Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྙན་རྒྱུད་ལས་ཡུམ་ཀ་ལྷན་ཅིག་སྐྱེས་མའི་སྒྲུབ་ཐབས།
   
   
   
   
   
   


 
previousསྙན་རྒྱུད་ལས་ཡུམ་ཀ་ལྷན་ཅིག་སྐྱེས་མའི་སྒྲུབ་ཐབས།next

སྙན་རྒྱུད་ལས་ཡུམ་ཀ་ལྷན་ཅིག་སྐྱེས་མའི་སྒྲུབ་ཐབས།

སྙན་རྒྱུད་ལས་ཡུམ་ཀ་ལྷན་ཅིག་སྐྱེས་མའི་སྒྲུབ་ཐབས་བཞུགས་སོ། །གང་སྐུ་ལི་ཁྲིའི་སྣང་བ་བརྒྱའི་ཐིག་ལེས། །སྐལ་བཟང་སྒོ་གསུམ་ཉིན་མོར་བྱིན་རློབ་པའི། །རྣམ་འགྱུར་ཕ་མཐའ་མེད་པའི་འོད་ཚོགས་ཅན། །རྟག་བརྟན་ནམ་མཁའི་མཛེས་རྒྱན་མ་དེར་འདུད། །གྲུབ་དབང་རྣམས་ཀྱི་བདུད་རྩིས་རབ་མྱོས་ནས། །ལེགས་བཤད་སྐྱུགས་པས་ཕྱོགས་དུས་ཀུན་བཀང་ཕྱིར། །སྦ་གསང་མེད་པའི་སྨྱོན་པ་འགའ་ཞིག་ཏུ། །རྟོག་པར་གྱུར་ཀྱང་བདག་ལ་བྱ་ཐབས་ཅི། །འདིར་སྙན་རྒྱུད་ལྷན་ཅིག་སྐྱེས་མའི་རྣལ་འབྱོར་དུ་བྱ་བ་བཤད་པར་བྱ་སྟེ། བདེ་བའི་སྟན་ལ་འདུག་ནས། གཏོར་མ་དང་མཆོད་པས་མདུན་བདར། ཅང་ཏེའུ་དང་རྡོ་རྗེ་དྲིལ་བུ་འཛིན་ཅིང་དམ་ཚིག་གི་རིལ་བུས་ཁ་དག་པར་བྱས་ཏེ། རང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་དམིགས་ཏེ། སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་ཏེ་བྱང་ཆུབ་ཆེན་པོ་ལ་འགོད་པའི་བསམ་པས། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་པའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་སྔར་བཏང་ནས་སེམས་བསྐྱེད་བླང་། དེ་ནས། རང་གི་སྤྱི་བོར་རྩ་བའི་བླ་མ་དང་ཐུགས་རྒྱུད་གཅིག་ཀྱང་། རྣམ་པའི་རོལ་མོ་རྡོ་རྗེ་འཆང་ལ་ཐུག་གི་བར་གྱི་བླ་མ་དཔལ་ཧེ་རུ་ཀ་དཔའ་བོ་དཔའ་མོ་བསམ་གྱིས་མི་ཁྱབ་པའི་འཁོར་གྱིས་བསྐོར་བ་ཐམས་ཅད་གཅེར་བུ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། ཌཱ་མ་རུ་དང་དྲིལ་བུ་འཛིན་པ། སྐུ་གར་སྟབས་ལིང་ངེ་། གསུང་རྡོ་རྗེའི་གླུ་རྩེ་རེ། ཐུགས་བདག་ལ་བྱིན་གྱིས་རློབ་པའི་བཞེད་པ་རྩེ་གཅིག་པ་ཉི་མ་དང་འོད་ཟེར་གྱི་ཕུང་པོ་ལྟ་བུར་བཞུགས་པ་ལ། དད་པ་རྒྱ་མཚོས་བདག་གི་ལུས་ལོངས་སྤྱོད། །ཞིང་ཁམས་རྒྱ་མཚོ་མ་ལུས་ཁྱབ་པའི་སྤྲིན། །མཆོད་པ་རྒྱ་མཚོར་དམིགས་ནས་འབུལ་ལགས་ཀྱི། །ཐུགས་རྗེ་རྒྱ་མཚོས་དགོངས་ནས་བཞེས་སུ་གསོལ།། ཞེས་མཆོད་དེ། རྡོ་རྗེ་འཆང་ཆེན་རྣལ་འབྱོར་མ། །དེ་སྲས་ཏིལླི་ནཱ་རོ་དང་། །ལྔ་བརྒྱའི་གཙུག་རྒྱན་མར་མི་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རས་ཆུང་ཞབས་དང་ཁྱུང་ཚང་པ། །མ་གཅིག་ཨོང་ཇོ་ལོ་ཆེན་ཞང་། །དྷ་ར་ཤྲཱི་བསོད་ནམས་མཚན། །གསོལ་བྎ ཀུན་ལྡན་རས་མ་བདེ་ལེགས་དཔལ། །ཀུན་དགའི་དཔལ་དང་རྒྱལ་བའི་དབང་། །ངག་དབང་ཆོས་ཀྱི་རྒྱལ་པོ་ལ། གསོལ་བྎ རྡོ་རྗེ་སེམས་དངོས་པད་དཀར་ཞབས། །རྒྱལ་བའི་རྒྱལ་ཚབ་ལྷ་རྩེ་བ། །རྗེ་བཙུན་དཔག་བསམ་དབང་པོ་ལ། །གསོལ་བྎ འཇམ་དཔལ་དབྱངས་དངོས་བུདྡྷའི་མཚན། །མ་ལུས་འགྲོ་བའི་ཡོངས་འཛིན་རྗེ། །མཆོག་གཟིགས་ཡར་འཕེལ་དབང་པོ་ལ། །གསོལ་བྎ ཁྱབ་བདག་ཐུགས་ཀྱི་རྡོ་རྗེ་དང་། །ཧེ་རུ་ཀ་དཔལ་བདེ་ཆེན་སྐུ། །རྡོ་རྗེ་ཉི་མ་དྲིན་ཅན་རྗེར། །གསོལ་བྎ ཀུན་མཁྱེན་ཆོས་ཀྱི་སྣང་བ་ཆེ། །སྙིང་པོའི་བསྟན་འཛིན་ཡེ་ཤེས་གྲུབ། །ངེས་དོན་ཆོས་ཀྱི་རྒྱ་མཚོ་ལ། །གསོལ་བྎ ཤེས་བྱ་ཀུན་གཟིགས་མཁྱེན་པའི་གཏེར། །གྲུབ་བརྙེས་བསྟན་པའི་ཉི་མ་མཆོག །མཐུ་ཆེན་ཆོས་ཀྱི་རྒྱ་མཚོ་ལ། །གསོལ་བྎ འདྲེན་མཆོག་འཇམ་དཔལ་ནོར་བུའི་ཞབས། །ཆོས་དབྱིངས་བདེ་ཆེན་རྡོ་རྗེ་རྩལ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བྎ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཡང་། །གང་གི་རོལ་རྩེད་ཡིན་ཤེས་ནས། །རྗེ་བཙུན་བླ་མ་ཁྱེད་མིན་པའི། །སྐྱབས་གཞན་བདག་ཅག་རྣམས་མི་ཚོལ། །དེ་ཕྱིར་ཉམ་ངའི་འཁོར་བ་ལས། །འགྲོ་བ་འདྲེན་པའི་ཐུགས་རྗེའི་མཐུ། །བསྐུལ་བའི་གསོལ་བ་འདེབས་ལགས་ན། །བསམ་པ་ལྷུན་གྱིས་འགྲུབ་པར་མཛོད། །སྨིན་བྱེད་དབང་གིས་རྒྱུད་བསྲོས་ནས། །གྲོལ་ལམ་གསེར་འགྱུར་རྩིས་བྲན་པས། །མི་གཙང་ལུས་འདི་རྒྱལ་བའི་སྐུ། །རིན་ཆེན་མཆོག་ཏུ་གྱུར་ཅིག་གུ། ཞེས་གསོལ་བ་བཏབ། མོས་གུས་ཀྱི་གདུང་བས་འོད་དུ་ཞུ་ནས་བདག་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་གཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག སྙིང་གར་བསིལ་ཟེར་ཅན་གྱི་དབུས་སུ་བཾ། མཐའ་མར་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་པའི་ཡིག་འཕྲེང་ལི་ཁྲིའི་ཁུ་བས་བྲིས་པ་ལྟ་བུས་བསྐོར་བ་ལས་འོད་ཟེར་འཇའ་ཚོན་སྣ་ལྔ་པའི་སྐུད་པ་གཤིབས་པ་ལྟ་བུར་ཐམས་ཅད་དུ་འཕྲོ་བས་རང་ལུས་རྣམ་པར་སྦྱངས་པས། སྐད་ཅིག་གིས་ཡིད་ཙམ་ཁྲོ་བ་དང་ལྡན་པའི་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟར་འབར་བ་གཅེར་མོ་སྤྱན་གསུམ་མངའ་བ་སྐྲ་གྲོལ་བ་ཕྱག་རྒྱ་ལྔའི་རྒྱན་དང་ལྡན་པ། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་འཇིགས་བྱེད་དང་དུས་མཚན་གཡས་བརྐྱང་བའི་ཞབས་ཀྱིས་མནན་པ། གཡས་རྡོ་རྗེ་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཁར་དང་ཁ་ཊྶཱྃ་ག་དཀར་པོ་མཆན་དུ་བཅུག་སྟེ་སྒེག་ཅིང་འགྱིང་བ་དང་བཅས་པ་བཅུ་དྲུག་པའི་ལང་ཚོ་ངོམ་པ། འོད་ཟེར་གྱིས་ཡེ་ཤེས་ཀྱི་ལྷ་མོ་དཔའ་བོ་དང་དཔའ་མོའི་ཚོགས་ཀྱིས་བསྐོར་བ་ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་འོད་ཀྱིས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་སྦྱངས་པས་སྣོད་གཞལ་ཡས་ཁང་། ཕོ་ཐམས་ཅད་ཧེ་རུ་ཀ མོ་ཐམས་ཅད་རྣལ་འབྱོར་མར་གྱུར་ཏེ་སླར་ལོག་རང་གི་སྙིང་གར་ཐིམ་པར་བསམ་མོ། དེ་སྣ་རྩེར་ཐིག་ལེ་དཀར་དམར་ཁ་སྦྱར་བ་ལ་དམིགས་ཏེ་རྡོ་རྗེའི་བཟླས་པ་བྱ། དེ་ནས་ཕྲེང་བ་དམ་པ་རིགས་བརྒྱར་བསམས་ནས་སྔགས་རེ་ལ་དེའི་ལྷ་རེ་བདག་ལ་ཐིམ་པར་མོས་ལ་གོང་གི་སྙིང་པོ་དེ་བརྒྱ་རྩ་བརྒྱད་བཟླས། དེ་ནས་འོད་ཀྱིས་སྣོད། བཅུད་ལ། དེ་རང་ལ། རང་ཡས་མས་ནས་ཞུ་སྙིང་གའི་སྔགས། དེ་བཾ། དེ་ཟླ་ཚེས། ཐིག་ལེ་ནཱ་དའི་བར་དུ་བསྡུས་ནས། དེ་ཡང་མི་དམིགས་པ་སྟོང་པ་ཉིད་ལ་གཞུག་པར་གྱུར། ཡང་སྐྱོ་ན་སྔར་བཞིན་ཆུ་ལས་ཉ་ལྡང་བ་ལྟ་བུར་ལངས་ཏེ་བསྒོམ་པ་དང་བཟླ་བར་བྱ། དེ་ལས་སྐྱོ་ན། གཏོར་མའི་འོག་ཏུ་ཡཾ་རཾ་ཀཾ་ལས་རླུང་དང་མེ་དང་མགོ་སྒྱེད་ཀྱི་སྟེང་དུ། ཨ་ལས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བའི་ཁ་ཟླ་ཕྱེད་རྡོ་རྗེས་ཆོད་པ། སྙིང་གའི་བྂ་གྱི་འོད་ཀྱིས་རླུང་བསྐུལ་བས་མེ་འབར་ཏེ་ཐོད་པའི་རྫས་རྣམས་ཞུ། ཟླ་ཕྱེད་རྡོ་རྗེའི་ལྟེ་བའི་ཧཱུྃ་གི་འོད་ཟེར་གྱིས་འོག་མིན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་དེ་ལ་ཐིམ། ཨོཾ་ཨཱཿཧཱུྃ་ལན་བདུན་བརྗོད་པས་བྱིན་གྱིས་བརླབས། འབར་བའི་ཕྱག་རྒྱ་བཅས་ངག་ཏུ་ཕེཾ་ཞེས་བརྗོད། སྙིང་གའི་སྔགས་ཕྲེང་ལས་འཕྲོས་པའི་འོད་ཀྱིས་བཅོམ་ལྡན་འདས་མ་ལ་འཁོར་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཨཱ་ར་ལི་ཧོཿཛཿཧཱུྃ་བྃ་ཧོཿབཛྭ་ཌཱ་ཀི་ནཱི་ས་མ་ཡ་ཧྶཾ་དྲྀཥྱ་ཧོཿ ཁ་ཁ་ཁཱ་ཧི་ཨ་ལི་ཨུ་ལི་ཨི་དཾ་བ་ལིངྟ་ཁཱ་ཧི་ཁཱ་ཧི་ལན་གསུམ་གྱིས་ཕུལ་བས་ལྗགས་རྡོ་རྗེ་དཀར་པོ་རྩེ་མོ་གཅིག་པ་སྦུ་གུ་ཅན་གྱིས་གསོལ་བར་བསམས་ཏེ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ།། ཞེས་བསྟོད། སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་རྟོག་པ་བཅོམ། །ཁྱོད་ནི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་བརྗིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ།། ཅེས་འདོད་དོན་གསོལ། ཡི་གེ་བརྒྱ་པ་བརྗོད་དེ་བཛྭ་མུཿཞེས་བརྗོད་ནས་གཏོར་མགྲོན་གཤེགས། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག། ཅེས་བསྔོ་བ་བྱའོ། །ཡུམ་ལྷན་ཅིག་སྐྱེས་མའི་སྒྲུབ་ཐབས་པདྨ་དཀར་པོས་སྦྱར་བ་རྫོགས་སོ།། །།


previousསྙན་རྒྱུད་ལས་ཡུམ་ཀ་ལྷན་ཅིག་སྐྱེས་མའི་སྒྲུབ་ཐབས།next