Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་སྙན་རྒྱུད་ཀྱི་ཡུམ་བཀའ་རྒྱས་པ་བྱིན་རླབས་མྱུར་འབེབས།
   
   
   
   
   
   
   
   


 
previousམཁའ་འགྲོ་སྙན་རྒྱུད་ཀྱི་ཡུམ་བཀའ་རྒྱས་པ་བྱིན་རླབས་མྱུར་འབེབས།next

མཁའ་འགྲོ་སྙན་རྒྱུད་ཀྱི་ཡུམ་བཀའ་རྒྱས་པ་བྱིན་རླབས་མྱུར་འབེབས།

མཁའ་འགྲོ་སྙན་རྒྱུད་ཀྱི་ཡུམ་བཀའ་རྒྱས་པ་བྱིན་རླབས་མྱུར་འབེབས་ཞེས་བྱ་བ་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ནམ་མཁའི་རྡོ་རྗེ་རྟག་ཏུ་རོལ་པ་རྣལ་འབྱོར་མ་ཡི་གཙོ། །ཆགས་པས་ཀུན་ཆགས་བཅུ་དྲུག་ལང་ཚོ་ནམ་ཡང་མི་ཡོལ་བ། །འཇིག་རྟེན་མུན་པར་ཞུགས་པའི་དབུགས་འབྱིན་ཕུན་ཚོགས་འཛག་པ་ཡི། །དཔལ་གྱི་དགའ་ཆར་ཆེན་པོའི་གནས་གྱུར་དེ་ལ་ཕྱག་འཚལ་ལོ། །རྣམ་སྣང་མཛད་མའི་བྱིན་རླབས་ཀྱིས། །སྙིང་ལ་ཤིས་བརྗོད་མ་བྱས་པར། །རིག་བྱེད་རྩོམ་ལ་འཇུག་པ་ནི། །ཚངས་པས་རིགས་པ་མིན་བསམ་བྱས།། འདིར་བདེ་མཆོག་མཁའ་འགྲོ་སྙན་རྒྱུད་ཀྱི་ཡུམ་བཀའ་རྒྱས་པ་ལྷ་མོ་བཅོ་ལྔའི་བསྙེན་པ་བྱ་བར་འདོད་པས། གདོད་ནས་དག་པའི་ཡུལ་ཆེན་པོ་ལ་སོགས་པར་རྣལ་འབྱོར་གྱི་ཡོ་བྱད་ཚང་བས་བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། བླ་མ་རིགས་ཀྱི་བདག་པོར་བལྟས་པའི་སྒོམ་བཟླས་བྱའོ།། དེ་ནས་ལག་པ་གཡོན་པའི་མཐིལ་དུ་པདྨ་དམར་པོ་འདམ་མ་ལྔ་པའི་ལྟེ་བ་ལ་ཨོཾ་བཾ་དམར་པོ། འདབ་མ་ལ་གཡོན་སྐོར་གྱིས་ཧཾ་ཡཽཾ་སྔོན་མོ། སྲིཾ་མོཾ་དཀར་མོ། སྲིཾ་སྲིཾ་སེར་མོ། ཧཱུྃ་ཧཱུྃ་ལྗང་ཁུ། ཕཊ྄་ཕཊ྄་དུད་ཁ། དཔའ་མོ་དྲུག་གི་རང་བཞིན། མཐེ་བོང་ལ་ཨོཾ་ཧཱཿདཀར་པོ། མཛུབ་མོ་ལ་ན་མ་ཧི་སེར་པོ། གུང་མོ་ལ་སྭ་ཧ་ཧུ་དམར་པོ། སྲིན་ལག་ལ་བཽ་ཥ་ཊ་ཧེ་ནག་པོ། མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་ཧོཿམཐིང་ཁ། སེན་མོའི་ངོས་ལ་ཕཊ྄་ཧཾ་ལྗང་ཁུ། དཔའ་བོ་དྲུག་གི་རང་བཞིན། ལག་པའི་བོལ་ལ་འདི་དག་ཉིད་ཀྱི་གཟུགས་བརྙན། ལག་པའི་ས་ཆུ་མེ་རླུང་ནམ་མཁའ་རྣམས་རིམ་པ་བཞིན། ལྟུང་བྱེད། གསོད་བྱེད། འགུགས་བྱེད། གར་གྱི་དབང་ཕྱུག པདྨ་དྲ་བ་ཅན་མ་རྣམས་ཀྱི་རང་བཞིན་ནོ།། དེ་ནས་ཆང་ཨོཾ་ཨཱཿཧཱུྃ་གིས་འབུལ་ཞིང་ཉེར་མཆོད་བཟའ་བཏུང་ཐམས་ཅད། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྭ་ཝཱ་རཱ་ཧི་བཾ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨཱརྻ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བིདྱེ་ཤྭ་ར་ཧུཾ་ཧཱུྃ་ཕཊ྄། ཨོཾ་སརྦ་བྷཱུ་ཏ་བྷ་ཡཱ་བ་ཧེ་མཧཱ་བཛྭེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་བཛྭཱ་ས་ནེ་ཨ་ཛི་ཏི་ཨ་པ་རཱ་ཛི་ཏེ་བ་ཤཾ་ཀ་རི་ནེ་ཏྲ་བྷྲཱ་མ་ཎཱི་ཧུཾ་ཧཱུྃ་ཕཊ྄། ཨོཾ་བི་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ལི་ནཱི་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཏྲཱ་ས་ནི་མཱ་ར་ཎི་སུ་པྲ་བྷེ་ད་ནི་པ་རཱ་ཛ་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཛ་ཡེ་བ་ཛི་ཡེ་ཛཾ་བྷ་ནི་སྟཾ་བྷ་ནི་མོ་ཧ་ནཱི་ཧུཾ་ཧཱུྃ་ཕཊ྄། ཨོཾ་བཛྭ་ཝཱ་རཱ་ཧི་མཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རི་ཁ་གེ་ཧུཾ་ཧཱུྃ་ཕཊ྄་ཀྱིས་ཕུལ། ཡིག་བརྒྱ་བཟླས། དེ་ནས་ལག་མཐིལ་དུ་ཡོད་པའི་ཁུ་བ་སྲིན་ལག་གིས་བླངས་ནས་སྙིང་མགོ་བོ་རྣམས་སུ་ཧཱུྃ་ཨཱཿཨོཾ་བརྗོད་པས་བྱུག་ཅིང་ངོ་བོ་ལྷ། རྣམ་པ་ཡི་གེར་བཞུགས་པ་དེ་བདག་ཉིད་ལ་ཐིམ་པར་གྱུར། ལྷག་མ་བདུད་རྩིའི་ནང་དུ་བླུག་ཅིང་། མདུན་དུ་ཡམ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ལས་པདྨའི་སྣོད་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་ཐོད་པ་གསུམ་གྱི་སྒྱེད་བུ་ལ་གནས་པའི་ནང་དུ། ཨོཾ་ཨཱཾ་ཏྲཱཾ་ཁཱཾ་ཧཱུྃ། ལཱཾ་མཱཾ་བཱཾ་ཏཱཾ་བཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རླུང་གིས་བསྐུལ་བས་མེ་སྦར། ཐོད་པ་བསྲོས་པས་རྫས་རྣམས་ཞུ་བ་ཉི་མ་འཆར་ཀའི་ཁ་དོག་ཅན། དེའི་སྟེང་དུ་དངུལ་ཆུའི་མདོག་ཅན་གྱི་ཧཱུྃ་ལས་བྱུང་བའི་ཁ་ཊྶཱཾ་ག་དཀར་པོ་ཐུར་དུ་ལྟ་བ་བདུད་རྩིའི་རང་བཞིན་དུ་ཞུ་བས་རོ་གཅིག་པར་གྱུར་པ་རྣམས། དབྱངས་གསལ་བརྗོད། ཨཱ་ལི་གཡོན་སྐོར། ཀཱ་ལི་གཡས་སྐོར་དུ་སོང་བ་ཡོངས་སུ་གྱུར་པས་ཨོཾ་ཨཱཿཧཱུྃ་གི་ཡི་གེ་བརྩེགས་མར་གནས་པ་དེ་དག་ལས་འཁོར་ལོ་གསུམ་གྱི་ལྷ་རྣམས་འཕྲོས། འགྲོ་བའི་དོན་བྱས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་འོད་དུ་ཞུ་ནས་ཡི་གེ་གསུམ་ལ་རིམ་པ་བཞིན་ཐིམ། ཨོཾ་ཡིག་ཞུ་བས་སྦྱངས། ཨཱཿཡིག་གིས་མང་པོར་སྤེལ། ཧཱུྃ་གིས་སྦར་བ་དང་བདུད་རྩིར་བྱས། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་མཐེབ་སྲིན་སྦྱར་བས་ཅུང་ཟད་མྱང་། དེས་ཁ་དག་པར་བྱའོ། དེ་ནས་རང་ཉིད་སྐད་གཅིག་གིས་བཅོམ་ལྡན་འདས་མར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་བཾ་ཡིག་གིས་སྤྲུལ་པའི་འོད་ཀྱིས་ལྷ་མོ་བཅོ་ལྔའི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་ཕེཾ། འབར་བའི་ཕྱག་རྒྱ་བཅའ། དེ་ནས་ཅང་ཏེའུ་དང་དྲིལ་བུ་ལ་སོགས་པའི་རོལ་མོ་དང་བཅས་པས། ཧཱུྃ། མཁའ་ཁམས་ཆོས་ཀྱི་འབྱུང་གནས་ནས། །རིགས་ལྡན་མ་དང་ཕོ་ཉ་མོ། །དངོས་གཅིག་ཡིད་ངོར་རྣམ་མང་བའི། །མཁའ་འགྲོ་མ་རྣམས་སྤྱན་འདྲེན་ནོ། །སྙིང་རྗེའི་གཟུགས་མཚར་ཁྱེད་རྣམས་ལ། །སྙིང་ནས་སྐྱབས་ཞུས་བདག་ཅག་རྣམས། །སྙིང་བརྩེར་གཟིགས་ནས་བྱང་ཆུབ་ཀྱི། །སྙིང་པོར་དྲང་ཕྱིར་གཤེགས་སུ་གསོལ། །དེ་དག་ལ་དམིགས་ནས། རང་བཞིན་དབྱིངས་ལས་མ་གཡོས་པར། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །རྒྱལ་བ་ཀུན་གྱི་སྙིང་པོ་མཆོག །དེ་ལ་ཕྱག་འཚལ་ཕྱག་འཚལ་འདུད།། ཅེས་ཕྱག་བྱ། ཨོཾ་ཨཱཿབཛྭ་པུཥྤེ་ཧུཾ་ཧཱུྃ་ཕཊ྄། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀ གནྡྷེ། ནཻ་ཝི་དྱེ། ཤཔྟས་མཆོད། བདག་གིས་ཐོག་མ་མེད་པའི་དུས་མཐའ་ནས། །བྱས་དང་བྱེད་དུ་བཅུག་དང་ཡི་རངས་བ། །སྡིག་པ་མ་ལུས་སྐྱོན་ཀུན་འཇིག་བྱེད་པའི། །སྤྱན་སྔར་སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བགྱིད་པ་ཡི་སྡོམ་པ་བླང་བར་བགྱི། །ཉན་ཐོས་རང་རྒྱལ་བླ་མེད་རྒྱལ་བ་དང་། །རྒྱལ་བའི་སྲས་པོས་བསགས་པའི་དགེ་བ་གང་། །དེ་དག་ལ་ནི་རྗེས་སུ་ཡི་རངས་ཞིང་། །བྱང་ཆུབ་ཏུ་ནི་བདག་གིས་ཡང་དག་བསྔོ། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་པོ་ལ། །དངོས་པོ་ཀུན་གྱིས་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི། །འགྲོ་བའི་དོན་ཕྱིར་སངས་རྒྱས་འཕྲིན་ལས་རྣམས། །མ་ལུས་རྫོགས་པར་བདག་གིས་བྱེད་གྱུར་ཅིག །རྡོ་རྗེ་བསྡུ་བའི་ཕྱག་རྒྱས་བཛྭ་མུཿའཁོར་ལོ་བདག་ཉིད་ལ་ཐིམ་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཐོག་མཐའ་འདྲ་བས། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་བསྒྲུབ་པར་བྱ། དེའི་ཆེད་དུ་སྒོམ་པའི་རིམ་པ་ལ་འཇུག་པར་བྱའོ་སྙམ་པས་རྣམ་པར་ཐར་པའི་སྒོ་བཞིའི་ང་རྒྱལ་འཛིན་པ་ལ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་ཀྱང་མཉམ་པ་ཉིད་དུ་གསལ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨྨུཿསྭ་བྷ་ཝ་ཤུདྡྷཱོ་ཧཾ། དངོས་པོ་དང་དངོས་པོ་མེད་པར་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ལ་གནས་པར་བྱའོ། །དེ་ནས་སྒྱུ་མ་ལྟ་བུར་ལངས་པའི་རང་ལུས་ཀྱི་ལྟེ་བ་སྤྲུལ་པའི་འཁོར་ལོར་རྩ་བ་ཕྲ་བ་ཐུར་དུ་ཟུག་ཅིང་། གདེངས་ཁ་ཆེ་བ་གྱེན་དུ་ལྟ་བའི་ཆོས་འབྱུང་བསྣོལ་མ་འོད་ཀྱི་རང་བཞིན་གྱི་ནང་དུ་པདྨ་འདབ་མ་བརྒྱད་པ་དང་བཞི་པ་རིམ་པ་གཉིས་ཀྱི་ལྟེ་བ་ལ་ཚ་ཟེར་ཅན་གྱི་ཁར་དུས་མཚན་དང་འཇིགས་བྱེད་བྱི་ཆིངས་སུ་བསྣོལ་བ་དང་། འདབ་མ་རྣམས་ལ་ཉི་མ་དང་དབུགས་བྲལ་རེ། འོག་གི་གྲུར་ཡང་དེ་བཞིན་གྱི་དབུས་མར་བཾ། སྟེང་དུ་ཨཾ། འོག་གི་གྲུར་ཨཿཔདྨ་ནང་མའི་ཕྱོགས་གཡོན་སྐོར་དུ། ཨིཾ་ཨུཾ་ཨེཾ་ཨོཾ་ཕྱིའི་ཕྱོགས་ལ་ཨཾ་ཀཾ་ཙཾ་ཊཾ། མཚམས་མེ་ནས་གཡས་སྐོར་དུ་ཏཾ་བཾ་ཡཾ་ཤཾ། དེ་དག་ལས་འཕྲོས་པའི་འོད་ཀྱིས་དོན་གཉིས་བྱས། རང་བཞིན་གྱི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་བསྡུས་ཏེ་སླར་དེ་ཉིད་ལ་ཐིམ་པར་གྱུར། དེ་རྣམས་རིམ་པ་བཞིན་ཡོངས་སུ་གྱུར་པ་ལས། རང་གི་སེམས་བདེ་བ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྐུར་བཞེངས་པ་བྷནྡྷུ་རི་ཀ་ལྟར་དམར་བའི་བཅོམ་ལྡན་འདས་མ། ཆོས་ཐམས་ཅད་གཅིག་ཏུ་སྟོན་པའི་ཞལ་གཅིག་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། འཁོར་བ་ལ་རྒྱབ་ཕྱོགས་པའི་ཕྱིར་ཆེར་གཅུས་པའི་འགྱིང་བག་དང་བཅས་པའི་བཞིན་རས་གཡོན་གྱི་ནམ་མཁར་ཕྱོགས་པ་ནས་དུས་གསུམ་མཉམ་པའི་སྤྱན་གསུམ་གྱེན་དུ་གཟིགས་པ། འཆིང་བ་ཐམས་ཅད་དང་བྲལ་བས་དབུ་སྐྲ་བུང་བ་ལྟར་ནག་པ་གསིལ་བུར་འཕྱང་ཞིང་། ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་ཡིན་པས་འཁོར་ལོ་དང་ཐོད་པའི་ཅོད་པན་དང་། རྣ་ཆ་དང་། མགུལ་རྒྱན་དང་། སེ་རལ་ཁ་དང་། གདུ་བུ་དང་། ཐོད་པའི་དུམ་བུའི་སྐེ་རགས་ཅན། ཞེ་སྡང་གི་ཚུལ་གྱིས་ཞེ་སྡང་འཇོམས་པས་ཕྱག་གཡས་ཀྱི་རྡོ་རྗེ་གྲི་གུག་པུས་མོའི་ཐད་ནས་ཐུར་དུ་བསྣུན་པ། འདོད་ཆགས་ཀྱིས་འདོད་ཆགས་སྦྱོང་བ་ཁ་ཊྶཱཾ་ག་དཀར་པོ་ཧེ་རུ་ཀའི་རང་བཞིན་གཡོན་གྱི་ཕྲག་པར་བཀལ་བ། གཏི་མུག་གིས་གཏི་མུག་སེལ་བ་གཡོན་པའི་ཕྱག་གིས་པདྨའི་སྣོད་ཞལ་སྒོར་གཟུངས་ནས་ནམ་མཁའ་འཇོ་བ། རྣམ་པར་འགྱིངས་པས་ང་རྒྱལ་གཞོམ་པ། དྲེགས་པ་ལྔ་བཅུ་རྩ་གཅིག་གི་མགྲིན་པ་ནས་གཏུབས་པའི་མགོ་རྡོ་རྗེའི་ཐག་པ་ལ་བརྒྱུས་པའི་ག་ཤ ཕྲག་དོག་གིས་ཕྲག་དོག་བརླག་པར་བྱེད་པ་བདུད་ཀྱི་ཡུལ་ངན་པར་སྟོན་པའི་འཇའ་ཚོན་གྱི་སྤྲིན་ནམ་མཁའི་ཁམས་ཁྱབ་པར་འགྱེད་པ། སངས་རྒྱས་ཐམས་ཅད་རྗེས་སུ་ཆགས་པའི་རོལ་མོ་ལ་བསྐུལ་བས་གར་དགུའི་ཉམས་སྐྱོང་བ། སྒྲིབ་པ་ཐམས་ཅད་ཀྱིས་སྤངས་པ་ཆེན་པོས་གཅེར་མོ། སྙིང་རྗེའི་ཆ་ཡོངས་སུ་རྫོགས་པའི་རྟོགས་པ་ཆེན་པོས་བཅུ་དྲུག་པའི་གང་བ་ལ་རྟག་ཏུ་གནས་པ། མཆོག་ཏུ་དགའ་བ་ཐམས་ཅད་སྦྱིན་པས་ནུ་མ་ཟུང་ཆེར་འབུར་བའི་སྟོད་རྒྱས་ཤིང་སྐེད་པ་ཕྲ་ལ་སྨད་སྦོམ་པ། རྣམ་པར་ཐར་པའི་སྒོ་གསུམ་ནས་ཐམས་ཅད་སྐྱེས་པ་མཚོན་པར་བྱེད་པས་རུས་སྦལ་གྱི་རྒྱབ་ལྟར་མཐོ་ལ་ཁྲག་འཛག་པའི་བྷ་ག རྡུལ་གྱིས་འོག་རྐང་མཐིལ་དང་སྙིང་སྟོབས་ཀྱིས་སྟེང་ཚངས་པའི་ཡུལ་གང་བ་ནི་གཟུང་འཛིན་གྱི་རླུང་བཅོམ་པ་ལས་ཡིན་པས་གླང་པོ་ཆེའི་སྣ་ཞགས་ལྟ་བུའི་ཞབས་གཡས་བརྐྱང་གིས་དུས་མཚན་དང་འཇིགས་བྱེད་བརྫིས་པ། འོད་གསལ་གྱི་མེས་ཆོས་ཐམས་ཅད་རབ་ཏུ་མི་གནས་པའི་ནམ་མཁའ་ལ་སྦྱོར་བའི་བརྡར་མེ་འོད་ཀྱི་འཕྲེང་བ་འཁྲུག་པའི་དབུས་ན་བཞུགས་པ། དེའི་སྟེང་གི་ནམ་མཁར་མཁའ་སྤྱོད་མ་དཀར་མོ་འཕུར་བའི་ཚུལ་ཅན། འོག་གི་གྲུར་ས་འོག་སྤྱོད་མ་དུར་ཕག་ཁྲོས་པའི་གདོང་མཐིང་ནག་ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་བཅས་ཏེ་ས་འོག་གི་གདོན་གཟིར་བ་སྦྲུལ་གྱི་རྒྱན་ཅན། ནང་མའི་ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཕྱི་མའི་ཤར་དུ་ཁྭ་གདོང་མ་ནག་མོ། བྱང་དུ་འུག་གདོང་མ་ལྗང་ཁུ། ནུབ་ཏུ་ཁྱི་གདོང་མ་དམར་མོ། ལྷོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་ཅན་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་བསྔོ་བ། ལྷ་མོ་དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་གྲི་གུག་འཕྱར་ཞིང་ཐོད་ཁྲག་ཐུགས་ཀར་འཛིན་པ་གཅེར་མོ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་པ་པད་ཉིའི་སྟེང་རོའི་གདན་ལ་བཞུགས་པ་ཐོད་པ་དང་རྡོ་རྗེ་འཕྲེང་བས་དབུ་ལ་བརྒྱན་པ་མི་མགོ་ལྔ་བཅུའི་དོ་ཤལ་ཅན་སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། ལྷ་དེ་ཐམས་ཅད་ཀྱི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿ སྙིང་གར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ། གཙོ་མོའི་ལྟེ་བར་ཨོཾ་བཾ་ཕག་མོ་དམར་མོ། སྙིང་གར་ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། ཁར་སྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། དཔྲལ་བར་སྲིཾ་སྲིཾ་སྲེག་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་ཁུ། ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄་ཙཎྜྻི་ཀ་དུད་ཁ། ཐམས་ཅད་གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་ཅིང་གྲི་གུག་དང་ཐོད་པ་འཛིན་པ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་རོའི་གདན་ལ་རོལ་བའོ། །ཐུགས་ཀར་ཉི་མ་ལ་གནས་པའི་ནས་སྔར་བཞིན་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿདམ་ཚིག་པའི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། སླར་ཡང་སྙིང་གའི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་བླ་མ་ཧེ་རུ་ཀའི་ཚུལ་དུ་བཞུགས་པའི་ཕྱག་གཡོན་གྱིས་བདུད་རྩིས་གང་བའི་པདྨའི་སྣོད་གཟུང་གཡས་བ་དན་གསུམ་པའི་ཕྱག་རྒྱས་དབང་བསྐུར་ནས་དབུ་བརྒྱན་པར་གྱུར། རང་གི་སྙིང་ག་ནས་སྤྲོས་པའི་མེ་ཏོག་མ་ལ་སོགས་པའི་ལྷ་མོ་ནམ་མཁའི་ཁམས་ཁྱབ་པ་རྣམས་ཀྱིས། སྦྱིན་པ་ལ་སོགས་ཐམས་ཅད་ཀྱིས་ནི་འགྲོ་བའི་ཡིད་ཀྱི་འདོད་པ་མཆོག་ནི་ཀུན་རྫོགས་མཛད། །ཧེ་རུ་ཀ་དཔལ་མཁའ་འགྲོ་མ་སོགས་རྣམ་རྟོག་གཏི་མུག་གྲོང་ཁྱེར་ཐམས་ཅད་ཕྱེ་མར་བརླག །གང་ཞིག་འཁོར་ལོ་རབ་ཏུ་བསྐོར་ཞིང་བླ་མ་རྒྱལ་བའི་ཡེ་ཤེས་འབྱུང་གནས་མཐར་ཕྱིན་མཛད། །དེ་ནི་སྙིང་རྗེ་ཆེན་པོའི་དབང་གྱུར་འཕགས་པ་རྣམས་ཀྱིས་རྟག་ཏུ་མྱུར་བར་བཀྲ་ཤིས་ཡིན། །རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་ཀུན་བྱེད་པར་འགྱུར།། ཅེས་བཀྲ་ཤིས་ཀྱི་གླུ་ལེན་ཅིང་གར་དང་བཅས་པས་རང་མིང་གི་མཆོད་པ་འབུལ་བར་བསམས་ནས། ཨོཾ་བཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། སོགས་རྣམ་ལྔ་རོལ་མོ་དང་བཅས་པས་མཆོད་ཕྱི། གཟུགས་གསུམ་རྒྱལ་བ་རྣམ་སྣང་མཛད། །བདེ་ཆེན་གཅིག་ལས་དུ་མའི་གར། །བརྟན་གཡོའི་རྣམ་པ་ཐམས་ཅད་པས། །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །ཨོཾ་བཛྭ་རཱུ་པ་བཛྭ་རཱུ་པ་ཧཱུྃ་ཧཱུྃ་ཕཊ྄། སྒྲ་གསུམ་ཧེ་རུ་ཀ་དཔལ་མགོན། །བདེ་ཆེནྎ རོལ་མོ་དབྱངས་སྙན་ཐམས་ཅད་པས། །དཀྱིལ་འཁོར། ཤཔྟ། དྲི་གསུམ་རྡོ་རྗེ་ཉིན་མོར་བྱེད། །བདེྎ དྲི་ཞིམ་བྱུག་སྤོས་ཐམས་ཅད་པས། །དཀྱིལ་འཁོར། གནྡྷེ། རོ་གསུམ་པདྨ་གར་གྱི་དབང་། །བདེྎ རོ་མཆོག་བཟའ་བཏུང་ཐམས་ཅད་པས། །དཀྱིལ་འཁོར། རཱཀྵྼ། རེག་གསུམ་དོན་ཡོད་གྲུབ་པ་དངོས། བདེྎ བསམ་ཡས་བདེ་འབྱུང་ཐམས་ཅད་པས། །དཀྱིལ་འཁོར། །སྤརྴེ། ནང་། དེ་ནས་བྱིན་གྱིས་བརླབས་པའི་བདུད་རྩི། ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ། །དངོས་གྲུབ་ཀུན་གྱི་བདག་ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །རྒྱལ་བའི་ཡེ་ཤེས་ལྔ་ཐོབ་ཤོག །སརྦ་པཉྩྨ་ཨ་མྲི་ཏ་པཱུ་ཛ་ཁཱ་ཧི་ཞེེས་མིང་མེད་མཐེ་བོང་སྦྱར་བས་བདུད་རྩི་མྱང་། གསང་བ། ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་པའི། །དགའ་བ་བླ་ན་མེད་པས་མཆོད། །དེ་ཁོ་ན་ཉིད་ཀྱི་མཆོད་དེ། ཧཱུཾ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་སྒྱུར་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་བསྙེམས་མ། །རྨུགས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་ཁྱོད་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད།། ཞེས་པས་བསྟོད་དེ། ཇི་ཙམ་གཞན་དུ་མི་གཡེང་བ་དེ་ཙམ་དུ་སྒོམ་མོ། །དེ་ནས་སྙིང་ཁའི་བཾ་གྱི་མཐར། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཅེས་པའི་སྔགས་བཀོད་ནས་བཟླའོ། དེའི་ཚེ་སྔགས་འཕྲེང་ལས་འོད་ཟེར་གྱི་སྣ་ལ་བཅོམ་ལྡན་འདས་མའི་ལྷ་ཚོགས་བཞུགས་པ་ཅི་ཡང་འཕྲོས་པས་ནམ་མཁའི་ཁམས་ཁྱབ་ཏེ་དེས་སེམས་ཅན་ཐམས་ཅད་རང་རང་གི་སྐལ་བ་བཞིན་དུ་བཏུལ་ནས། སླར་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ནས་བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ་མོ།། འཁོར་ལ། ཨོཾ་ཨཾ་ཨཿཨི་ཨུ་ཨེ་ཨོ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱཧཱ། ཞེས་བཟླས་སོ། །དེ་ནི་འདིར་འཕྲེང་བའི་སྔགས་སུའང་བཞག་གོ །དེ་ནས་བཟའ་བཅའ་ཇི་སྙེད་པ། ཁྱད་པར་ཉ་དང་ཤ་ཆང་གི་རིགས་རྣམས་བདུད་རྩི་བཞིན་བྱིན་གྱིས་བརླབས་ཏེ། འབར་བའི་ཕྱག་རྒྱས་ཕེཾ་ཕེཾ་ཕེཾ། གུ་རུ་ཤྲཱི་བཛྭ་ཡོ་གི་ནཱི། ཨཱ་ཀཌྜྷྱ་ཡ་ཨཱ་ཀཌྜྷྱ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྭ་ཌཱ་ཀི་ནཱི་སྲི་ད་ཡ། ཨ་པ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿཨོཾ་སརྦ་བཱི་ར་ཡོ་གི་ནཱི་སྭ་བྷ་ཝ་ཨཱཏྨ་ཀཱོ་ཧཾ། ཡེ་ཤེས་ཀྱི་འཁོར་ལོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་གཟུགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་ལ། ཨོཾ་བཛྭ་ཨརྒྷཾ་ཧཱུྃ་ཧཱུྃ་ཕཊ྄། དེ་བཞིན་པ་དྱཾ། ཨཉྩྨ་མཱ་ནཱཾ། ཉེར་མཆོད་ལྔ་རོལ་མོ་དང་བཅས་པས་མཆོད། ཨ་ཨཱ་སོགས་ལག་པ་གཡོན་ཨཱ་ལི་ལས་ཟླ་བ། ཀ་སོགས་ལག་པ་གཡས་ཀཱ་ལི་ལས་ཉི་མ་ཁ་སྦྱོར་གྱི་བར་དུ་ཧཱུྃ། ཨོཾ་ཨཱཿཨ་ནྱོ་ནྱ་ཨ་ནུ་ག་ཏཱཿསརྦ་དྷརྨཱཿཔ་ར་སྤ་ར་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿཨ་ཏྱནྟུ་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿཨོཾ་ཨཱཿཧཱུྃ། དེ་དག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ཐལ་མོ། དེའི་སྟེང་དུ་གཏོང་མ་བཞག བཞེས་པའི་དོན་དུ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེ་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དེ་ནས་ལག་པ་པད་ཀོར་བྱས་ཏེ། ས་མ་ཡ་ཧྶཾ། ས་མ་ཡ་ཧོཿཞེས་ལན་གསུམ་བརྗོད་པས་མཆོད་བྱ་མཆོད་བྱེད་མཆོད་པ་ཐམས་ཅད་ཐ་མི་དད་པར་བསམ་མོ། །ཨོཾ་ཨཱ་ར་ལི་ཧོཿཛཿཧཱུྃ་བཾ་ཧོཿབཛྭ་ཌཱ་ཀ྄ི་ནཱི་ས་མ་ཡ་ཧྶཾ་དྲི་ཥྱ་ཧོཿཡེ་ཤེས་པ་རྣམས་ལ་ཕུལ། དེ་ནས་འཇིག་རྟེན་པའི་གཏོར་མ། ཨོཾ་དུར་ཁྲོད་དང་ནི་ཤིང་གཅིག་དང་། །རི་བོ་དང་ནི་རི་སུལ་ཕུག །གྲོང་དང་གཞི་མདོ་ཞིང་དང་ནི། །ཁྱད་པར་དུ་ནི་ཁྱིམ་སྟོང་དང་། །སེམས་ཅན་གནས་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བརྟེན་པ་དང་། །ནག་པོ་རྩིགས་དང་མི་སྡུག་དང་། །རྒ་ལས་འདས་དང་ལོག་འདྲེན་དང་། །རྒན་བྱེད་མ་དང་དྲག་མོ་དང་། །འཇིགས་བྱེད་མ་དང་ཨུ་མ་དང་། །རྒྱལ་དང་རྣམ་པར་རྒྱལ་མ་དང་། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཕྱང་བ་མོ། །འཕྲོག་བྱེད་མ་དང་མར་མེ་མ། །འཇིགས་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མ། །ཐོད་འཕྲེང་འཕྲེང་དང་ཁ་ཊྶཱཾ་ག །སྦྲུལ་ཆེན་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་ནི་གཞུ་ཅན་མ། །དེ་ཉིད་ཆེན་མོ་མཁའ་འགྲོ་ལྔ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་མོ། །རྡུལ་མེད་རྣལ་འབྱོར་སྦྱིན་པ་མོ། །རྡོ་རྗེ་དབང་མོའི་བཀའ་འདི་ཡིན། །ཐམས་ཅད་མ་ལུས་འདིར་འདུས་ཤིག །ཞེས་སྤྱན་དྲངས་པས་དུར་ཁྲོད་བརྒྱད། །ཉེར་བཞིའི་ཡུལ་གྱི་ཞིང་སྐྱོང་ཟ་བྱེད་ཀྱི་མཁའ་འགྲོ་མ་དྲུག་ཅུ་རྩ་བཞི། འཁོར་བསམ་མི་ཁྱབ་པས་བསྐོར་ཏེ། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་བཞུགས་པར་བསམ་ལ། ཨོཾ་ཀ་ཀ་ཀདྷྱ་ན། བ་བ་བནྡྷ་ན། ཁ་ཁ་ཁཱ་ད་ན། སརྦ་དུཥྚ་ནཾ། ཧ་ན་ཧ་ན། གྷཱ་ཏ་ཡ་གྷཱ་ཏ་ཡ། ཆེ་གེ་མོའི་དགོས་པ་མཛོད་ཅིག་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་ཛཿསྭཱཧཱ། ཞེས་ཕུལ། གཏོར་མ་ལ་ཁ་ཕྲུ་བཏབ། ཨོཾ་བྷཀྵ་སརྦ་ཡོ་གཱི་ཤྭ་རཱི་ཧུཾ་ཧཱུྃ་ཛཿསྭཱཧཱ། གཤེགས། སྔར་བཞིན་མཆོད་ནས། གང་ཞིག་འཇིགས་རུང་དུར་ཁྲོད་ཆེན་པོར་ཕཊ྄་ཕཊ྄་རྔམ་པའི་སྒྲ་སྒྲོག་ཅིང་། །མཁའ་འགྲོ་ཟ་བྱེད་མུན་པའི་ནང་ན་ཟླ་ཤར་ལྟ་བུར་རབ་ཏུ་འབར། །ཧཱུྃ་ཧཱུྃ་ཞེས་བརྗོད་ཤ་ཟ་རོ་ལངས་མ་མོའི་ཚོགས་རྣམས་སྐྲག་མཛད་མ། །གསང་སྔགས་གསང་མཛོད་མངའ་བདག་བདེ་ཆེན་རྒྱལ་བའི་ཡུམ་གྱི་སྐུ་ལ་འདུད།། ཅེས་བསྟོད་ནས། དངོས་གྲུབ་བླང་བའི་ཕྱིར། ཞིང་རྒྱ་མཚོ་ཀུན་ན་ཆོས་ཀྱི་རྗེ། །རྗེ་ཐོག་མ་དབུས་མཐའི་འཇིག་རྟེན་མགོན། །མགོན་གཅིག་ལ་གཅིག་ཐུག་བཀའ་བབས་བརྒྱུད། །བརྒྱུད་བྱིན་རླབས་ཅན་ལ་གསོལ་བ་འདེབས། །ལུས་འདོད་དགུར་བསྒྱུར་བའི་སྤྲུལ་པའི་སྐུ། །ངག་ཐམས་ཅད་སྐད་ཀྱི་ལོངས་སྤྱོད་རྫོགས། །ཡིད་བདེ་སྟོང་ཁ་སྦྱོར་ཆོས་ཀྱི་སྐུར། །འཚང་ད་ལྟ་རྒྱ་བར་བྱིན་གྱིས་རློབས། །ཨེ་འཁོར་ལོ་ཝཾ་བདེ་སྡོམ་པའི་དཔལ། །དཔལ་མཆོག་གི་དང་པོའི་རྡོར་སེམས་དངོས། །དངོས་དངོས་མེད་ཕྱོགས་བྲལ་རྒྱལ་བའི་ཡབ། །ཡབ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །ལུས་འདོད་དགུར་བསྒྱུར་བའི་སྤྲུལ་པའི་སྐུ། །ངག་ཐམས་ཅད་སྐད་ཀྱི་ལོངས་སྤྱོད་རྫོགས། །ཡིད་བདེ་སྟོང་ཁ་སྦྱོར་ཆོས་ཀྱི་སྐུར། །འཚང་ད་ལྟ་རྒྱ་བར་བྱིན་གྱིས་རློབས། །ཆོས་ཐམས་ཅད་འབྱུང་བའི་རྣམ་ཐར་སྒོ། །སྒོ་བཞི་ལྡན་ཤེས་རབ་ཕར་ཕྱིན་ཡུམ། །ཡུམ་ཆོས་སྐུ་ཡེ་ཤེས་མཁའ་འགྲོ་མ། །མ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །ལུས་འདོད་དགུར་བསྒྱུར་བའི་སྤྲུལ་པའི་སྐུ། །ངག་ཐམས་ཅད་སྐད་ཀྱི་ལོངས་སྤྱོད་རྫོགས། །ཡིད་བདེ་སྟོང་ཁ་སྦྱོར་ཆོས་ཀྱི་སྐུར། །འཚང་ད་ལྟ་རྒྱ་བར་བྱིན་གྱིས་རློབས། །རྟེན་བྷ་གའི་སྟེང་འོག་ཕྱོགས་མཚམས་ལྷ། །ལྷ་སྒྱུ་མ་ཆེན་མོ་ཉིད་ཀྱི་འཕྲུལ། །འཕྲུལ་ཆུ་ཟླས་དཔེ་མཚོན་བློན་མོའི་ཚོགས། །ཚོགས་བྱིན་རླབས་ཅན་ལ་གསོལ་བ་འདེབས། །ལུས་འདོད་དགུར་བསྒྱུར་བའི་སྤྲུལ་པའི་སྐུ། །ངག་ཐམས་ཅད་སྐད་ཀྱི་ལོངས་སྤྱོད་རྫོགས། །ཡིད་བདེ་སྟོང་ཁ་སྦྱོར་ཆོས་ཀྱི་སྐུར། །འཚང་ད་ལྟ་རྒྱ་བར་བྱིན་གྱིས་རློབས། །ཡུལ་གདོད་ནས་གྲུབ་པའི་ཉིར་བཞིའི་བདག །བདག་མེད་པའི་དུར་ཁྲོད་རོལ་མཁན་ལས། །ལས་ཀུན་མཛད་ཟ་བྱེད་མཁའ་འགྲོའི་སྡེ། །སྡེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །ལུས་འདོད་དགུར་བསྒྱུར་བའི་སྤྲུལ་པའི་སྐུ། །ངག་ཐམས་ཅད་སྐད་ཀྱི་ལོངས་སྤྱོད་རྫོགས། །ཡིད་བདེ་སྟོང་ཁ་སྦྱོར་ཆོས་ཀྱི་སྐུར། །འཚང་ད་ལྟ་རྒྱ་བར་བྱིན་གྱིས་རློབས། །བཛྭ་མུཿཞེས་བརྗོད་པས་མགྲོན་ཡེ་ཤེས་པ་བདག་ལ་བསྟིམ། འཇིག་རྟེན་པ་རང་གནས་སུ་གཤེགས་པར་བསམས་ནས་རྣལ་འབྱོར་མའི་འཁོར་ལོ་རྣམས་མེ་ལོང་ལ་ཧས་བཏབ་པ་བཞིན་གཙོ་མོ། དེ་སྙིང་གའི་བཾ་ལ། དེ་མས་རིམ་གྱིས་སྒྲ་རིས། དེ་ཡལ་ནས་སྟོང་པ་ཉིད་དུ་ཞུགས་པར་བསམ། དེ་ནས་སྒྱུ་མ་ལྟ་བུའི་བློས་ལངས་ནས་དགེ་བའི་རྩ་བ་བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །བཀྲ་ཤིས་བྱའོ།། ༈ སྒྲུབ་པ་ལ་འཇུག་པར་འདོད་པས། སྒྲུབ་པ་གཞན་གྱི་དེ་ཉིད། ཉེར་སྒྲུབ་བདག་གི་དེ་ཉིད། སྒྲུབ་ཆེན་རྣལ་འབྱོར་གྱི་དེ་ཉིད་གསུམ་ལས། དང་པོ་ནི། ཆང་བྱིན་གྱིས་བརླབས་པའི་བར་སྔར་བཞིན་ལ། མེ་ལོང་ལ་སིནྡྷུ་ར་བརྡལ། གསེར་གྱི་སྨྱུ་གུས་ཆང་གིས་ཆོས་འབྱུང་བསྣོལ་མའི་ནང་པདྨ་འདབ་མ་བརྒྱད། དེའི་ནང་དུ་དྲུག་ཡི་གེ་དང་བཅས་པ་བྲི། དེ་ཡང་སྟེང་འོག་ཤར་ནུབ་ཀྱི་གཡས་གཡོན་དུའམ། བཞིར་བྱེད་ན་གཙོ་མོའི་སྟེང་འོག་ལའོ། །སྟེགས་བུའི་སྟེང་མཉྫྱི་ཁར་ཐོད་པ་ཆང་གིས་བཀང་བ་ལ་བཀོད་དར་དམར་པོའི་གུར་ཕུབ། མཐའ་མར་མཆོད་པ་ལྷ་གྲངས་ཀྱིས་བསྐོར་རོ། །དེ་ནས་མཎྜྻལ་དེ་ཨོཾ་སྭ་བྷ་ཝ་སྔགས་ཀྱིས་སྦྱངས་པས་རྩ་བ་ཕྲ་བ་སོགས་གར་གྱི་རོལ་པ་ཞེས་པ་ལ་རང་གི་སེམས་ཟེར་བ་བཞག་པ་ཙམ་བྱས། དེ་ནས་ཆོས་འབྱུང་གི་ཕྱིའི་ཁོར་ཡུག་ཏུ་དུར་ཁྲོད་བརྒྱད་ཉེར་བཞིའི་ཡུལ་གྱི་ཞིང་སྐྱོང་ཟ་བྱེད་ཀྱི་མཁའ་འགྲོ་མ་དྲུག་ཅུ་རྩ་བཞི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཐུགས་ཀར་ཉི་མ་ལ་གནས་པའི་ནས། རྒྱལ་བའི་ཡེ་ཤེས་ལྔ་ཐོབ་ཤོག། ཉེ་སྙིང་དང་བཅུ་བཞིའི་ས་བོན་རེ་ལ་ན་མཿབཏགས་པས་མཆོད། སརྦ་པཉྩྨ་ཨ་མྲི་ཏ་པཱུ་ཛ་ཁ་ཧིས་ཁོར་ཡུག་བར། སྔར་བཞིན་དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱས། བསྟོད་པ་ནི། རྡོ་རྗེའི་རྣལ་འབྱོར་ཅན་ངོས་བདེ་བའི་བྲིས། །རྣམ་པ་ཀུན་གྱི་མཆོག་ལྡན་སྐུ་དམར་བ། །བློ་གྲོས་ཉི་མ་འབུམ་སྡེ་དུས་གཅིག་ཏུ། །འཆར་ཀའི་མདངས་སུ་ངེས་ལ་ཕྱག་འཚལ་བསྟོད། །ཅུང་ཟད་མཆེ་གཙིགས་སྤྱན་གསུམ་གྱེན་གཟིགས་ཤིང་། །འགྱིང་བཅས་གཡོན་གྱི་མཁའ་ལ་གདོང་ཕྱོགས་པ། །ཆོས་ཀུན་གཅིག་ལ་དུ་མའི་བློར་འཆེལ་བས། །འོག་ཏུ་ལྷུང་བ་རྣམས་ལ་ཁྲོས་པ་སྙམ། །བཅུ་དྲུག་ལང་ཚོས་སྒེག་ཅིང་ཉམས་དགུའི་གར། །རྒྱལ་རྣམས་བསྟན་པ་འགོག་ལ་ཤུགས་ཆེས་དགོངས། །རིགས་སྔས་ཕྱག་རྒྱས་བཀབ་ཀྱང་འདོད་ལྡན་བཞིན། །རྒྱ་སྐྱེགས་ཁུ་བས་བྱུགས་རྣམས་ད་དུང་སྣང་། །རྨོངས་པ་དུག་འཛིན་འདི་ཁ་བདུད་རྩིའི་དཔྱིད། །ཡེ་ཤེས་ཆེས་ཆེར་བསྐྱེད་ནུས་ཉིད་སྟོན་ལ། །གྲི་གུག་བསྣུན་དང་ཁ་ཊྶཱཾ་གར་འཁྱུད་དང་། །པད་སྣོད་ཀྱིས་འཇོ་ག་ཤ་འོད་སྤྲིན་བཀྱེ། །གཡས་བརྐྱང་སོར་མོའི་རྩེ་ཚུན་ཉི་མས་དང་། །གཡོན་བསྐུམ་ཟླ་བས་ཚངས་པའི་ཡུལ་གང་བ། །གཟུང་དང་འཛིན་པ་བཅོམ་པའི་མཐུ་སྟོབས་སུ། །གདན་དང་ཉིན་མོར་བྱེད་པས་གསལ་པོར་བསྟན། །ཁྱོད་ཞབས་བསྟེན་ལས་སྒྲིབ་གཉིས་བསྲེགས་གྱུར་འདི། །རབ་གཏུམ་མེ་ལྕེའི་འཕྲེང་བ་འཁྲུག་འདིས་སམ། །ཉིད་ཀ་ཆོས་རབ་རྣམ་འབྱེད་མཐར་ཕྱིན་པའི། །ཞུགས་ཆེན་ལག་པས་ཡིན་ནམ་འཕྱང་མོ་ཡུག །ཁྱོད་གཟུགས་ཆུ་ནང་ཟླ་བཞིན་སྟེང་འོག་སྣང་། །ཁྱད་པར་འཁོར་ལོའི་དབང་ཕྱུག་ཟུར་མིག་མདའི། །འབེན་དུ་གཙུགས་པ་བཅུ་གཉིས་ལྷ་མོའི་གར། །སྲིད་ཞིའི་དངོས་པོ་ཀུན་ལ་ཕྱག་འཚལ་བསྟོད། །ཁྱོད་ཉིད་སངས་རྒྱས་དེ་བཞིན་བདག་ཅག་ལའང་། །ཁྱོད་ཀྱིས་མཛད་པར་འོས་ཅེས་བསྐུལ་བའི་ཚིག །ཁྱོད་དྲུང་ཁོ་ནར་བགྱིད་པའང་ལུགས་ཡིན་པས། །ཁྱོད་མྱུར་འདོད་པ་འགྲུབ་པའི་མཆོག་འདི་སྩོལ།། ཞེས་བསྟོད། གཉིས་པ་ནི་ཚད་མེད་བཞི་ལས་བརྩམས་ཏེ་བཟླས། དེ་དུས་མདུན་བསྐྱེད་བསྐུལ་བའི་སྤྲོ་བསྡུ་བྱས། དེས་ལྷ་མོ་རྣམས་བདེ་བ་རྒྱས་པས་བྷ་ག་ནས་རྡུལ་འཛགས་ཀ་པཱ་ལ་གང་བར་བསམ་མོ། །གསུམ་པ་རྣལ་འབྱོར་གྱི་དེ་ཉིད་ནི། རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་པའི་གང་ཟག་གིས་ཞག་རེ་ལ་ཚོགས་རེ་བྱ་བའམ། ཡང་ན་ཟླ་བ་རེ། ཐ་ན་ལོ་རེ་ལ་ཚོགས་རེ་མ་བྱས་ན་བཟའ་བའི་དམ་ཚིག་ཉམས་པར་གསུངས་པས་དམ་ཚིག་བསྲུང་བའི་ཕྱིར་ཚོགས་བྱའོ། །དེ་ཡང་སློབ་དཔོན་དང་རྣལ་འབྱོར་པ་ཐམས་ཅད་ཕྱག་རྒྱ་ཡོད་ན་ཚོགས་ཀྱི་འཁོར་ལོ། སློབ་དཔོན་ལས་གཞན་ལ་མེད་ན་ཚོགས་ཀྱི་མཆོད་པ། ཐམས་ཅད་ལ་མེད་ན་དཔའ་བོའི་སྟོན་མོའམ་དཔའ་མོའི་སྟོན་མོ་འདི་གཉིས་གཙོ་བོའི་ཕྱག་རྒྱ་མཚོན་པར་བྱེད་པ་རེ་དགོས་པར་བཤད་དོ། །དཀྱིལ་འཁོར་གྱི་ཁང་པའི་ཕྱིར། མི་གཡོ་མགོན་པོ་འདྲ་བའི་འབག་མིག་ཡ་གཅིག་སྟེང་། ཅིག་ཤོས་འོག་ཏུ་ལྟ་བ་གོས་སྔོན་པོ་གྱོན་དབྱུག་པ་ལག་ཏུ་ཐོགས་པ་གཅིག་སྒོ་རྩར་བཞག ནང་དུ་ལྷ་གྲངས་དང་མཉམ་པའི་རོའི་དབྱིབས་ཀྱི་གདན་ནམ་དུར་ཁྲོད་ཀྱི་རས་ལ་བྲིས་པའོ། །སྟག་ལྤགས་བཏིང་། དེ་ནས་ལས་ཀྱི་རྡོ་རྗེས་སློབ་དཔོན་སྤྱན་དྲངས་སྟག་ལྤགས་ཀྱི་ཁར་ཆོས་འབྱུང་གྲུ་གསུམ་པ་ཉིས་རྩེག་བྱས། དེའི་དབུས་སུ་ཐོད་པ་ལྔ་ལ་སྒྲོན་མ་དང་བདུད་རྩི་ལྔ་ཕྱེ་སྟེ་བཞག་པའམ། ཐོད་པ་གཅིག་ཏུ་དམ་ཚིག་གི་རིལ་བུ་སྦྱར་བའི་ཆང་བླུག་པ་གཞག ཚོགས་ཀྱི་ཡོ་བྱད་ཅི་ཡོད་པ་དེ་ལ་བསྐོར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་བཤམ། རྣལ་འབྱོར་པ་རྣམས་ཕྱིར་ཁྲུས་བྱས་རྒན་པ་ཅིག་སྔར་འོངས་ནས། ཁྲོ་བོ་ལ་གསོལ་བ་འདི་སྐད་གདབ་བོ།། ཀྱེ་དམ་ཚིག་མཛེས་པ་འཇམ་པ་སྔོ་མདོག་ཐུགས། །འཁོར་བ་ལས་རྒྱལ་དཔའ་བོ་འདུས་པའི་ཚོགས་མཐོང་ངོ་། །རིན་ཆེན་བཀོད་པའི་དབྱུག་པ་ཕྱག་ན་བསྣམས་པ་ཀྱེ། །རྣལ་འབྱོར་མ་རྣམས་དབུས་སུ་བདག་མཆི་སྒོ་དབྱེར་གསོལ།། ཞེས་གསོལ་བ་བཏབ། དེས་བུམ་དབང་ཐོབ་བམ་རྟག་པའི་བརྡ་སྟོན། བརྡ་ལན་ཐེབས་པ་ནང་དུ་བཏང་། དཀྱིལ་འཁོར་གྱི་ལྷའི་གོ་རིམས་སམ་སྟོན་མོ་གཉིས་ལ་གྲལ་རིམ་པ་བྱས། ལས་ཀྱི་རྡོ་རྗེས་མེ་ཏོག་ཕུལ་ལ། ས་མ་ཏི་མ་ཏི་ཀྲ་མ་ཧཱུྃ་ཞེས་གསོལ་བ་བཏབ། དེ་ནས་གཞན་གྱི་དེ་ཉིད་དང་བདག་གི་དེ་ཉིད་སྒོམ། དེ་ནས་ལས་རྡོར་གྱིས་སློབ་དཔོན་ནས་བརྩམས་ཏེ་ཐམས་ཅད་ལ་སྤྱི་བོ་དང་སྙིང་གར་དྲིའི་ཐིག་ལེ་བྱ། ཉེར་མཆོད་ལྔ་གོ་རིམ་བཞིན་དུ་འབུལ། དེ་ནས་བྱིན་རླབས་བསྐྱེད་པའི་ཕྱིར་སློབ་དཔོན་གྱིས་སེམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་གང་བར་བསམ། ངག་གིས་སྙིང་པོ་དང་འཕྲེང་སྔགས་འདོན། སློབ་མ་རྣམས་ཀྱི་ལྟེ་བའི་དབུས་སུ་ཡི་གེ་ཨ་དམར་པོ་ཚ་བ་རྣོ་བ་བསམས་ལ་རྩེ་གཅིག་ཏུ་གཏད་ཅིང་། སྤྲོ་ན་རོལ་མོ་དང་བཅས་ཏེ། ཧཱུྃ། ཐུགས་ཟུང་འཇུག་རྒྱལ་བ་ཀུན་གྱི་དངོས། །གསུང་ཆོས་ཀྱི་འཁོར་ལོ་ཐམས་ཅད་པ། །སྐུ་རྣམ་པ་ཀུན་ལྡན་ཚོགས་ཀྱི་མཆོག །སྐྱབས་གསུམ་གྱི་འདུས་པ་བླ་མ་རྗེ། །འཁོར་བརྒྱུད་པའི་བླ་མ་ཉིལ་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོལ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུར་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིང་ངེ་ངེ་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་འདི་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་སྩལ་ནས་ཀྱང་། །ཡབ་ཁྱེད་དང་མཉམ་པའི་དངོས་གྲུབ་ཞུ། །དཀྱིལ་འཁོར་གྱི་པདྨའི་སྙིང་པོ་ཀུན། །རིས་མེད་པ་རྒྱལ་བའི་ཟེ་འབྲུས་གང་། །དངོས་གྲུབ་ཀྱི་ཟིལ་མངར་ཅི་དང་ཅི། །ཡིད་བཞིན་དུ་འབྱུང་བ་ལྷག་པའི་ལྷ། །འཁོར་ཡི་དམ་ལྷ་ཚོགས་ཉིལ་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོལ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུར་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིང་ངེ་ངེ་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་འདི་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་སྩལ་ནས་ཀྱང་། །ལྷ་ཁྱེད་དང་མཉམ་པའི་དངོས་གྲུབ་ཞུ། །ནང་ཡེ་ཤེས་ཉི་མ་ཟླ་བའི་རྫུ། །བར་ཆད་ཀྱི་མུན་པ་མཐར་བྱེད་ཅིང་། །ཡིད་སྐྱོབ་ཀྱི་སྣང་བ་ཀུན་སྟོན་པ། །ཡུམ་རྡོ་རྗེ་བཙུན་མོ་རིགས་ལྔའི་སྡེ། །འཁོར་དཔའ་བོ་མཁའ་འགྲོ་ཉིལ་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོལ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུར་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིང་ངེ་ངེ་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་འདི་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་སྩལ་ནས་ཀྱང་། །མ་ཁྱེད་དང་མཉམ་པའི་དངོས་གྲུབ་ཞུ། །ཁོང་བདུད་བཞིའི་གཡུལ་ངོ་རླག་བྱེད་དུ། །དཔལ་རྒྱལ་བ་རྒྱ་མཚོའི་སྙིང་རྗེའི་སྟོབས། །ལྷ་མི་བཟད་ཁྲོས་པ་དཔའ་བོའི་སྡེ། །མགོན་མཧཱ་ཀཱ་ལ་ལྕམ་དྲལ་ལ། །འཁོར་དྲེགས་པའི་ལྷ་སྲིན་ཉིལ་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོལ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུར་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིང་ངེ་ངེ་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་འདི་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་སྩལ་ནས་ཀྱང་། །མགོན་ཁྱེད་དང་མཉམ་པའི་དངོས་གྲུབ་ཞུ།། དེས་མཁའ་འགྲོ་མའི་བྱིན་རླབས་ཁྱད་པར་ཅན་ཕེབས་ཏེ། སྐུ་ཕེབས་པས་འཕར་བ་དང་འདར་བ་དང་། གར་བསྒྱུར་བ་ལ་སོགས་པ་འབྱུང་། གསུང་ཕེབས་པས་སཾསྐྲྀ་ཏའི་སྐད་དུ་ཆོས་སྨྲ། ཐུགས་ཕེབས་པས་མི་རྟོག་པའི་ཡེ་ཤེས་ལ་སྟིམ་གྱིས་གནས་པར་འགྱུར་རོ། །དེ་ནས་སློབ་དཔོན་གྱིས་བྱིན་གྱིས་བརླབས་པའི་ཆང་གིས་གསང་གཏོར་བྱས་ནས་ལག་པ་གཡོན་པ་བཀབ་ཨོཾ་ཡིག་གིས་སྦྱངས་བར་བྱའོ།། ལག་པ་གཡས་པ་བཀབ་ཨཱཿཡིག་གིས་རྟོགས་པར་བྱའོ།། སྙིམ་པ་བཀབ་སྟེ་ཧཱུྃ་ཡིག་གིས་སྦར་བ་དང་ཞུ་བར་བྱའོ།། དེ་ནས། ཧཱུཾ དབྱིངས་སྲིད་ཞི་ཀུན་ཏུ་འཆར་བའི་མ། །དཔལ་རྡོ་རྗེ་ཡན་ལག་མ་མོའི་འཕྲུལ། །མཚན་ཀུན་ལྡན་ཡེ་ཤེས་ཀ་པཱ་ལ། །དེ་བསམ་གྱིས་མི་ཁྱབ་ནམ་མཁའ་ཙམ། །ཨཱ་ར་ལི་རྣལ་འབྱོར་གྱི་འདུས་པ་ལ། །འདོད་ཡོན་གྱི་ལོངས་སྤྱོད་མི་ཟད་པ། །ཧ་ཧོཿསྲཱིཿཁ་དོག་དྲི་རོའི་ཚོགས། །མཆོག་རྣམ་པ་ཀུན་ལྡན་སྟོང་པའི་དཔྱིད། །ཨོཾ་ཨཱཿཧཱུྃ་སྦྱངས་རྟོགས་སྤར་བས་ན། །དཔལ་མི་འགྱུར་བདེ་བ་ཆེན་པོའི་གནས། །ས་ཧཱ་ཛ་སོ་སོ་རང་རིག་གིས། །ཁ་སྦྱོར་གྱི་འཁོར་ལོ་གཅིག་ཏུ་བསྡམ།། ཞེས་བྱིན་གྱིས་བརླབས་པས་ལས་ཀྱི་རྡོ་རྗེས་ཕུད་ལྔར་བཅད་པའི་ཚོགས་ཕུད་དང་པོ་འབུལ་བ་ལ་ཐུགས་གཏད་པར་ཞུ་ཅེས་བརྗོད་ནས། ཧཱུྃ། རྗེ་སྲིད་ཞིའི་ཕན་པ་ཐམས་ཅད་དུ། །ཆུ་ཟླ་བཞིན་འགོག་པ་མེད་ཤར་བ། །དཔལ་དང་པོའི་མགོན་པོ་བླ་མའི་ཞབས། །བཀའ་བརྒྱུད་ཀྱི་རྗེ་བཙུན་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྦར་སྟེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོ་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བའི། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་ནི། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ།། ཚོགས་ཕུད་གཉིས་པ་ལ། ཉེ་སྙིང་འཕྲེང་སྔགས་དང་བཅས་པས་དཀྱིལ་འཁོར་ལ་ཕུལ། གསུམ་པ། ཧཱུྃ། ཞི་བ་དང་ཁྲོ་ཆགས་ཐམས་ཅད་པ། །སྒྱུ་འཕྲུལ་གྱི་ཟློས་གར་ལ་ཤར་ནས། །དཀྱིལ་འཁོར་གྱི་འཁོར་ལོའི་མགོན་མཛད་པ། །ཡི་དམ་གྱི་ལྷ་ཚོགས་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྦར་སྟེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོ་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བའི། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་ནི། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ། བཞི་པ། ཧཱུྃ། འཁོར་འདས་ཀྱི་ངོ་མཚར་མ་ལུས་པ། །གཉིས་མེད་ལས་གཉིས་སུ་སྟོན་བྱེད་པའི། །སྲས་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །དཔའ་བོ་དང་ཌཱ་ཀ྄ི་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྦར་སྟེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོ་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བའི། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་ནི། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ། ལྔ་པ། ཧཱུྃ། བདུད་ཚོགས་ལ་བདུད་དང་ཆོས་པར་གཉེན། །སྙིང་རྗེ་ལས་རྣམ་པ་ཐམས་ཅད་པ། །ཁྲག་འཐུང་གི་རྒྱལ་པོ་དགའ་མར་བཅས། །དམ་ཅན་གྱི་ཆོས་སྐྱོང་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྦར་སྟེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོ་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བའི། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་ནི། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ།། འཇིག་རྟེན་ལས་འདས་པའི་གཏོར་མ་དང་། འཇིག་རྟེན་པའི་གཏོར་མ་ཕུལ། འཇིག་རྟེན་པའི་གཏོར་མ་མི་གཡོ་བས་སྣ་དྲངས་ཏེ་དྲག་སྔགས་བགྲང་ཞིང་དེའི་རྗེས་སུ་འབྲང་བས་ཕྱིར་བསྐྱལ། རྣལ་འབྱོར་མ་གཅིག་གིས་མར་མེ་ཆུ་ལྡག་མེ་ལོང་ཁྱེར་ལ་སྒོར་བསྡད། གཏོར་སྐྱེལ་ལོག་པ་དང་ཕྱི་ནས་བགེགས་འཇུག་སྲིད་པས་སྣ་ལ་མེ་ལོང་བསྟན། དེ་ནས་མར་མེ་ལྟ། དེ་ནས་ཆུ་ལྡག་བྲུལ་ཏེ་ཁར་བྱིན། དེ་ནས་ནང་དུ་ཞུགས་ཏེ། ལས་ཀྱི་རྡོ་རྗེས་སྐྱེས་པའི་ཐོད་པ་དུམ་བུ་གཅིག་པ་ཆང་གིས་བཀང་ནས། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་དང་། །རང་བཞིན་གཅིག་ཏུ་དགོངས་ནས་གསོལ།། ཞེས་པ་བླ་མ་ལ་ཕུལ། བླ་མས་ལག་པས་ཀོར་ཞིང་གཡོན་པ་བཟེད། གཡས་པ་སྟེང་དུ་བ་དན་གསུམ་པར་བྱས་ལ། བདེ་བར་གཤེགས་པའི་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་མེད་པ་འདི། །གཟུང་འཛིན་རྣམ་པར་གྲོལ་བ་ཡི། །དེ་བཞིན་ཉིད་ན་བདག་ཕྱག་འཚལ།། ཞེས་པས་བླང་། མཐེབ་སྲིན་གྱིས་སྙིང་གར་ཡི་དམ། མགྲིན་པར་མཁའ་འགྲོ། སྤྱི་བོར་བླ་མ་བསམས་ནས་གཏོར། དེ་ནས་སེམས་ཀྱི་རྒྱལ་པོ་ཨ་ཡོད་པ་ལ་མཆོད་པའི་བསམ་པས་བཏུང་ངོ་། །མཐར་གྱི་དེ་ལྟ་བུས་དྲང་ཞིང་བླང་། དེ་ནས་ཤ དེ་ནས་བཤོས་སོགས་བཏང་ཞིང་གླུ་གར་དང་། ཀུན་ཏུ་རུའི་མཆོད་པ་དང་། བཟའ་བའི་ཡོ་བྱད་རྣམས་ལ་ཅི་རིགས་པར་ལོངས་སྤྱོད་དོ། །ལྷག་མ་ལས་བྱས་པའི་གཏོར་མ་སྤོས་རེང་མར་མེ་མེ་ཏོག་གིས་བརྒྱན་པ་ལ་ཁ་ཕྲུ་བཏབ་པ་དང་། ལྷག་རུལ་ཐམས་ཅད་བསྡུས་པ་སྣོད་གཙང་མར་ཆུ་དང་བསྲེས་པ་གཅིག་བྱས་པའི་དང་པོ། ཧཱུྃ། མ་རྡོ་རྗེ་བཙུན་མོ་ཁྲོས་པའི་གཟུགས། །འཁོར་གནས་དང་ཕོ་ཉ་འཇིག་རྟེན་པ། །དམ་ཚིག་དང་ཤ་ཟའི་ཌཱ་ཀ྄ི་མ། །མདངས་དཀར་སེར་དམར་ལྗང་སྔོ་དང་ཁྲ། །ལུས་གློག་འགྱུ་མེད་དཔུང་འུ་རུ་རུ། །ངག་ཤུགས་གླུ་ཤུད་པོ་དི་རི་རི། །ཡིད་སངས་རྒྱས་བསྟན་ལ་དུང་ངེ་ངེ་། །ལས་སྲིད་གསུམ་ཉུལ་ལ་ཤར་རར། །མཐོ་ནམ་མཁའི་དབྱིངས་ནས་བྱ་ར་བྱེད། །དམ་ཉམས་པའི་སྟེང་དུ་ཐོག་ཏུ་འབབ། །བར་དུར་ཁྲོད་ཀུན་ཏུ་རྒྱུ་ཞིང་འཕུར། །དགྲ་ཐོ་ལུམ་འབར་བའི་རོ་རུ་ཟ། །དམའ་རྒྱ་མཚོའི་གཏིང་ནས་གྱེན་དུ་རྒྱུག །མི་དམ་ཉམས་བསྒྲལ་ནས་ཁྲག་ལ་འཐུང་། །ནད་བརྒྱད་ཁྲི་བཞི་སྟོང་ཀུན་གྱི་བདག །ཕོ་མཚར་པོ་ཀུན་གྱི་སྙིང་ལ་འཇུག །མོ་འཆོར་མོ་ཐམས་ཅད་ཞེ་ཡིས་གནོན། །གནས་དབེན་པར་སྒོམ་པའི་དྲོད་ཚད་ཉུལ། །ཁྱེད་དགྱེས་པའི་ལྷག་གཏོར་བཤམས་ནས་འབུལ། །ངེད་སྐལ་ལྡན་དགའ་བའི་དངོས་གྲུབ་ཞུ། །ཨོཾ་ཨུ་ཙྪིཥྚ་བྷཀྵེ་བྷྱཿསྭཱཧཱ། གཉིས་པ་ཁ་འབར་མའི་སྔགས་ལ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པའི་ཤམ་བུ་ཅན་གྱིས་ཡི་དྭགས་རྣམས་ལ་སྦྱིན་ནོ། །གཞོན་ནུ་མ་མཆོད་པ་ནི། ཡུལ་གྱི་བུ་མོ་གཙང་མ་གཅིག་ནས་ཉི་ཤུ་རྩ་ལྔ་ལ་སོགས་པའི་གྲངས་ཅི་ཙམ་འོས་པ་བསགས་ཁྲུས་བྱས་རང་གི་ཁྱིམ་ལ་ཁ་ལྟས་པའི་གྲལ་བྱ། དྲི་ཞིམ་པོའི་བྱུག་པ་ལི་ཁྲིའི་ཐིག་ལེ་དགོད། མེ་ཏོག་གི་འཕྲེང་བ་དང་སྤོས་བདུག །ཉ་ཤ་ལ་སོགས་པའི་ཤ་དང་བཅས་པའི་བཟའ་བཅའ་མྱོས་བྱེད་ལ་སོགས་པའི་བཏུང་བ་བྱིན་གྱིས་བརླབས་ཏེ་སྦྱིན་པའོ། །དེ་དུས་དེ་དག་ལག་པ་གཉིས་མཉེད་ན་ཡི་དམ་མ་མཉེས་པས་ནད་དང་སྡུག་བསྔལ་འབྱུང་། སྐད་ཅིག་ལ་གད་མོ་རྒོད་ན་ནད་ཀྱིས་འཆི་བ། ངུ་མིག་ཕུར་ན་མྱུར་དུ་འཆི་བ། ཟུང་སྡེབས་ལ་གདོང་ཕྱོགས་ན་རྩོད་པ་འབྱུང་། རྒྱབ་ཕྱོགས་པས་ལྟ་ཞིང་སེན་མོ་འཆའ་ན་ཤས་མ་ཚིམ་པ་སླར་ཡང་སྦྱིན་དགོས་པ་མ་སྦྱིན་ན་ནད། གླུ་དང་རོལ་མོ་བྱེད་རྒོད་ན་རྒྱལ་པོ་ཆོམ་རྐུན་གྱི་འཇིགས་པ། ཆང་འཐུངས་ནས་གར་བྲོ་བྱེད་ན་ཡུལ་དུ་ནད་ཆེན་པོ་འབྱུང་། སྟོན་མོ་ལ་མི་ལྟ་བར་ཕྱོགས་སུ་ལྟ་ན་སྤྱོད་པ་ཉམས་པས་ལྷ་བདག་ལ་འཁྲུགས་པ། ཕན་ཚུན་གཏམ་ལ་འཇུག་པ་དང་ཕན་ཚུན་རྒོད་ན་རྡོ་རྗེ་སློབ་དཔོན་གྱི་ཆོ་ག་ཉམས་པའི་སྐྱོན། ཟོས་མ་ཐག་སྐྱུག་ན་སྨྱོ་བ། འགྲོ་བའི་ཚེ་རྒྱབ་ཀྱི་ཕྱོགས་སུ་ལྟ་ན་ལས་སླར་ཡང་བརྩམ་དགོས་པ། ས་ལ་རྐང་པ་ཉེད་ན་གནས་ལས་འཕོ་བ། བབས་ནས་ཕན་ཚུན་གཡུལ་འགྱེད་པ་རྣམས་ངན་ལ། དེ་དག་མི་བྱེད་ན་བཟང་། དེས་ལས་འགྲུབ་པ་ཡིན་ནོ། །རང་ནུས་པ་དང་ལྡན་པར་གྱུར་པས་ཟབ་མོ་བརྡའི་དབང་གིས་གཞན་རྗེས་སུ་འཛིན་འདོད་ཅིང་སློབ་མས་གསོལ་བ་ཡང་དང་ཡང་བཏབ་པ་ཇི་སྐད་བཤད་པས་དཀྱིལ་འཁོར་དང་བདག་བསྒྲུབས་ཏེ། དེར་སློབ་མ་ཁྲུས་བྱས་འདུད་པ་ལ་སྔགས་ཀྱི་སྒོར་སེམས་བསྐྱེད་པའི་ཕྱིར། ཁྱོད་ཀྱི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱིས་ཤིག། ཅེས་བརྗོད་ནས། ས་མ་ཡ་ཨ་ཞེས་བརྗོད་དུ་བཅུག་པས། དེའི་སེམས་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་ཏོ།། དེ་ནས་སློབ་དཔོན་གྱིས་དེའི་སྙིང་གར་རྡོ་རྗེ་བཞག་སྟེ། སུ་ར་ཏེ་ས་མ་ཡ་ཧྶཾ་ཧོཿསིདྡྷི་བཛྭ་ཡ་ཐཱ་སུ་ཁཾ། ཞེས་བྱིན་གྱིས་བརླབས་པས་སླར་སེམས་དེ་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་རྣམ་པར་གྱུར་ཏོ།། དེ་ནས་སློབ་མས་གསོལ་བ་གདབ་པར་བྱ་སྟེ། བླ་མ་དང་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིན་པར་མཛད་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ། བདུད་རྩི་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིན་པར་མཛད་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ། རིན་པོ་ཆེ་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིན་པར་མཛད་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ། རྒྱས་པར་སྤྲོ་ན། དངོས་གྲུབ་བླང་བ་བཞིན། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་ལན་གསུམ་བཏབ། བཅོམ་ལྡན་འདས་མ་གོ་ཆ་དང་བཅས་པར་བསྐྱེད། སློབ་དཔོན་གྱིས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོའི་སྐུ་དཔྲལ་བའི་ཨོཾ་ལས་སྐུ་རྡོ་རྗེའི་བྱིན་རླབས་འོད་ཟེར་དཀར་ནར་གྱི་བྱུང་། ཕྱོགས་བཅུའི་ཞིང་ཐམས་ཅད་དུ་སོང་ནས། དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་རོ་གཅིག་ཏུ་འདྲེས་པ་སླར་ལོག་སློབ་མའི་ལུས་ལ་ཐིམ་པར་གྱུར། རོལ་མོ་དང་བཅས་པས་སྤོས་བདུག འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །སངས་རྒྱས་སྐུ་ནི་བླ་མེད་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཨོཾ་ཨཱ་བཱེ་ཤ་ཡ་ཨ་ཨཱ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོའི་མགྲིན་པའི་ཨཱཿལས་གསུང་རྡོ་རྗེའི་བྱིན་རླབས་འོད་ཟེར་དམར་ནར་གྱིས་བྱུང་། ཕྱོགས་བཅུའི་ཞིང་ཐམས་ཅད་དུ་སོང་ནས། དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་དང་རོ་གཅིག་ཏུ་འདྲེས་པ་སླར་ལོག་སློབ་མའི་ངག་ལ་ཐིམ་པར་བསམ། སྒྲ་ཡིས་ཚུལ་ལས་ངེས་འབྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་བ། །སངས་རྒྱས་གསུང་ནི་བླ་མེད་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཨཱཿཨཱ་བེ་ཤ་ཡ་ཨ་ཨ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀའི་ཧཱུྃ་ལས་ཐུགས་རྡོ་རྗེའི་བྱིན་རླབས་འོད་ཟེར་སྔོ་ནར་གྱིས་བྱུང་། ཕྱོགས་བཅུ་ཞིང་ཁམས་ཐམས་ཅད་དུ་སོང་ནས། དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དང་རོ་གཅིག་ཏུ་འདྲེས་པ་སླར་ལོག་སློབ་མའི་ཡིད་ལ་ཐིམ་པར་བསམ། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །སངས་རྒྱས་ཐུགས་ནི་བླ་མེད་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཧཱུྃ་ཨཱ་བེ་ཤ་ཡ་ཨ་ཨཱཿབ་དན་གསུམ་པའི་ཕྱག་རྒྱས་ཀ་པ་ལའི་བདུད་རྩི་གཏད་དེ། རྗེ་བཙུན་མགོན་པོ་བདུད་རྩི་དངོས། །བདུད་རྩི་རྗེ་བཙུན་མགོན་རང་བཞིན། །ཐབས་དང་ཤེས་རབ་གཉིས་མེད་པ། །སུས་རྟེན་གྲོལ་བར་འགྱུར་རོ་ཀྱེ། །ཧེ་རུ་ཀ་དཔལ་བདུད་རྩི་དངོས། །བདུད་རྩི་ཧེ་རུ་ཀའི་རང་བཞིན། །ཐབས་དང་ཤེས་རབ་གཉིས་མེད་པ། །སུས་རྟེན་གྲོལ་བར་འགྱུར་རོ་ཀྱེ། །མཁའ་འགྲོ་མ་ནི་བདུད་རྩི་དངོས། །བདུད་རྩི་མཁའ་འགྲོ་མའི་རང་བཞིན། །ཐབས་དང་ཤེས་རབ་གཉིས་མེད་པ། །སུས་རྟེན་གྲོལ་བར་འགྱུར་རོ་ཀྱེ།། ཞེས་ཅུང་ཟད་མྱང་དུ་བཅུག ཡེ་ཤེས་ཀྱི་བྱིན་དབབ། ཕེབས་པའི་རྟགས་འབྱུང་། དེ་ནས། སིནྡཱུ་རའི་དཀྱིལ་འཁོར་བསྟན་པས་བཅོམ་ལྡན་འདས་མའི་ལྷ་ཚོགས་མངོན་སུམ་དུ་གྱུར་པར་བསམ། དེ་ཞུ་བའི་ཐིག་ལེ་གནས་གསུམ་དུ་བཀོད། ཐོད་པ་ལག་པ་གཡས་སུ། འཕྲེང་བའམ་མདའ་གཞུ་གཡོན་དུ། སྣ་ཚོགས་རྡོ་རྗེ་དབུས། ནོར་བུ་སྤྱི་བོར། ཕག་ཞལ་གཏད་དེ། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །མཆོག་ཏུ་མཉམ་བཞག་སྦྱོར་བ་ཡི། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་པས་སོ། །དབང་པོ་ཀུན་ལས་བྱུང་བ་ཡི། །དམ་ཚིག་ཐོད་པ་ཞེས་བྱར་བརྗོད། །མཛེས་མ་འཕྲེང་བ་ཞེས་བཤད་དེ། །དེ་ཁོ་ན་ཉིད་དབུ་རྒྱན་མིང་། །གཙུག་གི་ནོར་བུར་དབང་བསྐུར་རོ། །སངས་རྒྱས་ཞེས་བྱ་རྗེས་གནང་ཡིན། །ཧེ་རུ་ཀ་དཔལ་དབང་བསྐུར་བའོ། །བུམ་དབང་དུ་གོ་ན་ཐོད་པས་བདེ་བ་ཆེན་པོའི་རྡོ་རྗེའི་དམ་ཚིག འཕྲེང་བའམ་མདའ་གཞུས་སྟོང་པ། དྲིལ་བུ་རྒྱ་གྲམ་གཉིས་སུ་མེད་པའི་ཕྱག་རྒྱའི་དམ་ཚིག ནོར་བུས་བརཏལ་ཞུགས། ཕག་ཞལ་རྗེས་གནང་དུ་རིག་པ་ཡིན་ལ། དེ་ལ་སླར་ཐོད་པ་ལ་འཕྲེང་བ་སྣ་ཚོགས་རྡོ་རྗེ་བཀོད། ཕག་ཞལ་དེའི་ཁར་ནོར་བུ་དེའི་འོག་ཏུ་བཀོད་དེ་དབང་པོ་སོགས་བརྗོད་པས་གསང་དབང་གོ་སྟེ། ཐོད་པ་ལུས་ཞེས་བྱ་བ་སྟེ། །འཕྲེང་བ་རྐང་པའི་མིང་ཅན་ཡིན། །དབུ་རྒྱན་བྷ་ག་ཞེས་བྱར་བརྗོད། །སངས་རྒྱས་ཁུ་བ་ཞེས་བརྗོད་དེ། །གཙུག་གི་ནོར་བུ་བདེ་བར་བཤད། །རྡོ་རྗེ་པདྨའི་དབང་བསྐུར་བའོ། །ཞེས། ཐོད་པ་ལུས་དཀྱིལ། རྐང་པ་ལིངྐ། དབུ་རྒྱན་བྷ་ག སངས་རྒྱས་དེར་བསྲུབས་པའི་ཁུ་བ། གཙུག་གི་ནོར་བུ་མྱང་བས་བདེ་བ་ལ་ལོངས་སྤྱོད་པའོ།། ཡང་དེ་ལ། ཐོད་པ་ལ་འཕྲེང་བ་བཀོད། དེའི་ཁར་སྣ་ཚོགས་རྡོ་རྗེ་བཞག ཕག་ཞལ་དང་ནོར་བུ་དེའི་མཐའ་སྐོར་ཏེ་དབང་པོ་སོགས་བརྗོད་པས། ཐོད་པ་དབང་གཉིས་དམ་ཚིག་སྟེ། །འཕྲེང་བ་སྔགས་ཀྱི་བདག་པོར་བརྗོད། །བཅུ་དྲུག་ཐིག་གི་ཐིག་བཏབ་པའི། །སྟོང་པ་དབུ་རྒྱན་ཞེས་བྱར་བརྗོད། །ཨ་ལ་སོགས་པའི་མ་མོ་རྣམས། །སངས་རྒྱས་ཞེས་བྱའི་སྒྲ་རུ་འགྱུར། །དེ་རྣམས་དབུས་ཀྱི་བདེ་བ་གང་། །དེ་ནི་གཙུག་གི་ནོར་བུར་བརྗོད། །རིགས་རྣམས་ཀུན་གྱི་ཐམས་ཅད་དུ། །རྟག་ཏུ་དབང་བསྐུར་དེ་ལྟ་བུ། །ཐོད་པ་དབང་པོ་གཉིས། འཕྲེང་བ་དེ་ཁ་སྦྱོར་གྱི་སྲུབ་པ། དབུ་རྒྱན་གྱི་ཞུ་བ་བཅུ་དྲུག ཕག་ཞལ་གྱི་དེ་སྟོང་པས་རྒྱས་འདེབས་པ། ནོར་བུ་དེ་ལྷན་སྐྱེས་རྟོགས་པའོ།། ཐམས་ཅད་བསྡམས་དེ་ལྟེ་བར་གཞག །དབང་པོ་སོགས་ཀྱི། པདྨ་ལྟེ་བའི་འཁོར་ལོ་ཏེ། །ནགས་སོགས་ཨ་ནི་མ་མོ་ཡིན། །རྩ་བ་ཐར་པ་སྟེར་བྱེད་པའི། །བརྡ་ཡི་སངས་རྒྱས་ཕྱག་རྒྱ་ཡིན། །ཞེས་ཏེ། ཐོད་པས་ལྟ་འཁོར་ཕྲེང་བར་དེར་གནས་པའི་དབྱངས་དང་པོར་བཤད་པའི་ཕྱག་ཆེན། དབུ་རྒྱན་དེ་སོ་སོ་རང་རིག་པ་སངས་རྒྱས་དེ་ཕྱིན་ཡུལ་ཡུལ་ཅན་གྱི་དབྱེ་བ་མེད་པ་ཟུང་འཇུག་རབ་ཏུ་མི་གནས་པ་ལ་གནས་པའོ།། དེ་ཡང་སྐུ་ཕེབས་པ་ལ་གསང་བ་ནས་སྣོད་རུང་ཙམ་ལ་བུམ་དབང་ནས་རིམ་པས་བསྐུར་བས་བརྡ་བཞིར་འགྲོ་སྟེ་དབང་བཞིའི་དབྱེ་བས་སོ། །གསུང་དང་ཐུགས་ཕེབས་ན་གསུམ་པ་དང་བཞི་པ་རིམ་པ་བཞིན། གཞན་ཡེ་ཤེས་ཕེབས་པ་ལ་དེ་ཉིད་ཀྱིས་ཆོག་ལ། གཞན་སྤྲོས་པ་ཆེས། ཆུང་བས་འདུལ་བ་ལ་ནི། ན་རོ་པས་དཔལ་ཌོཾ་བྷི་བ་བྱིན་གྱིས་བརླབས་པ་བཞིན་ནོ། །ཞེས་པདྨ་དཀར་པོས་སྔར་སྦྱར་བ་ལས་ཕྱིས་རྒྱས་པར་བཅོས་པ་ཡིན་པས་ཕྱིན་ཆད་འདི་ཁོ་ན་བྱའོ། །ངེས་གཟུང་གནམ་མཐའི་སྤ་བཀོང་ཞིང་། །ཐོད་བརྒལ་མགྲིན་སྔོན་སྙིང་འདོད་པ། །བརྡ་ཡིས་སྨིན་བྱེད་དབྱར་སྐྱེས་རྔ། །ནམ་མཁའ་མཉམ་པའི་རྒྱུད་སྡེར་གྲགས། །གང་དུ་བྱིན་རླབས་ཆར་བབས་ཤིང་། །རྣམ་གྲོལ་མྱུ་གུའི་སྐྱེད་དྲག་སར། །སྐུ་བཞིའི་འབྲས་བུ་མི་བསྒུག་པར། །ལོག་རྟོག་འབྲོག་འཁྱམས་སྙིང་རྗེ་བ།། །།རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་གའི་འོད་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་གྲི་གུག་འབར་བ་ནམ་མཁའི་མཐོངས་སུ་འཕྱར་བས་རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་ཅིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པས་ཟག་པ་མེད་པའི་བདེ་བའི་རོས་ཚིམ་པར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། ཐལ་ཆེན་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། གྲུ་མོ་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྶཱཾ་ག་བསྣམས་པ། གཅེར་བུ་བརྒྱད་གཉིས་ལོན་པའི་ལང་ཚོ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བས་སྲོག་བྲལ་བའི་སྙིང་ག་མནན་ཏེ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར།། །།


previousམཁའ་འགྲོ་སྙན་རྒྱུད་ཀྱི་ཡུམ་བཀའ་རྒྱས་པ་བྱིན་རླབས་མྱུར་འབེབས།next