྱི་བུང་བ་མ་ལུས་ཤོར་བའི་གནས། །ལང་ཚོའི་མཚར་མོའི་མེ་ཏོག་ཀུན་འཛུམ་པ། །རྡོ་རྗེ་སེམས་དཔའི་རྩེ་དགའི་འཁྲི་ཤིང་ནི། །འཁོར་བའི་ཚད་གདུང་སྐྱོབ་མར་ཕྱག་འཚལ་ལོ། །ངེས་བཟུང་གནམ་ཐེའི་སྤ་བཀོང་ཞིང་། །ཐོད་རྒལ་མགྲིན་སྔོན་སྙིང་འདོད་པ། །བརྡ་ཡིས་སྨིན་བྱེད་དབྱར་སྐྱེས་རྔ། །པད་དཀར་འབད་པའི་ནམ་མཁར་སྒྲགས། །འདིར་བཅོམ་ལྡན་འདས་མ་ལྷན་ཅིག་སྐྱེས་མའི་སྒོ་ནས་གཞན་རྗེས་སུ་འཛིན་པར་འདོད་པ་དག་ལ། སྤྲོས་པ་རྒྱས་པར་བརྗོད་པར་བྱའོ། །དེ་ཡང་། རྩ་རྒྱུད་ལེའུ་ཉེར་དྲུག་པར། ལུགས་དང་ལུགས་ལས་བཟློག་པ་ཡི། །ཕོ་ཉ་རྣམས་ནི་ཡང་དག་གནས། །འོག་དང་སྟེང་གི་དངོས་གྲུབ་སྟེར། །བདག་གི་ཕོ་ཉ་མ་ཀུན་འགྲོ། །ཕོ་ཉ་མ་དེས་དོན་ཀུན་སྟེར། །ཞེས་སོགས་ཀྱིས། གསུང་པའི་དོན་ལྷ་མོ་བཅོ་ལྔ་སྟེ། གཙོ་མོ་ནི་དེ་ཉིད་ཀྱི་འོག་ཏུ། སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན། །ཞེས་པས་བསྟན་ནོ། །དེ་ཡང་། བདེ་བའི་སྟན་ལ་འདུག་སྟེ་རྣལ་འབྱོར་གྱི་ཡོ་བྱད་རྣམས་མདུན་དུ་བརྡར་ནས། པདྨའི་སྣོད་དུ་མྱོས་བྱེད་རྣམ་པ་བརྒྱད་གང་ཡང་རུང་བ་བླུག ལག་པ་གཡས་པ་བཀབ། ཨོཾ་ཞེས་བརྗོད་པས་དེ་དག་གི་མ་དག་པ་སྦྱངས། གཡོན་པ་བཀབ། ཨཱཿཞེས་བརྗོད་པས་ཟད་པ་མེད་པ་ནམ་མཁའི་ཁམས་ཁྱབ་པར་འཕེལ། འབར་བའི་ཕྱག་རྒྱ་བཅས་ཏེ། ཧཱུྃ་ཞེས་བརྗོད་པས་བདུད་རྩི་ལྔའི་བདག་ཉིད་དུ་བསམ། མཐེབ་སྲིན་གྱིས་ཆོས་འབྱུང་བྲིས། དེའི་ནང་དུ། ཧ་ཧོཿསྲཱིཿབརྩེགས་པའི་ཡི་གེ་ཧ་ཞུ་བས་ཁ་དོག་ཕུན་སུམ་ཚོགས་པ། ཧོ་ཞུ་བས་དྲི་ཕུན་སུམ་ཚོགས་པ། སྲཱིཿཞུ་བས་རོ་བཅུད་ཕུན་ཚོགས་པ་འཆི་མེད་ཀྱི་བདུད་རྩིར་གྱུར། དེ་ཕྱོགས་བཅུར་འཐོར་ཅིང་ཧཱུྃ་ཞེས་བརྗོད་པས་བདག་དང་གནས་དང་རྣལ་འབྱོར་བསྲུང་བར་བྱའོ། །དེ་ནས་ལག་པ་གཡོན་པའི་མཐེ་བོང་ལ་ཨོཾ་ཧཿདཀར་པོ། མཛུབ་མོ་ལ་ན་མ་ཧི་སེར་པོ། གུང་མོ་ལ་སྭཱ་ཧཱ་ཧུ་དམར་པོ། སྲིན་ལག་ལ་བཽ་ཥ་ཊ་ཧེ་ནག་པོ། མཐེའུ་ཆུང་ལ་ཧཱུཾ་ཧཱུཾ་ཧོ་མཐིང་ཀ སོར་མོ་རྣམས་ཀྱི་སྟེང་དུ་ཕཊ྄་ཧཾ་ལྗང་ཁུ། ལག་མཐིལ་པདྨ་དམར་པོ་འདབ་མ་ལྔ་པའི་ལྟེ་བར་ཨོཾ་བཾ་དམར་མོ། མདུན་གྱི་འདབ་མ་ནས་གཡོན་སྐོར་དུ། ཧཾ་ཡཽཾ་སྔོན་མོ། སྲིཾ་མོཾ་དཀར་མོ། སྲེཾ་སྲིཾ་སེར་མོ། ཧཱུཾ་ཧཱུཾ་ལྗང་ཁ། ཕཊ྄་ཕཊ྄་དུད་ཀ ལག་པ་མེ་ལོང་གི་ངོས་ལྟར་དང་བ་རྒྱབ་ཏུའང་གཟུགས་བརྙན་སྣང་བར་བསམ་ལ། གཡས་པའི་མཐེབ་སྲིན་གྱིས་བདུད་རྩི། ཨོཾ་ཧཿན་མ་ཧི་སྭཱ་ཧཱ་ཧུ། བཽ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ྄་ཧཾ། ཨོཾ་བཾ། ཧཾ་ཡཽཾ་སྲིཾ་མོཾ། སྲེཾ་སྲིཾ། ཧཱུཾ་ཧཱུཾ་ཕཊ྄་ཕཊ྄། ཨོཾ་ཨཱཿཧཱུྃ་བཏགས་ཏེ། མཉེས་ཏེ། བདེ་བའི་རང་བཞིན་དུ་ཞུ་བ་དམ་རྫས་ལ་ཐིམ་པས། ཟག་པ་མེད་པའི་བདུད་རྩི་གང་ལ་རེག་པ་ཐམས་ཅད་ཡེ་ཤེས་ཀྱི་རོལ་མོར་བྱིན་གྱིས་རློབ་པ་ཞིག་ཏུ་གྱུར། །མེ་ལོང་དང་པོའི་ཁར་ཤེས་རབ་ཀྱི་རྡུལ་ལ་སིནྡྷུ་ར་བརྡལ་དེ་ལ་གསེར་གྱི་སྨྱུག་གུས། བྱིན་གྱིས་བརླབས་པའི་ཆང་གིས་ཆོས་འབྱུང་། དེའི་དབུས་སུ་ཟླུམ་པོ་སུམ་རིམ་བྲིས་ལ། ཕྱི་པད་འདབ་བརྒྱད་ནང་མ་བྲིས་པ་དྲུག སྒོམ་པའི་ཚེ་གཉིས་སྟེང་འོག་ཏུ་བྱའོ། །རང་སྐད་གིས་བཅོམ་ལྡན་འདས་མར་གསལ་བའི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷ་མོ་བཅོ་ལྔ་ཡིག་འབྲུའི་རྣམ་པར་བཞུགས་པའི་དཀྱིལ་འཁོར་བྲིས་པའི་དཀྱིལ་འཁོར་ལ་ཛཿཧཱུྃ་བཾ་ཧོཿ དེ་ནས་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་བླངས་ཏེ། བཾ་ཨོཾ་ཨཱཿཧཱུྃ་ནས་སྔགས་འབྲུ་ཐམས་ཅད་ལ་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། སོགས་ཚིགས་བཅད་གཉིས་ཀྱིས་བསྟོད། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷོ་ཱཧཾ། ཞེས་བརྗོད་ཅིང་པདྨ་བཀོར་བའི་ཕྱག་རྒྱས་མཉེས་པར་བྱས་ཏེ། མཐར་འཁྱུད་པའི་སྟངས་ཀ་སྔོན་དུ་འགྲོ་བས་སྲིན་ལག་གིས་མཎྜྻལ་གྱི་ས་ལ་རེག་ཅིང་། བཛྭ་མུཿཞེས་བརྗོད་པས་དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་ལ་བཞུགས་པར་བྱའོ། །དེ་ནས་དེ་ན་གནས་པའི་ཆང་གི་ཁུ་བ་སྲིན་ལག་གིས་བླངས་ནས། ཧཱུྃ་ཨཱཿཧཱུྃ་བརྗོད་ཅིང་སྙིང་ག་དང་ལྕེ་དང་སྤྱི་བོར་རེག་པས། བདག་གི་སྒོ་གསུམ་ཤིན་ཏུ་དག་པར་གྱུར། དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག་སྙམ་ཚད་མེད་པ་བཞི་བསྒོམ། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་བཙུན་མོའི་བསྒྲུབ་པ་ལ་འཇུག་པར་བྱའོ་སྙམ། དེ་ནས། ཨོཾ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་ཱཧཾ། ཞེས་བརྗོད་དེ། ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ། ཁ་དོག་དམར་པོ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ་འཕར་མ་གཉིས་ཀྱི་ཕྱི་མ་ལ་པདྨ་འདབ་མ་བརྒྱད། ནང་མ་ལ་བཞི། ལྟེ་བ་ནས་ཕྱོགས་གཡོན་མཚམས་གཡས་སྐོར་དུ། བཾ་ཨཾ་ཨིཾ་ཨུཾ་ཨེཾ། སྟེང་དུ་ཨོཾ། འོག་ཏུ་ཨཾ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་ཡི་གེ་ཉིན་མོར་བྱེད་པའི་སྙིང་པོ་ལྟ་བུ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་གང་། སེམས་ཅན་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ལ་བཀོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ཏེ་ཡི་གེ་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། དབུས་སུ་བྷན་དྷུ་ཛི་བ་ཀའི་མེ་ཏོག་ཁ་བྱེ་མ་ཐག་གི་མདོག་ལྟར་དམར་ཞིང་དྭངས་པའི་བཅོམ་ལྡན་འདས་མ་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པའི་ཞལ་ནས་ཁྲག་གི་རྒྱུན་འཛག་པ། སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་གྲི་གུག་པུས་མོའི་ཐད་དུ་བསྡིགས་ཤིང་གཡོན་ཐོད་པ་བདུད་ཀྱི་ཨནྡྲ་དང་ཁྲག་གིས་གང་བ་གཡོན་གྱི་ནམ་མཁར་ཕྱོགས་པའི་ཞལ་དུ་གསོལ་བ། རྡོ་རྗེ་ཁ་ཊཱཾ་ག་དཀར་པོ་ཕྲག་གཡོན་དུ་བཀལ་བ། སྐྲ་གྲོལ་ཞིང་མི་མགོ་སྐམ་པོ་ལྔའི་ཅོད་པན་དང་། རློན་པ་བརྒྱའི་ཕྱེད་ཀྱི་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། དུམ་བུའི་སྐ་རགས་ཏེ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་པ། གཅེར་མོ་བརྒྱད་གཉིས་ཀྱི་ལང་ཚོའི་དཔྱིད། ནུ་མ་འཕྲང་ཞིང་འབུར་བ། སྟོད་ཡངས་པ། སྐེད་པ་ཕྲ་བ། བྷ་ག་རྒྱས་པ། སྨད་སྦོམ་པ། གླང་པོ་ཆེའི་སྣ་ལྟ་བུའི་ཞབས་གཡས་བརྐྱངས་ཤིང་། གཡོན་བསྐུམས་པས་འཇིགས་བྱེད་དང་དུས་མཚན་མོ་མནན་པ། བསྐལ་པའི་མེ་ལྟ་བུའི་འོད་ཟེར་ཅན། སྟེང་དུ་མཁའ་ལ་སྤྱོད་པའི་རྗེ་བཙུན་མ་དཀར་མོ། གྲི་གུག་དང་ཐོད་པ་བསྣམས་ཏེ་མཁའ་ལ་འཕུར་བ། འོག་ཏུ་ས་འོག་ཏུ་སྤྱོད་པའི་རྣལ་འབྱོར་མ་ནག་མོ་དུར་ཕག་ཁྲོས་པའི་གདོང་ལ་སྤྱན་གསུམ་དམར་ལ་འཁྲུགས་པ། ཕྱག་གཉིས་རྡོ་རྗེ་སྡིགས་མཛུབ་ཀྱིས་གདོན་ཐམས་ཅད་གཟིར་བ། གཡོན་བརྐྱང་གིས་བཞུགས་ཤིང་རྒྱན་ཐམས་ཅད་སྦྲུལ་གདུག་པས་བྱས་པ། ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཕྱིའི་ཤར་དུ་ཁྭ་གདོང་མ་ནག་མོ། བྱང་དུ་འུག་གདོང་མ་ལྗང་ཁུ། ནུབ་ཏུ་ཁྱི་གདོང་མ་དམར་མོ། ལྷོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་མཆེ་བ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་ཕོ་ཉ་མོ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ལྷ་མོ་བཅུ་གཉིས་ཕྱག་གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཐམས་ཅད་གཅེར་མོ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔ་དང་ཐོད་པའི་འཕྲེང་བ་ཅན་གཡས་བརྐྱང་གིས་རོའི་གདན་ལ་བཞུགས་པ། ཁོར་ཡུག་ཏུ་ཞིང་སྐྱོང་གི་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །གཙོ་འཁོར་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། གཙོ་མོའི་ལྟེ་བར་ཨོཾ་བཾ་ཕག་མོ་དམར་མོ། སྙིང་གར་ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། ཁར་སྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། དཔྲལ་བར་སྲེཾ་སྲིཾ་སྐྱོད་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་སྐྲག་བྱེད་མ་ལྗང་ཁུ། ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄་ཙཎྜྻི་ཀ་དུད་ཁ། མིག་ལ་གཟུགས་རྡོ་རྗེ་མ། རྣ་བར་སྒྲ་རྡོ་རྗེ་མ། སྣ་ལ་དྲི་རྡོ་རྗེ་མ། ལྕེ་ལ་རོ་རྡོ་རྗེ་མ། ལུས་ལ་རེག་བྱ་རྡོ་རྗེ་མ། ཡིད་ལ་ཆོས་ཀྱི་རྡོ་རྗེ་མ། ལྷ་མོ་དེ་ཐམས་ཅད་གྲི་གུག་དང་ཐོད་པ་འཛིན་ཅིང་ཕྱག་རྒྱ་ལྔས་བརྒྱན་ཅིང་གཡོན་བརྐྱང་གིས་བཞུགས་པ། གཙོ་མོའི་བྷ་གར་ཆོས་འབྱུང་ལ་ཡི་གེའི་ཚོགས་བཀོད་པ། བཾ་ཡིག་གི་མཐར་སྙིང་པོས་བསྐོར་བ་དམར་ལྷག་གེ་བ་དེ་ལས་འོད་ཟེར་འཕྲོས་པས། ཨོ་རྒྱན་སྤྲུལ་པའི་ཞིང་ནས་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་། ལོངས་སྐུ་དམ་ཚིག་གི་མཁའ་འགྲོ། སྤྲུལ་སྐུ་ཟ་བྱེད་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཕེཾ་ཛཿཧཱུྃ་བཾ་ཧོཿ བདག་བསྐྱེད་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། གདན་གསུམ་ཚང་བའི་དབང་ལྷ་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས། སྤྱི་བོ་ནས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བགེགས་སྐྲོད་པར་མཛད་པས་ལུས་ངག་ཡིད་ཡེ་ཤེས་ཀྱི་སྒྲིབ་པ་དག དབང་བཞི་ཐོབ། བདུད་རྩིའི་རྒྱུན་སྤྱི་བོར་ལུད་པས། གཙོ་མོ་དང་མཁའ་སྤྱོད་མ་ལ་རྣམ་སྣང་། ས་འོག་མ་ལ་མི་སྐྱོད་པ། ཕྱོགས་མ་བཞི་ལ་རིན་འབྱུང་། སྒོ་མ་བཞི་ལ་སྣང་བ་མཐའ་ཡས། མཚམས་མ་བཞི་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། དེ་ནས་ཉེར་མཆོད་ལྔ། རིག་མ་བཅུ་དྲུག བདུད་རྩི་མྱང་བ། སྔགས་འཁྱུད་སྟངས་རྣམས་བྱས་ཏེ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་ཞུགས་ཚངས་སོགས་དབང་བྱེད་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨོངས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་བསྟོད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དེ། ལྷའི་འཁོར་ལོ་དེ་འཇའ་ཚོན་གྱི་སྣང་བ་ཙམ་དུ་གསལ་གདབ་སྟེ། ཇི་ཙམ་ནུས་པར་བསྒོམ་མོ། །དེ་ལས་སུན་ན་རྫོགས་པའི་རིམ་པ་ལ་འཇུག་སྟེ། སྲིན་ཞལ་དྲག་ཏུ་བསྡམས་ཏེ་འོག་རླུང་གྱེན་ལ་འཐེན་པས་ལྷ་མོའི་བྷ་ག་སྔགས་ཀྱི་འཁོར་ལོ་འབར་རབ་ཏུ་འབར་བས་ཆགས་པ་རྒྱས་པའི་མེ་ལྕེས་རྩ་ཐམས་ཅད་བསྲེགས་པ་རྩ་རླུང་དྲ་མིག་འཁོར་ལོ། དེ་ནས་འཁོར་ལོ་དེ་གཡོན་དུ་རྫ་མཁན་གྱི་འཁོར་ལོ་བཞིན་དྲག་ཏུ་འཁོར་བ་བདེ་ཆེན་གསུང་གི་རིན་ཆེན། དེ་ལས་ངལ་ན་མེ་ལོང་ལ་ཧས་བཏབ་པ་འདུ་བ་ལྟར་དམིགས་པ་ཉེ་བར་བསྡུས་ཏེ་སྟོང་པ་ཉིད་ལ་མ་ཡེངས་པར་བཞག་པ་རང་གྲོལ་ཕྱག་རྒྱ་ཆེན་པོའོ། །དེ་ལས་དུ་བ་ལ་སོགས་པའི་མཚན་མ་མཐོང་ན་བཟུང་བར་བྱ་བ་དེ་ལ་འཛིན་པ་རང་རིག་གི་སེམས་བཀོད་དེ་བཞག་པས་བཟུང་འཛིན་རོ་སྙོམས་པ་སྤྱོད་པ་ཆུ་ལ་རལ་གྲི་རྒྱབ་པའོ། །དེ་ལས་གདོད་མ་ནས་གནས་པའི་ལྷན་ཅིག་སྐྱེས་པའི་ངང་དུ་འབྱམས་ཀླས་སྟེ་དེ་ནི་རིག་པ་ཡེ་ཤེས་ཀྱི་སྒྲོན་མའོ། །དེ་ལས་གཞན་གྱི་དོན་ལ་རྟག་ཏུ་མི་འདའ་བ་ནི་དམ་རྫས་རྟོགས་པའི་ཉི་མ་ལྡེ་བ་སྟེ། གལ་ཏེ་ཁམས་འདུ་བས་གེགས་སུ་གྱུར་ནས་གྲང་བ་ལ་གཏུམ་མོའི་མེ་སྦར་བ་དང་། ཚད་པ་ལ་མེ་ལྕེས་ཧཾ་ཞུ་བའི་རྒྱུན་གྱིས་ལུས་གང་བ་དང་། འདུས་པ་ལ་འབར་འཛག་འཐབ་པ་དེ་བཞིན་འོག་སྟེང་ཁ་སྦྱར་གྱི་རླུང་དང་སྦྱར་བས་རོ་སྙོམས་ཕྱིའི་མེ་ལོང་དུ་ཤེས་པར་བྱའོ། །དེ་ནས་སྟོང་ཉིད་ལས་ལངས་ཏེ་གཙོ་མོའི་ཉེ་སྙིང་ངམ་སྙིང་པོ་དང་། ལྷ་མོ་རྣམས་ལས་ས་བོན་བཟླ་བར་བྱའོ། །དེ་ནས་མཚན་ཕྱེད་ལ། གཏོར་མ་སྦྱིན་པར་བྱ་སྟེ། ཇི་སྐད་བཀོད་པའི་དམ་ཚིག་གི་རྫས་དང་ཆང་བཟའ་བཅའི་ཤའི་ཚོགས་གཙོ་བོར་བཏོན་པའི་གཏོར་མ་བཤམ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡཾ་རཾ་ཀཾ་ཀཾ་ཀཾ་ལ་རླུང་དང་མེ་དང་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨཱཿལས་ཐོད་པ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བ། ཟླ་ཕྱེད་རྡོ་རྗེ་ཕྱེད་པས་ཁ་བཅད་པ། གསང་བའི་བཾ་ལས་འོད་འཕྲོས། རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་ཞུ། ཟླ་ཕྱེད་ཀྱི་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩི་བཀུག རྡོ་རྗེ་དང་ཟླ་ཕྱེད་ཀྱང་ཞུ་བ་རྣམས་རོ་གཅིག་ཏུ་འདྲེས་པ་བདུད་རྩིའི་རྒྱ་མཚོ་ཙམ་དུ་གྱུར། ཨོཾ་ཨཱཿཧཱུྃ་ལན་བདུན་གྱིས་བྱིན་གྱིས་བརླབ་བོ། །རང་གི་རྐང་པ་གཡས་པའི་རྒྱུ་མས་གཡོན་པའི་བོལ་མནན། འབར་བའི་ཕྱག་རྒྱ་བཅས་ཏེ་དཔྲལ་བའི་ཐོད་དུ་བསྐོར། ལྟ་སྟངས་གཡོན་དུ་བལྟ། ངག་ཏུ་ཕེཾ་ཞེས་བརྗོད་པས། བཅོམ་ལྡན་འདས་རྒྱལ་མོ། དཀྱིལ་འཁོར་གྱི་འཁོར་བློན་མོ། ཞིང་སྐྱོང་གི་ཌཱ་ཀི་མ་མངག་གཞུག འཇིག་རྟེན་པའི་ལྷ་ཚོགས་འབངས་ལྟ་བུས་ནམ་མཁའ་ཁྱབ་པར་བྱོན། ཨོཾ་ཨ་ར་ལི་ཧོཿཛཿཧཱུྃ་བཾ་ཧོཿབཛྭ་ཌཱ་ཀི་ནཱི་ས་མ་ཡཧྶཾ་དྲྀ་ཤྱ་ཧོཿ ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་བས་གཙོ་འཁོར་ཐམས་ཅད་ཀྱི་ལྗགས་རྡོ་རྗེའི་བུ་གུ་ཅན་གྱི་རྣམ་པར་གསོལ་བར་གྱུར། དེ་ནས། སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་རྟོག་པ་བཅོམ། །ཁྱོད་ནི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་དཔྱིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ། །ཞེས་པས་དངོས་གྲུབ་བླང་བར་བྱའོ། །སྔར་བཞིན་བསྔོ། ཨོཾ་ཁ་ཁ་སོགས་ཀྱི་འཇིག་རྟེན་པ་ལ་གཏོར་མ་བསྔོ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷོ་ཱ་ཧཾ། ཞེས་པདྨའི་ལག་ཀོར་གྱིས་མཉེས་པར་བྱས། འཁྱུད་སྟངས་སྔོན་དུ་འགྲོ་བའི་སེ་གོལ་བརྡབས་ཏེ། ཨོཾ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། ཇི་ལྟར་བདེ་བར་བཞུགས་སུ་གསོལ། ཨོཾ་བཛྭ་མུཿའཇིག་རྟེན་པ་རང་གནས་དང་། དཀྱིལ་འཁོར་པའི་ལྷ་རང་ལ་བསྟིམ། མེ་ལོང་ལ་ཧས་བཏབ་པ་འདུ་བ་བཞིན། སྣོད་ཐམས་ཅད་བཅུད། དེ་ཐམས་ཅད་ཆོས་འབྱུང་། དེ་འཁོར་དེ་གཙོ་མོ། དེ་སྔགས་ཀྱི་འཁོར་ལོ་ལ། དེ་བཾ་ལ་དེ་རིམ་གྱིས་ཡལ་བའི་སྟོང་པ་ཉིད་ལ་བཞག་སྟེ། སླར་ལྷ་མོའི་གླུས་བསྐུལ་བར་བསམས་ནས་ལྡང་། དགེ་བ་བསྔོ། བཀྲ་ཤིས་བརྗོད་པར་བྱའོ། །མར་གྱི་ངོའི་ཚེས་བཅུ་འམ། ཡར་གྱི་ངོ་ལའང་རུང་སྟེ། སིནྡྷུ་རའི་དཀྱིལ་འཁོར་ལྷ་གྲངས་དང་མཉམ་པའི་མཆོད་པས་བསྐོར། ཚོགས་ཀྱི་འཁོར་ལོ་བཤམས། གཞན་རྗེས་སུ་འཛིན་པའི་ཚེ་བརྡའི་ཆས་རྣམས་ཀྱང་བརྡར་རོ། །བདག་བསྐྱེད་བཟླས་པའི་བར་བྱས་ནས། དེ་ནས་རྟེན་དཀྱིལ་འཁོར་སྭ་བྷཱ་ཝས་སྦྱངས་ཏེ། དང་པོ་ཡི་གེ་དེ་ནས་ལྷར་བསྐྱེད་ནས་བཟླས་པས་བསྐུལ་བའི་བར་སྔར་བཞིན། གཞོན་ནུ་མའི་སྟོན་མོ་བྱ། འདིར་བརྡ་དབང་བསྐུར། དེ་ནས་དཀྱིལ་འཁོར་རྒྱས་པ་བཞིན་ཚོགས་ལས་བྱ་སྟེ། ལྷག་མ་བཏང་དགེ་བ་བསྔོ། འབྲིང་ལྷ་བདུན་མ་ནི། རྩ་རྒྱུད་ལེའུ་བཅུ་བདུན་པ་ནས། ཡ་མི་ནི་དང་སྐྲག་བྱེད་མ། །ནགས་ཚལ་མ་དང་དེ་བཞིན་འཇིགས། །གཟུགས་ཀུན་སྤྱོད་མ་མཛེས་མ་དག །བྷ་སུར་མཁའ་འགྲོ་མ་རྣམས་བདུན། །ཞེས་དང་། གཟུགས་ཅན་མ་དང་ཙུམྦྷི་ཀ །ལཱ་མ་ཡོངས་བསྒྱུར་བྱིས་བཅས་མོ། །མི་ལྡོག་ཨེ་ཧི་ཀ་ལྷ་མོ། །མཁའ་འགྲོ་མ་རྣམས་བདུན་དུ་བཤད། །ཅེས་གསུངས་པ་སྟེ། སྟོང་པ་ཉིད་ལས་ཆོས་འབྱུང་བསྣོལ་མ། ལྟེ་བར་བཾ། ཟུར་དྲུག་ཨོཾ་བཾ་སོགས་གོ་ཆའི་སྔགས། གཞན་སྔར་བཞིན་ལ། སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་ཐོད་ཁྲག་གྲུ་མོའི་ཁ་ཊཱཾ་ག་བརྟེན་པ། ཐོད་པ་སྐམ་པོ་ལྔའི་ཅོད་པན་དང་། རློན་པ་མན་སྔར་དང་འདྲ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པས་འཇིགས་བྱེད་དང་དུས་མཚན་མནན་པ། བསྐལ་པའི་མེ་ལྟ་བུའི་འོད་ཟེར་ཅན། མདུན་དུ་ཕག་མོ་དམར་མོ། གཤིན་རྗེ་མ་སྔོན་མོ། རྨོངས་བྱེད་མ་དཀར་མོ། སྲེག་བྱེད་མ་སེར་མོ། སྐྲག་བྱེད་མ་ལྗང་ཁུ། ཙཎྜྻི་ཀ་དུད་ཁ་ཐམས་ཅད་ཕྱག་གཡས་མན་འདྲ། བཟླས་པའི་སྤྲོ་བསྡུ་ལ་དམིགས། སྔགས་ཉེ་སྙིང་། གོ་ཆའི། བསྡུས་པ་ལྷན་སྐྱེས་མ་ནི། ཚད་མེད་པ། བླ་མའི་རྣལ་འབྱོར་བྱས། རང་གི་སྙིང་གར་ཨ་ལས་ཟླ་བའི་དབུས་སུ་བཾ་མཐའ་མ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ྄་ཕཊ྄། གཡས་སྐོར་དམར་སྲཾ་མེ་བ་དེའི་འོད་ཟེར་གྱིས་རང་གི་ལུས་དག་ནས། བྷན་དྷཱུ་ཛི་ཝ་ཀའི་ནས་འོད་ཟེར་ཅན་ཞེས་པའི་བར་སྔ་མ་བཞིན་བསྐྱེད། སླར་སྙིང་གའི་སྔགས་འཕྲེང་དེའི་འོད་ཟེར་གྱིས། དཔའ་བོ་དང་མཁའ་འགྲོའི་ཚོགས་ཐམས་ཅད་ཛཿཧཱུྃ་བཾ་ཧོཿབདག་དང་གཉིས་སུ་མེད་པར་བསམས་ཏེ་འཇའ་ཚོན་ལྟ་བུའི་སྐུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་དེ་གསལ་བར་བསྒོམ། དེ་ནས་སྔགས་འཕྲེང་གིས་སྣོད་ཀྱི་འཇིག་རྟེན་བཞུ། བཅུད་ལ་ཐིམ། དེ་བདག་ལ། དེ་ཡས་མས་ཞུ་སྙིང་གའི་སྔགས་འཕྲེང་། དེ་བཾ། དེ་ཡལ་ནས་འོད་གསལ་བ་ཡང་དག་པའི་མཐའ་ལ་འཇུག དེ་ནས་སྐད་ཅིག་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྔར་ལྟ་བུ། ཆུ་ལས་ཉ་ལྡང་གི་ཚུལ་དུ་ལངས། ཡང་སྔར་བཞིན་བསྒོམ་པ་ཡང་ཡང་བྱ། ལྷའི་ཐུགས་ཀའི་སྔགས་འཕྲེང་གི་འོད་ཟེར་གྱི་སྣ་ལ་བཅོམ་ལྡན་འདས་མ་བཞུགས་པས་འཇིགས་རྟེན་ཐམས་ཅད་ཁྱབ། སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི་གོ་འཕང་དུ་བཀོད། སླར་བསྡུས་པར་བསམ་ལ་སྙིང་པོ་བཟླ། གཉིས་པ་ཟབ་མོ་བརྡའི་དབང་བསྐུར་བ་ནི་སྨིན་གྲོལ་སེམས་ཀྱི་རྒྱ་མདུད་བཤིག་པ་སྟེ། སློབ་དཔོན་ནུས་པ་དང་ལྡན་པར་གྱུར་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཕྱིར་སློབ་མའི་སྙིང་གར་རྡོ་རྗེ་བཞག་སྟེ། ས་མ་ཡ་ཨཿཞེས་ཟླ་བ་ཉ་གང་བ། སུ་ར་སྟེ་ས་མ་ཡ་ཧྶཾ་བཛྭ་སིདྡྷི་བཛྭ་ཡ་ཐ་སུ་ཁཾ་དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་གཅིག་བསྒོམ་དུ་གཞུག་ལ་བྱིན་གྱིས་བརླབ་པའི་ཕྱིར། སློབ་མས་གསོལ་བ་གདབ་པར་བྱ་སྟེ། བླ་མ་དང་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིན་པར་མཛད་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ་བདུད་རྩི་ལྟ་བུས། རིན་པོ་ཆེ་ལྟ་བུས། དེ་ནས་ལུས་གནད་བཅས་ལ་སྡོད་དུ་བཅུག བཅོམ་ལྡན་འདས་མར་བསྐྱེད། བླ་མ་དང་སིནྡྷུ་རའི་ལྷ་ཚོགས་རྣམས་ཀྱི་སྨིན་མཚམས་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་བསྡུས་ཏེ་སློབ་མའི་ལུས་ལ་ཐིམ་པས་ལུས་ཀྱི་སྒྲིབ་པ་དག་སྐུ་རྡོ་རྗེར་བྱིན་གྱིས་བརླབས། དེ་ནས་སློབ་མའི་མགྲིན་པར་ཨ་ལས་པདྨ་དམར་པོ། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་ཐམས་ཅད་བསྡུས། སློབ་མའི་ངག་ལ་ཐིམ་པས་ངག་གི་སྒྲིབ་པ་དག་གསུང་རྡོ་རྗེར་བྱིན་གྱིས་བརླབས། དེ་ནས་སློབ་མའི་སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཐམས་ཅད་བསྡུས་ཏེ་སློབ་མའི་ཡིད་ལ་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག་ཐུགས་རྡོ་རྗེར་བྱིན་གྱིས་བརླབས་པའི་མོས་པ་གྱིས་བྱས་ལ། གསུམ་ཀ་ལ་ཀ་པཱ་ལའི་བདུད་རྩི། རྗེ་བཙུན་མགོན་ནི་བདུད་རྩི་དངོས། །བདུད་རྩི་རྗེ་བཙུན་མགོན་རང་བཞིན། །ཐབས་དང་ཤེས་རབ་གཉིས་མེད་པ། །སུ་བསྟེན་གྲོལ་བར་འགྱུར་རོ་ཀྱེ། །ཧེ་རུ་ཀ་དང་མཁའ་འགྲོ་མ། །ཞེས་བརྗོད་དེ་བདུད་རྩི་བྱིན། དེ་ནས་བྱིན་རླབས་ཞུགས་པའི་རྟགས་འབྱུང་ན། དཀྱིལ་འཁོར་མཐོང་བ་ཡིན་པས་དེ་ལ་དབང་བསྐུར་བྱའོ། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །མཆོག་ཏུ་མཉམ་བཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་པས་ཐོད་པ་ལག་པ་གཡས་སུ། འཕྲེང་བའམ་མདའ་གཞུ་གཡོན་དུ། སྣ་ཚོགས་རྡོ་རྗེ་སྙིང་གར། ནོར་བུ་སྤྱི་བོར་བཞག་སྟེ་ཕག་ཞལ་གཏད། དམ་ཚིག་ཐོད་པ་ཞེས་བྱར་བརྗོད། །མཛེས་པའི་ཕྲེང་བ་ཞེས་བྱ་སྟེ། །དེ་ཁོ་ན་ཉིད་དབུ་རྒྱན་མིང་། །གཙུག་གི་ནོར་བུ་དབང་བསྐུར་ཏེ། །སངས་རྒྱས་ཞེས་བྱ་རྗེས་གནང་ཡིན། །ཧེ་རུ་ཀ་དཔལ་དབང་བསྐུར་བའོ། །དེ་ཡང་ཐོད་པས་དབང་པོ་ཐམས་ཅད་སྒྲིབ་པ་མེད་པས་རྡོ་རྗེ། འཕྲེང་བ་གཞོམ་དུ་མེད་པའི་སྒྲ་སྙན་དྲིལ་བུ། སྣ་ཚོགས་རྡོ་རྗེ་གཉིས་སུ་མེད་པའི་སྐུ་ཕྱག་ཆེན། ནོར་བུ་ཧེ་རུ་ཀའི་བརཏལ་ཞུགས། ཕག་ཞལ་རྗེས་གནང་དུ་རིག་ན་བུམ་པའི་དབང་ཐོབ་པའོ། །ཐོད་པ་ལ་འཕྲེང་བ་དང་སྣ་ཚོགས་རྡོ་རྗེ་བཀོད། ཕག་ཞལ་དེའི་ཁར་ནོར་བུ་དེའི་མཐར་འོག་ཏུ་བཀོད་དེ། སྔར་གྱི་ཚིགས་བཅད་ཀྱིས་བསྟན། དེ་ནས་ཐོད་པའི་བདུད་རྩི་བླུད། ཐོད་པ་ལུས་ཞེས་བྱ་བ་སྟེ། །རྐང་པ་འཕྲེང་བའི་མིང་ཅན་ཡིན། །དབུ་རྒྱན་བྷ་ག་ཞེས་བྱར་བརྗོད། །སངས་རྒྱས་ཁུ་བ་ཞེས་བརྗོད་དེ། །གཙུག་གི་ནོར་བུ་བདེ་བར་བཤད། །རྡོ་རྗེ་པད་མའི་དབང་བསྐུར་བའོ། །ཐོད་པ་ལུས་དཀྱིལ། ཕྲེང་བ་ལིངྒ། སྣ་ཚོགས་རྡོ་རྗེ་བྷ་ག ཕག་ཞལ་དེའི་ཁུ་བ་མྱང་བ། ནོར་བུ་དེ་ལས་བྱུང་བའི་བདེ་བར་རྟོགས་ན་གསང་བའི་དབང་རྫོགས་པའོ། །ཐོད་པ་ལ་འཕྲེང་བ་བཀོད། དེའི་ཁར་སྣ་ཚོགས་རྡོ་རྗེ་བཞག་ཕག་ཞལ་དང་ནོར་བུ་དེའི་མཐར་བཀོད་དེ། སྔར་གྱི་ཚིགས་བཅད་ཀྱིས་བསྟན། ཐོད་པ་དབང་གཉིས་དེ་ཚིགས་ཏེ། །འཕྲེང་བ་སྔགས་ཀྱི་བདག་པོར་བརྗོད། །བཅུ་དྲུག་ཐིག་ལེ་ཐིག་བཏབ་པའི། །སྟོང་པ་དབུ་རྒྱན་ཞེས་བྱར་བཤད། །ཨ་ལ་སོགས་པའི་མ་མོ་རྣམས། །སངས་རྒྱས་ཞེས་བྱའི་སྒྲ་རུ་འགྱུར། །དེ་རྣམས་དབུས་ཀྱི་བདེ་བ་གང་། །དེ་ནི་གཙུག་གི་ནོར་བུར་བརྗོད། །རིགས་རྣམས་ཀུན་གྱི་ཐམས་ཅད་དུ། རྟག་ཏུ་དབང་བསྐུར་དེ་ལྟ་བུ། །ཐོད་པ་དབང་པོ་གཉིས། འཕྲེང་བས་དེ་བྱིན་གྱིས་བརླབས་ཏེ་ཧཱུྃ་ཕཊ྄་ཀྱི་དོན་བྱ་བ། སྣ་ཚོགས་རྡོ་རྗེས་ཞུ་བའི་ཐིག་ལེ་བཅུ་དྲུག ཕག་ཞལ་གྱི་དེ་ལ་སྟོང་པས་རྒྱས་བཏབ་པ། ནོར་བུས་དེ་ལས་ལྷན་སྐྱེས་རྟོགས་པར་གོ་ན་དབང་གསུམ་པའོ། །ཕྱག་རྒྱ་དེ་ཐམས་ཅད་བསྡམས་ཏེ། སྔར་གྱི་ཚིགས་བཅད་ཀྱིས། སློབ་མའི་ལྟེ་བར་བཞག པདྨ་ལྟེ་བའི་འཁོར་ལོ་ཏེ། ནགས་སོགས་ཨ་ནི་མ་མོ་ཡིན། །རྩ་བ་ཐར་པ་སྟེར་བྱེད་པ། །བརྡ་ཡི་སངས་རྒྱས་ཕྱག་རྒྱ་ཡིན། །དེ་ཐམས་ཅད་གཉིས་སུ་མི་ཕྱེད་པ་ལྟེ་བར་གནས་པ་ཨ་ཡིག་ཕྱག་ཆེན་དུ་རྟོགས་ན་དབང་བཞི་པ་ཐོབ་པར་འགྱུར་བ་ཡིན་ནོ། །དེའི་དམ་ཚིག་རང་སེམས་མེ་ལོང་ལ་བལྟ་བར་བྱའོ། །དེའི་ཕྱིར་བརྡ་འདི་དག་དབང་སོ་སོའི་བརྡར་བསྟན་པས་བརྡའ་བཞིར་སོང་བ་ཡིན་ནོ། །ཞེས་མཁའ་འགྲོ་མས་རྒྱུད་སྡེའི་གསང་བ་བྱིན་པས། རྡོ་རྗེ་སེམས་དཔའི་གསེབ་ལམ་རྣམ་པར་འབྱེད་པ་ལ་འཇིགས་པ་མེད་པའི་རིག་པ་འཛིན་པའི་པདྨ་དཀར་པོས་སྦྱར་བ་སྟེ། རྗེ་བཙུན་གོང་མའི་ཕྱག་བཞེས་ལྷད་མེད་པ་འདི་ཁའོ་ཞེས་མཁའ་འགྲོ་མས་གསུངས་སོ། །སརྦ་མངྒ་ལཾ།། །།


previousསྙན་བརྒྱུད་ལས་ཟབ་མོ་བརྡའི་དབང་གི་ཆོ་ག།next