Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུམ་བཀའ་འབྲིང་པོ་ལྷ་བདུན་མའི་ཆོ་ག
   
   
   
   
   
   
   


 
previousཡུམ་བཀའ་འབྲིང་པོ་ལྷ་བདུན་མའི་ཆོ་གnext

ཡུམ་བཀའ་འབྲིང་པོ་ལྷ་བདུན་མའི་ཆོ་ག

ཡུམ་བཀའ་འབྲིང་པོ་ལྷ་བདུན་མའི་ཆོ་གའོ། །མཆོག་འདོད་སེམས་ཀྱི་བུང་བ་ཀུན་འཆོར་ས། །དངོས་གྲུབ་ལང་ཚོའི་མེ་ཏོག་རྣམས་འཛུམ་པའི། །རྡོ་རྗེ་སེམས་དཔའི་རྩེ་དགའི་འཁྲི་ཤིང་ནི། །འཁོར་བའི་ཚ་གདུང་སྐྱབས་ཡོངས་ཕྱག་བྱའི་གནས།། རྩ་རྒྱུད་ལེའུ་བཅུ་བདུན་པ་ནས། ཡ་མི་ནི་དང་སྐྲག་བྱེད་མ། །ནགས་ཚལ་མ་དང་དེ་བཞིན་བྱིས། །གཟུགས་ཀུན་སྤྱོད་མ་མཛེས་མ་དག །བྷ་སུ་ར་ག་མཁའ་འགྲོ་བདུན། །ཞེས་དང་། གཟུགས་ཅན་མ་དང་ཙུམ་བྷི་ཀ །ལཱ་མ་ཡོངས་བསྒྱུར་བྱིས་བཅས་མོ། །མི་ཟློག་ཨེ་ཧི་ཀ་ལྷ་མོ། །མཁའ་འགྲོ་མ་རྣམས་བདུན་དུ་བཤད། །ཅེས་གསུངས་པའི་ལྷ་མོ་བདུན་ནི་འཁོར་ལོས་སྒྱུར་མ་དྲུག་གི་ཕག་མོ་ལ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཉིས་སུ་རྒྱུ་འབྲས་ཀྱི་དབྱེ་བས་བདུན་དུ་སོང་བའོ། །དེས་ན་དེ་གཉིས་སྔགས་ཀྱང་གཅིག་གིས་འགྲུབ་པ་ཡིན་པས། གོ་ཆ་དྲུག་གི་སྔགས་ཁོ་ན་འདིར་བཟླས་བྱའོ། །དེ་ཡང་ཇོ་བོ་ནཱ་རོ་པའི་ཞལ་སྔ་ནས་ཀྱིས་མཛད་པའི་གཞུང་དེ་ཇི་ལྟ་བ་བཤད་པར་བྱའོ། །ཤིན་ཏུ་དབེན་པའི་གནས་སུ་ཡོ་བྱད་བསགས། བདེ་བའི་སྟན་ལ་འདུག་སྟེ་ལུས་གནད་བསྲངས་ནས། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི།། ལན་གསུམ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་རྣམས་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི།། ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་བསྒྲུབ་པར་བྱ། དེའི་ཆེད་དུ་སྒོམ་པའི་རིམ་པ་ལ་འཇུག་པར་བྱའོ་སྙམ་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱ་སྭབྷཱཝ་ཤུདྡྷོ་ཱཧཾ། རང་གི་སྙིང་གར་པདྨའི་སྟེང་དུ་གནས་པའི་བྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། སེམས་ཅན་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ལ་བཀོད། ཚུར་འདུས་པ་ལ་ཐིམ་པས་རང་ལུས་འོད་ཕུང་གི་རྣམ་པ་བྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྩ་བ་ཕྲ་བ་ཐུར་དུ་ཟུག་ཅིང་གདེངས་ཀ་ཆེ་བ་གྱེན་དུ་བལྟ་བའི་ཆོས་འབྱུང་བསྣོལ་མ་འོད་ཀྱི་རང་བཞིན་གྱི་དབུས་སུ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་གའི་འོད་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་གྲི་གུག་འབར་བ་ནམ་མཁའི་མཐོངས་སུ་འཕྱར་བས་རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་པར་མཛད་ཅིང་། གཡོན་ཐོད་ཁྲག་ཐུགས་ཁར་འཛིན་པས་ཟག་པ་མེད་པའི་བདེ་བའི་རོས་ཚིམ་པར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་དོ་ཤལ་བྱས་པ། ཐལ་ཆེན་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། གྲུ་མོ་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྶཱཾ་ག་བསྣམས་པ། གཅེར་མོ་བརྒྱད་གཉིས་ལོན་པའི་ལང་ཚོ་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་སྲོག་བྲལ་གྱི་སྙིང་ག་མནན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཟུར་དྲུག་གི་མདུན་གཡོན་སྐོར་དུ། རྡོ་རྗེ་ཕག་མོ་དམར་མོ། གཤིན་རྗེ་མ་སྔོན་མོ། རྨོངས་བྱེད་མ་དཀར་མོ། སྲེག་བྱེད་མ་སེར་མོ། སྐྲག་བྱེད་མ་ལྗང་ཁུ། ཙཎྜྻི་ཀ་དུད་ཁ། ཐམས་ཅད་འཁོར་ལོས་སྒྱུར་མ་ཇི་ལྟ་བ། དེ་རྣམས་ཀྱི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿ སྙིང་གར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ། གཙོ་མོའི་ལྟེ་བར་ཨོཾ་བཾ། སྙིང་གར་ཧཾ་ཡཽཾ། ཁར་སྲིཾ་མོཾ། དཔྲལ་བར་སྲེཾ་སྲིཾ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ། ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄། ལྟེ་བའི་དབུས་སུ་ཆོས་འབྱུང་ཟུར་དྲུག་པའི་ལྟེ་བར་བཾ། ཟུར་ལ་ཨོཾ་བཾ་ཧཾ་ཡཽཾ་སྲིཾ་མོཾ་སྲེཾ་སྲིཾ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། དེ་ལས་འཕྲོས་པའི་འོད་ཟེར་གྱིས་བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་ཕེཾ། འབར་བའི་ཕྱག་རྒྱ་བཅའ། ཨོཾ་བཛྭ་ཝཱ་རཱ་ཧི་ས་པ་རི་ཝཱ་ར། ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་པཱ་དྱཾ། ཨཉྩྨ་མཱ་ནཱཾ། པུཥྤེ། དྷཱུཔེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱཱ། ཤཔྟས་མཆོད། རྐང་པ་བརྒྱད་པས་བསྟོད། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་སྙིང་གའི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་བླ་མ་ཧེ་རུ་ཀའི་ཚུལ་དུ་བཞུགས་པའི་ཕྱག་གཡོན་གྱིས་བདུད་རྩིས་གང་བའི་པདྨའི་སྣོད་བཟུང་། གཡས་བ་དན་གསུམ་པའི་ཕྱག་རྒྱས་དབང་བསྐུར་བས་དབུ་བརྒྱན་པར་གྱུར། དེ་ལྟ་བུའི་ལྷའི་འཁོར་ལོ་རྩེ་གཅིག་པར་བསྒོམ། དེ་ནས་རླུང་བཟུང་སྟེ་འཁོར་ལོ་སྔགས་དང་བཅས་པ་གཡོན་དུ་འཁོར་བར་བསམ་ཞིང་། མེ་ལྕེ་སྔགས་དེ་དག་གི་སྒྲར་གྲགས་པ་དེས་རྩ་བསྲོས། དེ་བསྲོས་ནས་ཁམས་ཞུ། དེའི་བདེ་བ་ལ་སེམས་ཟིན་ནས་མི་རྟོག་པ་སྐྱེའོ། །དེ་ལ་སྐྱོ་ན། སྙིང་གར་པད་ཉིར་བྃ་ལ་སྔགས་ཀྱིས་བསྐོར་བ་གཡོན་དུ་འཁོར་ཞིང་དེའི་འོད་ཟེར་གྱིས་ཕྱོགས་བཅུ་སངས་རྒྱས་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ནས་བདག་གི་ལུས་ངག་ཡིད་ལ་ཞུགས་པར་བྱིན་གྱིས་བརླབས་པར་བསམ་ལ་ངག་ཏུ་ཨོཾ་བྃ་སོགས། དེ་ནས་འཕྲེང་བ་དམ་པ་རིགས་བརྒྱར་བསམས་ནས་སྔགས་རེ་ལ་དེའི་ལྷ་རེ་བདག་ལ་ཐིམ་པར་མོས་ལ་གོང་གི་སྙིང་པོ་དེ་བརྒྱ་རྩ་བརྒྱད་བཟླས། དེ་ནས་འོད་ཀྱིས་སྣོད་བཅུད་ལ། དེ་རང་ལ། རང་ཡས་མས་ནས་ཞུ་སྙིང་གའི་སྔགས་དེ་བྂ། དེ་ཟླ་ཚེས། ཐིག་ལེ་ནཱ་དའི་བར་དུ་བསྡུས་ནས། དེ་ཡང་མི་དམིགས་པ་སྟོང་པ་ཉིད་ལ་གཞུག་སྟེ། ཆུ་ལས་ཉ་ལྡང་བ་ལྟ་བུར་ལངས་ཏེ། གཏོར་མ་གཏོང་ན། གཏོར་མ་འོག་ཏུ་ཡཾ་རཾ་ཀཾ་ལས་རླུང་དང་མེ་དང་མགོ་སྒྱེད་ཀྱི་སྟེང་དུ། ཨ་ལས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བའི་ཁ་ཟླ་ཕྱེད་རྡོ་རྗེས་ཆོད་པ། སྙིང་གའི་བྃ་གྱི་འོད་ཀྱིས་རླུང་བསྐུལ་བས་མེ་འབར་ཏེ་ཐོད་པའི་རྫས་རྣམས་ཞུ། ཟླ་ཕྱེད་རྡོ་རྗེའི་ལྟེ་བའི་ཧཱུྃ་གི་འོད་ཟེར་གྱིས་འོག་མིན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་དེ་ལ་བསྟིམཿཨོཾ་ཨཱཿཧཱུྃ་ལན་བདུན་བརྗོད་པས་བྱིན་གྱིས་རླབས། འབར་བའི་ཕྱག་རྒྱ་བཅའ། ངག་ཏུ་ཕེཾ་ཞེས་བརྗོད། སྙིང་གའི་སྔགས་འཕྲེང་ལས་འཕྲོས་པའི་འོད་ཀྱིས་བཅོམ་ལྡན་འདས་མ་འཁོར་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཨཱ་ར་ལི་ཧོཿཛཿཧཱུྃ་བཾ་ཧོཿབཛྭ་ཌཱ་ཀི་ནཱི་ས་མ་ཡ་སྟཾ་དྲྀཥྱ་ཧོཿཁ་ཁ་ཁཱ་ཧི། ཨ་ལི་ཨུ་ལི་ཨི་དཾ་བ་ལིང་ཏ་ཁཱ་ཧི་ཁཱ་ཧི་ལན་གསུམ་གྱིས་ཕུལ་བས། ལྗགས་རྡོ་རྗེ་དཀར་པོ་རྩེ་མོ་གཅིག་པ་སྦུ་གུ་ཅན་གྱིས་གསོལ་བར་བསམས་ཏེ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ།། ཞེས་བསྟོད། སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་རྟོག་པ་བཅོམ། །ཁྱོད་ནི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་བརྗིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ།། ཅེས་འདོད་དོན་གསོལ་ཡི་གེ་བརྒྱ་པ་བརྗོད་དེ་བཛྭ་མུཿ ཞེས་བརྗོད་ནས་གཏོར་མགྲོན་གཤེགས། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག། ཅེས་བསྔོ་བ་བྱའོ། །ལྷ་བདུན་མ་དང་ལྷན་གཅིག་སྐྱེས་མ་གཉིས་ཀའི་ཚེས་བཅུ་ལ་གཏོར་མ་བཞིན་བྱིན་གྱིས་བརླབས་པའི་ཆང་གིས་སིནྡྷུ་རའི་མཎྜྻལ་དང་པོ་ནི་བཤད་པ་བཞིན་ལ། གཉིས་པ་ལ་ཆོས་འབྱུང་གྲུ་གསུམ་པ་ལོགས་ལ་གཡུང་དྲུང་རིས་ཀྱིས་བརྒྱན་པ། དེ་ལྟར་བསྐྱེད་མཆོད། བདུད་རྩི་འབུལ་བསྟོད། དེ་ནས་བདག་བསྐྱེད་བཟླས་པ་སོགས་བྱའོ། །སློབ་མ་རྗེས་སུ་འཛིན་པ་ལ། བརྡ་མི་སྟོན་པ་ཙམ་གཞན་འདྲའོ། །ཅེས་པདྨ་དཀར་པོས་སྦྱར་བ་རྫོགས་སོ།། །།


previousཡུམ་བཀའ་འབྲིང་པོ་ལྷ་བདུན་མའི་ཆོ་གnext