Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་བདེན་གཉིས་ཞལ་གྱི་དབང་བསྐུར་བའི་ཆོ་ག
   
   


 
previousརྗེ་བཙུན་བདེན་གཉིས་ཞལ་གྱི་དབང་བསྐུར་བའི་ཆོ་གnext

རྗེ་བཙུན་བདེན་གཉིས་ཞལ་གྱི་དབང་བསྐུར་བའི་ཆོ་ག

རྗེ་བཙུན་བདེན་གཉིས་ཞལ་གྱི་དབང་བསྐུར་བའི་ཆོ་ག་བཞུགས་སོ། །དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་ཐུགས་ལ་ཟུར་མིག་མདའ། །འཕེན་མཁས་ཆུ་ཟླའི་གར་གྱིས་མི་བཅིལ་བའི། །སྲིད་ཞིའི་མིག་འཕྲུལ་ཀུན་གྱི་བྱེད་པ་མོ། །ཝཱ་རཱ་ཧཱི་དེས་བདེ་ལེགས་མཛད་གྱུར་ཅིག ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལ་བརྟེན་ནས༑ དཔལ་ཤ་ཝ་རིས་རྡོ་རྗེ་རྣལ་འབྱོར་མའི་དབང་མདོར་བསྡུས་པ་གསུངས་པ་བཞིན། སློབ་དཔོན་མཻ་ཏྲི་པའི་ཞལ་སྐྱིན་གྱིས་ཅུང་ཟད་སྤྲོས་ཏེ་བཤད་པར་བྱའོ། །སྒྲུབ་ཐབས་ལས་བྱུང་བ་བཞིན་གྱི་དཀྱིལ་འཁོར་དབང་རྫས་ཀྱི་ཁར། བུམ་པ་བཟང་པོ་དར་དམར་པོས་མགུལ་དཀྲིས་པ། རིན་པོ་ཆེ། སྨན། འབྲུ། དྲི། སྙིང་པོ། བདུད་རྩི་ལྔ་ཆུས་སུམ་གཉིས་གང་བ། ཁ་རྒྱན་མེ་ཏོག་དམར་པོ་དང་ལྡན་པའི་ཤིང་གིས་བརྒྱན། དབུ་རྒྱན། རྡོར་དྲིལ་རྣམས་སྟེགས་བུའི་ཁར་བཞག བདག་མདུན་གྱི་བཟླས་པའི་བར་གཞུང་བཞིན་བྱས་ནས། བུམ་པར་བཅོམ་ལྡན་འདས་མ་བསྐྱེད་པ་ནས། བདུད་རྩི་མྱང་བའི་བར་བདག་བསྐྱེད་བཞིན་འདོན་པ་ཅུང་ཟད་བསྒྱུར་བར་བྱས་ཏེ། མེ་ཏོག་དམར་པོའི་འཕྲེང་བ་དང་ལྡན་པའི་རྡོ་རྗེ་བུམ་པའི་ཁར་བཞག སྙིང་པོ་ཇི་སྲིད་འདོད་ཀྱི་བར་དུ་བཟླས་པས་བསྐུལ་ནས། མེ་ཏོག་དམར་པོ་དོར་བས་ཞུ་ནས་བུམ་པའི་ཆུར་བལྟའོ། །དེ་ནས་སྣོད་དུ་འོས་པའི་སློབ་མ་ཇི་སྙེད་པ་ཁྲུས་བྱས་གྲལ་ལ་འཁོད། བླ་མ་སངས་རྒྱས་དང་དབྱེར་མི་ཕྱེད་པའི་གུས་པས། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ༑ བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་གོ་འཕང་མངོན་པར་འདོད་པའི་བསམ་པ་བཅངས་ལ་མཎྜྻལ་བྱས། རས་དམར་པོས་གདོང་བཅིངས་པའི་ཁ་ཨུ་རྒྱན་དུ་བལྟས་ཏེ། ཐལ་མོ་སྙིང་གར་སྦྱར༑ མེ་ཏོག་དམར་པོས་དགའ་བ་འཁྱིལ་བ་བྲིས་པའི་སྟེང་དུ་འདུག བགེགས་གཏོར། ཨོཾ་ཨ་ཀཱ་རོ་ཞེས་པ་ནས། མེ་རི་རབ་ཏུ་འབར་བས་བསྐོར་བར་གྱུར། ཅེས་བགེགས་བསྐྲད་སྲུང་འཁོར་བྱ། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིད་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་གྱིས་སེམས་བསྐྱེད་ཕོག །སློབ་མའི་སྤྱི་བོར་རྡོ་རྗེ་བཞག་སྟེ། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་རྡོ་རྗེ་རྣལ་འབྱོར་མའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན༑ དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མ་བྱེད་ཅིག རྡོ་རྗེ་སྙིང་གར་བཞག་ནས། རྡོ་རྗེ་རྣལ་འབྱོར་མ་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བདུད་རྩི་བྱིན་ནས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །བཛྭ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ། སླར་རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་རྡོ་རྗེ་རྣལ་འབྱོར་མ་ང་ཡིན་གྱི༑ ངས་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །ཁྱོད་མི་བདེ་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ༑ ཞེས་དམ་བསྒྲགས། ཡེ་ཤེས་དབབ་པའི་ཕྱིར་དུ། བླ་མ་རྗེ་བཙུན་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བདག་ལ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིན་པར་མཛད་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ། དེ་བཞིན་ཉིད་ཀྱི་ཡེ་ཤེས་བདུད་རྩི་ལྟ་བུས་གང་བརྎ སྨིན་པརྎ ཡོངས་སུྎ ཤིན་ཏུྎ ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་ལུས་རྣམ་པར་སྣང་མཛད་ཀྱི་སྐྱིལ་ཀྲུང་བཅས། རིག་པ་སྐད་ཅིག་ཀྱང་མ་ཡེངས་པར། ཨོཾ་སྭ་བྷཱ་ཝ་ནས་རབ་ཏུ་བརྗིད་ཅིང་མཛེས་པར་བཞུགས་པ། ཞེས་པའི་བར་གྱིས་བཅོམ་ལྡན་འདས་མ་གསལ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བའི་བཅོམ་ལྡན་འདས་མ་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་སྤྲིན་ནམ་མཁའི་ཁམས་གང་བ་སྤྲོས་པ་སློབ་མ་ལ་གཉིས་སུ་མེད་པར་ཐིམ། ལྟེ་འོག་ཏུ་ཕག་མོའི་རང་བཞིན་ཆོས་འབྱུང་སོར་བཞིའི་ཚད་ཙམ་གདེངས་ཀ་གྱེན་དུ་ཕྱོགས་པ་ནང་གཡུང་དྲུང་རིས་ཀྱིས་བརྒྱན་པ་ཁ་དོག་དམར་ཞིང་རེག་བྱ་ཚ་བའི་གཏུམ་མོ་ཤིན་ཏུ་རྣོ་བའི་ཟུར་ཅན་གཡོན་དུ་འཁོར་བ་དང་སྨིན་མཚམས་སུ་དགའ་བ་འཁྱིལ་བ་གཡོན་དུ་འཁོར་བ་ལ་དམིགས་ནས་ཉམས་བྱུང་རྒྱལ་དུ་བཏང་སྟེ། བདུག་སྤོས་དང་བཅས་པའི་རོལ་མོ་དྲག་ཏུ་བྱ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧཱུྂ་ཧཱུྂ་ཧཱུྂ་ཕཊ྄་ཕཊ྄་ཕཊ྄་སྭཱཧཱ། ཛ་ན་ཡ། ཀ་ན་ཡ། ས་ད་ཀ་ར་ཡོ་ག་ཡོ་གི་ནཱི་ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། སྲིཾ་སྲིཾ་ཧེ་ཧེ་ཧཱུྂ་ཧཱུྂ་ཕ྄ཊ་ཅེས་བརྗོད༑ འདར་བ་དང་། འཕར་བ་དང་། བ་སྤུ་ལྡང་བ་ལ་སོགས་པ་བྱུང་ན་ཕེབས་པ་སྟེ། རྡོ་རྗེ་སྤྱི་བོར་བཞག ཨོཾ་ཏིཥྛ་བཛྭ་ཞེས་བརྟན་པར་བྱའོ། །དེ་ནས་སློབ་མ་དཀྱིལ་འཁོར་དུ་ཕྱོགས་པ་ལ། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་ལྟར། །བསོད་ནམས་ཇི་ལྟར་དེ་བཞིན་ཤོག །འདི་ཡིས་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །པྲ་ཏཱིཙྪ་བཛྭ་ཧོཿ ལྷ་གང་གི་རིགས་བརྟག སླར་པྲ་ཏི་གྲྀ་ཧྶཾ་མི་མཾ་སཏྭ་མ་ཧཱ་བ་ལ། མེ་ཏོག་གི་འཕྲེང་བ་སློབ་མའི་སྤྱི་བོར་བྱ་བ་ནི། དེ་ནས། རྡོ་རྗེ་རྣལ་འབྱོར་མ་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ༑ །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་མིག་དར་ཕྱེ། རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱི། །གསང་བ་མཆོག་གི་དཀྱིལ་འཁོར་འདི། །མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པ་ཡིས༑ །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །དེ་ལྟར་འདི་ལ་ཐེ་ཚོམ་མེད། །ཅེས་དཀྱིལ་འཁོར་བསྟན་པར་བྱའོ། །དང་པོ་བུམ་པའི་དབང་ནི། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་ལ་ནི་སྐྱབས་སུ་མཆི། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མས། །བདག་ནི་བྱིན་གྱིས་བརླབ་ཏུ་གསོལ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་མ་བཅོམ་ལྡན་འདས་མར་སྐད་ཅིག་གིས་གསལ་བཏབ་ནས་བླ་མའི་སྙིང་གའི་འོད་ཟེར་གྱིས་མི་བསྐྱོད་པ་ལ་སོགས་པ་ཧེ་རུ་ཀ་ཡབ་ཡུམ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོ་དང་བཅས་པས་བསྐོར་བ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿདེ་རྣམས་ཀྱིས་གུར་ཀུམ་ལ་སོགས་པ་མེ་ཏོག་གི་ཆར་འབེབས་ཤིང་། རོལ་མོར་བཅས་པའི་གླུས་མཆོད་ཅིང་ཤིས་པ་བརྗོད། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པས་ཚིགས་སུ་བཅད་པ་འདི་བརྗོད་བཞིན་པས་དབང་བསྐུར་བའི་མོས་པ་གྱིས། སངས་རྒྱས་ཀུན་གྱི་བུམ་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ནས་རབ་བསྒྲུབ་ཕྱིར། །བུམ་པའི་དབང་འདི་ཁྱོད་ཀྱིས་ལོང་། །བྱིན་གྱིས་བརླབས་པའི་ཁུ་བས་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཀྱི་འཁོར་ལོ་གསུམ་པོ་བཀྲུས་ནས་རྒྱུན་ཆད་མེད་པ་ལྷན་ཅིག་སྐྱེས་པའི་བདེ་བ་ལས་སྐྱེས་པའི་དགའ་བའི་རྒྱུན་དུ་རོ་གཅིག་པས་ཕུང་པོ་ལྔ་སངས་རྒྱས་ལྔ། ཁམས་ལྔ་ཡུམ་ལྔ། དབང་ཡུལ་སེམས་དཔའ་སེམས་མ། ལས་དབང་བྱ་བ་དང་བཅས་པ་ཁྲོ་བོ་ཁྲོ་མོར་དག་པའི་བསམ་གྱིས་མི་ཁྱབ་པའི་གཟུགས་སུ་བཞེངས་པར་གྱུར། སྤྱི་བོར་བླ་མ་རྣམ་པར་སྣང་མཛད་ཅོད་པན་དུ་འོངས་པར་མོས་ཏེ། སངས་རྒྱས་ཀུན་གྱི་ཅོད་པན་དབང་། །དེ་རིངྎ སངས་རྒྱསྎ ཅོད་པན་དབང་འདི་ཁྱོད་ཀྱིས་ལོང་། །ཆོས་ཐམས་ཅད་སྙིང་པོ་ནས་སྙིང་པོར་གྱུར་པའི་དབྱེར་མི་ཕྱེད་པའི་རྡོ་རྗེ་བྱིན་ནས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིངྎ སངས་རྒྱསྎ རྡོ་རྗེའི་དབང་འདི་ཁྱོད་ཀྱིས་ལོང་། །གཞོམ་དུ་མེད་པའི་རླུང་ཡུལ་རྣམས་ལ་འཇུག་པའི་སྒྲ་བརྙན་བྱིན་ཏེ། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེ་རིངྎ སངས་རྒྱསྎ དྲིལ་བུའི་དབང་འདི་ཁྱོད་ཀྱིས་ལོང་། །ནམ་མཁའ་རྡོ་རྗེ་འཆང་མ་ཁྱོད་ཉིད་ཅེས་བྱ་བའི་མིང་བཏགས་ཏེ། སངས་རྒྱས་ཀུན་གྱི་མིང་གི་དབང་། །དེ་རིངྎ སངས་རྒྱསྎ མིང་གི་དབང་འདི་ཁྱོད་ཀྱིས་ལོང་། །ངེས་པ་དོན་གྱི་རིགས་ལྔའི་དབང་ཐོབ་པ་ཁྱོད་ཉིད་རྣལ་འབྱོར་མའི་འཁོར་ལོ་སྟེ། བདེ་བ་ཆེན་པོའི་སེམས་ཀྱིས་རིགས་ཐམས་ཅད་ལ་ཀུན་ཏུ་སྤྱོད་པ་དང་། བྲག་ཆ་ལྟ་བུའི་གསུང་གིས་འགྲོ་བ་མ་ལུས་པ་ལ་ཆོས་སྟོན་པ་དང་། ནམ་མཁའ་ཁྱབ་པ་སྒྱུ་མའི་གཟུགས་ཀྱིས་སྐལ་བ་དང་ལྡན་པ་ཐམས་ཅད་ཉེ་བར་སྡུས་ཤིག་ཅེས་རྡོར་དྲིལ་ཕྱག་རྒྱར་བཅའ་ལ་སློབ་དཔོན་དུ་བྱེད་པའི་རྗེས་སུ་གནང་བ་སྦྱིན་ནོ། །གཉིས་པ་གསང་དབང་ནི། དེ་ནས་སིནྡྷུརའི་བཅོམ་ལྡན་འདས་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པའི་ལྕགས་ཀྱུས། དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ་བྷ་གར་ཞུགས་པ་དངུལ་ཆུའི་རྣམ་པ་ཅན་དུ་ཞུ་བ་བཅོམ་ལྡན་འདས་མའི་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ལས་བབས་པའི་རཀྟ་དང་གཅིག་ཏུ་འདྲེས་པའི་ཐིག་ལེ་ཉིན་མོར་བྱེད་པ་ལྟ་བུ་སྤྱི་བོ་ནས་བླུགས་པས་ལུས་ངག་ཡིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་མེའི་གཟུགས་སུ་བསྲེགས་ཏེ་འོད་གསལ་བའི་རང་བཞིན་དུ་རོ་གཅིག་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ལོངས་སྤྱོད་རྫོགས་པར་སད་པའི་མོས་པ་གྱིས། སངས་རྒྱས་ཀུན་གྱི་གསང་བའི་དབང་། །དེ་རིངྎ སངས་རྒྱསྎ གསང་བའི་དབང་འདི་ཁྱོད་ཀྱིས་ལོང་། །ཞེས་ཐོད་པའི་ཆང་འཐུང་དུ་གཞུག གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སིནྡྷུ་རའི་དཀྱིལ་འཁོར་གྱི་ལྷ་མོ་ཞུ་བ་མཚམས་ཀྱི་སྤྲིན་དང་ཁ་དོག་མཚུངས་པར་གྱུར་པའི་སྔགས་ཀྱི་འཁོར་ལོ་སློབ་མའི་སྤྱི་བོ་ནས་ཞུགས༑ ཨ་ཝ་དྷཱུ་ཏིའི་ལམ་ནས་བརྒྱུད་དེ་གསང་གནས་སུ་རྫ་མཁན་གྱི་འཁོར་ལོ་ལྟར་འཁོར་ཞིང་འབར་བ་གསལ་བཏབ་སྟེ། སངས་རྒྱས་ཀུན་གྱི་མེ་ལོང་དབང་། །དེ་རིངྎ སངས་རྒྱསྎ ཤེས་རབ་ཡེ་ཤེས་ཁྱོད་ཀྱིས་ལོང་། །སླར་ཡང་ཕག་གདོང་གི་དཔྲལ་བར་གཡུང་དྲུང་རིས་དམར་པོ་འཁོར་བར་བསམ་ལ་སྲིན་པོའི་ཞལ་ཅུང་ཟད་བསྡམ། བཛྭ་ཝཱ་རཱ་ཧི། རྟོག་པ་ཐམས་ཅད་དང་བྲལ་བ་ཁྱོད་ཀྱི་སྙིང་ལ་ཞུགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་པ་ནི་རྡོ་རྗེ་ཁྱོད་ཉིད་དེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀྱིས་ཤིགས་པ་མེད་པའི་ཡེ་ཤེས་བརཏལ་ཞུགས་ཀྱི་དམ་ཚིག་གིས་མཆོད་ཅིག་ཅེས་དབུགས་དབྱུང་། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་རང་བཞིན་དུ་ཁྱོད་གྱུར་བར༑ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་རྣལ་འབྱོར་མ་ཐམས་ཅད་དང་ངས་ལུང་བསྟན་ནོ། །ཞེས་ལུང་བསྟན། བུ་ཁྱོད་རྡོ་རྗེ་ཡེ་ཤེས་ཀྱི་དབང་ཐོབ་པའི་དུས་སུ་ཁྱོད་ཀྱི་དྲུང་དུ་མཆོག་ཏུ་གྱུར་བ་རྣམས་ལྷགས་ནས་བ་སྤུའི་བུ་ག་རེ་རེ་ཞིང་ནས་སངས་རྒྱས་གྲངས་མེད་པ་ཞུགས་ནས་དེ་ཉིད་ནས་བྱུང་སྟེ་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །ཞེས་གཟེངས་བསྟོད། སིནྡྷུ་ར་ཕྱིས་ནས་གནས་གསུམ་དུ་ཐིག་ལེ་བྱ། དབང་བཞི་པ་ནི། ཐུན་མོང་མ་ཡིན་པའི་ལྟ་བ་ཕྱག་རྒྱ་ཆེན་པོའི་དོན་ཇི་ལྟ་བ་བཞིན་རྟོགས་པར་བྱས་ལ། གང་དུ་ཡང་གནས་པར་མི་བྱའོ། །དེ་ཡང་བརྡ་སྣ་ཚོགས་ཀྱི་སྒོ་ནས་རྟོགས་པར་བྱ་སྟེ། རྡོ་རྗེ་གདན་ཞེས་བརྗོད་པའི་དུས་སུ་སྒྲ་དེ་ལ་བརྟེན་ནས་རྡོ་རྗེ་གདན་གྱི་དོན་སྤྱི་ཝལ་གྱིས་སྐྱེ་ལ། ཡང་འཕགས་པ་ཤིང་ཀུན་ཞེས་སྒྲ་བརྗོད་པས་རྡོ་རྗེ་གདན་བརྗེད་ནས་འཕགས་པ་ཤིང་ཀུན་གྱི་དོན་སྤྱི་སྐྱེ་བའོ། །དཔེ་དེ་བཞིན་དུ་དང་པོ་ཅི་ཡང་མི་དྲན་པ་ནི། མི་རྟོག་པའི་གནས་སུ་མཉམ་པ་ཡིན་ལ། རྟོག་པ་གློ་བུར་བ་ནི་རྐྱེན་གྱི་དབང་གིས་སྐྱེ་བ་ཡིན་ནོ། །རྟོག་པ་ཕྱི་མའི་རྐྱེན་གྱིས་སྔ་མ་བརྗེད་པ་ནི་སྐྱེ་མེད་ངང་དུ་ཐིམ་པའོ། །རིགས་ཀྱི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རབ་འབྱམས་མཐའ་ཡས་པ་ཐུག་པ་མེད་པ་ན་ཕར་སོང་ཞིག དེ་བཞིན་དུ་ཕྱོགས་བཞི་ཀར་བྱས་པས་ནམ་མཁའ་ལ་ཐུག་པ་མེད་དེ་མཐའ་དབུས་མེད་པར་རྟོགས་སོ། །བརྡ་འདིས་དབང་བཞི་པོ་རོ་མཉམ་དུ་རྟོགས་པར་བྱའོ༑ །བླ་མ་གོང་མ་དག གསུམ་པོའང་ལུས་ངག་ཡིད་དག་པའི་དབྱེ་བས་བུམ་གསང་ཤེས་རབ་གསུམ་དུ་འབྱེད་ཅིང་། བཞི་པ་ཤུགས་ལ་བསྟན་ནས་དགུ་ཕྲུགས་སུ་བཞེད་དོ། །དེ་ནས་མ་ད་ན་དང་། བ་ལ་གཙོ་བོར་གྱུར་པའི་ཚོགས་ཀྱི་ཡོ་བྱད་མཐའ་དག་བཤམས། བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས་བྲན་ལ། ལས་ཀྱི་རྡོ་རྗེས་ཕྱག་སྔོན་དུ་འགྲོ་བས་བྱིན་རླབས་ཞུས། སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཚོགས་རྣམས་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་ཞེས་པ་ནས། ཨོཾ་ཨཱཿཧཱུྃ་ཧ་ཧོཿསྲཱིཿཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཞེས་པའི་བར་གྱིས་བྱིན་གྱིས་བརླབ། དེ་ནས་གཏོར་མ་གོང་ལྟར་བྱིན་གྱིས་བརླབ། ཅེས་པ་ནས། དམ་ཚིག་བསྐུལ་བའི་བར་བྱས། ལས་ཀྱི་རྡོ་རྗེས་ཚོགས་ཕུད་ཆ་ལྔ་བཤམས་ནས། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་འདོད་ཡོན་རྣམ་ལྔ་འདི། །རྩ་བརྒྱུད་བླ་མ་རྣམས་ལ་འབུལ། །བདེ་བ་ཆེན་པོར་བཞེས་སུ་གསོལ། །ག་ན་ཙཀྲ་པཱུཛ་ཁཱ་ཧི། དཀྱིལ་འཁོར་ལྷ་ཡི་ཚོགས་ལ་འབུལ། །གནས་གསུམ་མཁའ་འགྲོའི་ཚོགས་ལ་འབུལ། །ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ། །གཞི་བདག་གནས་བདག་རྣམས་ལ་འབུལ༑ །རོལ་མོའི་སྒྲས་ནམ་མཁར་གཏོར། དེ་ནས་ལས་ཀྱི་རྡོ་རྗེས་ཕྱག་འཚལ་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས། གཡོན་པས་ཀ་པཱ་ལ་དམ་ཚིག་གིས་གང་བའི་དཔྲལ་བ་སློབ་དཔོན་ལ་བསྟན་ཏེ་བཟུང་། གཡས་པས་པད་ཀོར་བྱ་ཞིང་། འདི་སྐད་དུ། ཀྱཻ། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །སློབ་དཔོན་གྱིས་པད་ཀོར་བྱ་ཞིང་། བདེ་བར་གཤེགས་པ་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་མེད་པ་འདི། །གཟུང་འཛིན་རྣམ་པར་གྲོལ་བ་ཡི། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་སུ་ཁཾ། ཞེས་བརྗོད་ཅིང་། གཡོན་རྩེ་གསུམ་གྱི་ཕྱག་རྒྱ་སྙིང་གར་བཞག་ལ། གཡས་པས་ཐོད་པ་བླང་། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ཆོ་ག་ལྟར་དབུལ། དེ་ནས་བཏུང་། ལས་ཀྱི་རྡོ་རྗེས་ཕྱག་བྱས། དེའི་རྗེས་ལ་གཞན་རྣམས་ལའང་ཚུལ་དེ་ཉིད་ཀྱིས་དྲངས་ཤིང་། མཐར་ལས་ཀྱི་རྡོ་རྗེ་ལ་སློབ་དཔོན་གྱིས་དྲངས། ཕྱག་འཚལ་ཞིང་བཏུང་། དེ་ནས་ཤ་སྔོན་དུ་འགྲོ་བས་བཟའ་བཅའ་རྣམས་དྲང་ཞིང་། རྣམ་པར་རྟོག་པ་མེད་པར་ནང་གི་སྦྱིན་སྲེག་གི་ངེས་པས་ལོངས་སྤྱོད། དེའི་ཚེ་རྡོ་རྗེའི་གླུ་དང་གར་དང་། ཡེ་ཤེས་ཀྱི་ཀུན་ཏུ་རུའི་སྤྱོད་པ་སོགས་བྱ། མཐར་ལྷག་མ་བསྡུས་པ་དམ་ཚིག་གི་ཁ་ཕྲུས་བཏབ། སྒྲོན་མེ་བཙུགས་ཏེ། ཨུཙྪིཥྚ་བ་ལིཾ་བྷཀྵེ་བྷྱཿསྭཱཧཱ། ལྷག་མ་ལ་དབང་བའི་འབྱུང་པོ་ཚོལ་བ་ལ་བྱིན། ཧཱུྃ་བརྗོད་པའི་མེ་ཏོག་ལས་ཀྱི་རྡོ་རྗེའི་སྤྱི་བོར་བཞག་པས་བསྲུངས་ཏེ་ཕྱི་རོལ་དུ་དོར་རོ། །རྗེས་ཀྱི་ཆོ་ག་གཞུང་བཞིན་དུ་བྱའོ། །དེ་ལྟར་རྡོ་རྗེ་ཡན་ལག་མའི་དབང་བསྐུར་བའི་ཆོ་ག་འདི་ནི། ཏི་སེའི་རྡོར་འཛིན་རྡོ་རྗེ་བསམ་གྲུབ་ཀྱིས་རིང་མོ་ནས་བསྐུལ་བའི་ངོར། པདྨ་དཀར་པོས་རྒྱལ་བྱེད་ཚལ་དུ་སྦྱར་བའོ། །མངྒ་ལཾ།། །།


previousརྗེ་བཙུན་བདེན་གཉིས་ཞལ་གྱི་དབང་བསྐུར་བའི་ཆོ་གnext