Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕག་མོ་ཞལ་གཉིས་མ་མཆོད་པའི་ཆོ་ག་རས་ཆུང་ལུགས།
   
   
   


 
previousཕག་མོ་ཞལ་གཉིས་མ་མཆོད་པའི་ཆོ་ག་རས་ཆུང་ལུགས།next

ཕག་མོ་ཞལ་གཉིས་མ་མཆོད་པའི་ཆོ་ག་རས་ཆུང་ལུགས།

ཕག་མོ་ཞལ་གཉིས་མ་མཆོད་པའི་ཆོ་ག་རས་ཆུང་ལུགས་བཞུགས་སོ། །ན་མཿཤྲཱི་བཛྭ་ཝཱ་རཱ་ཻ། རྣམ་པ་ཐམས་ཅད་ཀུན་ནས་ལེགས་སྤྲོ་བའི། །སྟོང་ཉིད་སྙིང་རྗེའི་བདག་ཉིད་བཅོམ་ལྡན་མ། །མཆོག་གི་བདེ་སྟེར་བདེན་གཉིས་ཞལ་མངའ་བ། །བསྐལ་པའི་མེ་དཔུང་འདྲ་བར་ཕྱག་འཚལ་ལོ། །རྡོ་རྗེ་བཙུན་མོའི་ཞབས་སེན་ཉི་འོད་དེས། །རྒྱལ་དབང་ཐུགས་ཀྱི་གངས་རི་བཞུ་བ་ལས། །ལམ་བཟང་གདམས་པའི་ཆུ་རྒྱུན་བབས་པ་གང་། །མཆོག་འདོད་རྣམས་ལ་ཀུན་དགའི་སྐྱེས་སུ་གྱུར། །བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དབང་བསྐུར་བ་ཡང་དག་པ་ཐོབ་པ། མཆོག་གི་གོ་འཕང་ལ་རིངས་པ་རིངས་པར་ཆས་པའི་སྔགས་པས། འདི་ཉིད་ཀྱི་བྱིན་གྱིས་བརླབ་པ་ནོས་ནས་དུར་ཁྲོད་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་དབེན་གནས་སུ། སྟེགས་བུ་གཙང་མ་ལ་རྡུལ་ཚོན་གྱི་ཆོས་འབྱུང་དང་དབུས་སུ་བཾ་བྲིས་པའི་ཁར་མཉྫྱིའི་སྟེགས་ལ་དུམ་བུ་གཅིག་པ་ལ་སོགས་པ་དག་པའི་ཐོད་པར། དབུས་སུ་བཾ་ཡིག་བཀོད་བདུད་རྩི་རིལ་བུ་སྦྱར་བའི་ཆང་བཟང་པོས་བཀང་། དེའི་ཁར་མེ་ལོང་དྲི་མ་མེད་པ་ལ་གུར་ཀུམ་ལ་སོགས་སྦྱར་བར་བྱ། ཆུ་བཟང་པོ་དང་ལྡན་པ་ལ། སིནྡྷུ་ར་ཡི་ཕྱེ་མས་བཙག །གསེར་གྱི་སྨྱུག་གུའི་སྦྱོར་བ་ཡིས། །བློ་དང་ལྡན་པས་ཨེ་དབྱིབས་བྲི།ཉིས་རྩེགས། བཾ།དབུས་སུ་སྔགས་ཀྱི་རྒྱལ་པོ་ཨོཾ་གསུམ་མ་ནི། །རིམ་པ་དེ་བཞིན་བྲི་བར་བྱ། །གཡུང་དྲུང་གཡོན་བསྐོར་འཁྱིལ་བའི་ཕྱག་རྒྱ་ནི། །དགེ་བའི་འཁོར་ལོའི་ལོགས་ལ་བཀོད། །ཅེས་གསུངས་པ་བཞིན་བཅས། མཆོད་པའི་ཡོ་བྱད་ཇི་སྙེད་པ་དང་གཏོར་མ། ཙ་རུའི་བཟའ་བ་རྡོ་རྗེ་དྲིལ་བུ་ཅང་ཏེའུ་སོགས་དམ་ཚིག་གི་རྫས་ཚོགས་པར་བྱས་ཏེ། སྟན་ལ་རྣལ་འབྱོར་གྱི་རོལ་པས་རབ་ཏུ་བསྔགས་པའི་གནས་ནུབ་ཕྱོགས་སུ་བལྟས་ཏེ་འདུག་པར་བྱའོ། །དམ་ཚིག་ལྔ་དང་ལྡན་པའི་བཏུང་བ་བཟང་པོ་མཆོད་སྦྱིན་གྱི་སྣོད་དུ་བཞག་པ། ཨོཾ་ཨཱཿཧཱུྃ་གིས་ཡང་དག་པར་སྔགས་པའི་ཆུ་དེས། ལག་པ་གཡོན་ནས་བརྩམས་ཏེ་ཡན་ལག་དང་ཉིང་ལག་ཐམས་ཅད་ཁྲུས་བྱ་ཞིང་རྩ་སྔགས་བརྗོད་པར་བྱའོ། །དེ་ཉིད་ཀྱིས་མཆོད་པའི་རྫས་རྣམས་གསང་གཏོར་བྱས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷཱོཧཾ། མཆོད་རྫས་རྣམས་མི་དམིགས་པ་སྟོང་པར་གྱུར། སྟོང་པའི་ངང་ལས། ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བྷྲཱུྃ་ཨཾ་ཛྭིཾ་ཁཾ་ཧཱུྃ། ལཱཾ་མཱཾ་པཱཾ་ཏཱཾ་བཱཾ། ཞུ་བ་ལས་བྱུང་བའི་ཤ་ལྔ་བདུད་རྩི་ལྔ་དང་བཅས་པ་ལ་ཕེཾ་གྱི་སྒྲས་བསྐུལ་བའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་དམ་ཚིག་གི་བདུད་རྩི་དང་རོ་གཅིག་ཏུ་འདྲེས། ཨོཾ་ཨཱཿཧཱུྃ་ཧ་ཧོ་སྲཱིཿཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་སརྦ་བིཏ་པཱུ་ར་པཱུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿབཛྭ་ཀྵྨྱ་ར་ཎ་ཁཾ། ཨརྒྷཾ་སྭཱཧཱ། པཱ་དྱཾ་སྭཱཧཱ། ཨཉྩྨ་མཱ་ནཾ་སྭཱཧཱ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ་ཨཱཿཧཱུྃ་སྭཱཧཱ། ཨོཾ་བཛྭ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙྱཱ་པཱ་ར་མི་ཏཱ། ནཱ་ད་སྭ་བྷཱ་ཝེ། བཛྭ་དྷརྨ་སྲྀ་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཕཊ྄྄་ཨཿཁཾ་སྭཱཧཱ། བགེགས་གཏོར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏྤནྣ་ཏྭཱཏ། ཅེས་ལན་གསུམ་བརྗོད་ནས་མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ཐམས་ཅད་ལྔ་དང་ལྡན་པ་འདི་ཉིད། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀ །བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་ལ་སོགས་པ་ས་འོག་ས་སྟེང་ས་བླ་གསུམ་ན་གནས་པའི་གནོད་བྱེད་གདོན་བགེགས་འབྱུང་པོའི་ཚོགས་དང་བཅས་པ་ཐམས་ཅད་མཆོད་སྦྱིན་འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་དེངས་ཤིག །ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ྄། གྲྀ་གྲྀ་ཧཱུྃ་ཧཱུྃ་ཕཊ྄། གྲྀ་པ་ཡ་གྲྀ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨཱ་ན་ཡ་ཧོཿབྷ་ག་ཝཱན་བཛྭ་ཧཱུྃ་ཧཱུྃ་ཕཊ྄། ཅེས་བསྐྲད་ནས། ཨོཾ་མེ་དཱི་ནི་བཛྭི་བྷཱ་ཝ་བཛྭ་བནྡྷ་ཧཱུྃ་བཾ་ཧཱུྃ། རྡོ་རྗེའི་ས་གཞི། ཨོཾ་བཛྭ་པྲ་ཀཱ་ར་ཧཱུྃ་པཾ་ཧཱུྃ། རྡོ་རྗེའི་རྭ་བ། ཨོཾ་བཛྭ་པཉྩྨཱ་ར་ཧཱུྃ་ཡཾ་ཧཱུྃ། རྡོ་རྗེའི་གུར། ཨོཾ་བཛྭ་བི་ཏཱ་ན་ཧཱུྃ་ཁཾ་ཧཱུྃ། རྡོ་རྗེའི་བླ་བྲེ། ཨོཾ་བཛྭ་ཤ་ར་ཛཱ་ལ་ཏྲཱཾ་སཾ་ཏྲཱཾ། རྡོ་རྗེ་མདའི་དྲ་བ། ཨོཾ་བཛྭ་ཛྷ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། ཕྱི་རོལ་དུ་རྡོ་རྗེ་མེ་རི་རབ་ཏུ་འབར་བས་བསྐོར་བར་གྱུར། དེ་ནས་ལག་པ་གཡོན་པའི་མཐེབ་མཛུབ་གུང་སྲིན་མཐེའུ་ཆུང་རྣམས་ཀྱི་དབུས་སུ་རིམ་པ་ཇི་ལྟ་བར། ཨོཾ་བཾ་ཧཾ་ཡཽཾ་སྲིཾ་མོཾ་སྲེཾ་སྲིཾ་ཧཱུྃ་ཧཱུྃ། རྩ་བ་དང་རྩེ་མོ་རྣམས་ལ་ཕཊ྄་ཕཊ྄། ཅེས་བྱ་བའི་སྔགས་ཀྱི་ཡི་གེ་བསམ་ཞིང་བརྗོད་པས། ལག་པ་གཡོན་པའི་སོར་མོ་རྣམས་སྦྱངས་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམས་ནས། དག་པ་གསུམ་བརྗོད་པར་བྱས་ཏེ། ཨོཾ་སྭ་བྷྭ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷྭ་ཝ་ཤུདྡྷཱོཧཾ། ཨོཾ་བཛྭ་ཤུདྡྷཿསརྦ་དྷརྨཱཿབཛྭ་ཤུདྡྷཱོཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷཱོཧཾ། རང་ལུས་ཁམས་གསུམ་པོ་རྣམ་པར་དག་པའི་གཞལ་ཡས་ཁང་དུ་གྱུར་པའི་ལྟེ་བར། སྐད་ཅིག་ཙམ་གྱིས་བདེ་བ་ཆེན་པོའི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་དབུས་སུ། རབ་ཏུ་དམར་བའི་ཆུ་སྐྱེས་དང་། སྲོག་བྲལ་གྱི་སྙིང་གར་ཉིན་མོར་བྱེད་པའི་ལྟེ་བ་ལ། བཾ་ཡིག་གི་འོད་ཀྱིས་སྤྲུལ་པའི་བཅོམ་ལྡན་འདས་ཉི་མ་བདུན་གྱི་འོད་དང་འཆར་ཀའི་ཁ་དོག་ཅན། ནམ་མཁར་ཕྱོགས་པའི་གཡས་ཀྱི་ཕག་ཞལ་མཐིང་ག་ནི་ཆོས་ཉིད་དོན་དམ་པའི་བདེན་པ་དང་། ཡིད་ཙམ་ཁྲོས་པའི་རྩ་བའི་ཞལ་མཆོག་ཏུ་མཛེས་ཤིང་རྒྱས་པ་ནི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པ་སྟེ། ཕག་ཞལ་ལས་གྱེན་དུ་ཕྱོགས་པའི་སྤྱན་གསུམ་ནི་དུས་གསུམ་གཟིགས་པ་དང་། ཁྲོ་ཞལ་ལས་ཐད་དཀར་ཕྱོགས་པའི་སྤྱན་གསུམ་ནི་ཁམས་གསུམ་ལ་གཟིགས་པ། དབུ་སྐྲ་ཅུང་ཟད་བཅིངས་པ་ལྷོད་པར་གྱུར་པ་ལས་གསིལ་བུར་གྲོལ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པ་ཙམ་ལས་འཆིང་བར་མི་ནུས་པ་དང་། མགོ་སྐམ་པོ་ལྔ་ཅོད་པན་དུ་འཛིན་པ་ནི་ཟག་པ་མེད་པའི་ངོ་བོ་ཉིད་ཀྱིས་མཛེས་པ། རབ་ཏུ་འབར་བའི་གྲི་གུག་སྔོ་བསངས་གཡས་པའི་ཕྱག་གིས་གྱེན་དུ་ཕྱོགས་པར་འཛིན་པས་རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པར་གཅོད་ཅིང་། བདུད་ཀྱི་ཁྲག་གིས་ཡོངས་སུ་གང་བའི་ཀ་པཱ་ལ་གཡོན་པའི་ཕྱག་གིས་འཛིན་པས་ཟག་པ་མེད་པའི་བདེ་བ་ཆེན་པོར་དུས་རྟག་ཏུ་རོལ་བ། གྲུ་མོའི་ངོས་ལ་བརྟེན་པའི་ཁ་ཊཱཾ་ག་ནི་ཤེས་རབ་ཀྱི་ཐབས་ཡོངས་སུ་མི་གཏོང་བའི་ངང་ཚུལ་ཅན་དང་། རྡོ་རྗེ་སྔོན་པོའི་ཐག་པས་བརྒྱུས་པའི་མགོ་བོའི་ཕྲེང་བས་ཡོངས་སུ་བསྐོར་བ་ནི་སེམས་འབྱུང་གི་རྒྱུ་བ་རྣམ་པར་དག་པ་ཉིད་དང་། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་ཏེ་ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་པ། ཞབས་གཡས་རོལ་པའི་གར་གྱིས་གཡོན་པའི་བརླ་ལ་གཏད་ཅིང་། གཡོན་བརྐྱང་བས་སྲོག་བྲལ་གྱི་སྙིང་ག་མནན་པ། གློ་བུར་གྱི་དྲི་མའི་གོས་དང་བྲལ་བའི་གཅེར་མོ་གདོད་ནས་དག་པ་ནམ་མཁའི་གོས་ཅན་མ། དགའ་བའི་ཆ་ཤས་ཡོངས་སུ་གང་བ་ན་ཚོད་བཅུ་དྲུག་མའི་ཉམས་ཅན། ཡེ་ཤེས་ཀྱི་མེའི་ཕུང་པོའི་དབུས་སུ། རབ་ཏུ་བརྗིད་ཅིང་མཛེས་པར་བཞུགས་པའི་ལྟེ་བའི་འཁོར་ལོའི་དབུས་ན། ཨོཾ་བཾ་ཕག་མོ་དམར་མོ། སྙིང་གར་ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། མགྲིན་པར་སྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། དཔྲལ་བར་སྲེཾ་སྲིཾ་སྲེག་བྱེད་མ་སེར་མོ། སྤྱི་བོར་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་ཁུ། ཡན་ལག་དང་ཉིང་ལག་ཐམས་ཅད་ལ་ཕཊ྄་ཕཊ྄་ཙཎྜྻི་ཀ་དུད་ཁ། གཞན་ཡང་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། སྙིང་གར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་སྔོན་པོ་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ལུས་ལ་རྡོ་རྗེའི་གོ་གྱོན། ལྟེ་བར་བཾ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་གཟུགས་སུ་སྟེང་གི་ནམ་མཁའ་ལ་དབང་གི་ལྷ་དང་བཅས་པ། འབར་བའི་ཕྱག་རྒྱས་ཕེཾ། ཨོཾ་ཨཱཿབཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཱུས་མཆོད། ཛཿཧཱུྃ་བཾ་ཧོཿདགུག་གཞུག་ཅིང་མཉེས་པར་བྱའོ། །ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ལྷ་རྣམས་ཀྱིས་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་པའི་སྐུ་ཁྲུས་གསོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་ལུས་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་རིགས་ཀྱི་ཅོན་པན་དུ་གྱུར། ཆོས་ཀུན་ཧེ་རུ་ཀ་ཡི་དངོས། །བདེ་ཆེན་དབྱིངས་ལས་གཡོ་མེད་ཀྱང་། །བརྟན་དང་གཡོ་བའི་རྣམ་པར་སྣང་། །གར་མཁན་ཚུལ་དུ་རོལ་བར་བྱ། །ཨོཾ་ཤྲཱི་བཛྭ་ཝཱ་རཱ་ཧཱི་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་ཤཔྟའི་བར་དུ་སྦྱར་བས་མཆོད། ཕག་གདོང་ཞལ་ནི་མི་གཡོའི་སྤྱན་གྱིས་སྟེང་གི་ནམ་མཁའ་དག་ལ་མཁའ་སྤྱོད་ཕྱག་རྒྱ་ནི། །དགའ་བ་འཁྱིལ་བའི་འོད་ཟེར་དམར་པོ་འཕྲོ་བ་ལ་ནི་མངོན་པར་ཕྱོགས་པས་གཟིགས་མཛད་དེ། །མདུན་དུ་རྣལ་འབྱོར་ཅན་གྱི་སྤྱོད་ཡུལ་དུ་མཛད་རྣམ་པར་འཕྲོ་བའི་སྐུ་མངའ་དཔལ་ལྡན་མ། །ཁམས་གསུམ་ཀུན་གྱི་ཡིད་དུ་འོང་ཞིང་དོན་ཀུན་ཕུན་ཚོགས་སྒྲུབ་བྱེད་དེ་ལ་ཕྱག་འཚལ་ལོ། །ནང་མཆོག་གོང་ལྟར་བྱིན་གྱིས་བརླབས་ནས། ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧིས་མྱང་བ་ནི་ནང་གི་རྣལ་འབྱོར་རོ། །ད་ནི་ཕྱི་རོལ་མཆོད་པའི་ཆོ་ག་བཤད་པར་བྱ་སྟེ། རྡུལ་ཚོན་དང་། སིནྡྷུ་ར། ཐོད་པའི་བདུད་རྩི་དང་བཅས་པ་བདུད་རྩིས་བསངས། དག་པ་གསུམ་གྱི་སྔགས་བརྗོད་དེ། དཀྱིལ་འཁོར་རྟེན་དང་བཅས་པ་སྟོང་པར་གྱུར་པའི་ངང་ལས། བདེ་བ་ཆེན་པོ་ཆོས་གྱི་འབྱུང་གནས་ཞེས་པ་ནས། ལྟེ་བར་བཾ་དེ་ལས་འོད་ཟེར་འཕྲོས། འབར་བའི་ཕྱག་རྒྱ་བཅིངས་པ་མིག་གཡོན་པའི་ཐད་ཀྱི་དཔྲལ་བར་བསྐོར་ཞིང་། ཨོཾ་ཕེཾ་ཕེཾ་ཕེཾ་གུ་རུ་ཤྲཱི་བཛྭ་ཡོ་གི་ནཱི། ཨཱ་ཀཌྜྷྱ་ཡ། ཨཱ་ཀཌྜྷྱ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་བཛྭ་ཌཱ་ཀ྄ི་ནཱི་སྲྀ་ད་ཡ། ཨ་བ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿཨོཾ་ཨཱཿཧཱུྃ། སརྦ་ཝཱི་ར་ཡོ་གི་ནཱི་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་གཟུགས་ཀྱིས་ས་གཞི་དང་བར་སྣང་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿབཛྭ་པུཥྤེ་པྲ་ཏཱིཙྪ་སྭཱཧཱ་ནས། ཤཔྟའི་བར་གྱིས་མཆོད་ལ། ཛཿཧཱུྃ་བཾ་ཧོཿདམ་ཚིག་གི་འཁོར་ལོ་དང་རོ་གཅིག་ཏུ་གྱུར། སླར་ཡང་བཾ་ཡིག་གི་འོད་ཀྱིས་བསྐུལ་བའི་གདན་གསུམ་ཚང་བ་དབང་གི་ལྷ་ཚོགས་ནམ་མཁའ་གང་བས་མདུན་བསྐྱེད་ཀྱི་ལྷ་ལ་དབང་བསྐུར་དུ་གསོལ། ལྷ་རྣམས་ཀྱིས་ནས་ཅོད་པན་དུ་གྱུར་ཅེས་པའི་བར་སྔ་མ་བཞིན་དུ་སྦྱར་རོ། །དེ་ནས་ཕྱི་མཆོད་ནི། ཨོཾ་ཤྲཱི་བཛྭ་ཝཱ་རཱ་ཧཱི་པྲ་ཝ་ར་སཏྐྲ་རཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱདྱཾ། ཨཉྩྨ་མཱ་ནཾ། མཆོད་ཡོན་ཞབས་བསིལ་ཞལ་བསིལ་རྣམས་ཕུལ་ནས་ཤིན་ཏུ་སྙན་པའི་དབྱངས་ཀྱིས། རབ་མཛེས་ལྟ་བས་མི་ངོམས་ལང་ཚོ་ཅན། །དགའ་བའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་མས། །རབ་འབྱམས་ནམ་མཁའ་བཀང་བས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་ཝཱི་ནེ་ཧཱུྃ་ཧཱུྃ་ཕཊ྄། ཝཾ་སེ། མྲྀ་ཏཾ་ཀེ མུ་རཉྫྱེ། མཆོག་དགའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །བཞད་དང་དྲེགས་ལྡན་གླུ་དབྱངས་གར་མཁན་མས། །ཧཱ་ཀྵྼེ། ལཱ་ཀྵྼེ། གཱི་ཏཱི། ནྲྀ་ཏྱེ། ཁྱད་དགའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །མེ་ཏོག་བདུག་པ་སྣང་གསལ་དྲི་ཆབ་མས། །པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ལྷན་སྐྱེས་དགའ་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །གཟུགས་བཅུད་རེག་བྱ་ཆོས་དབྱིངས་རྡོ་རྗེ་མས། །རཱུ་པ། རཱ་ས། སྤརྴེ། དྷརྨ་དྷཱ་ཏུ། གཡོན་པའི་སྲིན་ལག་གིས་ནང་མཆོད་འཐོར་ཞིང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད། དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། བཀའ་རྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྩ་སྔགས་ཀྱི་གཤམ་དུ་ཨོཾ་ཨཱཿཧཱུྃ། བཏགས་པས་རྡོ་རྗེ་བཙུན་མོ་ལ་འབུལ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱིྎ དམ་ཅན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིྎ དེ་ནས་ལག་པ་གཡོན་པའི་ལག་མཐིལ་དུ། ཨོཾ་ལས་ཉི་མའི་དཀྱིལ་འཁོར་ཨོཾ་གྱིས་མཚན་པ་དེ་ལས་འོད་འཕྲོས་གཟུང་བའི་རྟོག་པ་བཅོམ། གཡས་པའི་མཐིལ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཨ་ཡིས་མཚན་པ་དེ་ལས་འོད་འཕྲོས་འཛིན་པའི་རྟོག་པ་བཅོམ། ལག་པ་གཡོན་པའི་མཐེ་བོང་གི་དབུས་སུ་ཨོཾ་བཾ་ཕག་མོ་དམར་མོ། མཛུབ་མོའི་ངོས་ལ་ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། གུང་མོ་ལ་སྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། མིང་མེད་ལ་སྲེཾ་སྲིཾ་སྲེག་བྱེད་མ་སེར་མོ། མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་ཁུ། སོར་ཚིགས་ལ་ཕཊ྄་ཕཊ྄་ཙཎྜྻི་ཀཱ་དུད་ཁ། ལག་པ་གཡས་པའི་མཐེ་བོང་ལ་ཨོཾ་ཧཿརྡོ་རྗེ་སེམས་དཔའ་དཀར་པོ། མཛུབ་མོ་ལ་ན་མ་ཧི་རྣམ་པར་སྣང་མཛད་སེར་པོ། གུང་མོ་ལ་སྭཱཧཱ་ཧུ་རིན་ཆེན་འབྱུང་གནས་དམར་པོ། སྲིན་ལག་ལ་བཽ་ཥ་ཊ་ཧེ་ཧེ་རུ་ཀ་ནག་པོ། མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་ཧོཿའོད་དཔག་མེད་མཐིང་ཁ། སེན་མོའི་ངོས་ལ་ཕཊ྄་ཧཾ་དོན་གྲུབ་ལྗང་ཁུ། རང་རང་ལས་འོད་འཕྲོས། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་ཡེ་ཤེས་པ་རོ་མཉམ་དུ་གྱུར། རྩ་སྔགས་ཀྱི་མཐར་ཨོཾ་བཾ་ཧཾ་ཡཽཾ་སྲིཾ་མོཾ་སྲེཾ་སྲིཾ་ཕཊ྄་ཕཊ྄། ཨོཾ་ཧཿནཱ་མ་ཧི། སྭ་ཧ་ཧུ། བཽཥ་ཊ་ཧེ། ཧཱུྃ་ཧཱུྃ་ཧོཿཕཊ྄་ཧཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ། ཨོཾ་ཤྲཱི་བཛྭ་ཡོ་གི་ནཱི་པཉྩྨ་ཨ་མྲྀ་ཏ་པྲ་ཏཱིཙྪ་སྭཱཧཱ། བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་ལ་མཆོད་པ་དམ་པ་འབུལ་ལོ། །འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཐལ་མོ་སྦྱར་ནས་ལག་པའི་ལྷ་རྣམས་སྙོམས་པར་ཞུགས་ཏེ། ཟག་མེད་ཀྱི་བདེ་བས་དགྱེས་བཞིན་དུ་བདག་ལ་ཐིམ་པར་བསམ། གསང་མཆོད་ནི། འཁྱུད་སྟངས་ཀྱི་ཕྱག་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། སེམས་རྣམ་པར་མི་རྟོག་པའི་ངང་ལ་འཇོག་པ་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །དེ་བཞིན་གཞོན་ནུ་མ་ཡང་མཆོད། ཅེས་པས་གྲོང་པའི་ཆོས་ཀྱི་མ་གོས་པ་ལྷར་བསྐྱེད་པ་ནས་མཆོད་པའི་རིམ་པ་འདི་ཉིད་ཀྱིས་སོ། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བྱེད་ལས་ནི་རྣམ་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨོངས་བྱེད་རེངས་བྱེད་སྨྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕཾ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་པོ་འདོད་པའི་དབང་ཕྱུག་མ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །རྒྱས་པར་འདོད་ན་མེ་ཏྲི་ཞབས་ཀྱི་བསྟོད་ཆེན་ཀྱང་འདོན་པར་བྱའོ། །དེ་ནི་ཕྱི་རོལ་མཆོད་པའི་ཆོ་གའོ། །ད་ནི་བཟླས་པའི་རྣལ་འབྱོར་བྱ་བ་ནི། རྒྱ་གཞུང་ནས། དེ་ཡི་པདྨའི་ནང་དུ་ནི། །དོན་ཀུན་སྒྲུབ་བྱེད་འཁོར་ལོ་མེ་ལོང་ལ་བཀོད་པའི་དཀྱིལ་འཁོར་ཇི་ལྟ་བ་བསྒོམ། །གྲུ་གསུམ་གྱིས་བརྒྱན་མཚན་མ་ནི། །ཁ་དོག་དམར་པོ་འོད་ཟེར་ཅན། །སྔགས་ཀྱི་ཡི་གེ་ཡོངས་རྫོགས་ནས། །རྫ་མཁན་འཁོར་ལོ་གཡོན་དུ་འཁོར་བ་བཞིན་དུའོ། །སྲིན་པོའི་ཞལ་ནི་ཅུང་ཟད་བསྡམ། །རབ་ཏུ་འབར་བའི་རྣམ་པར་བསྒོམ། །ཕག་གདོང་གྱེན་དུ་ཉེ་བར་བལྟ། ཕག་གདོང་གི་སྤྱན་གྱི་ཐད་ཀར་།གཡུང་དྲུང་འཁྱིལ་བ་མྱུར་དུ་འཁོར། །ཕྱག་རྒྱ་གཉིས་ཀྱི་རྣལ་འབྱོར་གྱིས། །ཁམས་གསུམ་པོ་ཡང་བསྒྲུབ་པར་བྱ། །ཞེས་གསུངས་པ་བཞིན་ནམ། མ་འགྲུབ་ན། རང་ཉིད་ཀྱི་ལྟེ་བའི་འཁོར་ལོའི་དབུས་སུ་དགའ་བ་འཁྱིལ་བ་གཡོན་སྐོར་དུ་འཁོར་བར་དམིགས་ནས། རྩ་བའི་སྔགས། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀ྄ི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སྭཱཧཱ། ཞེས་རྩེ་གཅིག་ཏུ་བཟླས་སོ། །དེ་ནས། སྡིག་པ་ཐམས་ཅད་བདག་གིས་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་རིན་ཆེན་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དགེ་བ་མ་ལུས་བྱང་ཆུབ་ཆེན་པོར་བསྔོ། །རྣལ་འབྱོར་བླ་མེད་ལམ་ལ་བརྟེན་པར་བགྱི། །འགྲོ་བའི་དོན་ཕྱིར་སངས་རྒྱས་འཕྲིན་ལས་ཀུན། །མ་ལུས་རྫོགས་པར་བདག་གིས་བྱེད་པར་ཤོག །ཙཱ་རུའི་བཟའ་བ་གཏོར་མ་ལྟར་བྱིན་གྱིས་བརླབས། ནང་མཆོད་ལྟར་ཕུད་ཕུལ། ཡང་ན་ཚོགས་ཀྱི་འཁོར་ལོའི་རྣམ་གཞག་གཞན་དུ་བཤད་པ་ལྟར་བསྒྲུབ་བོ། །དེ་ནས་གཏོར་མ་གོང་ལྟར་བྱིན་གྱིས་བརླབ། ལྟེ་བའི་བཾ་ལས་འོད་འཕྲོས། ཕེཾ་ཕེཾ་ཞེས་སོགས་ཀྱིས་སྔགས་དང་འབར་བའི་ཕྱག་རྒྱས་གཏོར་མགྲོན་སྤྱན་དྲངས་ལ། ཨོཾ་བཛྭ་ཨཱ་ར་ལི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྭ་ཌཱ་ཀ྄ི་ནཱི་ས་མ་ཡ་ཧྶ་དྲྀ་ཥྱ་ཧོཿ ཞེས་པ་ལྔས་འདས་པ་ལ་ཕུལ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙོནྨཱ་དཱ་པསྨཱ་ར། བཛྭ་ཌཱ་ཀ྄ི་ཌཱ་ཀ྄ི་ནྱཱ་ད་ཡ་ཨི་དཾ་བ་ལིཾ་གྲྀནྟུ། ས་མ་ཡཾ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡ་ཙྪནྟུ། ཡ་ཐཻ་ཝཾ། ཡ་ཐེ་ཥྚཾ། བྷུཉྫྱ་ཐ། ཁཱ་ད་ཐ། པི་ཝ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀ་ར་ཏ་ཡ། སཏྶུ་ཁཾ་བི་བྲྀ་དྡྷ་ཡེས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ྄། ལན་གསུམ་གྱིས་འཇིག་རྟེན་པ་རྣམས་ལ་འབུལ་བར་བྱའོ། །སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་ལྟ་བ་བཅོམ། །ཁྱོད་ནི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་བརྗིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ། །ཨོཾ་ཡོ་ག་ཤུདྡྷཱཿསརྦ་དྷརྨཱཿཡོ་ག་ཤུདྡྷཱོཧཾ། ཞེས་པདྨའི་ལག་བསྐོར་གྱིས་མཉེས་པར་བྱའོ། །དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུག་འཕེལ་བ། །བདེ་ལེགས་ཐམས་ཅད་འགྲུབ་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་བཞིན་ཕ་རོལ་ཚོགས་འཇོམས་ཤིང་། །དགྲ་རྣམས་ཐམས་ཅད་ཕམ་པར་མཛོད། །མཆོད་སྦྱིན་འདི་ཡི་མཐུ་སྟོབས་ཀྱིས། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་སྡིག་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སངས་རྒྱས་ཉིད་དང་ཕྲད་གྱུར་པའི། །ལམ་དེ་ཉིད་ལ་ཞུགས་ནས་ཀྱང་། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །རྣལ་འབྱོར་གཙུག་ལག་དམ་ཚིག་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཨོཾ་བཛྭ་ཝཱ་རཱ་ཧཱི་ས་མ་ཡ་ཞེས་དམ་ཚིག་བསྐུལ། བྱིན་བརླབ་བྱ་ན་འདིར་བགྱི། ཚོགས་ལ་རོལ། ལྷག་མ་བཏང་ནས། བཛྭ་མུཿ མདུན་བསྐྱེད་དང་གཏོར་མགྲོན་ཡེ་ཤེས་པ་རང་ལ་བསྟིམ། སརྦ་གཙྪ། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཧེ་རུ་ཀ་དཔལ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཉེས་ལྟུང་དྲི་མས་མ་གོས་ཤིང་། །རླབས་ཆེན་སྤྱོད་པ་རྫོགས་པ་དང་། །རྣལ་འབྱོར་མ་དང་མཉམ་པ་ཡི། །གོ་འཕང་ཚེ་འདིར་ཐོབ་པར་ཤོག །བཀྲ་ཤིས་ཀྱང་ཅི་རིགས་པ་བརྗོད་པར་བྱའོ། །རྡུལ་ཚོན་ཨ་ཀཱ་རོའི་སྔགས་ཀྱིས་ཕྱིས། སིནྡྷུ་ར་ཕྱིས་པའི་ལྷག་མ་སྨིན་མཚམས་སུ་བྱུག་ཅིང་བསྲུང་ངོ་། །རྡོ་རྗེ་བཙུན་མོའི་ཞབས་ཀྱི་ཆུ་སྐྱེས་ལ། །ལན་བརྒྱར་རེག་པ་གྲུབ་པའི་མཆོག་རྣམས་ཀྱིས། །གཞུང་དུ་བསྡེབས་ལ་བྱིས་པའི་ཚོགས་རྣམས་ཀྱང་། །བདེ་བླག་འཇུག་ཕྱིར་བདག་གིས་འདི་བྱས་སོ། །འདིར་འབད་དགེ་བའི་འོད་ཟེར་མུ་མེད་པས། །སྒྲིབ་གཉིས་འཐུག་པོའི་མུན་ནག་ཀུན་གསལ་ཏེ། །སྒྱུ་འཕྲུལ་རིགས་བརྒྱའི་སྐྱེད་མཛད་རྣལ་འབྱོར་མའི། །བཞིན་རས་ཇི་བཞིན་ཀུན་ཏུ་ལྟ་བྱེད་ཤོག །ཤ་ཝ་ར་དབང་ཕྱུག་དང་། དཔལ་མཻ་ཏྲི་པ་ཡབ་སྲས་ཀྱི་རིང་ལུགས་ཇི་ལྟ་བ་པཎ་ཆེན་ནགས་ཀྱི་རིན་ཆེན་གྱི་མན་ངག་གིས་གསལ་བར་བགྱིས་པ་མཚུངས་མེད་རྒྱལ་བའི་དབང་པོས་གཞུང་དུ་བསྡེབས་པ་ལ། རྒྱ་གཞུང་གི་དངོས་བསྟན་དང་བསྒྲིགས་པའི་ཟུར་གསལ་བ་བགྱིས་པ་ཉུང་ངུ་འདི་ནི་པདྨ་དཀར་པོས་གཡའ་བཟང་ཆོས་མཛད་བསོད་ནམས་སྙིང་པོའི་ཆེད་དུ་སྦྱར་བའོ།། །།


previousཕག་མོ་ཞལ་གཉིས་མ་མཆོད་པའི་ཆོ་ག་རས་ཆུང་ལུགས།next