Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་བཅུ་གསུམ་གྱི་ཆོ་ག་ཕུན་ཚོགས་འདོད་འཇོ།
   
   
   
   
   


 
previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་བཅུ་གསུམ་གྱི་ཆོ་ག་ཕུན་ཚོགས་འདོད་འཇོ།next

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་བཅུ་གསུམ་གྱི་ཆོ་ག་ཕུན་ཚོགས་འདོད་འཇོ།

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་བཅུ་གསུམ་གྱི་ཆོ་ག་ཕུན་ཚོགས་འདོད་འཇོ་བཞུགས་སོ། །སྣ་ཚོགས་གཟུགས་བརྙན་འོད་གསལ་ཉིད་ཕྱིར་ཀུན་ཏུ་འགྲོ་བའི་མིག་འཕྲུལ་མཁན། །གཞོམ་མེད་སྒྲ་བརྙན་ཐམས་ཅད་སྐད་ཕྱིར་ཆོས་ཀྱི་མ་མོ་ཆེན་མོ་བ། །རྣམ་མེད་སྣང་བརྙན་རོ་གཅིག་ཉིད་ཕྱིར་ལྷན་ཅིག་སྐྱེས་དགའི་ཝཱ་ར་ཧཱི། །ཟླ་དང་ཟླ་བརྙན་ཇི་བཞིན་འཆར་ཕྱིར་དཀྱིལ་འཁོར་ཀུན་གྱི་བདག་མོར་འདུད།། སློབ་དཔོན་ཆེན་པོ་མཻ་ཏྲི་པས་འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་མའི་སྒྲུབ་པའི་ཐབས་སུ། རྣལ་འབྱོར་མ་ཡི་རྣལ་འབྱོར་གུས། །རྣལ་འབྱོར་མ་ཉིད་འདྲེན་པ་རུ། །བྱས་ནས་འཁོར་ལོ་རྣམ་པར་བསྒོམ། །ཐམས་ཅད་སྔར་བཤད་ཇི་བཞིན་ནོ། །ཞེས་གསུངས་པའི་ནང་གི་རྣལ་འབྱོར་བཤད་པར་བྱའོ། །དེ་ལ་གནས་དང་ལྡང་བ་ཉིད་དང་ནི། །འཇུག་དང་ཡོངས་སུ་རྫོགས་པ་དང་། །བྱིན་གྱིས་བརླབ་དང་དབང་བསྐུར་དང་། །མཆོད་དང་ཏིང་འཛིན་ཉེ་བར་བསྡུ། །ཞེས་རྣལ་འབྱོར་གྱི་ཚུལ་དགུ་བཤད་པའི་དང་པོ་ཚོགས་ལ་གནས་པ་ནི། རང་ཉིད་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཐུགས་ཀར་ཉིན་མོར་བྱེད་པ་ལ་བཾ། དེའི་འོད་ཟེར་གྱི་འཕྲེང་བའི་ལྕགས་ཀྱུས་འཆད་བཞིན་པའི་མཚན་ཉིད་ཅན་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་འཁོར་ལོ་དང་ལྡན་པ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ།། ཡིད་ཀྱིས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས། ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ། ཐོག་མཐའ་འདྲ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱ། ཤཔྟ་ཧཱུྃ། བདག་གིས་ཐོག་མཐའ་མེད་པའི་དུས་མཐའ་ནས། །བྱས་དང་བྱེད་དུ་བཅུག་དང་ཡི་རང་བའི། །སྡིག་པ་མ་ལུས་སྐྱོན་ཀུན་འཇིག་བྱེད་པའི། །སྤྱན་སྔར་སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བགྱིད་པ་ཡི་སྡོམ་པ་བླང་བར་བགྱི། །ཉན་ཐོས་རང་རྒྱལ་བླ་མེད་རྒྱལ་བ་དང་། །རྒྱལ་བའི་སྲས་པོས་བསགས་པའི་དགེ་བ་གང་། །དེ་དག་ལ་ནི་རྗེས་སུ་ཡི་རང་ཞིང་། །བྱང་ཆུབ་ཏུ་ནི་ཡང་དག་བདག་གིས་བསྔོ། །རྒྱལ་བ་ལ་སོགས་དཀོན་མཆོག་གསུམ་པོ་ལ། །དངོས་པོ་ཀུན་ཀྱིས་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི། །འགྲོ་བའི་དོན་ཕྱིར་སངས་རྒྱས་འཕྲིན་ལས་རྣམས། །མ་ལུས་རྫོགས་པར་བདག་གིས་བགྱིད་པར་ཤོག །བཛྭ་མུཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱས་བདག་ལ་ཐིམ་པར་བསམ་མོ།། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། དེ་བཞིན་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། བདེ་བ་དེ་ཡང་རྒྱུན་བརྟན་ན་ཅི་མ་རུང་སྙམ་པའི་དགའ་བ་དང་། ཡང་དག་པའི་ལམ་ལ་གནས་ན་ཅི་མ་རུང་སྙམ་པའི་བཏང་སྙོམས་ལ་གནས་པར་བྱའོ། །དེ་ནས་རང་ཉིད་རབ་ཏུ་མི་གནས་པའི་བདག་ཉིད་ཅན་གྱི་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས་པར་གྱུར། ཨོཾ་ཤཱུནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཨོཾ་སརྦ་དྷརྨ་ཤཱུནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། བྱིན་གྱིས་བརླབ། གཉིས་པ་ལྡང་བ་ནི། ཏིང་ངེ་འཛིན་ལས་ལངས་ཏེ་འགྲོ་བ་སྒྱུ་མ་ལྟ་བུར་ལྟའོ། །དེའི་ངང་ལ། ཡཾ་རཾ་བཾ་ལཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གམ། མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་བརྩེགས་པའི་སྟེང་དུ། སུཾ་ལྗང་ཁུ་ལས་རི་རབ་ཀྱི་རྩེ་མོར་པཾ་ལས་སྣ་ཚོགས་པདྨ་ལ་ཨོཾ་མེ་དཱི་ནི་བཛྭཱི་བྷ་ཝ་བཛྭ་བྷནྡྷ་ཧཱུྃ་བཾ་ཧཱུྃ། རྡོ་རྗེའི་ས་གཞི། ཨོཾ་བཛྭ་པྲཱ་ཀཱ་ར་ཧཱུྃ་པཾ་ཧཱུྃ། རྡོ་རྗེའི་ར་བ། ཨོཾ་བཛྭ་པཉྫྱཱ་ར་ཧཱུྃ་ཡཾ་ཧཱུྃ། རྡོ་རྗེའི་གུར། ཨོཾ་བཛྭ་བི་ཏཱ་ན་ཧཱུྃ་ཁཾ་ཧཱུྃ། རྡོ་རྗེའི་བླ་རེ། ཨོཾ་བཛྭ་ཤ་ར་ཛཱ་ལ་ཏྲཱཾ་སཾ་ཏྲཱཾ། རྡོ་རྗེའི་མདའི་དྲ་བ། ཨོཾ་བཛྭ་ཛྷ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། ཕྱི་རོལ་ཏུ་རྡོ་རྗེ་མེ་རི་རབ་ཏུ་འབར་བས་བསྐོར་བར་གྱུར། སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲཱུཾ་ལས་སྐྱེས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་པ་བརྩེགས་པ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་ལ་སོགས་པ་མཚན་ཉིད་ཚང་བ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ། དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གྲི་གུག་གི་འཕྲེང་བ་མུ་ཁྱུད་བྱས་པའི་ལྟེ་བར། གསུམ་པ་འཇུག་པ་ནི། ཉི་མའི་གདན་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཚར་གཉིས་གཡོན། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵཿཡ་ར་ལ་ཝ་ཌ་ཌྷྜྷ། གཉིས་གཡས། ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བ་དང་ཉི་མ་ཁ་སྦྱར་བའི་དབུས་སུ་ཡི་གེ་བཾ་འོད་ཟེར་ལྔ་སྤྲོ་ཞིང་སྡུད་པ་རྡོ་རྗེ་ཕག་མོ་རང་གི་ངོ་བོ། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། བཞི་པ་ཡོངས་སུ་རྫོགས་པ་ནི། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་གའི་འོད་དང་མཚུངས་པ། ཞལ་གཅིག་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པའི་ཁྲོ་མོ་སྤྱན་གསུམ་པ། དབུ་སྐྲ་གསིལ་བུ་ཕྱག་གཡས་རྡོ་རྗེ་གྲི་གུག་ནམ་མཁའི་མཐོངས་སུ་འཕྱར་བས་རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་པར་མཛད་ཅིང་། གཡོན་ཐོད་ཁྲག་ཐུགས་ཁར་འཛིན་པས་ཟག་པ་མེད་པའི་བདེ་བའི་རོས་ཚིམ་པར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། ཐལ་ཆེན་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་པ། གྲུ་མོ་གཡོན་ན་ཧེ་རུ་ཀ་མཚོན་པའི་ཁ་ཊྶཱཾ་ག་བསྣམས་ཤིང་། གཅེར་མོ་བརྒྱད་གཉིས་ལོན་པའི་ལང་ཚོ་ཅན་ཞབས་གཡོན་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡས་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་ཏེ་ཡེ་ཤེས་ཀྱི་མེའི་ཕུང་པོའི་དབུས་ན་བཞུགས་པའོ། །ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་སྐུ་མདོག་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། མཚམས་ཀྱི་འདབ་མ་བཞི་ལ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་བཞིའི་སྟེང་དུ་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། །ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ལྷ་མོ་དེ་ཐམས་ཅད་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ན་གྲི་གུག་དང་ཌ་མ་རུ། གཡོན་གཉིས་ན་ཐོད་པ་དང་ཁ་ཊྶཱཾ་ག་འཛིན་པ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་འཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། ལྔ་པ་བྱིན་གྱིས་བརླབས་པ་ནི། ལྷ་དེ་དག་གི་སྤྱི་བོར་འཁོར་ལོར་ཨོཾ། མགྲིན་པར་པདྨ་ལ་ཨཱཿ སྙིང་གར་རྡོ་རྗེ་ལ་ཧཱུྃ། གཙོ་མོའི་ལྟེ་བར་ཨོཾ་བཾ། སྙིང་གར་ཧཾ་ཡཽཾ། མགྲིན་པར་སྲིཾ་མོཾ། དཔྲལ་བར་སྲིཾ་སྲིཾ། སྤྱི་བོར་ཧཱུྃ་ཧཱུྃ། ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄། སྙིང་ཁའི་འོད་ཟེར་གྱི་ལྕགས་ཀྱུས་བསྒོམ་པ་ཇི་ལྟ་བའི་ཡེ་ཤེས་ཀྱི་འཁོར་ལོ་དབང་ལྷ་རིགས་ལྔ་དང་བཅས་པ། ཕེཾ། འབར་བའི་ཕྱག་རྒྱ་མིག་གཡོན་པའི་སྟེང་གི་དཔྲལ་བའི་ཐད་ཀར་བསྐོར། མིག་གྱེན་དུ་བཟློག །རྐང་པ་གཡས་བརྐྱང་བས་གཡོན་པའི་བོལ་གོང་མནན། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དྲུག་པ་དབང་བསྐུར་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། དེ་དག་གིས་སྤྲོས་པའི་གཟུངས་མ་རྣམས་ཀྱིས་བདུད་རྩི་ལྔས་གང་བའི་བུམ་པ་འཛིན་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་པའི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་པས་དབང་བསྐུར་བ་དང་། ཆུ་དེ་ལས་བྱུང་བའི་རིགས་ཀྱི་བདག་པོ་གཙོ་མོ་ལ་རྣམ་པར་སྣང་མཛད། ཕྱོགས་མ་བཞི་ལ་རིན་ཆེན་འབྱུང་གནས། མཚམས་མ་བཞི་ལ་སྣང་བ་མཐའ་ཡས། སྒོ་མ་བཞི་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། བདུན་པ་མཆོད་པ་ནི། སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་གཟུགས་ལ་སོགས་པའི་ཡུལ་ལྔ་བཾ་ཡིག་གི་རྣམ་པར་པདྨའི་སྙིང་པོར་བསྡུས་ཏེ། དེ་ལས་སྤྲོས་པའི་མཆོད་པའི་ལྷ་མོ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ཐོགས་པ་རྣམས་ལས། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་ཅིང་། །མཛེས་ལྡན་དཀར་མོ་རྡོ་རྗེ་དྲིལ་བུ་དང་། །མེ་ཏོག་སྤུངས་པའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཨཱཿབཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། ཡིད་འོང་དུད་ཁ་རྡོ་རྗེ་དྲིལ་བུ་དང་། །བདུག་སྤོས་འཐུལ་བའི། དྷཱུ་པེ། ཀུན་སྣང་དམར་སེར་རྡོ་རྗེ་དྲིལ་བུ་དང་། །མར་མེས་གང་བའི། ཨཱ་ལོ་ཀེ །གདུང་སེལ་ལྗང་ཁུ། དྲི་ཆབ་བྱུག་པའི། གནྡྷེ། ཞལ་ཟས་སེར་མོ། བདུད་རྩིས་གང་བའི། ནཻ་ཝི་དྱེ། སྒྲ་བརྙན་སྣ་ཚོགས་རྡོ་རྗེ་དྲིལ་བུ་དང་། །པི་ཝཾ་གླིང་བུ་རྔ་ཆེན་སོགས་འཛིན་མ། །གྷཎྜྻ་ར་ཎ། དེ་ནས་དཀྱིལ་འཁོར་བའི་ལྷའི་ཞལ་ནས་བསྟོད་པ་བྱུང་བར་མོས་ཏེ། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་ཀྱིས་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ལ་བདེ་ལེགས་ཐོབ། །དེར་ནི་རྒྱུ་དང་མི་རྒྱུའི་འགྲོ་རྣམས་དང་། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་ཅིང་། །སྒྱུ་མའི་སྤྲུལ་པས་དོན་ཀུན་སྒྲུབ་མཛད་པ། །རྡོ་རྗེ་བཙུན་མོ་ཡན་ལག་མ་ལ་འདུད། །མདུན་དུ་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་མགོ་བོ་གསུམ་ལ་གནས་པའི་ཡི་གེ་ཨ་རྣམ་པར་འགྱུར་བ་ལས་ཐོད་པའི་ནང་དུ། གོ་ཀུ་ན་ཧ་ད་ལས་ཤ་ལྔ། བི་མུ་ཤུ་མ་ར་ལས་བདུད་རྩི་ལྔ། རང་རང་གི་ས་བོན་དེ་དག་གིས་མཚན་པའི་ཁར་ཨོཾ་དེའི་འོད་ཟེར་གྱིས་ཐམས་ཅད་ཀྱིས་མ་དག་པ་སྦྱངས། ཨཱཿལས་བྱུང་བའི་ཟླ་བའི་སྟེང་དུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཁ་ཊྶཱཾ་དཀར་པོ་མགོ་འཐུར་དུ་བལྟ་བས་ཁ་བཅད། རླུང་གིས་མེ་སྦར་རྫས་རྣམས་རོ་གཅིག་ཏུ་འདྲེས་པའི་རྒྱུན་ཉི་མ་འཆར་ཀ་ལྟ་བུ་ལ། རྡོ་རྗེ་ཁ་ཊྶཱཾ་དང་བཅས་པའི་ཟླ་བ་ལ་དཔའ་བོ་དང་རྣལ་འབྱོར་མའི་དབང་ཕྱུག་རྣམས་སྤྱན་དྲངས་སྙོམས་པར་ཞུགས་ནས་ཐིམ་ཡེ་ཤེས་ཀྱི་བདུད་རྩིར་ཞུ་ནས་བབས་པས་མི་ཟད་པའི་རྒྱ་མཚོ། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ཡི་གེ་ཧཱུྃ་ལས་བྱུང་བའི་རྡོ་རྗེས་མཚན་པའི་ལྕེས་མྱང་བར་བྱའོ། །སྤྲོ་བའི་སྦྱོར་བས་ལྷ་མོའི་ཚོགས་ཀྱང་ཚིམ་པར་བྱའོ། །བརྒྱད་པ་ཏིང་ངེ་འཛིན་ནི། ཨཱ་ལི་ཀཱ་ལི་བདུན་བསམས་ནས། །ཞེས་ནས། དེ་ལས་གཟུགས་ནི་ཐོབ་པར་འགྱུར། །ཞེས་པའི་བར་ཏེ་གཞན་དུ་ཤེས་པར་བྱའོ། །དེའི་རྗེས་ལ། སྙིང་གར་བཾ་ཟླ་ཉིའི་སྟེང་དུ་གནས་པ་སྔགས་ཀྱི་འཕྲེང་བ་ཤིན་ཏུ་ཕྲ་བ་མངོན་པར་བལྟས་ལ། བརྟན་པའི་སེམས་སུ་གྱུར་ནས་ལྷའི་འཁོར་ལོ་སྤྲོ་བ་དང་བསྡུ་བའི་རིམ་པས་མན་ངག་ཇི་ལྟ་བ་བཞིན་དུ་བཟླས་པར་བྱ་སྟེ། དེ་ལ་སྔགས་ནི། ཨོཾ་སརྦ་བུདྡྷ་ཌཱ་ཀ྄ི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། གཙོ་མོའི་སྙིང་པོ་དང་ཉེ་སྙིང་ངོ་། །ཨོཾ་ཌཱ་ཀ྄ི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ལཱ་མེྎ ཨོཾ་ཁཎྜྻ་རོ་ཧིྎ ཨོཾ་རཱུ་པི་ནི་ཡེ། ཨོཾ་ཀཱ་ཀཱ་ཀྵྼེ། ཨོཾ་ཨཱུ་ལཱུ་ཀཱ་ཀྵྼེ། ཨོཾ་ཤྭ་ནཱ་ཀཱ་ཀྵྼེ། ཨོཾ་སཱུ་ཀ་རཱ་ཀྵྼ། ཨོཾ་ཡ་མ་ད་དྷཱི་ཡེ། ཨོཾ་ཡ་མ་དཱུ་ཏཱི་ཡེ། ཨོཾ་ཡ་མ་དཾཥྚི་ནཱི་ཡེ། ཨོཾ་ཡ་མ་མ་ཐ་ནཱི་ཡེ། ལྷ་མོ་རྣམས་ཀྱི་སྔགས་སོ། །དེ་ནས་བདུད་རྩི་ཇི་ལྟ་བ་བཞིན་དུ་གཏོར་མ་བྱིན་གྱིས་བརླབས་ལ། འབར་བའི་ཕྱག་རྒྱ་དང་སྟང་སྟབས་བཅས་ཏེ། ཕེཾ་ཕེཾ་ཕེཾ། གུ་རུ་ཤྲཱི་བཛྭ་ཡོ་གི་ནཱི། ཨཱ་ཀཌྜྷྱ་ཡ་ཨཱ་ཀཌྜྷྱ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་བཛྭ་ཌཱ་ཀ྄ི་ནཱི་སྲྀ་ད་ཡ། ཨ་པ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿཨོཾ་ཨཱཿཧཱུྃ་སརྦ་ཝཱི་ར་ཡོ་གི་ནཱི་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་གཟུགས་ཀྱིས་དཀྱིལ་འཁོར་ཆེན་པོ་འཇིག་རྟེན་པ་ཐམས་ཅད་ཀྱི་ཤུལ་འབྲང་བ་ས་གཞི་དང་བར་སྣང་ཐམས་ཅད་གང་བར་བྱོན། ལག་པ་པད་ཀོར་བྱས་ཏེ། ས་མ་ཡ་ཧྶཾ། ས་མ་ཡ་ཧོཿལན་གསུམ། མཆོད་བྱ་མཆོད་བྱེད་གཉིས་མེད་དུ་བྱས་ཏེ། ཨོཾ་ཨཱ་ར་ལི་ཧོཿབཛྭ་ཌཱ་ཀ྄ི་ནཱི་ས་མ་ཡ་ཧྶཾ་དྲྀ་ཥྱ་ཧོཿལན་གསུམ་མམ་བཞི་ལྔར་བརྗོད་ལ་འདས་པ་རྣམས་ལ་ཕུལ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙོནྨཱ་དཱ་པསྨཱ་ར། བཛྭ་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་དཾ་བ་ལིཾ་གྲྀནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི། པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫྱ་ཐ། ཁཱ་ད་ཐ། པི་ཝ་ཐ། ཛི་གྷྲ་ཐ། མ་ཏི་པྲ་མ་ཐ། མ་མ་སརྦ་ཀ་ར་ཏ་ཡ། སད་སུ་ཁཾ་བི། བིཤུདྡྷ་ཡེ་ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ྄། མཆོད་པ་ལྔ་ཕུལ་ཏེ། རྐང་བརྒྱད་ཀྱིས་བསྟོད་ནས། སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་རྟོག་པ་བཅོམ། །ཁྱོད་ནི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་བརྗིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ།། པདྨའི་ལག་བསྐོར་བྱས་ཏེ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷཱོཧཾ། ཞེས་བརྗོད་དེ། འཇིག་རྟེན་པ་རྣམས་ལ། དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེ་ཀུན་འཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །བདེ་ལེགས་ཐམས་ཅད་འགྲུབ་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་བཞིན་ཕ་རོལ་ཚོགས་འཇོམས་ཤིང་། །དགྲ་རྣམས་ཐམས་ཅད་ཕམ་པར་མཛོད།། ཅེས་འདོད་པའི་དངོས་གྲུབ་བླངས་ཏེ། ཉེ་བར་བསྡུ་བའི་ཕྱག་རྒྱ་མི་ཕྱེད་པར་འཁྱུད་པ་སྔོན་དུ་འགྲོ་བས་མཐེ་བོང་དང་སྲིན་ལག་སེ་གོལ་བརྡབ་པར་བྱ་སྟེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །ཇི་ལྟར་བདེ་བར་བཞུགས་སུ་གསོལ། །ཨོཾ་བཛྭ་མུཿ དགུ་པ་ནི། དཀྱིལ་འཁོར་བ་ལ། རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་ཀྱིས། །གང་དག་ཆོ་གའི་བྱ་བ་ལ། །ནོངས་འགྱུར་དེ་དག་བཟོད་མཛད་རིགས། །ཀུན་ཏུ་ཞི་དང་རྒྱས་པ་རུ། །ཡོན་བདག་རྣམས་ལ་རབ་མཛད་ནས། །སངས་རྒྱས་ཡུལ་དུ་གཤེགས་ནས་སུ། །སླར་ཡང་འབྱོན་པར་མཛོད་ཅིག་མུཿ ནུས་པ་མ་མཆིས་མ་ཚང་ལྷག །སྔགས་དང་བྱ་བ་ཆོ་ག་ཉམས། །གང་བྱས་གྱུར་ཏེ་གཙོ་བོ་དང་། །ལྷ་མོ་རྣམས་ཀྱིས་བཟོད་པར་འོས། །དབང་ཕྱུག་དམ་པར་བཀའ་དྲིན་སྩོལ། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བདག་ཉིད་ལ་གཞུག་པར་བྱས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག། ཅེས་བསྔོ་བ་བྱས་ཏེ། ཚུལ་ཁྲིམས་ཙན་དན་སྐུ་ལ་བྱུག །བསམ་གཏན་གྱི་ནི་ན་བཟའ་གསོལ། །བྱང་ཆུབ་ཡན་ལག་མེ་ཏོག་བཀྲམ། །ཇི་ལྟར་བདེ་བ་བཞིན་དུ་སྤྱོད།། ཅེས་པའི་རྗེས་སྤྱོད་ལ་འཇུག་གོ །ད་ནི་ཚེས་བཅུ་ལ་སོགས་པའི་དུས་ཀྱི་ཆོ་ག་བཤད་པར་བྱ་སྟེ། སྟེགས་བུ་གཙང་མའི་ཁར་རས་བྲིས་སམ་ཚོམ་བུ་བཀོད་པའམ་རྡུལ་ཚོན་གྱི་དཀྱིལ་འཁོར་མཐའ་མ་མཆོད་པས་ལེགས་པར་བསྐོར། བུམ་པ་ནང་རྫས་སྟེང་དུ་རྣམ་རྒྱལ་ཆེན་པོ་རྡོ་རྗེ་གཟུངས་ཐག་དང་བཅས་པ་དང་། རྣལ་འབྱོར་གྱི་ཡོ་བྱད་དག་གིས་མདུན་བདར་ནས། བདུད་རྩི་རིལ་བུས་ཁ་དག་པར་བྱས་ནས་རང་སྐད་ཅིག་གིས་བཅོམ་ལྡན་འདས་མར་གསལ་བའི་སྙིང་གར་ཉི་མ་ལ་བཾ་དམར་པོ། ལག་པ་གཡོན་པའི་མཐེ་བོང་མཛུབ་མོ་གུང་སྲིན་མཐེའུ་ཆུང་རྣམས་ཀྱི་དབུས་སུ་རིམ་པ་ཇི་ལྟ་བར། ཨོཾ་བཾ་ཧཾ་ཡཽཾ་སྲིཾ་མོཾ་སྲེཾ་སྲིཾ་ཧཱུྃ་ཧཱུྃ། རྩ་བ་དང་རྩེ་མོ་རྣམས་ལ་ཕཊ྄་ཕཊ྄། བདག་བསྐྱེད་བཞིན་བདུད་རྩི་བྱིན་གྱིས་བརླབ་པ་བླངས་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུྃ་ཕཊ྄། ཤར་དུའོ། །ཨོཾ་གྲྀ་གྲྀ་ཧུཾ་ཧཱུྃ་ཕཊ྄། བྱང་དུའོ།། ཨོཾ་གྲྀ་པ་ཡ་གྲྀ་པ་ཡ་ཧུཾ་ཧཱུྃ་ཕཊ྄། ནུབ་ཏུའོ།། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧུཾ་ཧཱུྃ་ཕཊ྄། ལྷོ་རུའོ།། ཕྱོགས་སུ་སེ་གོལ་བརྡབས་པ་ཡིས། །གདུག་པའི་བདུད་ནི་བསྐྲད་པར་བྱ། །ཞེས་སྡོམ་འབྱུང་ལས་གསུངས་པ་བཞིན་བདག་ཉིད་ལ་མངོན་པར་འཐོར་བ་དང་། ཡན་ལག་ལ་འགོད་པར་བྱེད་ཅིང་འདི་ཀ་བདག་དང་གནས་དང་རྣལ་འབྱོར་གྱི་བསྲུང་བའོ། །དེ་ནས་དྲི་ཞིམ་པོའི་ཆུས་དཀྱིལ་འཁོར་བསངས་གཏོར་བྱས་ལ། དེའི་དུས་སུ་གཡོན་པའི་སྲིན་ལག་བཞག་སྟེ། པཱུ་ཛཱ་ཨོ་ཨ་གོ་ར་དེ་མཱཀཱ་ཨོ་ཏྲི་ཀོ་ཀ་ལཾ་ཀཱ་ཧི་པྲེ་གྲྀ་སཽ་སུ་ན་སི་མ་ཀུ། ཡི་གེ་ཉི་ཤུ་རྩ་བཞི་ཡོངས་སུ་གྱུར་པ་ལས། པུ་ལི་ར་མ་དང་། ཛཱ་ལནྡྷ་ར་དང་། ཨཽཌྜྷི་ཡཱ་ཎ་དང་། ཨརྤཀྵྭ་ཏ་བཞི་གནས་ཏེ་ས་རབ་ཏུ་དགའ་བ། གོ་དཱ་ཝ་རི་དང་། ར་མེ་ཤྭ་རི་དང་། དེ་ཝི་ཀོ་ཊ། མཱ་ལ་ཝ་བཞི་ཉེ་བའི་གནས། ས་དྲི་མ་མེད་པ། ཀཱ་མ་རུ་དང་། ཨོ་ཏྲེ་གཉིས་ཞིང་། ས་འོད་བྱེད་པ། ཏཱི་ཤ་ཀུ་ནེ་དང་། ཀོ་ས་ལ་གཉིས་ཉེ་ཞིང་། ས་འོད་འཕྲོ་བ། ཀ་ལིངྐ་དང་། ལཾ་པ་ཀ་གཉིས་ཚནྡོ། ས་སྦྱང་དཀའ་བ། ཀཱཉྩྨི་དང་། ཧི་མ་ལཱ་གཉིས་ཉེ་བའི་ཚནྡོ། ས་མངོན་དུ་གྱུར་པ། པྲེ་ཏ་པུ་རི་དང་། གྲྀ་ཧ་དེ་ཝ་གཉིས་འདུ་བ། ས་རིང་དུ་སོང་བ། སཽ་རཥྚ་དང་། སུ་ཝརྞ་དྭཱི་པ་གཉིས་ཉེ་བའི་འདུ་བ། ས་མི་གཡོ་བ། ན་ག་ར་དང་། སིནྡྷུ་གཉིས་དུར་ཁྲོད། ས་ལེགས་པའི་བློ་གྲོས། མ་རུ་དང་ཀུ་ལུ་ཏ་གཉིས་ཉེ་བའི་དུར་ཁྲོད། ས་ཆོས་ཀྱི་སྤྲིན་ཞེས་བརྗོད་ཅིང་ཡུལ་དེ་དག་ཏུ་གནས་པའི་མཁའ་འགྲོའི་ཚོགས་དང་བཅས་པར་བསམ་པར་བྱའོ།། སྤྲུལ་སྐུའི་རྣལ་འབྱོར་རོ། །དེ་ནས། ཨོཾ་ཤཱུནྱ་ཏཱ། ཞེས་ནས། ཁ་སྦྱོར་གྱི་དབུས་སུ་སྙིང་གའི་ས་བོན་ལས་རྣམ་པར་སྤྲོས་པའི་བཾ་ཡིག །དེ་རྣམས་རོ་གཅིག་ཏུ་ནས། ཡེ་ཤེས་པ་སྤྱན་དྲངས་པའི་བར་བདག་བསྐྱེད་བཞིན་ལ། དེ་དག་ལ་ཉེར་སྤྱོད་ལྔས་མཆོད། ཛཿཧཱུྃ་བཾ་ཧོཿདམ་ཚིག་གི་འཁོར་ལོ་ལ་བཅུག་པ་ནས་རྒྱས་བཏབ་ཀྱི་བར་ཡང་དེ་བཞིན་ལ། ཡིད་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་མེ་ཏོག་ལ་སོགས་པས་མཆོད་པར་མོས་ཏེ། རྣམ་པར་སྦྱངས་པའི་ལག་པ་གཡོན་པས་མེ་ཏོག་ཨོཾ་ཨཱཿཧཱུྃ་གིས་བཅོམ་ལྡན་འདས་མ་ལ་ཕུལ་ཞིང་། ཡང་སྙིང་པོ་དང་ཉེ་སྙིང་གི་སྔགས་དག་ནས་གཤིན་རྗེ་འཇོམས་མ་ལ་ཐུག་གི་བར་རང་རང་གི་སྔགས་ཀྱིས་ཕྱོགས་གཡོན་སྐོར་དང་མཚམས་གཡས་སྐོར་གྱིས་མཆོད་པར་བྱའོ། །དེ་བཞིན་བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་འབུལ་བ་ཕྱི་མཆོད། མཐོན་མཐིང་འོད་ཆགས་རྡོ་རྗེ་པི་ཝཾ་མ། །རྒྱུད་མངས་སྙན་པའི་སྐད་ཀྱིས་ཡིད་སྒྱུར་བྱེད། །རྡོ་རྗེ་རིག་མ་དགའ་བའི་རོལ་པ་འདིས། །བཅོམ་ལྡན་འདས་མ་རྡོ་རྗེའི་ཡིད་དགྱེས་མཛོད། །ཨོཾ་ཨཱཿབཛྭ་ཝཱི་ནེ་ཧུཾ་ཧཱུྃ་ཕཊ྄། མཆོག་གི་གསེར་མཚུངས་རྡོ་རྗེའི་གླིང་བུ་མ། །སྙན་འགྱུར་རིན་ཆེན་གླིང་བུ་སྒྲ་དབྱངས་ཅན། །ཝཾ་སེ། བིམྦ་ལྟར་དམར་རྡོ་རྗེ་རྫ་རྔ་མ། །སྐད་སྙན་ལྷ་རྫས་བཟང་པོའི་རྫ་རྔ་འཁྲོལ། མུ་རཉྫྱེ། མརྒད་མདོག་མཚུངས་རྡོ་རྗེ་རྔ་ཆེན་མ། །རྔ་ཆེན་ཆེར་སྒྲོགས་ནམ་མཁའི་ཕྱོགས་ཀུན་འགེགས། །མྲྀ་ཏཾ་གེ པདྨ་རཱ་གའི་མདངས་ལྡན་བཞད་པ་མོ། །འཛུམ་ཞལ་དགྱེས་པའི་བཞིན་གྱིས་ཀུན་དགའ་བསྐྱེད། །ཧཱ་ཀྵྼེ། མཐོན་ཀ་ཆེན་པོའི་འོད་འཛིན་རབ་སྒེག་མོ། །རྡོ་རྗེ་དྲིལ་འཆང་དཀུར་བརྟེན་སྙེམས་པའི་ཚུལ། །ལཱ་ཀྵྼེ། བཙོ་མའི་གསེར་མདོག་རྡོ་རྗེ་གླུ་དབྱངས་མ། །ཤེས་རབ་དབྱངས་སྙན་རྣ་བའི་བཅུད་ལེན་མཁན། །གཱི་ཏཱི། རྨ་བྱའི་སྤུ་ལྟར་སྔོ་ལྗང་གར་མཁན་མ། །མཉེན་ལྕུག་ཡན་ལག་མཆོག་གི་བྲོ་གར་བསྒྱུར། །ནྲྀ་ཏྱེ། སྟོན་ཟླ་ལྟར་དཀར་རྡོ་རྗེ་མེ་ཏོག་མ། །ལྷ་རྫས་མེ་ཏོག་བྱེ་བའི་ཆར་འབེབས་བྱེད། །པུཥྤེ། སྔོ་སྐྱ་དུད་སྤྲིན་རྡོ་རྗེ་བདུག་པ་མ། །མཁའ་ཁྱབ་དྲི་ཞིམ་བདུག་པའི་སྤོས་སྤྲིན་ཅན། །དྷཱུ་པེ། གུར་ཀུམ་གཞོན་ནུའི་ལུས་ཅན་སྣང་གསལ་མ། །རིན་ཆེན་སྣང་བས་ཕྱོགས་བཅུའི་མུན་སེལ་བྱེད། །དཱི་པཾ། འཆར་ཀའི་མདོག་ལྟར་དམར་སྐྱ་བྱུག་པ་མ། །ལེགས་སྦྱར་དྲི་མཆོག་དགེ་བས་རྙོག་པ་སེལ། །གནྡྷེ། ཁ་བ་དུང་ལྟར་རྣམ་དཀར་གཟུགས་བརྙན་མ། །རྣམ་དག་རིན་ཆེན་དངུལ་དཀར་མེ་ལོང་གཡོབ། །རཱུ་པ། ལེ་བརྒན་རྩི་ལྟར་ལུས་དམར་རོ་ལྡན་མ། །བདུད་རྩིའི་བཅུད་ལྡན་ལྷ་ཡི་ཞལ་ཟས་འཛིན། །རཱ་ས། དཱུར་བའི་འདབ་ལྟར་ལྗང་སེར་རེག་བྱ་མ། །རེག་པའི་བདེ་བ་མཆོག་སྟེར་ན་བཟའ་འཛིན། །སྤརྴེ། ཀུནྡ་ཀུ་མུད་རྒྱས་འདྲ་ཆོས་དབྱིངས་མ། །རྒྱལ་བ་ཀུན་སྐྱེད་སྐྱེ་གནས་ཕྱག་རྒྱ་ཅན། །དྷརྨ་དྷཱ་ཏུ། ནང་མཆོད་དོ། མཆོད་དོ་ཕུད་ཐམས་ཅད་ཀྱི་མངའ་བདག །རིགས་ཐམས་ཅད་ཀྱི་དབང་ཕྱུག །དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ། རྩ་རྒྱུད་ཀྱི་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་སརྦ་བུདྡྷ་ཌཱ་ཀ྄ི་ནས། ཡ་མ་མ་ཐཱ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། པཉྩྨ་སོགས་སྦྱར། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པའི། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་གྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་པོ་བྱ་རོག་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་པ་ཆོས་སྐྱོང་བ་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ། གཞན་ཡང་ཡུལ་ཕྱོགས་འདི་ཉིད་ན་གནས་པ་ལ་སོགས་པའི་ལྷ་མ་སྲིན་སྡེ་བརྒྱད། འགྲོ་བ་རིགས་དྲུག །སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ། གསང་མཆོད་དོ། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང་། །ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་། །ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། །འཕེལ་བའི་མི་འགྱུར་བདེ་བས་མཆོད།། དེ་ཁོ་ན་ཉིད་ཀྱི་མཆོད་པའོ།། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བསྒྱུར་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨུགས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་ཁྱོད་ལ་བདུད། །དཔལ་ལྡན་རྡོ་རྗེ་དང་། ཇི་སྙེད་རྡོ་རྗེ། ཞེས་པས་བསྟོད། ལག་པ་གཡོན་པའི་མཐིལ་དུ། པདྨ་དམར་པོ་འདབ་མ་ལྔ་པའི་ལྟེ་བ་ལ། ཨོཾ་བཾ་ཕག་མོ་དམར་མོ་མདུན་ནས་གཡོན་སྐོར་གྱིས། ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། སྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། སྲིཾ་སྲིཾ་སྲེག་བྱེད་མ་སེར་མོ། ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་ཁུ། ཕཊ྄་ཕཊ྄་ཙཎྜྻི་ཀ་དུད་ཁ། མཐེ་བོང་ལ། ཨོཾ་ཧཿརྡོ་རྗེ་སེམས་དཔའ་དཀར་པོ། མཛུབ་མོ་ལ་ན་མ་ཧི་རྣམ་པར་སྣང་མཛད་སེར་པོ། གུང་མོ་ལ་སྭ་ཧ་ཧུ་རིན་ཆེན་འབྱུང་གནས་དམར་པོ། སྲིན་ལག་ལ་བཽ་ཥ་ཊ་ཧེ་ཧེ་རུ་ཀ་ནག་པོ། མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་ཧོཿའོད་དཔག་མེད་མཐིང་ཀ །སེན་མོ་རྣམས་ཀྱི་ངོས་ལ་ཕཊ྄་ཧཾ་རྟ་མཆོག་ལྗང་ཁུའམ་སྔགས་འདམ་ངའོ།། ཨོཾ་བཾ་སོགས་རང་སྔགས་ཀྱི་མཐར། པུཥྤེ་དྷཱུ་པེ་ཞེས་ནས་ཤཔྟའི་བར། མཛེས་མ་འདི་དག་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རིགས་ལྔ་ལས་བྱུང་འདི་ཕུལ་བས། །རིག་མའི་བརཏལ་ཞུགས་མཐར་ཕྱིན་ཤོག། ཅེས་རིག་མ་དང་། བཟའ་བཏུང་། ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །རྒྱལ་བའི་ཡེ་ཤེས་ལྔ་ཐོབ་ཤོག །སརྦ་པཉྩྨཨ་མྲྀ་ཏ་པཱུ་ཛ་ཁཱ་ཧིས་མཆོད། དེ་ནས་སོར་མོའི་ལྷ་རྣམས་ལག་མཐིལ་དུ་བྱོན་ཏེ་ཡབ་ཡུམ་རྗེས་སུ་ཆགས་པ་མཛད་པ་ལག་པའི་རྒྱབ་ཏུ་མེ་ལོང་དྭངས་པའི་གཟུགས་བཞིན་དུ་གསལ་བར་སྣང་། དེ་ནས་ཡབ་ཡུམ་དེ་དག་ས་ལ་སོགས་པ་ཁམས་དྲུག་གི་ལྷ་མོ་ཆང་གི་ཁུ་བས་བྱུགས་ཏེ་ལག་པ་དེ་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པའི་འཁོར་ལོ་གསུམ་གྱི་ངོ་བོ་ཡུལ་ཉི་ཤུ་རྩ་བཞིར་གྱུར་པ་ལ་ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ། མཧཱ་ཀལྤགྣི་སནྣི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོཏྐྲ་ཊཱ་ཡ། དཾཥྚྲུ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུཾ་ཛ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོདྱ་ཏ་ཤཱུ་ལ་ཁ་ཊྶཱཾ་ག་དྷཱ་རི་ཎེ། བྱཱགྷྲ་ཛི་ནཱམྦ་རདྷ་རཱ་ཡ། མ་ཧཱ་དྷཱུ་མབྲ་ནྡྷ་ཀཱ་ར་ཝ་པུ་ཥཱ་ཡ། པུཥྤེ་སོགས་ཀྱིས་མཆོད། དེ་ནས་ཕུལ་བའི་མེ་ཏོག་དེ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། སྲཽཾ་སྲཽཾ་ སྲ་སྲཿཕེཾ་ཕེཾ་ཕཊ྄་ཕཊ྄། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལཾ་བི་ནེ། གྲྀ་གྲྀ། སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་གཱཾ་སརྤམྭཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷྱ་ཨ་ཀཌྜྷྱ། སྲཱིཾ་སྲཱིཾ། ཛཎཽཾ་ཛཎཽཾ། ུཾ་ུཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ་ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུྃ་ཧཱུྃ་ཕཊ྄། ཅེས་པའི་མཐར་དཀྱིལ་འཁོར་དུ་དོར། ཡང་བླངས་ནས་ཐལ་མོ་སྦྱར་བ་སྔོན་དུ་འགྲོ་བས་མགོ་བོར་བཞག་གོ །ལྷའི་འཁོར་ལོ་དེ་ཡང་བདག་ཉིད་ལ་ཞུགས་པར་གྱུར་ཅེས་ཡི་གེ་བརྒྱ་པའི་སྔགས་བརྗོད་དོ། །དེ་ནས་ཕྱོགས་ཀྱི་བདག་པོ་རྣམས་ལ་གཏོར་མ་སྦྱིན་པའི་ཕྱིར། ཕྱི་རོལ་དུ་སོང་ནས། ཤར་དུ་ཨིནྟྲ་ས་པཱ་རི་ཝཱ་ར་ན་ཨཱ་ཀརྵ་ཡ་ཛཿཛཿཧཱུྃ་བཾ་ཧོཿཞེས་བཀུག །ཨོཾ་ཨཱཿཧཱུྃ་གིས་གཏོར་མ་བྱིན་གྱིས་བརླབས་ནས། ཨིནྡྲ་ས་པ་རི་ཝཱ་རེ་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་ལ་སོགས་པས་ཕུལ། སཾ་ཏྲིཔྟ་སརྦ་དེ་ཝ་ཏཱ་སཱ་དྷ་ཀ་ཀྵྼེ་ཤནྟིཾ་ཀུ་རུ་སརྦ་ཀརྻན་ཏུ་སིདྡྷིརྦ་ཏི་ཡ་ཐཱ་སུ་ཁཾ་སུ་ཥེ། དམ་ཅན་རྒྱ་མཚོ་སོགས་ཀྱིས་འདོད་པའི་དོན་གསལ་ལོ། །མེ། ་ཨགྣི། ལྷོ། ་ཡ་མཱ། ལྷོ་ནུབ་ཏུ། རཱཀྵ་ས། ནུབ། ཏུ་བཱ་རུ་ཎ། ནུབ་བྱང་དུ། བཱ་ཡུ། བྱང་དུ། ཀུ་བེ་ར། དབང་ལྡན་དུ། མ་ཧཱ་བྷཱུ་ཏ། སྟེང་དུ། ཙནྡྲ་སཱུརྻ་བྲ་་ཨརྻ་དེ་ཝ་ཏ། འོག་ཏུ། བཻ་ཙི་ཏྲི་པྲི་ཐི་ཝཱི། དེ་ཝ་ཏ། གཞན་འདྲ། རྒྱས་པ་ལ། པུཥྚིཾ་ཀུ་རུ། སོགས་འདོན་པ་བསྒྱུར་བ་ཙམ་མོ། །ནང་དུ་ཞུགས་ནས་ཅང་ཏེའུ་འཁྲོལ་ཞིང་། སྦྱིན་པ་ལ་སོགས་ཐམས་ཅད་ཀྱིས་ནི་འགྲོ་བའི་ཡིད་ཀྱི་འདོད་པ་མཆོག་ནི་ཀུན་རྫོགས་མཛད། །ཧེ་རུ་ཀ་དཔལ་མཁའ་འགྲོ་མ་སོགས་རྣམ་རྟོག་གཏི་མུག་གྲོང་ཁྱེར་ཐམས་ཅད་ཕྱེ་མར་བརླགས། །གང་ཞིག་འཁོར་ལོ་རབ་ཏུ་བསྐོར་ཞིང་བླ་མ་རྒྱལ་བའི་ཡེ་ཤེས་འབྱུང་གནས་མཐར་ཕྱིན་མཛད། །དེ་ནི་སྙིང་རྗེ་ཆེན་པོའི་དབང་གྱུར་འཕགས་པ་རྣམས་ཀྱིས་རྟག་ཏུ་མྱུར་བར་བཀྲ་ཤིས་ཡིན།། ཞེས་པའི་གླུ་ལེན་ཞིང་དཀྱིལ་འཁོར་གྱི་ས་གཞི་དེ་ལ་ལན་གསུམ་དུ་བསྐོར་རོ། །དེ་ནས་འདུག་སྟེ་སྡིག་བཤགས་ནས་བཟླས་པའི་བར་བྱས། བདག་ཉིད་ལས་དཀྱིལ་འཁོར་གྱི་འཁོར་ལོ་བྱེ་ནས་སྔར་གྱི་སར་བཞུགས་པར་བསམ་ལ། བུམ་པ་བསང་གཏོར་བྱས། ཨོཾ་ཤཱུནྱ་ཏཱས་སྟོང་པར་དམིགས། བྷྲཱུཾ་བྷྲཱུཾ་ལས་ཕྱི་རིན་པོ་ཆེའི་བུམ་པ་ནང་ཡངས་པའི་དབུས་དང་རྣམ་རྒྱལ་ཆེན་པོ་པདྨ་འདབ་བརྒྱད་དང་ཉི་མ་ལ་བཅོམ་ལྡན་འདས་ནས། དྲག་མོའི་གཟུགས་ཅན་དུ་གྱུར། ལས་བུམ་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ཁུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་གཡོན་བརྐྱང་གིས་བཞུགས་པ། གནས་གསུམ་བྱིན་བརླབ་གོ་ཆ། ཡེ་ཤེས་སྤྱན་དྲངས་གི་བར་བྱས། འོག་ནས་འབྱུང་བ་བཞིན་ཆུ་གསུམ་ཉེར་སྤྱོད་ལྔའི་སྔགས་ཀྱིས་མཆོད། ཡེ་ཤེས་ཀྱི་འཁོར་ལོ་དེ། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར་པ་ལས། རྒྱས་བཏབ་ཀྱི་བར་བྱས། ཡིད་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས། ཨོཾ་བཛྭ་ཝཱ་རཱ་ཧི་པྲ་ཝར་སཏྐྲ་རཱ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། ཞལ་བསིལ་ཕུལ། ཧི་ཡན་འདྲ། ཨརྒྷཾ་མ་མ། ཏཏྟྭཾ་གྲྀ་སིདྡྷི་མེ་པྲ། མཆོད་ཡོན། ཧི་ས་ཏུ་ད་ཀ་ཞབས་བསིལ། ལྷ་ཡི་མེ་ཏོག་ཤིན་ཏུ་འབར། །ལྷ་ཡི་དྲི་ཡིས་ཉེ་བར་བྱུགས། །མེ་ཏོག་བཟང་པོ་འདི་བཞེས་ལ། །གནས་འདི་ཉིད་དུ་བཞུགས་སུ་གསོལ། །པུཥྤེ། ཙན་དན་གུར་ཀུམ་སྦྱར་བ་ཡི། །དྲི་མཆོག་བདུག་སྤོས་དམ་པ་འདི། །དབང་པོའི་སྒོ་རྣམས་ཚིམ་པའི་མཆོག །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། །དྷཱུ་པེ། མར་མེ་འོད་བཟང་འབར་བ་འདི། །ངན་འགྲོའི་མུན་པ་འཇོམས་བྱེད་པ། །ལྷ་ཡི་མིག་འབྱེད་དམ་པ་འདི། །བདག་ལ་དགོངས་ཏེ། དཱི་པཾ། སྣ་ཚོགས་ལྷ་ཡི་དྲི་དང་ལྡན། །སྣ་ཚོགས་ག་བུར་གྱིས་ནི་བརྒྱན། །སྣ་ཚོགས་ཧཱུྃ་ལས་ཡང་དག་བྱུང་། །དྲི་མཆོག་འདི་དག གནྡྷེ། ཁ་དོག་དྲི་དང་རོ་ལྡན་པ། །བཟའ་བའི་བྱེ་བྲག་སྣ་ཚོགས་པ། །ཞལ་ཟས་ཐམས་ཅད་ཕུན་སུམ་ཚོགས། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ནཻ་ཝིདྱེ། བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་པའི་འཕྲུལ། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། །བརྒྱད་གཉིས་ལང་ཚོ་དཔལ་འབྲས་ནུ་འབུར་མ། །བཅུ་དྲུག་དགའ་བའི་ཆ་ཤས་ཡོངས་རྫོགས་མ། །ཉ་རྒྱས་ཟླ་བ་དག་པའི་བཞིན་རས་མ། །ཚིམ་ཞིང་གསལ་ལ་བདུད་རྩིའི་འོད་ལྡན་མ། །རྡོ་རྗེ་རིག་མའི་ལྷ་མོས་དེང་མཆོད་ན། །མཆོག་ཏུ་བདེ་བ་དམ་པའི་མཆོག་སྦྱིན་མཛོད། །ཝཱི་ནེ་སོགས་འགྲེ། བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་པའི་འཕྲུལ། རྒོད་དང་དྲེགས་ལྡན་གླུ་དབྱངས་བྲོ་གར་མཁན། །ཟུར་མིག་འཕེན་མཁས་འདོད་པའི་མདའ་མཁན་མ། །འཆི་མེད་ན་ཆུང་སྒྱུ་མའི་འཇོ་སྒེག་མ། །ཡིད་འཕྲོག་དཔའ་མོ་རྡོ་རྗེའི་གླུ་དབྱངས་མ། །འགྱིང་གཟུགས་གློག་འདྲ་གར་དགུའི་རྩེ་འཇོ་མ། །རྡོ་རྗེ། མེ་ཏོག་བདུག་པ་སྣང་གསལ་དྲི་མཆོག་འཛིན། །རྣམ་རྒྱལ་པད་དཀར་གཞོན་ནུ་ཞལ་མཛེས་མ། །དྲི་ཞིམ་མ་ལི་གསར་པའི་རོ་ལྡན་མ། །མཚར་སྡུག་འོད་ཀྱིས་ཕྱོགས་ཆ་རྣམས་འགེངས་མ། །ག་བུར་ཙན་དན་ཤིང་ལྟར་གདུང་སེལ་མ། །རྡོ་རྗེ། གཟུགས་བཅུད་རེག་བྱ་ཆོས་དབྱིངས་ལྷ་མོ་ནི། །མཛེས་སྡུག་དཔེ་བྱད་བཟང་པོའི་དཔལ་ལྡན་མ། །མ་མཆུ་བདུད་རྩི་གཙང་བའི་རོ་ལྡན་མ། །རེག་བྱས་དབང་པོ་ཀུན་ནས་ཚིམ་བྱེད་མ། །བསམ་ཡས་ལྷན་ཅིག་སྐྱེས་དགའི་འབྱུང་གནས་མ། །རྡོ་རྗེ། རིག་མའི། སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། རྐང་པ་བརྒྱད་པས་བསྟོད། གཙོ་མོའི་སྔགས་བརྒྱ་རྩ་བརྒྱད། གཞན་རང་རང་གི་སྙིང་པོ་བདུན་བདུན་བཟླས། སྔགས་འཕྲེང་གཟུངས་ཐག་ལ་འཁྲིལ། དེ་རྣམ་རྒྱལ་ཆེན་པོའི་ལྷ་རྣམས་ཀྱི་ཐུགས་ཀར་ཞུགས། དེ་འོད་དུ་ཞུ་ནས་བུམ་པ་ལ་ཐིམ། དེ་དག་བདུད་རྩིར་ཞུ་བར་བསམ་མོ།། གཞན་ལ་བསྐུར་བ་དང་རབ་ཏུ་གནས་པ་སོགས་ཀྱང་མཚམས་འདིར་བྱའོ། །ཚོགས་ཀྱི་འཁོར་ལོའམ་སྟོན་མོ་གཉིས་གང་བྱེད་ཀྱང་རུང་བདག་བསྐྱེད་བཞིན་གཏོར་མ་བཏང་། ཚོགས་ཀྱི་བདག་པོའི་མདུན་དུ་སྟག་ལྤགས་ལ་སོགས་པའི་གཡང་གཞིའི་སྟེང་དུ་ཆང་དང་བཟའ་བ་རྣམས་བཤམས་ཏེ། བདུད་རྩི་རིལ་བུ་བཏབ་ལ་བྱིན་གྱིས་བརླབས་པའི་ཆང་གིས་བསང་གཏོར་བྱས་ལ། དེ་ནས། ལག་པ་གཡོན་བཀབ་ལ་ཨོཾ་ཡིག་གིས་སྦྱང་བར་བྱའོ། །ལག་པ་གཡས་པ་བཀབ་ཨཱཿཡིག་གིས་རྟོགས་པར་བྱའོ། །སྙིམ་པ་བཀབ་སྟེ་ཧཱུྃ་ཡིག་གིས་སྦར་བར་བྱའོ། །མཁའ་ལྡིང་གི་ཕྱག་རྒྱ་དང་ཧོཿཡིག་གིས་བདུད་རྩིར་བྱ་ཞིང་། ཧཱུྃ། དབྱིངས་སྲིད་ཞི་ཀུན་ཏུ་འཆར་བའི་མ། །དཔལ་རྡོ་རྗེ་ཡན་ལག་མ་མོའི་འཕྲུལ། །མཚན་ཡེ་ཤེས་ཀུན་ལྡན་ཀ་པཱ་ལ། །དེ་བསམ་གྱིས་མི་ཁྱབ་ནམ་མཁའ་ཙམ། །ཨཱ་ར་ལི་རྣལ་འབྱོར་གྱི་འདུས་པ་ལ། །འདོད་ཡོན་གྱི་ལོངས་སྤྱོད་མི་ཟད་པ། །ཧ་ཧོཿསྲིཿཁ་དོག་དྲི་རོའི་ཚོགས། །མཆོག་རྣམ་པ་ཀུན་ལྡན་སྟོང་པའི་དཔྱིད། །ཨོཾ་ཨཱཿཧཱུྃ་སྦྱངས་རྟོགས་སྦར་བ་ན། །དཔལ་མི་འགྱུར་བདེ་བ་ཆེན་པོའི་གནས། །ས་ཧ་ཛ་སོ་སོ་རང་རིག་གིས། །ཁ་སྦྱོར་གྱི་འཁོར་ལོ་གཅིག་ཏུ་བསྡམ།། ཞེས་བྱིན་གྱིས་བརླབས་ཏེ། ཆང་གི་ཐིག་ལེས་གཡོན་པའི་མིང་མེད་ཀྱི་རྩེ་མོས་ས་ལ་ཆོས་འབྱུང་གྲུ་གསུམ་བྱས་ལ། དེའི་དབུས་སུ་ཐིག་ལེ་ལྟར་ཟླུམ་སྐོར་ལ། ཧཱུྃ། ཐུགས་ཟུང་འཇུག་རྒྱལ་བ་ཀུན་གྱི་དངོས། །གསུང་ཆོས་ཀྱི་འཁོར་ལོ་ཐམས་ཅད་པ། །སྐུ་རྣམ་པ་ཀུན་ལྡན་ཚོགས་ཀྱི་མཆོག །སྐྱབས་གསུམ་གྱི་འདུས་པ་བླ་མ་རྗེ། །འཁོར་བརྒྱུད་པའི་བླ་མ་ཉི་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོལ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུར་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིང་ངེ་ངེ་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་འདི་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་གནང་ནས་ཀྱང་། །ཡབ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །དཀྱིལ་འཁོར་གྱི་པདྨའི་སྙིང་པོ་ཀུན། །རིས་མེད་པ་རྒྱལ་བའི་ཟེའུ་འབྲུས་གང་། །དངོས་གྲུབ་ཀྱི་ཟིལ་མངར་ཅི་དང་ཅི། །ཡིད་བཞིན་དུ་འབྱུང་བ་ལྷག་པའི་ལྷ། །འཁོར་ཡི་དམ་ལྷ་ཚོགས་ཉིལ་ལི་ལི། །ལྷ་ཁྱེད་དང་། འགྱུར་བ་མ་གཏོགས་འདྲ། ནང་ཡེ་ཤེས་ཉི་མ་ཟླ་བའི་རྫུ། །བར་ཆད་ཀྱི་མུན་པ་མཐར་བྱེད་ཅིང་། །ཡིད་སྐྱོབ་ཀྱི་སྣང་བ་ཀུན་སྟོན་པ། །ཡུམ་རྡོ་རྗེ་བཙུན་མོ་རིགས་ལྔའི་སྡེ། །འཁོར་དཔའ་བོ་མཁའ་འགྲོ་ཉི། མ། ཁོང་བདུད་བཞིའི་གཡུལ་ངོ་རླག་བྱེད་དུ། །དཔལ་རྒྱལ་བ་རྒྱ་མཚོའི་སྙིང་རྗེའི་སྟོབས། །ལྷ་མི་བཟད་ཁྲོས་པ་དཔའ་བོའི་སྡེ། །མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་ལ། །འཁོར་དྲེགས་པའི་ལྷ་ཚོགས་ཉི། མགོན་ཁྱེད་དང་། ཞེས་སྤྱན་དྲངས་ནས། ཆོས་འབྱུང་ནམ་མཁའི་ཁམས་ཁྱབ་པ་ཙམ་དུ་སོང་བའི་སྟེང་གི་ཆར་བླ་མ། འོག་གི་ཆར་ཡི་དམ་བསྒོམས་པ་བཞིན་ལ་གསང་སྔགས་ཀྱི་ལྷ་ཐམས་ཅད་གནས་གསུམ་གྱི་མཁའ་འགྲོ་དང་མཁའ་འགྲོ་མ། འོག་ཏུ་དམ་པ་ཆོས་སྐྱོང་བའི་བསྲུངས་མ་ཞིང་སྐྱོང་ཕོ་མོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་བསམས་ལ། ལས་ཀྱི་རྡོ་རྗེས་ཕྱག་གསུམ་བཙལ། ཚོགས་ཕུད་དང་པོ་འབུལ་བ་ལ་ཐུགས་གཏད་པར་ཞུ་བྱས་ལ། ཧཱུྃ། རྗེ་སྲིད་ཞིའི་ཕན་པ་ཐམས་ཅད་དུ། །ཆུ་ཟླ་བཞིན་འགོག་པ་མེད་འཆར་བ། །དཔལ་དང་པོའི་མགོན་པོ་བླ་མའི་ཞབས། །བཀའ་བརྒྱུད་ཀྱི་རྗེ་བཙུན་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྤར་ཏེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོས་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བའི། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་ནི། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ། །ཚོགས་ཕུད་གཉིས་པ་ལ། ཨོཾ་སརྦ་བུདྡྷ་སོགས་ལ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི་བཏགས་པས་དཀྱིལ་འཁོར་ལ་ཕུལ། གསུམ་པ་ལ། ཧཱུྃ ཞི་བ་དང་ཁྲོ་ཆགས་ཐམས་ཅད་པ། །སྒྱུ་འཕྲུལ་གྱི་ཟློས་གར་ལ་ཤར་ནས། །དཀྱིལ་འཁོར་གྱི་འཁོར་ལོའི་མགོན་མཛད་པ། །ཡི་དམ་གྱི་ལྷ་ཚོགས་རྒྱ་མཚོ་ལ།། དེ་ཡན་སྔར་བཞིན་གྱིས་ཕུལ། བཞི་པ། ཧཱུྃ། འཁོར་འདས་ཀྱི་ངོ་མཚར་མ་ལུས་པ། །གཉིས་མེད་ལས་གཉིས་སུ་སྟོན་བྱེད་པའི། །སྲས་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ། །དཔའ་བོ་དང་ཌཱ་ཀ྄ི་རྒྱ་མཚོ་ལ།། ལྔ་པ་ལ། བདུད་ཚོགས་ལ་བདུད་དང་ཆོས་པར་གཉེན། །སྙིང་རྗེ་ལས་རྣམ་པ་ཐམས་ཅད་པ། ཁྲག་འཐུང་གི་རྒྱལ་པོ་དགའ་མར་བཅས། །དམ་ཅན་གྱི་ཆོས་སྐྱོང་རྒྱ་མཚོ་ལ།། ཞེས་པས་ཕུལ། ཡུལ་དེའི་ཞིང་སྐྱོང་དང་གྲོང་གི་བདག་པོ་དང་། ཨོཾ་ཡིག་དང་། དབུས་སུ་མིང་དང་། མཐར་ཨཱཿཧཱུྃ་ཆེ་གེ་མོ་ཨི་དཾ་བ་ལིཾ་ཏ་གྲྀ་སརྦ་ས་ཏྭ་ན་མཿཤཱིནྟི་ཙིཏྟ་ཀུ་རུ་ཀུ་རུ་སྭཱཧཱ། དབུས་སུ་མིང་ཞེས་པ། དེ་དག་གི་མིང་འབྲུ་བཞི་ཡོད་ན་མཉམ་པས་ཡི་གེ་དང་པོ་མིང་ཡིན་པས་དེ་འཇུག །གསུམ་ན་མི་མཉམ་པ་ལ་གསུམ་པ་མིང་དུ་འགྱུར་བས་དེ་འཇུག་པ་ཡིན་ནོ། །དེས་འགྲེའོ།། ཨོཾ་ཧཱ་རི་ཏི་པིཎྜྻ་ཀེ་པྲ་ཏཱིཙྪ་སྭཱཧཱ། འཕྲོག་མའི་ཆང་བུའི་སྔགས། ཨོཾ་དུ་ཏཱི་ཀེ་ཨ་གྲ་གྲ་སཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་ཨཱཿཧཱུྃ་ཞེས་བསྔགས་ནས་བཟའ་བའི་མཐའ་ཇི་སྲིད་པ་ལ་གཞག་གོ །དེ་ནས་ལས་ཀྱི་རྡོ་རྗེས་བཟའ་བ་སྡེར་དུ་ཕུལ་ཞིང་བཏུང་བ་པདྨའི་སྣོད་དུ་འབུལ་ཏེ་བསྐོར་བ་གསུམ་བྱས་ནས། དྲི་དང་བདུག་པ་དང་མེ་ཏོག་ལ་སོགས་པ་རྣམས་ཀྱི་མཆོད་ནས་གསོལ་བ་གདབ་པར་བྱ་སྟེ། བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཐོབ་པར་གྱུར་ཅིག ཅེས་པས་སོ། །དེ་ནས་ལོངས་སྤྱོད། བརྟག་གཉིས་བཞིན་རྡོ་རྗེའི་གླུ་དང་གར་བྱ། ལྷག་མ་བསྡུས། རྡོ་རྗེ་སློབ་དཔོན་གྱིས་འབར་བའི་ཕྱག་རྒྱ་དང་བཅས་པས་མྱོས་བྱེད་ཀྱི་ཁ་ཕྲུ་བཏབ་སྟེ། ཧཱུྃ། མ་རྡོ་རྗེ་བཙུན་མོ་ཁྲོས་པའི་གཟུགས། །འཁོར་གནས་དང་ཕོ་ཉ་འཇིག་རྟེན་པ། །དམ་ཚིག་དང་ཤ་ཟའི་ཌཱ་ཀ྄ི་མ། །མདངས་དཀར་སེར་དམར་ལྗང་སྔོ་དང་ཁྲ། །ལུས་གློག་འཁྱུག་མེ་དཔུང་འུ་རུ་རུ། །ངག་ཤུགས་གླུ་ཞུད་པོ་དི་རི་རི། །ཡིད་སངས་རྒྱས་བསྟན་ལ་དུང་ངེ་ངེ་། །ལས་སྲིད་གསུམ་མྱུལ་ལ་ཤར་ར་ར། །མཐོ་ནམ་མཁའི་དབྱིངས་ནས་བྱ་ར་བྱེད། །དམ་ཉམས་པའི་སྟེང་དུ་ཐོག་ཏུ་འབབ། །བར་དུར་ཁྲོད་ཀུན་ཏུ་རྒྱུ་ཞིང་འཕུར། །དགྲ་ཐོ་ལུམ་འབར་བའི་རོ་རུ་ཟ། །དམའ་རྒྱ་མཚོའི་ཀློང་ནས་གྱེན་ལ་རྒྱུག །མི་དམ་ཉམས་བསྒྲལ་ནས་ཁྲག་ལ་འཐུང་། །ནད་བརྒྱད་ཁྲི་བཞི་སྟོང་ཀུན་གྱི་བདག །ཕོ་མཚར་པོ་ཀུན་གྱི་སྙིང་ལ་འཇུག །མོ་མཆོར་མོ་ཐམས་ཅད་ཞེ་ཡིས་གནོན། །གནས་དབེན་པར་བསྒོམ་པའི་དྲོད་ཚད་མྱུལ། །ཁྱེད་དགྱེས་པའི་ལྷག་གཏོར་བཤམས་ནས་ཕུལ། །ངེད་སྐལ་ལྡན་དགའ་བའི་དངོས་གྲུབ་ཞུ། །ཨོཾ་ཨུ་ཙྪིཥྚ་བྷཀྵེ་བྷྱཿསྭཱཧཱ། ཚོགས་ཞིང་གཏོར་མགྲོན། ཨོཾ་ཁྱེད་ཀྱིས་སོགས། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་རང་ངམ་རྟེན་ལ་བསྟིམ། གཞོན་ནུ་མའི་ཚོགས་མཆོད་པ་ཡང་ནུས་ན་བྱའོ། །དེ་ནས་ཉེ་བསྡུ་བཞིན་དུ་བདག་བསྐྱེད་བསྡུས། ཨོཾ་ཨཱཿབཛྭ་མཎྜྻལ་མུཿཞེས་བྱ་བས་དཀྱིལ་འཁོར་རས་བྲིས་ཡིན་ན་དེ་ཉིད་དུ་བསྒྱུར། ཚོམ་བུ་ཡིན་ན་རང་ལ་བསྡུ། གཞན་ལ་དབང་བསྐུར་བ་དང་དེའི་དངོས་གྲུབ་ཀྱི་ཕྱིར་ཡིན་ན་གཤེགས་སུ་གསོལ་བར་བྱའོ། །ཤིས་པ་བརྗོད། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཆོ་ག་སློབ་དཔོན་ཆེན་པོ་མཻ་ཏྲི་པའི་བདེ་མཆོག་བཅུ་གསུམ་མའི་སྒྲུབ་པའི་ཐབས་ཇི་ལྟ་བར་བཤད་ཅིང་ཚོགས་ཀྱི་འཁོར་ལོར་དགོས་པ་ཕྱག་རྡོར་སྟོད་འགྲེལ་དང་བསྟུན་པ་ཕུན་སུམ་ཚོགས་པའི་འདོད་འཇོར་གྲགས་པ་པདྨ་དཀར་པོས་གཞན་ལ་སྦྱིན་པའི་ཆོས་སུ་བྱར་ཡུལ་ནས་མོ་རྫོང་དུ་ཡི་གེར་བཏབ་པའོ། །བདག་ཉིད་ཆེན་པོའི་ལུགས་བཟང་ཐམས་ཅད་དུ། །ཇི་ལྟར་གནས་པ་མཐོང་བའི་མིག་པོ་ཆེ། །ཚུལ་མིན་མཐོང་བའི་རབ་རིབ་ཅན་རྣམས་ལ། །འཐིང་སླད་བྱེད་འདི་བསོད་ནམས་གར་བུ་ཡིན།། །།སརྦ་མངྒ་ལཾ།། །།


previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་བཅུ་གསུམ་གྱི་ཆོ་ག་ཕུན་ཚོགས་འདོད་འཇོ།next