Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕག་མོ་ལྷ་བཅུ་གསུམ་མའི་དབང་བསྐུར་བའི་ཆོ་ག
   
   
   
   


 
previousཕག་མོ་ལྷ་བཅུ་གསུམ་མའི་དབང་བསྐུར་བའི་ཆོ་གnext

ཕག་མོ་ལྷ་བཅུ་གསུམ་མའི་དབང་བསྐུར་བའི་ཆོ་ག

ཕག་མོ་ལྷ་བཅུ་གསུམ་མའི་དབང་བསྐུར་བའི་ཆོ་ག་བཞུགས་སོ། །རིག་བྱེད་བྲ་ཡི་བུམ་པའི་ཆུས། །རིག་བྱར་ཚུལ་མིན་རྟོག་པ་ངན་བཀྲུས་ནས། །རིག་མའི་སྐྱེས་བུར་དབང་བསྐུར་རྒྱལ་ཐབས་ཀྱི། །རིག་པའི་མཁན་པོ་ཐམས་ཅད་ཕྱག་བྱའི་འོས། །སློབ་དཔོན་ཆེན་པོ་ངེས་པར་སྦྱངས་པ་གཉིས་མེད་རྡོ་རྗེས་ཆོ་ག་ཇི་ལྟ་བ་བཞིན་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ། བྲིས་སྐུ་ལ་སོགས་པའི་དཀྱིལ་འཁོར་རམ། མངོན་པར་རྟོགས་པའི་རིམ་པས་དམིགས་པ་རྣམ་པ་སྣ་ཚོགས་པའི་མཆོད་པ་ལ་སོགས་པ་རྣམས་ཀྱིས་དཀྱིལ་འཁོར་ལ་མཆོད་དོ། །དེ་ནས་དགོངས་ཀྱི་དུས་སུ་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པ་བཤམས་ཏེ་དཔལ་འཁོར་ལོ་སྡོམ་པ་བཅུ་གསུམ་གྱི་བདག་ཉིད་ཅན་ལྷག་པར་གནས་པར་བྱའོ། །ཞེས་གསུངས་པའི་བྲིས་སྐུ་ནི་རས་བྲིས་དང་། སོགས་སྒྲས་བློས་བསླངས་དང་ཚོམ་བུ། མངོན་པར་རྟོགས་པས་ནི་ཡིད་ཀྱི་དཀྱིལ་འཁོར་བསྟན་ལ། དེ་དག་གང་དུ་དབང་བསྐུར་ཡང་རས་བྲིས་ལྟ་བུ་ན་དེ་བཀྲམ། མཐའ་མཆོད་པས་བསྐོར། རྣམ་རྒྱལ་བུམ་པ་མཚན་ལྡན་ནང་རྫས་ཉེར་ལྔ་ཆུས་སུམ་གཉིས་བཀང་བ། སྟེང་དུ་རྣམ་རྒྱལ་ཆེན་པོ་ཐོད་པ་དང་རྡོ་རྗེ་ལ་གཟུངས་ཐག་བཏགས་པ་ཁ་རྒྱན་དང་བཅས་པ། ལས་བུམ་དང་པོ་ལ་གཙོ་བོ་དང་། གཉིས་པར་དེའི་ལྷའི་དབང་པོའི་ཕྱག་མཚན་བྲིས་པ་སྟེགས་བུ་གཙང་མར་བཤམས་ལ་ཕྱི་རོལ་མཆོད་པའི་ཆོ་ག་ཇི་ལྟ་བས་བསྒྲུབས་ཏེ། ནུབ་དང་པོ་ལ་སློབ་མ་སྟ་གོན་ཙམ་མོ། །བླ་མས་རྗེས་སུ་འཛིན་པར་ཁས་བླངས་པའི་སྣོད་རུང་གི་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་བསྒྲིགས་ཏེ། མཎྜྻལ་ཕུལ། བླ་མས་གསང་སྔགས་དངོས་གྲུབ་དོན་གཉེར་གང་། །བསོད་ནམས་འདོད་པ་དེ་ལས་གཞན། །འཇིག་རྟེན་ཕ་རོལ་ལ་གཞོལ་བ། །ཁ་ཅིག་དཀྱིལ་འཁོར་འདི་འཇུག་བྱེད། །འཇིག་རྟེན་གཞན་དོན་འདོད་པ་ཡི། །བློ་བཟང་དད་པ་ཆེར་བྱས་འཇུག །འཇིག་རྟེན་འདི་ཡི་འབྲས་སྤངས་ནས། །འཇིག་རྟེན་གཞན་དོན་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །འདི་ལས་འཇིག་རྟེན་གཞན་གྱི་མིན། །དེ་ཕྱིར་འཇིག་རྟེན་གཞན་དག་གི །དངོས་གྲུབ་ཏུ་ནི་ཡིད་བརྟན་གྱིས། །ཞེས་པས་ཉན་པར་གདམས། ཚེར་མ་ཅན་གྱི་ཤིང་ལ་མེ་སྦར་ལག་པ་གཉིས་སུ་ཡུངས་ཀར་བཟུང་སྟེ་གཡས་དང་གཡོན་དུ་བསྐོར་ཞིང་། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭ་ཡ་མ་མ་སརྦ་བི་ཤྱ་ཀྵྼ་པཱ་པཾ་ད་ཧ་ན་སྭཱཧཱ། ཞེས་བརྗོད་མེ་ལ་དོར། དེ་བཞིན་ཆུ་ལ་ཡང་སྦྱངས་ཆུ་དེ་བགེགས་གཏོར་ཏིང་ལོ་ཆང་བུར་བཅས་པའི་ཁྲོད་དུ་བླུགས་ཏེ་ཕྱི་རོལ་ཏུ་དོར་རོ། །སློབ་མ་དེ་རྣམས་དཔལ་རྡོ་རྗེ་བཙུན་མོའི་གཟུགས་སུ་རང་གི་ཁ་ནས་ཞུགས། ཨ་ཝ་དྷཱུ་ཏཱི་ནས་པདྨའི་ནང་དུ་སོང་བ་རྣམས་ལ་སྙིང་གའི་ས་བོན་གྱིས་འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ་ཞུ་བའི་བདུད་རྩིས་དབང་བསྐུར། ཕྱིར་འཐོན་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་གནས་པས་འཇུག་པར་གསོལ་བ་གདབ་པ་ནི། རྣལ་འབྱོར་མ་མཆོག་ཁ་སྦྱོར་བའི། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོར་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །དཔའ་བོ་དཔའ་མོའི་དབང་པོ་དང་། །དེ་བཞིན་ཕག་མོ་ཧེ་རུ་ཀ །གསང་བའི་གནས་སོགས་ཡང་དག་གང་། །ལུས་ལ་རྣམ་གནས་བཤད་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་ནས་སློབ་མ་གཅིག་གཙོ་བོར་བྱས་ཏེ། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་ཉིད་དེས། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་བཅད་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་སྤྲོ་བ་བསྐྱེད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ལན་གསུམ། ཨོཾ་བཛྭ་ཀུཎྜྻ་ལི་བཛྭ་ཧཱུྃ་ཕཊ྄། ཅེས་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བ་དང་བསང་གཏོར་བྱས་ལ། ཟླ་བ་ལ་གནས་པའི་སྙིང་གར་རྡོ་རྗེའི་ལྟེ་བར་ཧཱུྃ། མགྲིན་པར་པདྨ་ལ་ཨཱཿ སྤྱི་བོར་འཁོར་ལོ་ལ་ཨོཾ། དྲིས་སྙིང་མགྲིན་དཔྲལ་བ་གསུམ་དུ་ཐིག་ལེ་བྱ། དེ་རྣམས་ཀྱི་འོད་ཟེར་གྱིས་མཁའ་སྤྱོད་མ་དང་ས་སྤྱོད་མ་དང་ས་འོག་ན་གནས་པ་རྣམས་སྤྱན་དྲངས་ཏེ་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་ཡས་རིམ་གྱིས་ཐིག་ལེ་བྱ། ཉེར་མཆོད་ལྔས་མཆོད། དེ་ནས་སོ་ཤིང་སོར་བཅུ་གཉིས་པ་ལས་ཐམས་ཅད་པའི་སྔགས་བཟླས་པ་བྱིན། ཚོམ་བུ་ལྔ་པའི་དབུས་སུ་འདོར་དུ་བཅུག །ཕྱོགས་ཞི་སོགས། མཚམས་ཕྲན་ཚེགས། རང་ལ་ཁ་བསྟན་ན་མཆོག །ཐུར་ས་འོག །གྱེན་དུ་བལྟས་ན་མཁའ་སྤྱོད། ཕྱི་རོལ་ཏུ་ལྷུང་ན་སྐལ་བ་མེད་པས་བསྐྱར་རོ། །དེའི་རྗེས་སུ་ཁྱོར་ཆུ། ཨོཾ་སྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པཱ་པཱ་ནི་ཙཱ་ཀྵྼ་བི་ཤོ་དྷ་ཡ་སརྦ་བི་ཀལྤ་ཨ་པ་ནཱ་ཡ་ཧཱུྃ། ལན་གསུམ་འཐུངས་ཏེ་ལྷག་མ་རྒྱབ་ཏུ་དོར། ལས་ཐམས་ཅད་པ་ལན་བདུན་བཟླས་པའི་ཀུ་ཤ་ཆེ་སྟན། ཆུང་བ་སྔས་སུ་སྦྱིན། སྐུད་པ་སྔོ་དམར་སུམ་སྒྲིལ་ལ་སྔགས་དེ་ལན་བདུན་བཏབ་མདུད་པ་གསུམ་བྱས་དཔུང་པ་གཡས་སུ་བཅིངས་ཏེ་དྲི་ཆུས་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པས་བྱིན་གྱིས་བརླབས། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བགྱིས་པ་གང་། །དཀྱིལ་འཁོར་འདི་ནི་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་བརྗོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྲོ། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་ཀུན་གྱི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་ནས་སྐྱེ་བཞིན་པས། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བར་འགྱུར་བ་ཡིན། །ཞེས་ཆོས་བཤད་དེ། སླར་ཡང་ལས་ཐམས་ཅད་པའི་སྔགས་ཀྱིས་ལེགས་པར་བསྲུངས་ལ། མི་ལྡོག་འཁོར་ལོའི་དབང་བསྐུར་མཆོག །སྩལ་ནས་མགོན་པོས་བདག་ལ་ནི། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ལས་རྣམས་དང་། །གསང་བ་མཆོག་གི་དམ་ཚིག་ནི། །སྡོམ་པ་གསང་བ་བླ་ན་མེད། །རྟག་ཏུ་སེམས་ཅན་ཀུན་དོན་ཕྱིར། །སློབ་དཔོན་དུ་འགྱུར་བདག་ལ་གསུངས། །དེ་ནས་བླ་མས་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་མོ་ཞེས་བྱ་བ་འདི། བྱང་ཆུབ་སེམས་ནི་ཡོངས་འཛིན་ཞིང་། །གསང་བའི་དོན་གྱི་འཁོར་ལོ་འདིར། །དམ་ཚིག་སྡོམ་ལ་འཇུག་པར་འཚལ། །དེ་ནས་སློབ་མར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་ཆེན་པོ་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །ཞེས་བརྗོད་སློབ་མས་ཀྱང་། བདག་ནི་རབ་ཏུ་དེ་འཚལ་ལོ། །ཞེས་ཁས་བླངས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །བླ་མ་མཆོད་དང་དེ་བཞིན་བྱམས། །སངས་རྒྱས་ལ་གུས་འགྲོ་ལ་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །མི་དགེ་ལ་སོགས་ལས་རྣམས་སྤངས། །རྩ་བའི་ལྟུང་བ་ཡོངས་སྤངས་ཤིང་། །སྦོམ་པོའི་ལྟུང་བའང་དེ་བཞིན་ནོ། །སེམས་ཅན་རྣམས་ནི་མཆོད་པར་བྱ། །ཐེག་པ་དམན་ལ་འདོད་པའང་མིན། །མ་བསྒྲལ་བ་རྣམས་བསྒྲལ་བར་གྱིས། །མ་གྲོལ་བ་རྣམས་གྲོལ་བར་གྱིས། །འཁོར་བའི་སྡུག་བསྔལ་འཁྲུགས་པ་ལས། །སེམས་ཅན་དབུགས་ནི་དབྱུང་བར་གྱིས། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཀྱང་། །རྟག་ཏུ་ཁྱོད་ཀྱིས་སོ་སོར་གཟུང་། །ཞེས་བརྗོད་སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །རྨི་ལམ་ཅི་མཐོང་བ་ང་ལ་སྨྲོས་ཤིག་ཅེས་བརྗོད་ནས་དཀྱིལ་འཁོར་གྱི་ཁང་པ་དེར་ཉལ་དུ་འཇུག །ངན་ན་སྦྱིན་སྲེག་གིས་བཟློག་གོ །ནང་པར་གཏོར་མ་བཏང་ལྟས་བཟང་ན་དེ་སྨིན་པར་བྱ་བའི་ཕྱིར། ཕྱི་རོལ་མཆོད་པ་ནས་བུམ་པ་སྒྲུབ་པའི་བར་བྱས། བདག་འཇུག་བླང་། སློབ་མ་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་བདེན་པ་བརྗོད་པ་ནི། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་འབྱུང་། །དེ་བཞིན་ཁོ་ན་ཉིད་ལས་སྐྱེས། །བདེན་པ་དེ་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །སློབ་དཔོན་སྨིན་པར་བྱ་བའི་ཆོ་གའོ། །ད་ནི་སློབ་མ་སྨིན་པར་བྱ་བའི་ལས་རིམ་བཤད་པར་བྱ། འཇུག་པ་དང་དབང་བསྐུར་བའོ། །དང་པོ་ནི། ཡོལ་བའི་ཕྱིར་སློབ་མ་ཁྲུས་བྱས་ཡོན་ཕུལ། སྐད་ཅིག་གིས་རྣམ་པར་སྣང་མཛད་དུ་གྱུར། ཨཱཿཁཾ་ཝཱི་ར་ཧཱུྃ་མེ་ཏོག་གི་འཕྲེང་བ་གཏད། གདོང་གཡོགས་དམར་པོ་བཅིངས། ལས་ཐམས་ཅད་པའི་བུམ་ཆུས་བསངས་ནས། དཀྱིལ་འཁོར་དུ་འཇུག་པའི་དྲི་བ་བྱ་སྟེ། བུ་ཁྱོད་སུ་ཡིན། དེས། བདག་བདེ་བ་ཆེན་པོའི་སྐལ་བ་དང་ལྡན་པ་ལགས་སོ། །ཞེས་ལན་གདབ། སློབ་མས་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ལན་གསུམ། བླ་མས་དེའི་སྙིང་གར་རྡོ་རྗེ་བཀོད་ནས། ཨོཾ་སུ་ར་ཏེ་ས་མ་ཡ་ཧྶཾ་ཧོཿསིདྡྷྱ་བཛྭ་ཡ་ཐཱ་སུ་ཁཾ། ཞེས་པས་བྱང་ཆུབ་ཏུ་སེམས་བསྐྱེད། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱི། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མ་བྱེད་ཅིག །མ་དད་པ་རྣམས་ལའང་མ་ཡིན་ནོ། །ཨོཾ་ཛཿཧཱུྃ་ཨོཾ་ཤྲཱི་ཧེ་རུ་ཀ་བིདྱཱ་མ་ཧཱ་བིདྱཱ་རཱ་ཛ་དྷི་མ་ཧེ་སྭཱཧཱ། འདིས་ཡོལ་བའི་ནང་དུ་བཅུག །དཀྱིལ་འཁོར་གྱི་ཤར་སྒོར་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱིས་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡི། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་འདི་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བྱས་ན་བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། རྡོ་རྗེ་སྤྱི་བོར་བཀོད། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཁྱོད་ཀྱིས་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན། འདིས་ཁྱོད་ཀྱི་མགོ་བོ་འགེམས་པར་འགྱུར་རོ། །དེ་ནས་མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག །ཨོཾ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །མནའ་བགགས། ཐོད་པའི་བདུད་རྩི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་པཉྩྨ་ཨ་མྲྀ་ཏ་ཨུ་ཏ་ཀ་ཋ་ཋ། ལན་བདུན་བཟླས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཧུབ་གསུམ་འཐུང་དུ་གཞུག །བྱིན་དབབ་པའི་ཕྱིར་ཞལ་བཞི་པའི་སྔགས་ཀྱིས་ཕྱོགས་བསྲུངས་ལ། སློབ་མ་མངོན་རྟོགས་བཞིན་གཙོ་མོར་བསྐྱེད་གོ་ཆ་བསྐོན། གསང་གནས་སུ་ཆོས་འབྱུང་གྲུ་གསུམ་པའི་ལྟེ་བར་བཾ་ལ་སྙིང་པོ་ཉེ་སྙིང་བཀོད་པ་རབ་ཏུ་འབར་བའི་ཟུར་གསུམ་ལ་གཡུང་དྲུང་འཁྱིལ་བས་བརྒྱན་པ་གསལ་བར་བསྒོམས་ལ། སློབ་དཔོན་གཙོ་བོའི་ང་རྒྱལ་དང་ལྡན་པས་ཤ་ཆེན་བུད་མེད་ཀྱི་རྡུལ་གུ་གུལ་དང་སྦྱར་བས་བདུག །རོལ་མོ་དྲག་པོ་དང་བཅས་པས། རྡོ་རྗེ་རྣལ་འབྱོར་མའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་བཛྭ་ཝཱ་རཱ་ཧི་ཨཱ་བེ་ཤ་ཡ་ཧྶཾ་བྷཱ་ཡ། ར་ར་ར་ར། ཙཱ་ལ་ཡ། ཙཱ་ལ་ཡ། ཧཱུྃ་ཧཿཨཿཛྷྱཻཾཿབབས་ནས། དེའི་ལྕེ་ལ་ཨཱཿཡིག་དམར་པོ་བསམས་ལ། གསུང་གི་རྡོ་རྗེའི་རང་བཞིན་ཁྱོད། །བུ་ཡི་དགེ་དང་མི་དགེ་སྨྲོས། །ཨོཾ་ཏིཥྛ་བཛྭ་ས་མ་ཡ་པ་ཏཱི་པཱ་ལི་ཏེ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་སྭཱཧཱ། རྡོ་རྗེ་སྤྱི་བོར་བཞག་ལ་བརྟན་པར་བྱའོ། །དེའི་རྗེས་ལ་སློབ་མ་རྣམས་གཡོན་བསྐོར་གྱིས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་དུ་བཅུག །དཀྱིལ་འཁོར་འདི་ནི་དངོས་གྲུབ་སྟེ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །བུ་ཁྱོད་ང་ཡིས་བཀུག་པ་ཡིན། །བདེ་ཆེན་གྱི་གཙོ་བོ་ལ་ལྷོ་སྒོ་ནས། ཨོཾ་ན་མཿཏེ་ཧཱུྃ། ཨོཾ་ན་མཿམེ་ཧཱུྃ། ཨོཾ་ན་མོ་ན་མཿཧཱུྃ། དཔལ་ལྡན་མཁའ་འགྲོ་མཆོག་གིས་མགུལ་ནས་འཁྱུད། །དཔའ་བོ་རྣལ་འབྱོར་མ་སོགས་གཉིས་མེད་སྐུ། །རྡོ་རྗེ་བཙུན་མོ་ཐུགས་རྗེའི་སྟོབས་ཀྱིས་གཟིགས། །བླ་མ་མཆོག་དང་གཉིས་མེད་ལ་ཕྱག་འཚལ། །སླར་ཤར་སྒོར། གཏི་མུག་གིས་མནན་འགྲོ་མཐོང་ནས། །གཏི་མུག་ཐམས་ཅད་ཞི་བྱའི་ཕྱིར། །ལྷ་མོ་མཁའ་འགྲོ་མ་གཟུགས་འཛིན། །དེ་ཕྱིར་མཁའ་འགྲོ་མ་ཁྱོད་འདུད། །བྱང་། ཕྲག་དོག ལཱ་མའི། ནུབ། འདོད་ཆགས། ཁཎྜྻ་རོ་ཧིའི། དུམ་སྐྱེས། ལྷོར། ང་རྒྱལ་གྱིས། ང་རྒྱལ་ཐམས་ཅད། གཟུགས་ཅན་མ་གཟུགས། དེ་ཕྱིར་གཟུགས་ཅན། བདེ་ཆེན་ལ། ཧེ་རུ་ཀ་དང་གཉིས་སུ་མེད། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །རྡོ་རྗེ་མཁའ་འགྲོ་མར་བཅས་ལ། །ཕྱག་འཚལ་འདུད་ཅིང་ཁྱོད་ཕྱག་འཚལ། །དེའི་རྗེས་ལ་ཁྱོད་ཀྱི་མིག་སྔར་ཅི་སྣང་། ཇི་ལྟར་མཐོང་བའི་མདངས་བརྗོད་པས་ལས་གང་གི་སྣོད་བརྡ་སྤྲད། སློབ་དཔོན་གྱིས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བྱ། །ལྷ་ཡི་རིགས་ཀྱི་རིམ་པ་དག །བསོད་ནམས་ཇི་ལྟར་དེ་བཞིན་ཤོག །འདི་ཡིས་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ཡིས་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །སློབ་མས་ཅོད་པན་ཏྲཱཾ་དང་ཧཱུྃ་བཟླས་པ། དཀྱིལ་འཁོར་དུ་པྲ་ཏཱིཙྪ་བཛྭ་ཧོཿཞེས་པས་དོར། གང་ལ་བབས་པ་དེའི་རིགས་དང་དངོས་གྲུབ་ཐོབ་པར་བརྡ་སྤྲད། མེ་ཏོག་གང་ལ་ཕོག་པའི་ལྷས་སློབ་མའི་མགོར་བཅིང་། ཨོཾ་པྲ་ཏི་གྲྀ་ཏྭཾ། སརྦ་མ་ཧཱ་བ་ལ། མིག་གཉིས་སུ་ཡི་གེ་ཨོཾ་གཟི་བརྗིད་འབར་བ་བསམ། རྡོ་རྗེ་བཙུན་མོ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །གདོང་གཡོགས་བཀྲོལ། འདི་ནི་རྡོ་རྗེ་ཕག་མོ་ལྷ་བཅུ་གསུམ་མ་རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་ཆེན་པོའོ་ཞེས་བསྟན། གཉིས་པ་དབང་ལ་བུམ་དབང་སོགས་བཞི་ལས་དང་པོ་ལ། མཎྜྻལ་ཕུལ། ཐལ་མོ་སྙིང་གར་སྦྱར་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཕྱག་འཚལ་བ་སྔོན་དུ་འགྲོ་བས་ལན་གསུམ་དུ་གསོལ་བ་གདབ། ཨོཾ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་བཛྭ་ཧཱུྃ་ཕཊ྄། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོ་ཱཧཾ་གིས་བསང་གཏོར་བྱས། མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་དར་དང་རིན་པོ་ཆེས་སྤྲས་ཏེ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། །སློབ་དཔོན་གྱི་སྙིང་ཁའི་ས་བོན་ལས་བྱུང་བའི་མཁའ་འགྲོ་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར་བའི་མོས་པ་གྱིས་བྱས་ལ། རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་རྣམ་རྒྱལ་བུམ་པ་སྤྱི་བོར་བཀོད་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྭ་ཨ་བྷི་ཥིཉྩྨ་ཧཱུྃ། ཁྲུས་བྱས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུར་དབང་བསྐུར་བ་འདི་ནི་ཆུའི་དབང་བསྐུར་བའི་ཆོ་ག་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སློབ་མ་བསངས་སྦྱངས། རྡོ་རྗེ་ཉི་མ་སྐུ་མདོག་དམར་པོ་རིན་པོ་ཆེ་དང་དྲིལ་བུ་ནས། ཏྲཱཾ་ཡིག་ལས་སྐྱེས་པ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་གྱི་ཅོད་པན་གྱིས་དབང་། དབང་བསྐུར་རྡོ་རྗེ། ཨོཾ་བཛྭ་མུ་ཀུ་ཊ་ཨ་བྷི་ཥིཉྩྨཱ་མི། མགོ་ལ་བཞག་ནམ་མཁའི་དབྱིངས་ན་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ཀྱི་གཙོ་བོའི་གཟུགས་ཀྱིས་དབུ་བརྒྱན་པ་བཞུགས་པར་གྱུར། ཅོད་པན་གྱིས་དབང་བསྐུར་བ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སློབ་མ་བསངས་སྦྱངས། འོད་དཔག་མེད་སྐུ་མདོག་མཐིང་ཀ་པདྨ་དང་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་དང་། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ནས་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་བཟུང་། །རྡོ་རྗེ་སྙིང་གར་རེག་སྟེ་ལག་པ་གཡས་སུ་གཏད། རྡོ་རྗེའི་དབང་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །བསངས་སྦྱངས། རྟ་མཆོག་ལྗང་ཁུ་སྣ་ཚོགས་རྡོ་རྗེ་དང་། ཨ་ལས་སྐྱེས་པའི་དྲིལ་བུ་བླ་མའི་གཟུགས་སུ་དམིགས་པས། ཨོཾ་བཛྭ་ཨ་དྷི་པ་ཏི་ཧྶཾ་ཨ་བྷི་ཥིཉྩྨ་མི། ཏིཥྛ་བཛྭ་ས་མ་ཡ་ཧྶཾ། ལག་པ་གཡོན་པས་འཁྱུད་ཅིང་དཀྲོལ། བདག་པོའི་དབང་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །བསངས་སྦྱངས། རྣམ་པར་སྣང་མཛད་སྐུ་མདོག་སེར་པོ་འཁོར་ལོ་དང་། མགོ་བོར་རྡོ་རྗེ་དྲིལ་བུ་བཟུང་བས། ཨོཾ་བཛྭ་ས་ཏྭ་ཨ་བྷི་ཥིཉྩྨ་མི་བཛྭ་ནཱ་མ་བྷི་ཥེ་ཀ་ཏ་ཀྱེ་དཔལ་ཧེ་རུ་ཀ་སོགས་ཀྱི་རིགས་གང་ཡིན་པ་དེའི་མིང་བཏགས་མིང་གི་དབང་བསྐུར་བ་སྟེ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །བརྟན་གཡོ་ཀུན་གྱི་བདག་ཉིད་ཅན། །སངས་རྒྱས་ལྔ་ཡི་རང་བཞིན་ཕྱིར། །དེས་ན་དང་པོར་དབང་ལྔ་ནི། །སྦྱིན་བྱ་བདེ་བ་སྒྲུབ་བྱེད་པའོ། །གཅིག་ཀྱང་དུ་མ་ཉིད་ཀྱི་གཟུགས། །གར་ནི་སངས་རྒྱས་ཉིད་ཀྱི་གར། །སངས་རྒྱས་གང་དང་གང་བསྒོམ་པ། །ཧེ་རུ་ཀ་པའི་གོ་འཕང་གནས། །འདི་རྣམས་ཀྱིས་ནི་སྔགས་དང་རྒྱུད་ལ་སོགས་པ་མཉན་པ་ལ་དབང་བར་འགྱུར་རོ། །དེ་དག་རིག་པའི་དབང་ངོ་། །ཅི་འབྱོར་བས་བླ་མ་མཆོད་ཅིང་ཤིན་ཏུ་གུས་པས་ཞབས་ལ་གཏུགས་པའི་ཕྱག་བྱས་སྙིང་ཁའི་གཡོན་དུ་ཐལ་མོ་སྦྱར་ནས། ཀྱེ་ཧོ་ཐུགས་རྗེའི་གཏེར་བདག་ཉིད། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཁྱོད་ཀྱི་བཀའ་དྲིན་གྱིས་བདག་ལ། །རྡོ་རྗེ་སློབ་དཔོན་དབང་བསྐུར་སྩོལ། །ལན་གསུམ་གྱིས་གསོལ་བ་གདབ། ལྷོ་སྒོར་གདུགས་དཀར་པོ་ལྷ་མོས་བཟུང་བའི་འོག་ཏུ་སེང་གེའི་ཁྲི་སྣ་ཚོགས་པདྨའི་གདན་ལ། སློབ་མ་གཙོ་བོར་བསྐྱེད། བྱིན་བརླབས་གོ་བསྐོན། སློབ་དཔོན་གྱི་སྙིང་གའི་ས་བོན་ལས་བྱུང་བའི་རིག་པའི་ལྷ་མོ་རྣམས་ཀྱིས་ཅང་ཏེའུ་ལ་སོགས་པའི་རོལ་མོ་དང་། བཀྲ་ཤིས་པའི་གླུ་དང་མཆོད་པ་སྣ་ཚོགས་པས་མཆོད་པར་བྱེད་ཅིང་། བདུད་རྩི་ལྔས་གང་བའི་ཆུའི་དབང་བསྐུར་བའི་མོས་པ་གྱིས་བྱས། དབང་བསྐུར་རྡོ་རྗེ་ཆེན་པོ་སོགས་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཧཱུྃ་ལས་སྐྱེས་པའི་རྡོ་རྗེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །མཁའ་འགྲོ་དྲ་བ་ཀུན་གྱི་བདག །རྡོ་རྗེ་སྙེམས་མ་བདག་པོའི་བདག །ཅེས་པས་གཡས་སུ་འཛིན་དུ་གཞུག །འདི་ནི་རྡོ་རྗེའི་དམ་ཚིག་གོ །ཨ་ལས་སྐྱེས་པའི་དྲིལ་བུ། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །གཡོན་དུ་སྦྱིན། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར། །ཞེས་པས་དཀྲོལ། དྲིལ་བུའི་དམ་ཚིག་གོ །ཡིད་ཀྱི་ལུས་ནི་བརྟེན་བྱའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་བཤད་དེ། །གང་གི་ལུས་ནི་བརྟན་བྱེད་པ། །དེས་ན་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་བསྣོལ་དུ་བཅུག །ཕྱག་རྒྱའི་དམ་ཚིག་གོ །དེ་ནས་སྡོམ་པའི་ཕྱག་རྒྱའི་བརཏལ་ཞུགས་སྦྱིན་པར་བྱ་སྟེ། འཁོར་ལོའི་གཟུགས་ཀྱི་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་འཕྲེང་བ་རིན་ཆེན་དབང་། །ལག་གདུབ་རྣམ་པར་སྣང་མཛད་དེ། །སྐ་རགས་ལ་ནི་དོན་ཡོད་གནས། །ཐལ་བ་རྡོ་རྗེ་སེམས་དཔའ་ཉིད། །དྲུག་པོ་དེ་དག་ཕྱག་རྒྱར་ཤེས། །སྦྱིན་པ་སོགས་ལ་རབ་འཇུག་པ། །ཁ་ཊྶཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །ཤེས་རབ་ལ་ནི་མཚན་མོར་བརྗོད། །རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །འདོད་ཆགས་བཞི་བུམ་དབང་ངམ་བཞི་པའི་མཐར་སྟེར་བ་གདམ་ངག་ལས། ད་རེས་འདིར་བྱ་སྟེ། རྡོ་རྗེའི་བརཏལ་ཞུགས་ནི། སློབ་མ་དཔལ་ཧེ་རུ་ཀ་ནག་པོར་དམིགས་ལ། འདི་སྟེ་དཔའ་བོ་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་ཕྱག་ན་གནས། ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཧེ་རུ་ཀ་ཡི་བརཏལ་ཞུགས་བརྟན། །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ཧྶཾ་སིདྡྷི་བཛྭ་ས་མ་ཡ་ཏིཥྛ་ཨེ་ཀ་ཡ་ཧྶཾ་དྷ་ར་ཡ་མི་བཛྭ་ས་ཏྭ་ཧི་ཧི་ཧི་ཧི་སྭཱཧཱ། རྡོ་རྗེ་ལག་པ་གཡས་སུ་གཏད་དོ། །དེ་ནས་སློབ་དཔོན་སངས་རྒྱས་རབ་ཏུ་བྱུང་བའི་ཆོས་གོས་ཅན་དུ་དམིགས་ལ། ཆོས་གོས་ཀྱི་གྲྭ་གཉིས་རྣ་བ་ལྟར་བཟུང་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱས། ཁྲག་འཐུང་རྡོ་རྗེ་དེ་བཞིན་གཤེགས། །ངས་འདིར་ཁྱོད་ལ་ལུང་བསྟན་བྱ། །སྲིད་པ་ངན་འགྲོ་ལས་བཏོན་ཏེ། །སྲིད་པ་ཤིན་ཏུ་དག་ཕྱིར་རོ། །སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཧྶཾ། བྷུར་བྷུཿབཿསྭ་ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་མཁའ་འགྲོ་དང་མཁའ་འགྲོ་མ་ཀུན་གྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བྱེད་དེ་དད་པར་བྱའོ། །ཞེས་བརྗོད་པ་ལུང་བསྟན་ནོ། །དེ་ནས་གཏི་མུག་མཁའ་འགྲོ་ལ་སོགས་པ་སྔར་རིམ་པ་བཞིན་སྐད་ཅིག་གིས་གསལ་བཏབ་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་དག་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །འཁོར་ལོ་གཏད། རྡོ་རྗེ་རིན་པོ་ཆེ། པདྨ་རལ་གྲི་ལས་འདོན་པ་རིགས་ལྔའི་རྗེས་གནང་ངོ་། །དེ་ནས་འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་ཡོད་མིན། །དེ་བས་འདོད་ལ་ཆགས་བྲལ་བར། ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །མཧཱ་ས་མ་ཡ་ཧཱུྃ་ཕཊ྄། ཅེས་བྱ་བ་ནི་གསང་བ་བསྟན་པའོ། །མཆོག་གསང་དཀྱིལ་འཁོར་དམ་པ་རུ། །མཐོང་བ་དང་ནི་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་གྲོལ་བར། །ཁྱེད་རྣམས་དེ་རིང་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱོད་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པ་ངན་འགྲོ་ལས་ཁྱོད་འདས། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ནི་སྤང་མི་བྱ། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ལ། །དེ་ཉིད་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་རྟག་ཏུ་གཟུང་། །སློབ་དཔོན་ནམ་ཡང་སྨད་མི་བྱ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བར་གཟུང་། །འདི་ནི་རྡོ་རྗེ་རིགས་དངོས་གྲུབ། །དམ་ཚིག་སྡོམ་པ་ཡིན་པར་བཤད། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །འདི་ནི་སངས་རྒྱས་རིགས་དག་པ། །སྡོམ་པ་མཆོག་གི་གོ་འཕང་ཡིན། །དེ་རིང་སློབ་དཔོན་དཀྱིལ་འཁོར་འགྱུར། །ཁྱོད་ནི་སྔགས་དང་རྒྱུད་འཛིན་འགྱུར། །མཁའ་འགྲོ་མཁའ་འགྲོ་མ་རྣམས་དང་། །ལྷ་རྣམས་ཀྱང་ནི་བཞེད་པ་ཡིན། །སེམས་ཅན་རྣམས་ལ་བརྩེ་དོན་དུ། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །ལྷན་སྐྱེས་ཐབས་ཀྱི་མཚན་ཉིད་ནི། །དཔལ་ལྡན་བདེ་མཆོག་ལས་གཞན་མེད། །སྡོམ་པ་མཆོག་ནི་སྲུང་བར་གྱིས། །དབུགས་དབྱུང་ངོ་། །སྡོམ་པ་དངོས་གྲུབ་རྒྱུ་ཡི་ཕྱིར། །མཁས་པས་སྦྱོར་བ་གཞན་དུ་མིན། །ཧེ་རུ་ཀ་དཔལ་ང་རྒྱལ་གྱིས། །ན་དང་ག་དང་དེ་བཞིན་ཧ། །མཐར་ཤ་དང་པོ་ཤ་དེ་བཞིན། །བདུད་རྩི་ལྔ་དང་མཉམ་ལྡན་པའི། །བཟའ་བཏུང་རྟག་ཏུ་སྤྱད་པར་གྱིས། །ལེགས་མཆོད་དྲིལ་སྒྲ་སྣ་ཚོགས་པས། །ལེགས་བསྟོད་བདུད་རྩིའི་བཏུང་བས་ཚིམ། །དམ་ཚིག་སྦྱིན་པའོ། །དེ་ནས་མཆོད་དེ། སློབ་མ་གཙོ་བོར། བླ་མས་རང་གི་སྙིང་གར་ཉི་མ་ལ་ས་བོན་གྱི་མཐར་སྔགས་ཀྱི་འཕྲེང་བ་བསྐོར་བ་དེ་ལས་སྔགས་ཀྱི་འཕྲེང་བ་འཕྲོས་པ་རང་གི་ཞལ་ནས་སློབ་མའི་ཁར་ཞུགས། སྙིང་ཁར་ཐིམ་པའི་མོས་པས་སྔགས་བརྒྱ་རྩ་བརྒྱད་ལན་གསུམ་རྗེས་ཟློས་བྱ། བདག་གིས་ཁྱོད་ལ་བཅོམ་ལྡན་འདས། །སྩལ་གྱིས་འདི་ལ་ཉེ་བར་མཛོད། །ཅེས་རྡོ་རྗེ་དང་བཅས་པའི་མེ་ཏོག་སྤྱི་བོར་བཀོད། བདག་གིས་བཅོམ་ལྡན་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་ལན་གསུམ་རྗེས་ཟློས་བྱ། འདིས་སྔགས་ཀྱི་དངོས་གྲུབ་ཀྱི་སྐལ་བ་དང་ལྡན་པར་འགྱུར་རོ། །དེའི་རྗེས་ལ་གདུགས་དང་བཅས། སློབ་མ་ཌ་མ་རུ་ཐོད་པ་ཁ་ཊྶཱཾ་ག་བཟུང་སྟེ་ཕྱག་རྒྱས་བརྒྱན་ལ་དཀྱིལ་འཁོར་མཆོག་དང་བླ་མ་ལ་བསྐོར་བ་བྱ་ཞིང་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། གང་གིས་བཀའ་སྩལ་པ་དེ་ཐམས་ཅད་བདག་གིས་བགྱིའོ། །ཞེས་བརྗོད་པར་བྱའོ། །དེ་རྣམས་དབང་བཅུའི་ཆོ་གའོ། །དེ་ནས་གསང་དབང་གི་དོན་དུ་ཤེས་རབ་མ་བླ་མ་ལ་ཕུལ་ཏེ་མཎྜྻལ་དང་བཅས་པས། སྐྱོབ་པ་མེད་པ་རྣམས་ཀྱི་སྐྱབས། །དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །བལྟོས་མེད་ཐུགས་རྗེ་ཆེན་པོ་ཡི། །བདག་ཅག་རྣམས་ཀྱི་མགོན་མཛོད་ཅིག །ཀྱེ་ཧོ་མགོན་གཙོ་ཁྱེད་རྣམས་ཀྱིས། །ཐེག་ཆེན་ཏིང་འཛིན་ཇི་ལྟ་བར། །འཁོར་བ་འདམ་གྱི་མཚོ་ནང་དུ། །བདག་བྱིང་འདི་ལས་བདག་ལ་སྐྱོབས། །གདོང་བཅིང་། བླ་མ་ཡབ་ཡུམ་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་ཆགས་པ་ཆེན་པོས་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་པདྨ་ནས་སྦྱིན་པར་མོས་ཏེ། སྲཱིཿཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །རྡོ་རྗེ་འཛིན་སོགས་དབང་བསྐུར་ལྟར། །བྱང་ཆུབ་སེམས་ནི་མཛེས་པ་ཡིས། །དེ་བཞིན་བུ་ཁྱོད་དབང་བསྐུར་རོ། །སློབ་མས་ཀྱང་། རྟག་པའི་རྣལ་འབྱོར་སངས་རྒྱས་ཞུ་བའི་དབང་དུ་རིག་ནས་ཨ་ཧོཿསུ་ཁ་ཞེས་ལོངས་སྤྱོད་ཀྱིས་བླང་བར་བྱའོ། །དངོས་སུ་བདུད་རྩི་སྦྱིན། དེ་ནས་ཕན་ཡོན་བརྗོད་པ་ནི། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །དབང་བསྐུར་ཆོ་ག་མཆོག་གྱུར་པ། །གསུང་གི་རྡོ་རྗེ་རྣམ་དག་པས། །སྔགས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །གདོང་བཀྲོལ། གསང་དབང་ངོ་། །མཎྜྻལ་དང་བཅས་པས་སྔར་བཞིན་གསོལ་བ་བཏབ་སྟེ་གདོང་གཡོགས། ཤེས་རབ་མ་དེའི་ལག་པར་སྤྲད་ནས། མཁའ་འགྲོ་དང་མཁའ་འགྲོ་མ་ཐམས་ཅད་དཔང་པོར་བྱས་ཏེ་རྡོ་རྗེ་སྤྱི་བོར་བཞག་ནས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོང་། །ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །བདེ་བ་མཐའ་ཡས་སྟེར་བྱེད་མ། །བླངས་ནས་བུ་ཡིས་དུས་ཀུན་ཏུ། །བླ་ན་མེད་པའི་མཆོད་པ་གྱིས། །ཞེས་བརྗོད། ལྷ་མོ་དེས། དཔའ་བོ་བུ་ཁྱོད་ཅི་ལ་སྤྲོ། །བྱང་ཆུབ་སེམས་ནི་བཟའ་བ་དང་། །རིགས་ལྔ་ལས་ནི་ཡང་དག་བྱུང་། །རིག་མ་གུས་པས་ཡང་དག་མཆོད། །བཤང་གཅི་སྟོབས་དང་དྲི་ཆེན་སོགས། །དེ་ནི་སོ་སོར་ཟ་བ་དང་། །གཞན་ཡང་མཛེས་པའི་དམ་ཚིག་རྣམས། །ཇི་ལྟར་སྤྲོ་བ་བུ་ཡིས་སྨྲོས། སློབ་མས། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །དམ་ཚིག་ཐམས་ཅད་གཟུང་བར་བགྱི། །བྱ་བ་རྟག་ཏུ་ཅིས་མི་གུས། །བུད་མེད་པདྨ་ཅིས་མི་མཆོད། །དེ་གོས་དང་བྲལ་བས་པདྨ་རྒྱས་པ་བསྟན་ནས། ཀྱེ་མ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །ཨེ་མ་ཧོ་གང་ཞིག་ཆོ་གས་སྟེན་བྱེད་པ། །བདག་ནི་དེ་ཡི་མདུན་ན་གནས། །བདེ་བའི་མཆོད་ལ་སོགས་པ་ནི། །ཇི་ལྟར་བྱ་བ་པདྨར་བགྱི། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ལ་ནི་རྟག་ཏུ་གནས། །ཧེ་རུ་ཀ་པ་ཡབ་ཡུམ་དུ་བསམས་པའི་གནས་ལྔར་ཨོཾ་ཨཱཿཧཱུྃ་སྭཱཧཱ་འབར་བའི་ཡི་གེ་སངས་རྒྱས་ལྔར་མོས་པས་བྱིན་གྱིས་ཨ་དང་ཧཱུྃ་ལས་སྐྱེས་པའི་པདྨ་དང་རྡོ་རྗེ་ཨོཾ་དང་ཕཊ྄་ཀྱིས་མཚན་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཞེས་རྗེས་སུ་ཆགས་པ་བརྩམས་པའི་ས་བོན་ཁ་སྦྱར་གྱི་དབུས་སུ་ལྷན་ཅིག་སྐྱེས་པ་འཆར་བ་མངོན་སུམ་དུ་རིག་པར་བྱའོ། །བྱང་ཆུབ་སེམས་ནི་མི་འདོར་བ། །དེ་སྲིད་རྣལ་འབྱོར་པ་ཡིས་བྱ། །དེ་སྲིད་རྒྱུན་མི་འཆད་པ་འཐོབ། །དགའ་ལས་སྐྱེས་པའི་སྡོམ་པ་ཅི། །ཞེས་བརྗོད། བླ་མའི་སྙིང་གའི་ས་བོན་གྱིས་བཀུག་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་སྤྱན་དྲངས་པ་སློབ་མའི་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་དུ་ཞུགས་པས་བདེ་ཆེན་དུ་གྱུར། སློབ་མའི་བདེ་བ་འབབ་པ་དེ་ལ་བལྟས་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་སོགས་བརྗོད་པའི་མཐར་དེ་ཁོ་ན་ཉིད་ཀྱི་བདེ་བ་བསྐྱེད་པར་བྱའོ། །དེ་ནས་བྱང་ཆུབ་ཆེན་པོའི་སེམས་དཔའ་ཆེ། །ཟུང་མ་འདི་ནི་བདེ་བ་ཆེ། །ཇི་སྲིད་བྱང་ཆུབ་མ་ཐོབ་པ། །རྡོར་འཛིན་སེམས་ཅན་དོན་རྣམས་ཀྱི། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། ཁྱེད་རང་ཡང་ནི་དེ་ཡི་ཕ། །ཕྱིར་ལྷུང་ན་པདྨ་ནས་ལྕེས་བཏུང་བར་བྱའོ། །དབང་གསུམ་པའོ། །བཞི་པ་ལ་མཎྜྻལ་དང་སྔར་བཞིན་གསོལ་བ་བཏབ་སྟེ། དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཁོ་ན་དང་ཐ་མི་དད་པའི་ཕྱིར་དེ་གསུངས་པ། དཔལ་ཀྱེ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ལས། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །ཞེས་པ་ཚིག་གིས་རྒྱས་པར་བཤད་པར་བྱའོ། །དེ་ནས་གཏང་རག་གི་མཎྜྻལ་དང་ཡོན་གྱིས་མཉེས་པར་བྱས་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་གཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་བརྗོད་པར་བྱའོ། །ལྷ་མོ་གཙོ་བོ་ལ་ཡང་དབང་གོང་མ་གསུམ་ནི་སྒྲོས་མཐུན་པ་ཉིད་ཕྱག་རྒྱས་ཕྱག་རྒྱ་བསྟེན་པའང་ཕོ་ལུས་སུ་བསྒྱུར་བའི་ངེས་པ་བཤད་པའོ། །འདིར་ནི་ཡིད་ཀྱིས་དམིགས་པ་ཡིན་པས་གང་ཡང་མི་འགལ་ལོ། །དེ་ལྟར་མཻ་ཏྲི་ཞབས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཞང་ཞུང་མར་ངོའི་འགྱུར་གཉིས་ལ་མར་པ་ཇོ་སྲས་ཀྱིས་སླར་བཅོས་ཤིང་དག་པར་བྱས་པ་ཇི་ལྟ་བ་པདྨ་དཀར་པོས་ནས་མོར་བྲིས་པའོ།། །།མངྒ་ལཾ།། །།


previousཕག་མོ་ལྷ་བཅུ་གསུམ་མའི་དབང་བསྐུར་བའི་ཆོ་གnext