Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་མོ་བཅོ་ལྔ་སྤྲོས་མེད་ཀྱི་ཟབ་མོ་བརྡའི་དབང་བཞི་བསྐུར་ཚུལ་ནག་འགྲོས་སུ་བཀོད་པ།
   
   
   
   
   
   
   
   
   


 
previousལྷ་མོ་བཅོ་ལྔ་སྤྲོས་མེད་ཀྱི་ཟབ་མོ་བརྡའི་དབང་བཞི་བསྐུར་ཚུལ་ནག་འགྲོས་སུ་བཀོད་པ།next

ལྷ་མོ་བཅོ་ལྔ་སྤྲོས་མེད་ཀྱི་ཟབ་མོ་བརྡའི་དབང་བཞི་བསྐུར་ཚུལ་ནག་འགྲོས་སུ་བཀོད་པ།

ལྷ་མོ་བཅོ་ལྔ་སྤྲོས་མེད་ཀྱི་ཟབ་མོ་བརྡའི་དབང་བཞི་བསྐུར་ཚུལ་ནག་འགྲོས་སུ་བཀོད་པ་བཞུགས་སོ། །དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ལྷ་མོ་བཅོ་ལྔ་སྤྲོས་མེད་ཀྱི་ཟབ་མོ་བརྡའི་དབང་བཞི་བསྐུར་ཚུལ་ནག་འགྲོས་སུ་བཀོད་པ་ནི་བཅས་བཤོམས་དང་སྒྲུབ་པ་སྔོན་དུ་བཏང་། སློབ་མ་བྱུག་རིས་སུ་བསྟར་བ་ལ། ཁྲུས་བྱས། བགེགས་བསྐྲད། སྲུང་འཁོར་བདེ་མཆོག་ལྟར་བྱ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་ཟབ་མོ་བརྡའི་དབང་བཞི་གསན་པའི་ཡོན་དུ་མཎྜྻལ་འབུལ་བར་ཞུ་ཞེས་བསྐུལ། འོ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་མ་ལུས་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་རྡོ་རྗེ་བཙུན་མོ་ལྷ་མོ་བཅོ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཆེན་པོར་ཞུགས་ཏེ། ཐུན་མོང་མ་ཡིན་པ་ཟབ་མོ་བརྡའི་དབང་བཞི་ནོད་པར་བྱའོ་སྙམ་པས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་ཆོས་གསན་པའི་ཀུན་ཏུ་སྤྱོད་པ་སྤྱི་དང་བྱེ་བྲག་ཐམས་ཅད་གསལ་བཏབ་སྟེ་གསན་འཚལ། དེ་ཡང་སྤྱོད་འཇུག་ལས། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུས་དོན་འགྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་གསུངས་པ་ལྟར་རྙེད་པར་དཀའ་ཞིང་དོན་ཆེ་བའི་དལ་འབྱོར་གྱི་རྟེན་ཐོབ་ནས་ཆུད་མ་ཟོས་པར་དོན་ལྡན་གྱི་སྙིང་པོ་ལ་སྦྱོར་བར་རིགས་ཤིང་། གཏན་གྱི་དོན་ཆེན་བླ་ན་མེད་པ་སྒྲུབ་པར་འདོད་པ་རྣམས་ཀྱི་འཇུག་ངོགས་དམ་པ་ནི་རྒྱལ་བའི་བསྟན་པ་ཁོ་ན་ཡིན་གྱི་གཞན་ལ་མེད། དེ་ཡང་བདག་ཅག་གི་སྟོན་པས་གདུལ་བྱ་དམན་པ་དང་རྒྱ་ཆེ་བ་དང་ཟབ་མོ་ལ་མོས་པའི་སྐལ་བ་ཐ་དད་པ་སོ་སོའི་ངོར་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་དུ་བསྐོར་བའི་སྙིང་པོ་ལས་ཆེས་སྙིང་པོར་གྱུར་པ་ནི་གསང་སྔགས་རྡོ་རྗེའི་ཐེག་པ། དེ་ཡང་རྒྱུད་སྡེ་བཞིའི་ཉིང་ཁུའམ་མཐར་ཐུག་རྣལ་འབྱོར་བླ་ན་མེད་པ། དེ་ལ་ཕ་རྒྱུད་མ་རྒྱུད་གཉིས་སུ་ཕྱེ་བའི་ཤེས་རབ་རྣལ་འབྱོར་མའི་རྒྱུད། དེ་ལ་ཡང་རྒྱས་པར་ཕྱེ་ན་མ་རྒྱུད་བྱེ་བ་ཕྲག་བཅུ་དྲུག་སོགས་མཆིས་པའི་དབྱེ་གཞིའམ་གཙོ་བོར་གྱུར་པ་མ་རྒྱུད་བཅུ་བཞིར་གྲགས་པའི་ནང་གསེས་རྒྱལ་མཚན་གྱི་ཏོག་ལྟར་འཕགས་པ་དཔལ་འཁོར་ལོ་སྡོམ་པའི་རྒྱུད་དེ། འདི་ཉིད་ཀྱི་རྩ་བའི་རྒྱུད་རྒྱས་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་པ་རྫོགས་ལྡན་གྱི་དུས་སུ་དྲག་པོ་འཇིགས་བྱེད་ཁྱོ་ཤུག་སོགས་དྲེགས་ལྡན་གྱི་གཙོ་བོ་གདུལ་བར་དཀའ་བ་ཐམས་ཅད་དཔལ་ཧེ་རུ་ཀས་མངོན་པར་བཏུལ་བའི་ཚེ་གསུངས་པ་ཡིན། དེ་དང་འབྲིང་པོ་མངོན་བརྗོད་འབུམ་པར་གྲགས་པ་གཉིས་ཐུན་མོང་མིའི་འགྲོ་བ་རྣམས་ཀྱི་སྤྱོད་ཡུལ་དུའང་མ་དར་བས་བོད་དུ་ལྟ་ཅི་སྨོས། བསྡུས་པ་ལེའུ་ལྔ་བཅུ་རྩ་གཅིག་པ་བདེ་མཆོག་ཉུང་ངུར་གྲགས་པ་འདི་དང་། བཤད་རྒྱུད་བཅུ་ལ་སོགས་པ་རྩོད་པའི་དུས་སུ་དཔལ་ལྡན་འབྲས་སྤུངས་སུ་ཤཱཀྱའི་རྒྱལ་པོས་སླར་ཡང་གསུངས་པ་གྲུབ་པའི་སློབ་དཔོན་ཆེན་པོ་སོ་སོས་རྡོ་རྗེའི་གནས་ནས་སྤྱན་དྲངས་ཏེ་དར་བར་མཛད་པ་ཡིན་ལ། རྒྱུད་དེ་དག་གི་དགོངས་པ་གྲུབ་ཐོབ་སོ་སོའི་མན་ངག་ཏུ་བཀྲལ་བ་མང་ཞིག་ཡོད་མོད་ཀྱང་། འདི་ནི་དེ་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཉིད་ཀྱིས་མཛད་པའི་གཞུང་གི་ལུགས་ཡིན་པས་མཁའ་འགྲོ་སྙན་བརྒྱུད་ཅེས་གྲགས་སོ། །དེ་ལ་ཕྱི་སྒྲོ་འདོགས་གཅོད་པར་བྱེད་པ་སྤྲུལ་པ་སྐུའི་གདམས་པ་བརྒྱུད་པ་ཡིད་བཞིན་གྱི་ནོར་བུ། ནང་ཉམས་ལེན་ལོངས་སྤྱོད་རྫོགས་པ་སྐུའི་གདམས་པ་སྨིན་ལམ་ཡིད་བཞིན་གྱི་ནོར་བུ། གསང་བ་ངོ་སྤྲོད་ཆོས་སྐུའི་གདམས་ངག་གྲོལ་ལམ་ཡིད་བཞིན་གྱི་ནོར་བུ་སྟེ་སྙན་བརྒྱུད་ནོར་བུ་སྐོར་གསུམ་དུ་གྲགས་པ་ལས་འདིར་སྨིན་ལམ། དེ་ལ་ཡང་ཡབ་བཀའ་གསུམ་དང་ཡུམ་བཀའ་གསུམ་བཀའ་སྲུང་གི་མཐའ་རྟེན་དང་བཅས་བཞུགས་པ་ལས། འདིར་ཡུམ་བཀའ་རྒྱས་པ་ལྷ་མོ་བཅོ་ལྔའི་སྨིན་བྱེད་ཀྱི་དབང་བསྐུར་བ་སྟེ། སྤྱིར་རྣལ་འབྱོར་མ་རྒྱུད། སྒོས་འཁོར་ལོ་སྡོམ་པའི་ཕྱོགས་འདིར་བྱིན་རླབས་ཀྱི་འཇུག་སྒོའི་རྩ་བར་གྱུར་པ་ནི་རྡོ་རྗེ་རྣལ་འབྱོར་མ་ཁོ་ན་ཡིན་པས། རྒྱུད་ལས་ཀྱང་། དེ་ནས་ཤེས་སོགས་ངག་ཆེན་པོས། །རྒྱུད་ནི་རྫོགས་པར་གྱུར་པ་གང་། །འཁོར་ལོ་སྡོམ་པའི་འདྲེན་པ་མོ། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་དཔལ་ཧེ་རུ་ཀ་ཉིད་ཀྱི་ཡང་འདྲེན་པ་མོར་གསུངས་ཤིང་། ཐབས་ཧེ་རུ་ཀའི་དཀྱིལ་འཁོར་ལྷ་སྔགས་ཆོ་ག་ནི་ཁྱད་པར་ཐམས་ཅད་ཤེས་རབ་རྣལ་འབྱོར་མའི་རིགས་སྔགས་ཀྱི་འབྲས་བུར་གྱུར་པ་ཡིན་པ་དང་། གཞི་ལམ་འབྲས་གསུམ་གྱི་དག་བྱ་དག་བྱེད་ཀྱི་དབང་དུ་བྱས་ཀྱང་རྩ་བ་དང་ཐབས་དེའི་ཡན་ལག་ཏུ་གསུངས་ཤིང་། སྒྲུབ་པ་པོ་ཐབས་སུ་གྱུར་པ་ལ་དངོས་གྲུབ་མཆོག་ཐོབ་པ་རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱིས་འདུ་བ་ཐོབ་པ་ལ་རག་ལས་པར་མ་ཟད། སྒྲུབ་པ་པོ་ཤེས་རབ་མ་ཐབས་དཔའ་བོའི་འདུ་བ་རྙེད་པ་ཡང་རྡོ་རྗེ་ཕོ་ཉ་མོ་རྣལ་འབྱོར་གྱི་བཀས་བསྐུལ་བ་ལ་ལྟོས་པ་ཡིན་པས་དཔའ་བོ་ནི་རང་དབང་དུ་སྤྱོད་པ་མ་ཡིན་ཞིང་། རྣལ་འབྱོར་མ་རྣམས་ནི་རྣམ་པ་ཐམས་ཅད་དུ་རང་དབང་དུ་སྤྱོད་པ་དང་བདག་ཉིད་ཧེ་རུ་ཀའི་རྣལ་འབྱོར་དང་མ་བྲལ་ཡང་ཤེས་རབ་མ་རྣམས་བདག་གི་རྡོ་རྗེ་སློབ་དཔོན་དུ་གྱུར་བས་ན་ཆེས་མཆོག་ཏུ་གྱུར་པ་ཡིན་ཞིང་། དེས་ན་རྩ་བ་རྡོ་རྗེའི་ཚིག་རྐང་ལས། ལྷ་མོ་བཅོ་ལྔ་དབང་བཞི་བརྡའ་ཡིས་མཚོན། །ཞེས་གསུངས་པ་ལྟར་ཤེས་རབ་གཙོ་བོར་བཏོན་པ་སིནྡྷུ་ར་ཡི་གེའི་དཀྱིལ་འཁོར་དུ་ཟབ་མོ་བརྡའི་དབང་བསྐུར་བ་སྟེ། གང་དུ་དབང་བསྐུར་བའི་དཀྱིལ་འཁོར་ཡང་རྩ་བའི་རྒྱུད་ལས། དེ་ནས་ཆོས་ཀུན་འབྱུང་བ་ཡི། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ །སྔགས་པས་ཆོ་ག་བཞིན་དུ་བྲིས། །ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། །ཞེས་སོགས་སྔགས་བསྡུ་ལེའུ་གསུངས་པ་སྤྱི་དོན་གྱི་ཚུལ་དུ་བཀྲལ་བ་ལས་དང་། དེ་ཉིད་རྒྱས་པར་བཤད་པ་ནི་བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་ལས་ཏེ། རྒྱུད་དེའི་ལེའུ་སོ་བཞི་པར། །རབ་ཏུ་སྦྱོར་བ་རྒྱས་པ་ནི། །བསྒྲུབ་པ་སྒྲུབ་པོ་རྣམས་ལ་བཤད། །ཅེས་སོགས་ཀྱིས་རྒྱ་ཆེར་གསུངས་པ་ཡིན། དེ་ལྟ་བུའི་གདམས་པ་འདི་ཉིད་མཆོག་བརྙེས་ཏིལླི་ནཱ་རོ་ལས་བརྒྱུད་དེ་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱས་རྣལ་འབྱོར་གྱི་དབང་ཕྱུག་མི་ལའི་ཞལ་སྔར་བསྩལ་བ་ལས། རྗེ་མི་ལའི་བླ་མ་དྲན་དྲུག་གི་མགུར་དུ། ཟབ་མོ་བརྡ་ཡི་དབང་བཞི་དེ། དུས་ད་ལྟ་བསྐུར་ན་དགའ་བ་ལ། །ཞེས་གསུངས་པ་ཡང་འདི་ལ་དགོངས་པར་གདའ། དེའི་ཕྱིར་བརྒྱུད་པ་ནི། རྡོ་རྗེ་འཆང་། རྣལ་འབྱོར་མ། ཏིལླི། ནཱ་རོ། མར་པ། མི་ལ། དེས་རས་ཆུང་པ་དང་ལྷ་རྗེ་གཉིས་ལ། རས་ཆུང་ནས་སྐུ་མཆེད་རྣམ་གསུམ་ལ། དྭགས་པོ་ལྷ་རྗེ་ནས་ཕག་གྲུ་ལ། སྐུ་མཆེད་གསུམ་དང་ཕག་གྲུ་ལས་གྲུབ་ཆེན་གླིང་། དེ་ནས་ཆོས་རྗེ་རྒྱ་རས་པས་གསན། དེ་ནས་རིམ་པར་སངས་རྒྱས་དབོན། གཞོན་ནུ། ཉི་མ། རྡོར་གླིང་པ། སྤོས་སྐྱ་པ། བཅུ་གསུམ་པ། ཀུན་དགའ་སེངྒེ། དེས་མཁན་ཆེན་རྡོ་རྗེ་རིན་ཆེན་དང་བསམ་རྒྱལ་ཁ་ཆེ་ལ། དེ་གཉིས་ཀས་བློ་གྲོས་སེང་གེ །དེ་ནས་ཤེར་སེང་། ཡེ་ཤེས་རིན་ཆེན། ནམ་མཁའ་དཔལ་བཟང་། ཤེས་རབ་བཟང་པོ། རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར་ལ་བབས་པའམ། ཡང་ན་མི་ལ་ནས་རྗེ་བཙུན་རས་ཆུང་པ་ལ། དེས་རྒྱལ་བ་ཁྱུང་ཚང་པ་ཡེ་ཤེས་བླ་མ་ལ། དེས་མ་ཅིག་ཀོང་ཇོ་ལ། དེས་ཞང་ལོ་གྲུབ་པ་དཔལ་ལ། དེས་སྔགས་འཆང་དྷ་ར་ཤྲཱི་ལ། དེས་སྲས་བསོད་ནམས་རྒྱལ་མཚན་ལ། དེས་སྲས་མོ་ཀུན་ལྡན་རས་མ་ལ། དེས་བདེ་ལེགས་རིན་ཆེན། དེས་གངས་ཅན་ཀུན་དགའ་དཔལ་ལ། དེས་ཀྱང་རྒྱལ་དབང་ཀུན་དགའ་དཔལ་འབྱོར་ལ་གདམས་པས་བརྒྱུད་ཚུལ་གྱི་ཆུ་བོ་གཉིས་འདུས་སུ་གྱུར། དེས་ངག་དབང་ཆོས་རྒྱལ་ལ། དེས་ཀུན་མཁྱེན་པདྨ་དཀར་པོ་ལའམ། ཡང་ན་ངག་དབང་ཆོས་རྒྱལ་ནས་འཇམ་དབྱངས་ཆོས་གྲགས་ལ། དེས་ཀུན་སྤངས་ཤེས་རབ་རྒྱ་མཚོ་ལ། དེས་ཀྱང་ཀུན་མཁྱེན་པདྨ་དཀར་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་ལ་གདམས། ཐམས་ཅད་མཁྱེན་པ་དེ་ལ་ཏིལླི་དུས་གསུམ་མཁྱེན་པས་གཏད་རྒྱ་མཛད་པ་ཡིན་ཏེ། རྒྱལ་ཚབ་སྐྱེས་བུ་འོངས་པའི་ཚེ། །དཔའ་བོ་མཁའ་འགྲོས་ལུང་བསྟན་འབྱུང་། །ཞེས་དང་། རྡོ་རྗེ་འཆང་གིས་ལུང་བྱིན་ནས། །དབང་བསྐུར་བསྟན་པའི་སྲོག་ཀྱང་གཏད། །ཅེས་པའི་ལུང་དོན་བཞིན་གནས་གསུམ་མཁའ་འགྲོ་ཚོགས་ཀྱིས་ཡང་ཡང་བསྐུལ་བའི་རྐྱེན་ལས་དཔྱད་གསུམ་དག་པའི་ལེགས་བཤད་ཅི་ཡང་བསྐྲུན་ནས་སྨིན་གྲོལ་ཆོས་ཀྱི་གྲུ་ཆར་མཁའ་ཁྱབ་ཏུ་སྤེལ་བའི་མཐུས་ད་ལྟའི་བར་དུ་དར་རྒྱས་སུ་བྱུང་བར་མངོན་ལ། དེའི་གསུང་གི་གསང་བ་འཛིན་པའི་སློབ་ཚོགས་ཤིན་ཏུ་མང་ཡང་དེ་ཐམས་ཅད་ཀྱི་ནང་ནས་ཕུལ་དུ་བྱུང་བ་མི་ཕམ་ཆོས་རྒྱལ་དང་བསྟན་པའི་ཉི་མ་ལྷ་དབང་བློ་གྲོས་གསུམ་ལ་གདམས། དེ་གསུམ་ཀས་མཐུ་ཆེན་ངག་དབང་རྣམ་རྒྱལ་ལ། དེས་བསྟན་འཛིན་རབ་རྒྱལ་ལ། དེས་ངག་དབང་རྒྱལ་མཚན་ལ། དེས་ཤཱཀྱ་རིན་ཆེན་ལ། དེས་ཤེས་རབ་སེང་གེ་ལ། དེས་ཤེས་རབ་རྒྱལ་མཚན་ལ། དེས་ཡོན་ཏན་རྒྱལ་མཚན་ལ། དེས་ཤཱཀྱ་རྒྱལ་མཚན་ལ། དེས་འཇིགས་མེད་ཆོས་རྒྱལ་ལ། དེས་གྲུབ་དབང་བསྟན་འཛིན་རྒྱ་མཚོ་ལ། དེས་རྗེ་བླ་མ་ཡེ་ཤེས་སེང་གེ་ལ། དེས་ཞབས་དྲུང་ནས་བདག་ཅག་རྣམས་ཀྱིས་ཞུས་པ་ནི་བརྒྱུད་པའི་ལོ་རྒྱུས་ཅུང་ཟད་ཙམ་ལགས་སོ། །དེ་ལྟ་བུའི་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་ཟབ་མོ་བརྡའི་དབང་བཞི་བསྐུར་བ་ལ། རྩ་བར། སྡོམ་པའི་བྱ་བ་སྔོན་འགྲོ་བས། །ཞེས་གསུངས་པ་ལྟར། ཐོག་མར་སྔགས་ཀྱི་སྒོར་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྡོམ་པ་གཟུང་བར་བྱ་དགོས་པ་ཡིན་པས་དེ་ལ་སློབ་དཔོན་ངེད་ཀྱིས་ཁྱེད་རང་རྣམས་ལ་འདི་སྐད་དུ། ཁྱོད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱིས་ཤིག །ཅེས་གདམས་པར་མོས་ལ་དེའི་དོན་རྗེས་སུ་དྲན་བཞིན་པས། སེམས་བཟུང་བ་འདིའི་རྗེས་ཟློས་མཛོད། ས་མ་ཡ་ཨ། དེ་ལྟར་བརྗོད་པའི་རྐྱེན་གྱིས་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའི་མོས་པ་མཛོད། དེ་བརྟན་པར་བྱ་བའི་ཕྱིར་སློབ་དཔོན་གྱིས་རྡོ་རྗེ་སྙིང་གར་བཞག་སྟེ། ཨོཾ་སུ་ར་ཏེ་ས་མ་ཡ་ཧྶཾ་ཧོཿ སིདྡྷི་བཛྭ་ཡ་ཐཱ་སུ་ཁཾ། ཞེས་བྱིན་གྱིས་བརླབས་པས་སེམས་དེ་ཉིད་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་དུ་འགྲེང་བར་གྱུར་པའི་མོས་པ་མཛོད། དེ་ལྟར་ན་འདིའི་སྟེར་རྒྱུའི་སྡོམ་པའང་མོས་པའི་དུས་སྡོམ་པ་གཉིས་ལ་དམིགས། རྣམ་པའི་དུས་ན་སེམས་ཟླ་བ་དང་རྡོ་རྗེ་བསྐྱེད། བྱིན་རླབས་ཀྱི་དུས་དེ་གཉིས་མངོན་སུམ་དུ་བྱེད་ལ། དེས་ཆོས་ཐམས་ཅད་རབ་ཏུ་མི་གནས་པའི་ཟུང་འཇུག་ཏུ་སོང་བ་སྟེ། སྡོམ་འབྱུང་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །སྐུ་དང་གསུང་དང་ཐུགས་ཀྱི་ལས། །རྣམ་ཀུན་མཆོག་གི་རོལ་པའོ། །སྔོམ་པ་བྱང་ཆུབ་བདེ་མཆོག་སྟེ། །བལྟར་མེད་བརྗོད་དུ་མེད་པའོ། །ཞེས་གསུངས་པ་ལྟར་རོ། །དེ་ནས་དབང་དངོས་ལ་སློབ་དཔོན་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྤྱན་སྔར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་དང་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིནྎ །ཤིན་ཏུ་སྨིནྎ །དེ་བཞིན་ཉིད་ཀྱི་ཡེ་ཤེས་བདུད་རྩི་ལྟ་བུས་གང་བརྎ །སྨིནྎ །ཡོངས་སུྎ །ཤིན་ཏུྎ །དེ་བཞིན་ཉིད་ཀྱི་ཡེ་ཤེས་རིན་པོ་ཆེ་ལྟ་བུས་གང་བརྎ །སྨིན་པརྎ །ཡོངས་སུྎ །ཤིན་ཏུ་སྨིན་པར་མཛད་དུ་གསོལ། ལན་གསུམ། སྤྲོ་ན། སླར་ཡང་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཞིང་རྒྱ་མཚོ་ཀུན་ན་ཆོས་ཀྱི་རྗེ་སོགས་ཀྱི་གསོལ་འདེབས་ཀྱང་ལན་གསུམ་རྗེས་ཟློས་བྱར་གཞུག །དེ་ནས་ངེད་ཀྱིས་ཨོཾ་སྭབྷཱ་ཝྎ །ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རང་གི་སྒོ་གསུམ་མ་དག་པའི་ཆོས་སུ་སྣང་བ་མི་དམིགས་པའི་དབྱིངས་སུ་སྦྱངས། སྟོང་པའི་ངང་ལས་རང་གི་སེམས་བདེ་བ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྐུར་བཞེངས་པ་བྷནྡྷུ་རི་ཀ་ལྟར་དམར་བའི་བཅོམ་ལྡན་འདས་མ་ཆོས་ཐམས་ཅད་གཅིག་ཏུ་སྟོན་པའི་ཞལ་གཅིག་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། འཁོར་བ་ལ་རྒྱབ་ཕྱོགས་པའི་ཕྱིར། ཆེར་གཅུས་པའི་འགྱིང་བག་དང་བཅས་པའི་བཞིན་རས་གཡོན་གྱི་ནམ་མཁར་ཕྱོགས་པ་ནས་དུས་གསུམ་མཉམ་པའི་སྤྱན་གསུམ་གྱེན་དུ་གཟིགས་པ། འཆིང་བ་ཐམས་ཅད་དང་བྲལ་བས་དབུ་སྐྲ་བུང་བ་ལྟར་གནག་པ་སིལ་བུར་འཕྱང་ཞིང་། ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་ཡིན་པས་འཁོར་ལོ་དང་ཐོད་པའི་ཅོད་པཎ་དང་། རྣ་ཆ་དང་མགུལ་རྒྱན་དང་། སེ་རལ་ཁ་དང་། གདུ་བུ་དང་། ཐོད་པའི་དུམ་བུའི་སྐེ་རགས་ཅན། ཞེ་སྡང་གི་ཚུལ་གྱིས་ཞེ་སྡང་འཇོམས་པས། ཕྱག་གཡས་ཀྱིས་རྡོ་རྗེ་གྲི་གུག་པུས་མོའི་ཐད་ནས་ཐུར་དུ་བསྣུན་པ། འདོད་ཆགས་ཀྱིས་འདོད་ཆགས་སྦྱོང་བས་ཁ་ཊྶཱཾ་ག་དཀར་པོ་ཧེ་རུ་ཀའི་རང་བཞིན་གཡོན་གྱི་ཕྲག་པར་བཀལ་བ། གཏི་མུག་གིས་གཏི་མུག་སེལ་བ་གཡོན་པའི་ཕྱག་གིས་པདྨའི་སྣོད་ཞལ་སྒོར་གཟུངས་ནས་ནམ་མཁའ་འཇོ་བ། རྣམ་པར་འགྱིངས་པས་ང་རྒྱལ་གཞོམ་པ་དྲེགས་པ་ལྔ་བཅུ་རྩ་གཅིག་གི་མགྲིན་པ་ནས་གཏུབས་པའི་མགོ་རྡོ་རྗེའི་ཐག་པ་ལ་བརྒྱུས་པའི་ག་ཤ །ཕྲག་དོག་གིས་ཕྲག་དོག་བརླག་པར་བྱེད་པ་བདུད་ཀྱི་ཡུལ་ངན་པར་སྟོན་པའི་འཇའ་ཚོན་གྱི་སྤྲིན་ནམ་མཁའི་ཁམས་ཁྱབ་པར་འགྱེད་པ། སངས་རྒྱས་ཐམས་ཅད་རྗེས་སུ་ཆགས་པའི་རོལ་མོ་ལ་བསྐུལ་བས་གར་དགུའི་ཉམས་སྐྱོང་བ། སྒྲིབ་པ་ཐམས་ཅད་ཀྱི་སྤངས་པ་ཆེན་པོས་གཅེར་མོ། སྙིང་རྗེའི་ཆ་ཡོངས་སུ་རྫོགས་པའི་རྟོགས་པ་ཆེན་པོས་བཅུ་དྲུག་པའི་གང་བ་ལ་རྟག་ཏུ་གནས་པ། མཆོག་ཏུ་དགའ་བ་ཐམས་ཅད་སྦྱིན་པས་ནུ་མ་ཟུང་ཆེར་འབུར་བའི་སྟོད་རྒྱས་ཤིང་སྐེད་པ་ཕྲ་ལ་སྨད་སྦོམ་པ། རྣམ་པར་ཐར་བའི་སྒོ་གསུམ་ནས་ཐམས་ཅད་སྐྱེས་པ་མཚོན་པར་བྱེད་པས་རུས་སྦལ་གྱི་རྒྱབ་ལྟར་མཐོ་ལ་ཁྲག་འཛག་པའི་བྷ་ག །རྡུལ་གྱིས་འོག་རྐང་མཐིལ་དང་སྙིང་སྟོབས་ཀྱིས་སྟེང་ཚངས་པའི་ཡུལ་གང་བ་ནི་གཟུང་འཛིན་གྱི་རླུང་བཅོམ་པ་ལས་ཡིན་པས་གླང་པོ་ཆེའི་སྣ་ཞགས་ལྟ་བུའི་ཞབས་གཡས་བརྐྱང་གིས་དུས་མཚན་དང་འཇིགས་བྱེད་བརྫིས་པ། འོད་གསལ་གྱི་མེས་ཆོས་ཐམས་ཅད་རབ་ཏུ་མི་གནས་པའི་ནམ་མཁའ་ལ་སྦྱོར་བའི་བརྡར་མེ་འོད་ཀྱི་ཕྲེང་བ་འཁྲུགས་པའི་དབུས་ན་བཞུགས་པའི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿ སྙིང་གར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ། ལྟེ་བར་ཨོཾ་བཾ་ཕག་མོ་དམར་མོ། སྙིང་གར་ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། ཁར་སྲཱིཾ་མོཾ་རྨོངས་བྱེད་མ་དཀར་མོ། དཔྲལ་བར་སྲཱིཾ་སྲིཾ་སྲེག་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་སྐྲག་བྱེད་མ་ལྗང་ཁུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ཙཎྜྻི་ཀ་དུད་ཁ། ཐམས་ཅད་ཕྱག་རྒྱ་ལྔས་བརྒྱན་པ་རྣམས་ཀྱིས་མཚན་པར་གྱུར་པའི་མོས་པ་མཛོད། དེ་ལྟར་སྔོན་དུ་བྱ་བའི་རིམ་པ་དང་བྱིན་རླབས་ཀྱི་གཞི་འགོད་པ་རྣམས་སོང་ནས། བསྐུར་བྱའི་དབང་དངོས་ནི། བདེ་མཆོག་རྩ་བའི་རྒྱུད་ཀྱི་ལེའུ་གཉིས་པ་ལས། མཚལ་ཆེན་ལན་གསུམ་བཟླས་པ་ཡིས། །དེ་རྣམས་སུ་ནི་ཐིག་ལེ་བྱ། །ཞེས་གསུངས་པའི་དོན་མཚལ་ཆེན་ནི། བཤད་རྒྱུད་མངོན་བརྗོད་བླ་མ་ལས། རྗེས་སུ་ཆགས་པ་དམར་པོའི་མདོག །ཅེས་པས་རྗེས་སུ་ཆགས་པ་ནི་ཆགས་པ་ཆེན་པོ་སྟེ་བདེ་བ་ཆེན་པོ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། ལན་གསུམ་བཟླས་པ་ནི་སྐུ་གསུང་ཐུགས་ཀྱི་དབྱེ་བས་བྱིན་གྱིས་བརླབས་པ་སྟེ་རྡོ་རྗེ་མཁའ་འགྲོར། ཡེ་ཤེས་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་ཐོབ་འགྱུར་གདོན་མི་ཟ། །ཞེས་གསུངས། དེས་ཇི་ལྟར་བྱིན་གྱིས་རློབ་པ་ནི། དུས་འཁོར་ལས། སྐུ་ཕེབས་པས་ནི་རྣལ་འབྱོར་ལྡན་པ་རང་བཞིན་ཡོན་ཏན་དབང་གི་སྐུ་ཡི་བྱ་བ་བྱེད་པ་སྟེ། །སོགས་དང་། རྗེ་བཙུན་གྱིས། ཕ་བླ་མའི་བྱིན་རླབས་ལུས་ལ་བཞུགས། །ལུས་ཐ་མལ་དུ་སྡོད་པའི་སྒོམ་ཆེན་མིན། །རྫུ་འཕྲུལ་ལུས་ཀྱི་བཀོད་པ་ལ། །ཕྱག་སྐོར་བ་གྱིས་ཤིག་རས་ཆུང་བ། །ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་བླ་མའི་གསང་བ་གསུམ་པོ་སློབ་མའི་ལུས་ངག་ཡིད་གསུམ་རྣམས་སུ་དབབ་པར་བྱ་བ་ནི། དེ་རྣམས་སུ་ནི་ཐིག་ལེ་བྱ། །ཞེས་པའི་དོན་ཡིན་པས་དེ་ལ་མོས་པ་འདི་བཞིན་དུ་མཛོད། བླ་མ་དང་དབྱེར་མེད་པའི་དཀྱིལ་འཁོར་གྱི་གཙོ་མོའི་སྐུའི་དཔྲལ་བའི་ཨོཾ་ལས་སྐུ་རྡོ་རྗེའི་བྱིན་རླབས་འོད་ཟེར་དཀར་ནར་གྱིས་བྱུང་། ཕྱོགས་བཅུའི་ཞིང་ཐམས་ཅད་དུ་སོང་ནས། དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་རོ་གཅིག་ཏུ་འདྲེས་པ་སླར་ལོག་སྟེ་ཁྱེད་རང་གི་ལུས་ལ་ཐིམ་པའི་མོས་པ་མཛོད། འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །སངས་རྒྱས་སྐུ་ནི་བླ་མེད་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཨོཾ་ཨཱ་བེ་ཤ་ཡ་ཨ་ཨ། ཞེས་སྤོས་རོལ་བྱ། དེས་སྐུའི་བྱིན་རླབས་ལུས་ལ་ཕེབས་པ་ན་ལུས་ཐ་མལ་པའི་གནས་སྐབས་ལས་བཟློག་ནས་སྐུའི་བྱ་བ་བྱེད་པར་འགྱུར་རོ། །བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོའི་མགྲིན་པའི་ཨཱཿལས་གསུང་རྡོ་རྗེའི་བྱིན་རླབས་འོད་ཟེར་དམར་ནར་གྱིས་བྱུང་། ཕྱོགས་བཅུ་ཞིང་ཐམས་ཅད་དུ་སོང་ནས་དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་དང་རོ་གཅིག་ཏུ་འདྲེས་པ་སླར་ལོག་ཁྱེད་རང་གི་མགྲིན་པར་ཞུགས་ངག་ལ་ཐིམ་པའི་མོས་པ་མཛོད། སྒྲ་ཡི་ཚུལ་ལས་ངེས་འབྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་བ། །སངས་རྒྱས་གསུང་ནི་བླ་མེད་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཨཱཿཨ་བེ་ཤ་ཡ་ཨ་ཨ། སྤོས་རོལ་བྱ། དེས་གསུང་རྡོ་རྗེ་ངག་ལ་ཕེབས་པས་ངག་ཐ་མལ་པའི་གནས་སྐབས་ལས་ལོག་ནས་གསུང་གི་བྱ་བ་བྱེད་པར་འགྱུར་རོ། །བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀ་ནས་ཐུགས་རྡོ་རྗེའི་བྱིན་རླབས་འོད་ཟེར་སྔོ་ནར་གྱིས་བྱུང་། ཕྱོགས་བཅུའི་ཞིང་ཐམས་ཅད་དུ་སོང་ནས་དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དང་རོ་གཅིག་ཏུ་འདྲེས་པ་སླར་ལོག་ཁྱེད་རང་གི་སྙིང་ཁར་ཞུགས་ཏེ་ཡིད་ལ་ཐིམ་པའི་མོས་པ་མཛོད། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །སངས་རྒྱས་ཐུགས་ནི་བླ་མེད་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཧཱུཾ་ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་སྤོས་རོལ་བྱ། དེས་ཐུགས་རྡོ་རྗེ་ཡིད་ལ་ཞུགས་པས་ཡིད་ཐ་མལ་པའི་གནས་སྐབས་ལས་ལོག་ནས་ཐུགས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །དེ་ནས་ཀ་པཱ་ལའི་བདུད་རྩི་སངས་རྒྱས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོའི་ངོ་བོར་གྱུར་པས་སྒོ་གསུམ་གྱི་དྲི་མ་གཏོར་བ་དང་སྐུ་བཞིའི་ནུས་པ་ཞུ་ལུགས་སུ་བླུགས་པས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། ཅེས་བདུད་རྩིའི་ཐོད་པ་ལག་གཡོན་གྱི་གཟུང་གཡས་བ་དན་གསུམ་པའི་ཕྱག་རྒྱ་དང་བཅས་ཏེ་སློབ་མའི་ལག་ཏུ་གཏད་ལ། རྗེ་བཙུན་མགོན་པོ་བདུད་རྩི་དངོས། །བདུད་རྩི་རྗེ་བཙུན་མགོན་རང་བཞིན། །ཐབས་དང་ཤེས་རབ་གཉིས་མེད་པ། །སུས་རྟེན་གྲོལ་བར་འགྱུར་རོ་ཀྱེ། །ཧེ་རུ་ཀ་དཔལ་བདུད་རྩི་དངོས། །བདུད་རྩི་ཧེ་རུ་ཀའི་རང་བཞིན། །ཐབས་དངྎ །སུསྎ །མཁའ་འགྲོ་མ་ནི་བདུད་རྩི་དངོས། །བདུད་རྩི་མཁའ་འགྲོ་མའི་རང་བཞིན། །ཐབས་དངྎ །སུས་རྟེན་གྲོལ་བར་འགྱུར་རོ་ཀྱེ། །བདུད་རྩི་ལག་གཡོན་དུ་ཅུང་ཟད་བྱིན་ལ་མྱང་དུ་བཅུག །སྤྲོ་ན་འདིར་ཡང་རོལ་མོ་སྒྲོག་ཅིང་སྤོས་བདུག་གོ །དེ་ལྟར་ཀ་པཱ་ལའི་བདུད་རྩིས་དབང་བསྐུར་ཞིང་ཡེ་ཤེས་རྡོ་རྗེ་ལུས་ངག་ཡིད་གསུམ་ལ་ཁྱབ་བྱེད་དུ་ཞུགས་པས་རྡོ་རྗེ་སེམས་དཔའ་ཕེབས་ནས་སྒོ་གསུམ་མ་རིག་པ་ལས་ཤིན་ཏུ་ལོག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །དེ་ལྟ་བུའི་སྒོ་ནས་ཡེ་ཤེས་དབབ་པས་ཕེབས་པའི་རྟགས་སམ་མཚན་མ་ཡང་། རྩ་བར། མཐར་གྱིས་བབས་ན་བ་སྤུ་ལྡང་། །མཆི་མ་འབྱུང་སོགས་ཡེ་ཤེས་བསྐྱེད། །ཅེས་གསུངས་པས་དངོས་རྗེས་མཐུན་པའི་མཚན་མ་གང་བྱུང་ཡང་ཡེ་ཤེས་ཀྱི་ཆ་ཤས་ཕེབས་པར་ཤེས་དགོས། དེ་ལྟ་བུའི་ཡེ་ཤེས་དབབ་པ་ནི་རྣལ་འབྱོར་རྒྱུད་མན་ཆད་ཀྱི་དབང་གི་ཆོ་ག་ཐམས་ཅད་ཀྱི་མགོར་གསུངས་པས་དབང་དངོས་ཀྱི་མདོར་བསྟན་ནམ་ལུས་རྣམ་གཞག་ལྟ་བུ་ཡིན་ནོ་ཞེས་གསུངས་ལ། དོན་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་ཀྱི་གཙོ་བོ་དང་དབང་དོན་གྱི་ཡེ་ཤེས་རྒྱུད་ལ་བསྐྲུན་པའི་ཐབས་མཁས་ཟབ་མོ་རྨད་དུ་བྱུང་བ་ཡིན་པས་འདི་ཉིད་ལ་བྱིན་རླབས་འཕོ་བའི་དབང་དང་རྡོ་རྗེ་ཡེ་ཤེས་ཀྱི་དབང་ཞེས་ཀྱང་བྱའོ། །དེ་ཡང་མཚོན་བྱ་དོན་གྱི་དཀྱིལ་འཁོར་དུ་ཞུགས་པས་མ་རིག་པའི་སྒྲིབ་གཡོགས་དང་བྲལ་ཏེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པའི་མོས་པ་མཛོད། །ཅེས་གུར་གྱི་སྒོ་བསལ་ཏེ་རྡོ་རྗེའམ་དབྱུ་གུའི་རྩེ་མོས་མཚོན་པར་བྱས་ནས་སིནྡྷུ་རའི་དཀྱིལ་འཁོར་བསྟན་ལ། འདི་ན་རྣམ་པར་ཐར་པའི་སྒོ་གསུམ་མཚན་པའི་ཆོས་ཀྱི་འབྱུང་གནས་ཨེ་དབྱིངས་རྣམ་ཀུན་མཆོག་ལྡན་སྟོང་པའི་རང་གཟུགས་སུ་དག་པ་ཟུར་དྲུག་པའི་ནང་དུ། པད་འདབ་ཕྱི་རིམ་ལ་བརྒྱད་དང་ནང་རིམ་ལ་བཞི་པའི་ལྟེ་བར་འཇིགས་དུས་བསྣོལ་བའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་པདྨ་རཱ་གའི་ལྷུན་པོ་ཉིན་མོར་བྱེད་པའི་གཟི་བྱིན་གྱིས་འཁྱུད་པའི་སྐུ་ཅན་མཛེས་སྡུག་གི་དཔྱིད། ཁྲོ་ཆགས་ཀྱི་ཉམས་རྒྱས་སྤ་ཞིང་གྲི་གུག་པད་སྣོད་ནམ་མཁའི་དབྱུག་པ་བདེ་བ་ཆེན་པོའི་ཧེ་རུ་ཀ་དང་འདུས་པའི་དགའ་བས་མྱོས་པ་རྒྱན་དང་ཆ་བྱད་རྫོགས་ཤིང་བརྐྱང་བསྐུམ་གྱི་རོལ་པས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་གར་དགུས་འགྱིང་བ། སྟེང་དང་འོག་ཏུ་མཁའ་སྤྱོད་མ་དང་ས་འོག་སྤྱོད་མ། ཕྱོགས་བཞིའི་འདབ་མར་ཤར་དུ་མཁའ་འགྲོ་མ། བྱང་དུ་ལཱ་མ། ནུབ་ཏུ་དུམ་སྐྱེ་མ། ལྷོར་གཟུགས་ཅན་མ། ཕྱི་རོལ་གྱི་འདབ་མ་བརྒྱད་ལ། ཤར་དུ་ཁྭ་གདོང་མ། བྱང་དུ་འུག་གདོང་མ། ནུབ་ཏུ་ཁྱི་གདོང་མ། ལྷོར་ཕག་གདོང་མ། ཤར་ལྷོར་གཤིན་རྗེ་བརྟན་མ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ། བྱང་ཤར་དུ་གཤིན་རྗེ་འཇོམས་པ་སྟེ། དེ་ཐམས་ཅད་ཀྱང་དོན་དམ་པའི་ཡེ་ཤེས་ཀྱི་མིག་འཕྲུལ་བརྟན་པ་དང་གཡོ་བའི་ཆོས་ཉིད་རྣམ་པ་ཐམས་ཅད་པའི་གཟུགས་སུ་ཤར་བ་ཉིད་དེ། རྒྱུད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱི་དུ་མའི་གར་མཛད་དོ། །ཞེས་གསུངས་པ་ལྟར་དུ་ངེས་པས་རྟེན་དང་བརྟེན་པའི་དཀྱིལ་འཁོར་འདི་ཐམས་ཅད་ལ་མོས་གུས་ཀྱིས་དད་པ་དྲག་པོས་གཟིགས་མཛོད། དེ་དག་ནི་རྩ་བའི་རྒྱུད་ལས། སློབ་མ་ཡི་ནི་གདོང་ཕྱེ་ལ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །ཞེས་གདོང་གཡོགས་ཕྱེ་བ་ནི་ཡེ་ཤེས་དབབ་པས་ཕྱིན་ཅི་ལོག་གི་མ་རིག་པའི་སྒྲིབ་གཡོགས་བསལ་བའི་དོན་དང་། དཀྱིལ་འཁོར་ནི་རྟེན་དང་བརྟེན་པའི་མཚོན་བྱེད་དཔེའི་དཀྱིལ་འཁོར་ལ་བརྟེན་ནས་མཚོན་བྱ་དོན་གྱི་ཡེ་ཤེས་ངོ་སྤྲོད་པར་དགོངས་པ་སྟེ། ལྷ་གང་གི་ནི་གནས་ཡིན་ཏེ། །དེ་དེ་ཡང་དག་བརྟན་པར་བྱ། །ཞེས་དེའི་འཕྲོས་སུ་གསུངས་པ་ནི་སྐབས་འདིར་ལྷ་ངོ་སྟོན་པའི་དོན་དུ་མ་ཟད་འཆད་འགྱུར་བརྡའི་དབང་བཞི་ཡང་མདོར་བསྟན་པ་སྟེ། ལྷ་ནི་དེ་སྒྲ་ལས་དྲངས་ན་དེ་ཧ་བྷ་ཝ་ལུས་ལས་འབྱུང་བ་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ་དེ་ཉིད་གང་ལ་བརྟེན་ངོ་འཕྲོད་པ་ནི་གནས་ཏེ་དེའི་ཕྱིར་བརྡའ་སྟོན་པ་ཡིན་པས་སོ། །སླར་ཡང་སིནྡྷུ་རའི་བཅོམ་ལྡན་འདས་མའི་ལྷ་ཚོགས་རྣམས་རྗེས་སུ་ཆགས་པའི་མེས་ཞུ་བ་ཉི་མ་འཆར་ཀའི་མདངས་ཅན་གྱི་བྱང་ཆུབ་ཀྱི་སེམས་བདུད་རྩིའི་ཐིག་ལེར་གྱུར་པ་གནས་གསུམ་དུ་ལྷག་པར་གནས་པར་བྱས་པའི་མོས་པ་མཛོད། ཅེས་སིནྡྷུ་རའི་དཀྱིལ་འཁོར་ནས་གཡོན་པའི་སྲིན་ལག་གིས་ཕྱིས་ཏེ་སློབ་མའི་གནས་གསུམ་དུ་ཐིག་ལེ་བཀོད། དེས་ནི་སྔར་བྱིན་གྱིས་རློབས་ཟིན་པ་དང་དེའི་ནུས་པ་བསྟན་པར་བྱས་པའི་དོན་ཡིན་ནོ། །ད་ནི་བརྡའི་དབང་དངོས་ནི་གོང་གི་རྩ་རྒྱུད་ཀྱི་ལུང་དོན་དེ་ཉིད་བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོའི་ནང་ཚན། རྡོ་རྗེ་དབང་བསྐུར་བ་བརྡའི་རིམ་པར་ཕྱེ་བ་སོ་བཞི་པ་དང་། བརྡའི་རོལ་པ་དང་དམ་ཚིག་དང་སྡོམ་པའི་ཆོ་གའི་རིམ་པར་ཕྱེ་བ་སོ་དྲུག་པ་དང་། རྡོ་རྗེ་སེམས་དཔའི་དབུགས་དབྱུང་བ་དང་རང་བཞིན་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་ལྔ་བཅུ་པ་རྣམས་ཀྱིས་རྒྱས་པར་བཤད། ཐོག་མར་ལེའུ་སོ་བཞི་པར། གང་གི་རྟག་ཏུ་སྔགས་སྦྱིན་པ། །གང་གི་ཆོ་ག་དེ་བཞིན་བྱ། །ཐོད་པ་ཕྲེང་བ་དབུ་རྒྱན་དང་། །དེ་བཞིན་སངས་རྒྱས་གཙུག་ནོར་བུ། །པདྨ་དཔལ་གྱི་ནགས་རྩ་བ། །བརྡ་ཡི་སངས་རྒྱས་ཕྱག་རྒྱ་ཡིན། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །མཆོག་ཏུ་མཉམ་གཞག་སྐྱོང་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་གསུངས་པའི་ཚིག་རྐང་དང་པོ་གཉིས་རྩ་རྒྱུད་ལས་ཀྱང་འབྱུང་ཞིང་སྔགས་ཀྱི་སྦྱིན་པའི་དོན་སྔགས་ཀྱི་ཐིག་ལེའི་སྤྲོ་བསྡུ་ཡིན་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྔར་བཤད་ཟིན་པ་དེ་བསྟན། ཐོད་པའི་དབང་བསྐུར་བཞི་སོ་དྲུག་པ་ལས་བསྟན། སྔར་དྲངས་ཟིན་པ་ལྟར་དང་། སྐབས་འདིར་སྟོན་རྒྱུ་བརྡའ་ནི། ཐོད་པ་དང་ཕྲེང་བའམ་མདའ་གཞུ། དབུ་རྒྱན་ནི་རྡོ་རྗེ་རྒྱ་གྲམ། སངས་རྒྱས་ནི་བཅོམ་ལྡན་འདས་མའི་དོན་དམ་པའི་ཞལ་ཏེ་ཕག་གདོང་གཙུག་གི་ནོར་བུ་རྣམས་ཡིན་ལ། ཡང་ཐོད་པ་ལ་པདྨ། རྒྱ་གྲམ་ལ་དཔལ། འཕྲེང་བ་ལ་ནགས། ནོར་བུ་ལ་རྩ་བ་ཞེས་སོགས་ཀྱང་གསུངས། བརྡ་དེ་དག་ཀྱང་སྤྱིར་དབང་པོ་རྣོན་པོ་ཁོ་ནའི་དབང་དུ་བྱས་པ་ཡིན་མོད་ཀྱང་། ནང་གསེས་དབང་དོན་ཉིད་ལ་ཡང་བློའི་ཁྱད་པར་ཡོད་པས། དཔེར་ན་མི་ཞིག་གིས་གཞན་ལག་པའམ་ཁའམ་མིག་འགྲོས་ཀྱིས་བྱ་བ་འདི་གྱིས་ཞེས་བརྡ་བསྟན་ན། ཕ་རོལ་པོ་ཤེས་པ་དང་ལྡན་པ་དེས་རིག་སྟེ་དོན་འགྲུབ། རྨོངས་པ་དེས་མི་གོ་བ་བཞིན། འདིར་ཡང་སྐལ་བ་དང་ལྡན་ན་རིག །མི་ལྡན་ན་མ་ཡིན་པ་སྔོན་ཕ་དམ་པས་སྙོང་ཡེ་ཤེས་རྒྱལ་མཚན་ལ། བརྡ་མིག་ཅན་གྱིས་མཐོང་བ་ཡིན། མིག་མེད་ཀྱིས་མི་མཐོང་གསུངས་པ་ལྟར་ཡིན་ལ། གང་རིག་པ་དེ་ལ་དབང་དོན་གྱི་ཡེ་ཤེས་ངོ་འཕྲོད་པའམ་མངོན་སུམ་དུ་བྱས་པ་ཡིན་པས་དེ་ལས་ལོགས་སུ་དབང་བསྐུར་མི་དགོས་ཏེ། གོང་གི་འཕྲོར། རྣལ་མའི་སྦྱོར་བ་རྟོགས་གྱུར་ན། །བཅོས་མ་དག་ནི་མི་བྱའོ། །ཞེས་གསུངས་ཤིང་གསང་སྔགས་རྙིང་མ་རྣམས་ཀྱིས་རིག་འཛིན་བརྡའི་བརྒྱུད་པ་ཞེས་བསྔགས་པར་མཛད་པའང་འདི་ལྟ་བུ་ལ་དགོངས་པར་གདའ། དེ་ཡང་སྔར་ཡེ་ཤེས་དབབ་པའི་དུས་སུ་སྐུ་ཕེབས་པ་དེས་སྐབས་འདིར་བརྡ་བསྟན་པ་དེ་དག་བུམ་དབང་གི་བརྡ་ཁོ་ནར་གོ་བར་འགྱུར་བས་དེ་ལ་བཅོས་མ་དང་བཅས་པས་ཁྲིད་པ་ཡིན། དེ་བཞིན་དུ་གསུང་དང་ཐུགས་དང་ཡེ་ཤེས་ཕེབས་པ་དེས་དབང་གོང་མ་གསུམ་པོ་སོ་སོའི་དོན་དུ་ངོ་འཕྲོད་པ་དེ་ལ་ལམ་ལྷག་མ་ནས་ཁྲིད་པར་གསུངས་པས་ཁྲིད་ཚུལ་ཡང་བཞིར་འགྱུར་བ་ཡིན་པ་གང་དང་གང་གི་སྐལ་བ་དང་མཚམས་པར་ཁྲིད་ཤེས་པ་ནི་གཞན་རྗེས་སུ་འཛིན་པའི་རྡོ་རྗེ་སློབ་དཔོན་དུ་འོས་པ་སྟེ། རྡོ་རྗེ་མཁའ་འགྲོར་གོང་གྱི་ལུང་སྡེབས་སུ། གང་དང་གང་ནི་ལྷ་ཡི་མཆོག །དེ་དང་དེ་ནི་སློབ་དཔོན་འགྲོ །གང་དང་གང་ལ་ལྷག་མོས་པ། །དེ་དང་དེ་ཡི་དབང་བསྐུར་བྱ། །ཞེས་བྱུང་། དེ་ལྟར་ན་ཡང་ད་ལྟ་སྤྱི་ཙམ་ལ། ལས་དང་པོ་པའི་དབང་དུ་མཛད་དེ་མཐར་ཆགས་སུ་བསྐུར་བར་མཛད་པ་ཕྱག་བཞེས་སུ་མཆིས་པས་དེ་ལ་འདི་བཞིན་བརྗོད་པ་ལ། ཐོད་པ་ལག་གཡས་སུ་བཞག །ཕྲེང་བའམ་མདའ་གཞུ་གཡོན་དུ། སྣ་ཚོགས་རྡོ་རྗེ་ལག་གཉིས་ཀྱི་དབུས། ནོར་བུ་སྤྱི་བོར། ཕག་ཞལ་ཡང་ལག་ཏུ་གཏད་དེ། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ །མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་བརྗོད་ལ། དེ་ཡང་བཤད་རྒྱུད་རྡོ་རྗེ་མཁའ་འགྲོར། དབང་པོ་ཀུན་ལས་བྱུང་བ་ཡི། །དམ་ཚིག་ཐོད་པ་ཞེས་བྱར་བརྗོད། །མཛེས་མ་འཕྲེང་བ་ཞེས་བཤད་དེ། །དེ་ཁོ་ན་ཉིད་དབུ་རྒྱན་མིང་། །གཙུག་གི་ནོར་བུས་དབང་བསྐུར་མཛད། །སངས་རྒྱས་ཞེས་བྱ་རྗེས་གནང་ཡིན། །ཧེ་རུ་ཀ་དཔལ་དབང་བསྐུར་བའོ། །ཞེས་གསུངས་པའི་དོན་བརྡ་དེ་བུམ་དབང་དུ་གོ་ན་དེའི་ཚེ་ཐོད་པས་དབང་པོ་ཐམས་ཅད་ཀྱི་སྒྲིབ་པ་མེད་པ་ཐུགས་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག །འཕྲེང་བའམ་མདའ་གཞུ་རྣམ་ཀུན་མཆོག་ལྡན་གྱི་མཛེས་མ་སྟོང་པ་ཉིད་གསུང་གཞོམ་དུ་མེད་པའི་སྒྲ་སྙན་དྲིལ་བུའི་དམ་ཚིག །སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱིས་གཉིས་སུ་མི་ཕྱེད་པའི་སྐུ་ཕྱག་རྒྱའི་དམ་ཚིག །ནོར་བུས་བདག་གཞན་གྱི་རེ་བ་སྐོང་བ་བརཏལ་ཞུགས། ཕག་ཞལ་གདུལ་བྱ་རིས་མེད་རྗེས་སུ་འཛིན་པ་རྗེས་གནང་དུ་རིག་པ་ཡིན་ལ། དེའི་གོང་མ་གསུམ་ཡང་མཚོན་བྱེད་རྟགས་ཀྱི་རྡོར་དྲིལ་ཕྱག་རྒྱ་གསུམ་ཙམ་མམ་སྤྱི་དོན་གྱི་སྟོང་ཉིད་སྙིང་རྗེ་ལྷ་སྐུ་གསུམ་དུ་རིག་པ་ནི་རྒྱུད་སྡེ་འོག་མ་དང་ཐུན་མོང་བ་དྲང་དོན། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་རབ་ཏུ་བརྗོད། །ཅེས་པ་ལྟར་ཐབས་ཤེས་ཁ་སྦྱོར་དུ་བསྒོམ་པའི་ནང་གི་རྡོར་དྲིལ་ཕྱག་རྒྱ་མཚོན་བྱེད་དུ་གོ་ན་གནས་སྐབས་པའི་ངེས་དོན་ཏེ་མ་རྒྱུད་ཁོ་ན་ལ་གྲགས་པ་དེར་འགྱུར་བ་ཡིན་ནོ། །དེ་ལྟར་བུམ་དབང་གི་བརྡ་ཙམ་དུ་གོ་བ་དེ་ལ་དབང་ལྷག་མ་གསུམ་གྱི་བརྡ་ཡང་རིམ་ཅན་དུ་བསྟན་དགོས་པས་གསང་དབང་གི་བརྡ་ནི། ཞེས་མཚམས་སྦྱར་ལ། ཐོད་པའི་ཁར་ཕྲེང་པ་དང་སྣ་ཚོགས་རྡོ་རྗེ་བཞག །ཐོད་པའི་འོག་ཏུ་ནོར་བུ་བཀོད་པ་ལག་ཏུ་གཏད་དེ། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། ཞེས་བརྗོད། དེ་ཡང་རྒྱུད་ལས། ཐོད་པ་ལུས་ཞེས་བྱ་བ་སྟེ། །འཕྲེང་བ་རྐང་པའི་མིང་ཅན་ཡིན། །དབུ་རྒྱན་བྷ་ག་ཞེས་བྱར་བརྗོད། །སངས་རྒྱས་ཁུ་བ་ཞེས་བརྗོད་དེ། །གཙུག་གི་ནོར་བུ་བདེ་བར་བཤད། །རྡོ་རྗེ་པདྨའི་དབང་བསྐུར་རོ། །ཞེས་བརྡ་འདི་གསང་དབང་དུ་གོ་བའི་ཚེ་ཐོད་པ་ནི་རྡོ་རྗེ་སློབ་དཔོན་ཡབ་ཡུམ་གྱིས་ལུས་དཀྱིལ། ཕྲེང་བ་ནི་རྐང་པ་སྟེ་བགྲོད་པའི་བྱ་བ་བྱེད་པས་ཐབས་ཀྱི་ལིངྒ། དབུ་རྒྱན་ཏེ་རྡོ་རྗེ་རྒྱ་གྲམ་ནི་ཤེས་རབ་ཀྱི་བྷ་ག །སངས་རྒྱས་ཞེས་པ་ཕག་ཞལ་ནི་དེ་གཉིས་བསྲུབས་པའི་ཁུ་བ་བྱང་ཆུབ་ཀྱི་སེམས། དེ་ཡན་ཆད་སློབ་དཔོན་དང་འབྲལ་བས་སྟེང་དུ་བཀོད། ནོར་བུ་ནི་བླ་མ་ཡབ་ཡུམ་གྱི་བྱང་སེམས་དེ་སློབ་མས་མྱང་པས་བདེ་བ་ཆེན་པོ་རྒྱུད་ལ་སྐྱེས་པ་མཚོན་བྱེད་སློབ་མའི་རྒྱུད་དང་འབྲེལ་བའི་ཕྱིར་འོག་ཏུ་བཀོད་པར་གདའོ། །དེ་རྗེས་དབང་གསུམ་པའི་བརྡ་ནི། ཞེས་མཚམས་སྦྱར་ལ། ཐོད་པའི་སྟེང་དུ་ཕྲེང་བ་བཀོད། དེའི་ཁར་སྣ་ཚོགས་རྡོ་རྗེ་བཞག །ཕག་ཞལ་དང་ནོར་བུས་དེའི་མཐའ་སྐོར་ཏེ་ལག་ཏུ་གཏད་ལ། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ །མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་བརྗོད་རྗེས། འོ་དེ་ཡང་རྡོ་རྗེ་མཁའ་འགྲོར། ཐོད་པ་དབང་གཉིས་དམ་ཚིག་སྟེ། །ཕྲེང་བ་སྔགས་ཀྱི་བདག་པོར་བརྗོད། །བཅུ་དྲུག་ཐིག་གིས་ཐིག་གདབ་པའི། །སྟོང་པ་དབུ་རྒྱན་ཞེས་བྱར་བཤད། །ཨ་ལ་སོགས་པའི་མ་མོ་རྣམས། །སངས་རྒྱས་ཞེས་བྱའི་སྒྲ་རུ་འགྱུར། །དེ་རྣམས་དབུས་ཀྱི་བདེ་བ་གང་། །དེ་ནི་གཙུག་གི་ནོར་བུ་བརྗོད། །རིགས་རྣམས་ཀུན་གྱི་ཐམས་ཅད་དུ། །རྟག་ཏུ་དབང་བསྐུར་དེ་ལྟ་བུ། །ཞེས་གསུངས་ཏེ། བརྡ་འདི་དབང་གསུམ་པའི་དོན་དུ་གོ་ཚུལ་བཤད་པ་ཡིན། དེའི་དོན་ཐོད་པ་ནི་ཀ་པཱ་ལ་ཞེས་པའི་སྒྲ་ལས་བདེ་བ་སྐྱོང་གནས་ཏེ་ཐབས་དང་ཤེས་རབ་ཀྱི་དབང་པོ་གཉིས་མཚོན། ཕྲེང་བ་ནི་གཅིག་ཏུ་ལུ་གུ་རྒྱུད་དུ་འབྲེལ་བས་དེ་གཉིས་ཁ་སྦྱོར་གྱིས་བསྲུབ་པ་མཚོན། རྒྱ་གྲམ་ནི་ངོས་བཞི་དང་ལྡན་པས་དེ་ལས་སྐྱེས་པའི་དགའ་བ་བཞི་བཞི་བཅུ་དྲུག་གི་ཞུ་བ་དེ་མཚོན། ཕག་ཞལ་ནི་ཕག་ལ་གཙང་རྨེ་རྣམ་རྟོག་མེད་པ་ལྟར་དེ་འཛིན་གྱི་རྟོག་པ་དབྱིངས་སུ་ནུབ་པ་སྟེ་སྟོང་པས་རྒྱས་ཐེབས་པ་མཚོན་པ་སྟེ་དཔེའི་ཡེ་ཤེས། ནོར་བུ་ནི་ཀུན་གྱི་དབྱིག་ཏུ་གྱུར་པ་ལྟར་དེ་ལས་བརྗོད་བྲལ་དོན་གྱི་ལྷན་ཅིག་སྐྱེས་པ་ངོ་འཕྲོད་པ་མཚོན་པ་སྟེ་རྩ་བའི་རྒྱུད་ལས། ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པ་ཡི་ནི་དངོས་གྲུབ་བྱ། །ཞེས་དང་། དབང་གཉིས་སྙོམས་པར་འཇུག་པ་ཡིས། །ཞེས་སོགས་གསུངས་པའི་དོན་ནོ། །དེ་ནས་ཡང་དབང་བཞི་པའི་བརྡ་ནི། ཞེས་མཚམས་སྦྱར་ལ། ཐོད་པ་སོགས་ཡོངས་རྫོགས་བསྡོམས་ཏེ་ལྟེ་བར་བཞག་ལ། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། འོ། དེ་ཡང་བརྡ་འདི་ཉིད་དབང་བཞི་པའི་དོན་དུ་གོ་ཚུལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དཔལ་ཞེས་བྱ་བ་དགའ་བ་སྟེ། །བདེ་བ་སངས་རྒྱས་སུ་ནི་བརྗོད། །པདྨ་པདྨ་ཉིད་ཡིན་ལ། །ནགས་ནི་སྐྱ་རེངས་ཞེས་བྱར་གྲགས། །རྩ་བ་བྱང་ཆུབ་སེམས་ཡིན་ནོ། །ཞེས་ཕྱིའི་མངོན་བྱང་མཚོན་བྱེད་དང་། ནང་གི་མངོན་བྱང་མཚོན་བྱར་བྱས་ཏེ་བསྟན་པ་དང་། ཡང་པདྨ་ལྟེ་བའི་འཁོར་ལོ་སྟེ། །ནགས་སོགས་ཨ་ནི་མ་མོ་ཡིན། །རྩ་བ་ཐར་པ་སྟེར་བྱེད་པ། །བརྡ་ཡི་སངས་རྒྱས་ཕྱག་རྒྱ་ཡིན། །ཞེས་པ། ཐོད་པས་ལྟེ་བའི་འཁོར་ལོ། འཕྲེང་བ་ཀུན་རྫོབ་ཏུ་དེར་གནས་པའི་དབྱངས་དང་པོ་ཨ་ཡིག་མི་འགྱུར་བས་མཚོན་པའི་རང་རིག་ཕྱག་ཆེན། དབུ་རྒྱན་ཏེ་རྒྱ་གྲམ་གྱིས་དེ་སོ་སོ་རང་གིས་རིག་པ་གཉིས་སུ་མེད་པའི་ཚུལ་གྱིས་རྟོགས་པ། སངས་རྒྱས་ཏེ་ཕག་ཞལ་དང་གཙུག་གི་ནོར་བུས་དེ་ཕྱིན་ཡུལ་ཡུལ་ཅན་གྱི་དབྱེ་བ་མེད་པས་ཟུང་འཇུག་རབ་ཏུ་མི་གནས་པ་ལ་གནས་པ་བསྟན་ཏེ་འདི་དབང་བཞི་པའི་ཡེ་ཤེས་ངོ་མ་བསྟན་ལ། ལྟེ་བ་མཚོ་སྐྱེས་ཞེས་བྱ་སྟེ། །ནགས་ཞེས་བྱ་བ་ངག་ཡིན་ལ། །རྩ་བ་ལུས་ཀྱི་བླ་དྭགས་ཡིན། །སངས་རྒྱས་སེམས་ཀྱི་བརྡ་ཡིན་ཏེ། །གཅིག་པུ་ངེས་པའི་རྣལ་འབྱོར་ཡིན། །དབེན་པ་རྟོག་པ་སྤངས་པ་སྟེ། །སྦས་པ་གསལ་བར་བྱས་པའོ། །ཞེས་པས་ནི་བཞི་པའི་ཡེ་ཤེས་ངོ་མ་དེ་ཡང་མས་བརྟན་གྱི་དེ་ཉིད་བཅུ་དྲུག་རིག་པར་ཕྱེ་སྟེ་བཤད་པ་ཡིན་ནོ། །དེ་ལྟར་ན་གདུལ་བྱའི་སྐལ་བ་ཐ་དད་པའི་དབང་གིས་འདུལ་བྱེད་ཀྱི་རིམ་པའམ་དེ་དང་དེར་བསྟན་པ་ནི་རྒྱལ་བ་ཐབས་ལ་མཁས་པ་ཡིན་པས་གཅིག་ཁོ་ན་ལ་ཞེན་པར་མི་བྱ་ལ། འགའ་ཞིག་གི་བསམ་པར་དབང་དེ་དང་དེ་དངོས་སུ་བསྐུར་བས་ཆོག་མོད། མི་གོ་བའི་བརྡ་བསྟན་པས་ཅི་བྱ་སྙམ་དུ་སེམས་པ་མཆིས་མོད། འདི་དག་ནི་དབང་པོ་རྣོན་པོ་ཆོ་གའི་སྤྲོས་པ་ཆུང་ངུས་འདུལ་བ་ལ་དགོངས་པ་སྟེ་དེའི་ཕྱིར་བརྡ་ཙམ་གྱི་དབང་བཞིའི་དོན་རྒྱུད་ལ་མཚོན་ཅིང་གོ་བར་བྱེད་ནུས་པར་དགོངས་ལ། རྒྱུ་མཚན་དེས་ཕག་མོ་བརྡ་བཞིའི་དབང་ཞེས་བླ་མ་གོང་མ་རྣམས་ཀྱིས་ཐ་སྙད་མཛད་ཅིང་། རྒྱུད་ལས་ཀྱང་། དབང་ནི་རྣམ་པ་བཞི་དག་ཏུ། །ཡང་དང་ཡང་དུ་བཤད་པ་ཡིན། །གང་ཞིག་སྔར་ནི་བཤད་པ་རྣམས། །དེ་དག་ཀུན་གྱིས་བརྗོད་པ་ཡིན། །ཞེས་སྔར་བཤད་པའི་བརྡ་དག་རེ་རེས་ཀྱང་དབང་བཞི་ཀ་མཚོན་ནུས་པར་གསུངས་ཤིང་། དབང་པོ་ཆེས་རྣོ་བ་དག་ནི་བརྡ་བསྟན་པའང་མ་ལྟོས་ཏེ་ནཱ་རོ་པས་དཔལ་མཆོག་ཌོཾ་བྷི་བ་དང་། ཤ་ཝ་རིས་རྒྱལ་བུ་ས་ཀ་ར་སིདྡྷི་བྱིན་གྱིས་བརླབས་པ་བཞིན་ནོ། །དེ་ལྟར་ཟབ་མོ་བརྡའི་དབང་བསྐུར་བ་ལེགས་པར་མཐའ་རྒྱས་སུ་གྲུབ་པ་ཡིན་པས། དམ་ཚིག་རྣམས་མ་ཉམས་པར་བསྲུང་བའི་མོས་པས་འདིའི་རྗེས་ཟློས་གནང་བར་ཞུ། གཙོ་བོར་ཇི་ལྟར་ སོགས་དང་། གཏང་རག་གི་མཎྜྻལ། སོགས་དང་། མཇུག་ཆོག་ཀྱང་གཞུང་བཞིན་བྱའོ། །ཞེས་པ་འདི་ཡང་རང་གཞན་སྐལ་མཉམ་མང་པོར་ཕན་བློ་དང་རིག་པ་འཛིན་པ་མི་འགྱུར་རྡོ་རྗེའི་གསུང་གིས་བསྐུལ་བ་བཞིན་རྒྱལ་ཁམས་པ་ཀུན་དགའ་མིང་ཅན་གྲུབ་པའི་དབང་པོའི་བཀའ་བརྟགས་གང་དེས་ཀུན་མཁྱེན་ཆེན་པོའི་གསུང་རབ་སྙན་བརྒྱུད་རྣམ་བཤད་དང་ལུས་མེད་མཁའ་འགྲོའི་ཆོས་སྡེའི་རྣམ་བཤད་སོགས་ལ་ལེགས་པར་བརྟགས། ཁ་འགེངས་དགོས་རྣམས་དེ་དག་ནས་ཅུང་ཟད་བསྐང་སྟེ་ཟིན་བྲིས་སུ་བཀོད་པ་བསྟན་པའི་སྙིང་པོ་རིང་དུ་གནས་པའི་རྒྱུར་གྱུར་ཅིག་གུ།། །།


previousལྷ་མོ་བཅོ་ལྔ་སྤྲོས་མེད་ཀྱི་ཟབ་མོ་བརྡའི་དབང་བཞི་བསྐུར་ཚུལ་ནག་འགྲོས་སུ་བཀོད་པ།next