Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་མཁའ་འགྲོའི་རྒྱུད་འཁྲུགས་བསྡེབས་པ་སྦྱིན་སྲེག་གི་ལས་རབ་འབྱམས།


 
previousརྡོ་རྗེ་མཁའ་འགྲོའི་རྒྱུད་འཁྲུགས་བསྡེབས་པ་སྦྱིན་སྲེག་གི་ལས་རབ་འབྱམས།no next

རྡོ་རྗེ་མཁའ་འགྲོའི་རྒྱུད་འཁྲུགས་བསྡེབས་པ་སྦྱིན་སྲེག་གི་ལས་རབ་འབྱམས།

རྡོ་རྗེ་མཁའ་འགྲོའི་རྒྱུད་འཁྲུགས་བསྡེབས་པ་སྦྱིན་སྲེག་གི་ལས་རབ་འབྱམས་བཞུགས་སོ། །བླ་མ་ངག་དབང་ཆོས་ཀྱི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །བདག་བྱིན་བརླབས་པའི་པྲ་བབས་ན་མཐོང་ཀུན་ཏུ་གཟུགས་སྐུ་ས་འོག་དང་། །དབུ་མའི་རྒྱུད་མངས་བསྐུལ་བ་ལས་ཐོས་ཐམས་ཅད་སྐད་གསུང་པ་ཉིད་དོ། །འཛག་མེད་ཡར་གྱི་གོང་འགྲོ་ལ་འཆར་སྙིང་རྗེའི་ཆ་ཐུགས་མཐོ་རིས་ཏེ། །མི་ཕྱེད་པར་ནི་གསུམ་པོ་དངོས་ཅིག་རྡོ་རྗེ་སེམས་དཔར་ཕྱག་འཚལ་ལོ། །ལྷ་ཀུན་ཞལ་མེ་སྲེག་པ་གསོལ་བ་ཉིད། །དེས་མཉེས་མཆོག་སྟེར་ངེས་པའི་བྲ་། །དེ་སྦར་མེད་ན་མི་འབྱུང་ཡཾ་སྲེགས་ཤིང་། །རྒྱུད་སྡེའི་ནགས་ཞུགས་གཅེས་པ་འདི་ན་འཐུ། །འདིར་ལྷའོ་ཅོག་ལ་མཆོད་སྦྱིན་བྱ་བའི་སྒོ་འབྱེད་པར་བྱའོ། །དེ་ཡང་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དེ་ཉིད་བསྡུས་དང་བདེ་མཆོག་དང་། །གསང་དང་རྡོ་རྗེ་འཇིགས་བྱེད་བཅས། ཏི་ལ་ཀ་སོགས་མ་བཤད་པ། །སྦྱིན་སྲེག་མདོ་རུ་བསྡུས་པའོ། །ཞེས་པས། རྒྱུད་མིང་གསལ་བ་དེ་དག་དང་། ཡང་རྒྱུད་སྡེ་གང་དུ་གསལ་བར་མ་གསུངས་པ་དེ་དག་སྤྱི་ལ་ཆོ་ག་འདི་འཇུག་ལ། གང་ལ་གསལ་བར་གསུངས་པ་རྣམས་ནི་དེ་ཉིད་བཞིན་དུ་སྒྲུབ་དགོས་ཏེ། རང་རང་གི་སྔགས་ཀྱིས་འགྲུབ་པའི་ཕྱིར་རོ། །ཞེས་ཤེས་པར་བྱས་ལ། རྣམ་པར་འགྱེད་རྒྱུ་ཡང་རྣམ་པ་གསུམ་སྟེ། ཕྱི་དང་ནང་བླ་ན་མེད་པའི་སྦྱིན་སྲེག་གོ །དང་པོ་ལ། ལས་རྐྱང་པ་དང་། ཐམས་ཅད་པ་དང་། དངོས་གྲུབ་སྒྲུབ་པའི་སྦྱིན་སྲེག་འགའ་ཞིག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། རྣམ་པར་དབྱེ་ན་མང་ཡང་། ཞི་རྒྱས་དབང་དྲག་པོ་བཞི་མདོ་དང་སྦྱར་ཏེ། བཅའ་གཞི། ཆོ་ག ཕན་ཡོན་གསུམ། དང་པོ་ནི། ལས་གང་ན། ཞི་བ། དགོས་པ་ཅི། ནད་སོགས་ཞི་ཕྱིར་སོགས་པས་གདོན་བཀྲ་མི་ཤིས་པ་སྡིག་པ་ཞི་བ་བསྟན་ནོ། །བྱེད་པ་པོ་སུ། སྙིང་རྗེར་ལྡན་པ། འདིས་བསམ་པའང་བཤད་དོ། །དུས་ནི་དགོང་མོ་བྱ། གནས་གར། ཞི་བ་ས་གཞི་དཀར་པོའི་ཆར། །ཕྱོགས། དཀྱིལ་འཁོར་ཁང་པ་ལ་སོགས་པའི། །ཤར་གྱི་ཕྱོགས་སུ་ལས་དེ་བརྩམ། བྱ་ཁྱེར། །དང་པོར་ས་གཞིར་གཟུང་ནས་སུ། །ཕྱི་ནས་ཧོཾ་ཁུང་བརྩམ་པར་བྱ། །ཐབ། ཁྲུ་གང་ཚད་ལ་ཤིན་ཏུ་ཟླུམ། །ཁྲུ་ཕྱེད་ཐུར་དུ་བསྐོར་བར་བྱ། །ཁའི་ཐད་ནས། ཁུང་ནས་སོར་བཞི་བོར་ནས་ནི། །སོར་བཞི་དཔངས་དང་ཞེང་ལྡན་པའི། །ཁ་ཁྱེར་གྱིས་ནི་བརྐོ་བར་བྱ། །འདི་ལ་སྡོམ་འབྱུང་ལས། ཁ་ཁྱེར་དཔངས་ཀྱི་ཕྱེད་ཚད་ཉིད། །དེ་ཉིད་དུ་ནི་དམའ་བར་སྦྱར། །ཇི་ལྟར་ཕྱི་རོལ་དམའ་བའི་ཚད། །དེ་བཞིན་ཁ་ཁྱེར་ནང་ཉིད་དོ། །དེ་ཡི་ཕྱི་ཡི་ཁ་རན་ཡང་། །དཔངས་ཀྱི་ཚད་ནི་ཇི་བཞིན་བྱ། །ཞེས་གསུངས། ཁ་དོག ས་དཀར་དང་ནི་བ་ལྕི་ཡིས། །ཧོཾ་ཁུང་ཀུན་ཏུ་བྱུག་པར་བྱ། །བརཏལ་ཞུགས་ཅན་གྱིས་གཉིས་ཀར་ཡང་། །དྲི་ནི་དཀར་པོ་བྱུགས་ནས་སུ། །ཤིན་ཏུ་མཉམ་པར་གཞག་པ་ཡིས། །མེ་ཏོག་དཀར་པོ་གཏོར་བར་བྱ། །མཚན་མ། སོར་བརྒྱད་པ་ཡི་རྡོ་རྗེ་ནི། །པདྨའི་སྟེང་དུ་བྲིས་པས་མཚན། །ཐབ་ཀྱི་ནང་ཁྱབ་པའི་པདྨ་འདབ་བརྒྱད་པའི་ལྟེ་བ་ལ་དེའོ། །མཚམས་སུ་རྡོ་རྗེའི་དབྱིབས་ལྟ་བུ། །འདི་ཡི་གྲར། རྩེ་གསུམ་རྡོ་རྗེས་བསྐོར་བར་བྱ། །འདི་ཁ་ཁྱེར་ལའོ། །བུད་ཤིང་། །མཆོད་སྦྱིན་གྱི་ནི་ཤིང་རྣམས་ལ། །བུད་ཤིང་ཐབ་ལས་དམའ་བར་བྱ། །ནགས་ཀྱི་ལྕི་སྐམ་དག་ཀྱང་རུང་། །སྲོག་ཆགས་ལྡན་པ་སྤང་བར་བྱ། །སྲེག་རྫས། ཡཾ་ཤིང་པ་ལ་ཤ་དང་ནི། །ཨུ་དུམྦ་ར་ཨ་མྲྀ་དང་། །ནྱ་གྲོ་དྷ་དང་པ་ལ་ཤ །ཀ་ཏཾ་པ་སོགས་འོ་མ་ཅན། །རྩེ་མོའི་ཆ་ལས་བྱས་པ་སྟེ། །སོར་ནི་བཅུ་གཉིས་ཚད་དུ་བྱ། །རུང་བ། རློན་ཞིང་འདབ་མར་བཅས་པ་སྟེ། །མི་རུང་བ། རྙིང་དང་རྩེ་མོ་ཉམས་པ་དང་། །ཤུན་པ་མེད་ཅིང་གས་པ་དང་། ཐུང་དང་ཤིན་ཏུ་རིང་བ་དང་། །ཕྲ་དང་སྦོམ་དང་འཁྱོག་པ་དང་། །གས་དང་ཆག་དང་འབུས་ཟོས་དང་། །རྩེ་མོའི་ཆ་ནི་གཉིས་ཡོད་ཅིང་། །སྲོག་ཆགས་ལྡན་ཞིང་བསྐམས་པ་དག །དགེ་བའི་ལས་རྣམས་ཐམས་ཅད་ལ། །སྤངས་ཏེ། བོད་དུ། ཤུག་པ་སྦྱར་པ་ལ་སོགས་འོ་མ་ཅན་ཞེས་བྱས་ཀྱང་ཐང་ཆུ་འབབ་པ་དེ་དག་ཏུ་དམིགས་པས་སོ། །རྫས་གཞན། ཏིལ་དང་ནས་དང་འོ་མ་ཞོ། །སཱ་ལུའི་འབྲས་ཆན་པྲི་ཡང་ཀུ །ཀུ་ཤ་སྔོན་པོ་ཙུ་ཏའི་འདབ། །མེ་ཏོག་ཙན་དན་དཀར་པོ་དང་། །སྦྲང་རྩི་མར་དང་སྤོས་པོག་དང་། །དུརྦ་དྲི་ཞིམ་ཁུ་བ་རྣམས། །རྣལ་འབྱོར་པ་ཡིས་ཞི་བ་ལ། །ཇི་ལྟར་རྙེད་པ་བསྲེག་པར་བྱ། །སྤོས་པོག་སྤོས་དཀར་ཡིན་ནོ། །སྡོམ་འབྱུང་ལས། མར་གྱིས་འབྱོར་པ་ཐམས་ཅད་བྱེད། །ཡམ་ཤིང་གཟི་བརྗིད་རྣམས་འཕེལ་ལོ། །བུད་ཤིང་ལྷག་པར་དཔའ་བར་བྱེད། །ཀུ་ཤས་ཐམས་ཅད་སྲུང་བར་བྱེད། །ཡུངས་དཀར་དཀར་པོ་ཞི་བར་བྱེད། །འབྲས་ཀྱིས་རྒྱས་པར་བྱེད་པར་བཤད། །ཏིལ་གྱིས་སྡིག་པ་འཇོམས་རིག་བྱ། །སོ་བས་ནོར་དང་འབྲུ་རྣམས་འགུགས། །མཱ་ཤས་སྟོབས་ནི་ཆེན་པོར་བྱེད། །ནས་ཀྱིས་རླུང་གི་ཤུགས་རབ་སྟེར། །དུརྦས་ཚེ་ནི་འཕེལ་བར་བྱེད། །གྲོ་ཡིས་ནད་རྣམས་འཇོམས་པར་བྱེད། །འོ་མ་སྦྲང་རྩིས་ཤེས་རབ་འཕེལ། །ལག་པན་གྱིས་ནི་བདེ་ཀུན་སྟེར། །ཞེས་གསུངས། མཆོད་རྫས། དེ་ནས་མཆོད་ཡོན་སྣོད་བཤམས་ལ། །གསེར་དང་དངུལ་ལས་བྱས་པའམ། །དུང་དང་ཉ་ལྕིབས་དག་ཀྱང་རུང་། །ཟངས་དང་འཁར་བའི་རྫས་རྣམས་དང་། །ས་དང་ཤིང་ལོ་དག་ཀྱང་རུང་། །ཇི་ལྟར་འབྱོར་པ་བཤམས་པར་བྱ། །མེ་ཏོག་འོ་མར་བཅས་པ་ཡི། །ཨརྒྷཾའི་སྣོད་ནི་མདུན་དུ་བཞག །དང་། མཆོད་པའི་སྣོད་ནི་གཡོན་དུ་བཞག །ཅེས་པ། ལས་དང་མཐུན་པའི་མེ་ཏོག་སོགས་མཆོད་རྫས་ཀུན་སྣམ་ལོགས་གཡོན་དུ་བཤམས། །གཡས་སུ་སྲེག་རྫས་བཞག་པར་བྱ། །ཞེས་པས་སྲེག་རྫས་གཡས། སྟེགས་བུ་ཡིད་དུ་འོང་བ་གཡོགས་གཙང་མས་བརྒྱན་པར་དགོད་དོ། །དགང་བླུགས་རྒྱུ་དངུལ་ལམ། །མཆོད་སྦྱིན་གྱི་ནི་ཤིང་ཡང་རུང་། །དགང་གཟར་སྐྱུ་དང་དབྱིག་པ་སོགས། །ཚད་དང་དབྱིབས་ལ་སོགས་པ་བཤད། །སྟེང་དུ་སོར་བཞི་དང་ལྡན་པ། །དཀྱུས་ནི་གྲུ་བཞིར་བྱ་བ་སྟེ། །ཟབས་སུ་སོར་གཉིས་བསྐོར་བར་བྱ། །དཀྱིལ་དུ་ཡེ་ཤེས་རྡོ་རྗེས་མཚན། །དེ་ཡི་སྟེང་དུ་མཆུ་སོར་བཞི། པདྨའི་འདབ་མ་ལྟ་བུར་བྱ། །དེ་དབུས་བཅུད་ནི་འཛག་པ་ཡི། །བུ་ག་མཐེའུ་ཆུང་ཚད་དུ་བྱ། །དེ་ནས་འོག་ཏུ་དབྱུག་པ་སྟེ། །རྡོ་རྗེ་རིན་ཆེན་སོར་དྲུག་བརྒྱན། །བླུགས་གཟར་ནི། རྒྱ་རུ་སོར་གཉིས་ཟབས་སོར་གཅིག །ཁ་ནི་པདྨའི་འདབ་མ་འདྲ། །དབུས་སུ་རྡོ་རྗེས་མཛེས་པ་སྟེ། །ལྷག་མ་སྔོན་བཞིན་མཚོན་པར་བྱ། །དག་པ། དགང་གཟར་ཆོས་ནི་སྟེར་བའི་མ། །བླུགས་གཟར་རོ་ལྡན་ཐབས་ཡིན་ཏེ། །སེམས་ཅན་ཀུན་ལ་ཕན་བྱེད་པ། །མ་འབྱོར་ན། སོར་མོ་ལྔ་དང་ལྡན་པ་ཡི། །གང་བའི་སྦྱིན་སྲེག་བྱ་བར་བརྗོད། །གང་བ་དགང་གཟར་ལ་ཟེར། སོར་མོ་གསུམ་དང་ལྡན་པ་ཡིས། །སྦྱིན་སྲེག་གཅིག་ཤོས་བྱ་བར་བརྗོད། །བླུགས་གཟར། ཆས་ཞུགས། མེ་ཏོག་འཕྲེང་སོགས་རྒྱན་དང་ནི། །བགོ་བ་དག་ནི་དཀར་པོར་བྱ། །དང་། དེ་ནས་སྒྲུབ་པོ་དཔལ་ལྡན་པས། རྒྱན་རྣམས་ཀུན་གྱིས་བརྒྱན་ནས་སུ། །སྟན། འཇམ་པའི་སྟན་ལ་གནས་ནས་ནི། །འདུག་སྟངས། པདྨའི་སྐྱིལ་ཀྲུང་བཅིངས་ནས་སུ། ཁ་གར་བལྟ། དཔའ་བོ་ཤར་དུ་ཁ་བལྟས་ནས། །བཞིན། ཞི་བ་དང་ནི། དགེ་བའི་ལས་རྣམས་ལ། གདོང་ནི་འཛུམ་དང་བཅས་པར་བྱ། །ཆོ་ག་ལས་བདག་བསྐྱེད། གསང་བ་གཉིས་ཀྱི་ཏིང་འཛིན་གནས། གསང་བ་གཉིས་གསུང་བའི་དང་པོ་རང་ལྷའི་སྒྲུབ་ཐབས་གཞུང་བཞིན་བསྒོམས་ནས། དེ་བསྡུས། གཉིས་པ། དཔལ་ལྡན་རྣམ་སྣང་མཛད་བསྒོམས་ཏེ། །བརྩེ་དང་ལྡན་པས་མི་སྨྲ་བར། །ཞེས་རྣམ་སྣང་དུ་ལངས་ནས་སྦྱིན་སྲེག་གི་མི་སྨྲ་བ་ཚེ་སློབ་དཔོན་གྱིས་དེའི་ང་རྒྱལ་འཛིན་དགོས་པ་ཡིན། མཆོད་རྫས་བྱིན་བརླབས། རྫས་རྣམས་ཀུན་ལ་བསང་གཏོར་བྱ། །དྲི་དང་། དྲི་ཞིམ་བདུག་པ་བདུགས་ནས་སུ། །རང་གི་སྔགས་ཀྱིས་ལན་བདུན་བཟླ། །ཀུ་ཤ་བཀྲམ་པ། དེ་ནས་བཀྲ་ཤིས་བཅས་པ་ཡིས། །གཡས་ནས་བསྐོར་བས་ཀུ་ཤ་དགྲམ། །ཀུ་ཤ་ཡང་། རྩེ་མོའི་ཆ་ལས་བྱས་པ་ནི། །དྲི་མ་མེད་ཅིང་མ་ཉམས་པ། །འདབ་མར་བཅས་ཤིང་ཁ་དོག་སྔོ། །ཤིན་ཏུ་རིང་མིན་ཐུང་བ་མིན། །མདུད་པར་བཅས་པས་གཡས་བསྐོར་དགྲམ། །དེ་ཡང་ལས་ཀྱི་རྗེས་མཐུན་པར། །ཐབ་ཁུང་ཕྱོགས་ཀྱི་བྱེ་བྲག་གི །གཞན་ཡང་ཤར་སོགས་བསྟན་ཏེ་དགྲམ། །འདིར་རང་གི་གཡོན་གྱི་ཁ་ཁྱེར་ནས་བཟུང་རྩེ་ཤར་དུ་བསྟན་པས། །དེ་ཡི་སྒོར་ནི་བཀྲམ་ནས་སུ། །དེ་བས་ཐབ་ཀྱི་ནང་དུ་ནི། །སྒྲུབ་པ་པོ་ཡིས་ཀུ་ཤ་སྦྱིན། །ཀུ་ཤའི་ལས་ནི་རྫོགས་ནས་སུ། །མེ་ཡི་ལས་ནི་བརྩམ་པར་བྱ། །མེ་ནི། གཙུབ་ཤིང་ལས་བྱུང་མེའམ་ནི། །ཡང་ན་ལས་ཀྱི་བྱེ་བྲག་གི །སྐྱེ་གཉིས་ལ་སོགས་མེ་ཡང་རུང་། །སྦར་ཚུལ། རླུང་ཡབ་ཀྱིས་ནི་སྦར་ནས་སུ། །འོ་མར་ལྡན་པའི་བུད་ཤིང་སོགས། །མེ་ནི་གསལ་བར་སྦར་བར་བྱ། །འཇིག་རྟེན་པའི་མེ་ལྷ། མེ་ནི་འབར་བར་ཤེས་ནས་སུ། །དེ་ནས་མེ་ལྷ་དགུག་པར་བྱ། །དེ་ཡང་སྡོམ་འབྱུང་ལས། དམ་ཚིག་སེམས་དཔའ་བསམས་ནས་ནི། །ཡེ་ཤེས་སེམས་དཔའ་གཞུག་པར་བྱ། །བསམ་བྱའི་དོན། དམ་ཚིག་སེམས་དཔའ་མེ་ལྷ་བཞི་བཅུ། དེའི་ནང་ནས་བཟང་ཤོས་པཱ་བ་ཀ་ཞེས་བྱ་བ། ཡི་གེ་རཾ་ལས་ཡང་དག་བྱུང་། །ཨོཾ་ལས་བྱུང་བའི་པདྨ་ནི། །མཛེས་པ་ར་འགྱུར་ཕལ་ལ་ལུག་གི་སྟེང་འབྱུང་ཡི་སྟེང་གནས་པ། །བསམ་གཏན་ལ་ཞུགས་ཡང་དག་བསམ། །མདོག་དང་ན་བཟའ་རྒྱན་ལ་སོགས། །ལས་ཀྱི་རྗེས་སུ་མཐུན་པར་བྱ། །འདིར་དཀར་པོ། མེ་ཡི་ཁམས་ཀྱི་རང་བཞིན་ཏེ། །འབར་བའི་འཕྲེང་བ་རྒྱ་ཆེན་བཅས། །ཞལ་གཅིག་དང་ནི་ཕྱག་བཞིར་ལྡན། །རྡོ་རྗེ་རྩེ་གསུམ་དབྱིག་པ་དང་། །བགྲང་འཕྲེང་རིལ་བ་སྤྱི་བླུགས་ནི། །གཡས་དང་གཡོན་དུ་རིམ་པས་སམ། དམ་ཚིག་པ་བསྐྱེད་ནས། ཡེ་ཤེས་གཞུག་པ། མེ་ཡི་ཕྱོགས་ནས་སྤྱན་དྲངས་པ། །དྲང་སྲོང་གི་ནི་འཁོར་གྱིས་བསྐོར། །དང་། རྡོ་རྗེ་མེ་ནི་བྱོན་པ་དང་། །ཐབ་ཀྱི་དབུས་སུ་བཞུགས་སུ་གསོལ། །མཆོད་པ། དེ་ནས་ཨརྒྷཾ་སོགས་བྱིན་ཏེ། །ལས་ཀུན་བྱེད་པའི་ཆུ་ཡིས་ནི། །བསང་གཏོར་བྱས་ནས་ཞལ་བསིལ་སྦྱིན། །དགང་བླུགས། ཞི་བ་བྱང་ཆུབ་མཆོག་གིས་བཟུང་། །དང་། དགེ་བའི་ལས་ལ་གྲུ་མོ་པུས་མོའི་བར་དུ་བཅུག་སྟེ་སྲེག །དངོས་གྲུབ་བླང་བའི་བསམ་པ་ཡི། །དམ་ལ་བཞག་སྟེ་ཞི་བའི་ཏིང་ངེ་འཛིན། །སྲེག་ཚུལ། དེ་ཡི་ཁར་ནི་དགང་བླུགས་འབུལ། །སྔགས། ཨོཾ་བཛྭ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛྷ་ལ་ཛྷ་ལ་ཡ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚུཾ་བིགྷྣཱཾ་ཧཱུཾ་ཕཊ྄། མེ་ཡི་སྔགས་ནི་དེ་ཉིད་ལ། །ལས་དང་རྗེས་སུ་མཐུན་པར་སྤེལ། །དང་། སྭཱ་ཧཱ་མཐའ་ཅན་སྔགས་བཟླས་ལ། །རྟག་ཏུ་ཞི་བའི་ལས་རྣམས་བྱ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་ཟན་གྱིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྭཱ་ཡེ་སྭཱ་ཧཱ། ཞེས་བྱ་བ་ནི་ཀུ་ཤའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭ་ཡེ་སྭཱ་ཧཱ། ཞེས་བྱ་བ་ནི་ཏིལ་གྱིས་སྡིག་པ་བསྲེག་པར་བྱའོ། །ཨོཾ་བཛྭ་ཨཱ་ཡུ་ཁེ་སྭཱ་ཧཱ། ཞེས་བྱ་བ་ནི་དུརྦའི་སྟེ། ཚེ་སྤེལ་བར་བྱ་བའོ། །ཨོཾ་བཛྭ་པུཥྚ་ཡེ་སྭཱ་ཧཱ། ཞེས་བྱ་བ་ནི་འབྲས་ཀྱི་སྟེ། ཁྱིམ་རྒྱས་པར་བྱ་བའི་འོ། །འབྲུ་ལ་སོགས་གཞན་དག་ཀྱང་འདིར་མར་གྱིས་བསྒོས་ཏེ་བསྲེག་པར་བྱའོ། །དེ་ནས། བསང་གཏོར་ཞལ་བསིལ་སོགས། མེ་ནི་ཚིམ་བྱས་འབར་བ་ཡི། །རྣམ་པར་ཡོངས་སུ་ཐིམ་པར་འགྱུར། །འདིར་སུ་མ་ཏིའི་གསུང་ལས། སྤྱིར་མེ་ལྷ་གཞལ་ཡས་ཁང་དུ་ལྟ་བ། དཔང་པོར་ལྟ་བ། མེ་ལྷ་ཡེ་ཤེས་ཀྱི་མེ་འབར་བར་ལྟ་བ་གསུམ། མེ་ལྷའི་སྙིང་གར་འདོད་ལྷ་བཀོད་ནས་འབུལ་བ། གཉིས་པ་ཐབ་ནས་མགལ་དུམ་གཅིག་བཏོན་ནས་ཤར་ལྷོ་མཚམས་སུ་བཞག་སྟེ་མེ་ལྷར་བལྟས་ལ། དེ་ནས་འདོད་ལྷའི་སྦྱིན་སྲེག་བྱ་བ། གསུམ་པ་མེ་ལྷ་ཡེ་ཤེས་ཀྱི་མེ་འབར་བའི་རྣམ་པར་བལྟས་ནས་དེའི་ནང་དུ་འདོད་པའི་ལྷ་དམིགས་ལ་མཆོད་པ་ཡིན་ཏེ། དཔལ་ནཱ་རོ་པ་འདི་ལ་གཙིགས་ཆེ་བར་མཛད་གསུང་ངོ་། །དེ་ཡན་འཇིག་རྟེན་པའི་སྦྱིན་སྲེག །དེ་ནས་འདོད་པའི་ལྷའི་སྦྱིན་སྲེག་ལ། འབུལ་སའི་ལྷ། དེ་ནས་མེ་དབུས་བདག་གི་ལྷ། །རྒྱན་དང་ན་བཟའ་ཁ་དོག་སོགས། །ལས་ཀྱི་རྗེས་སུ་མཐུན་པར་ནི། །བསམ་ཞིང་། པྲ་མེ་ཡི་མཚན་མ་བརྟག །གསེར་ལ་སོགས་པའི་ཁ་དོག་གིས། །མེ་ཡི་མདོག་ནི་ཤེས་པར་བྱ། །ཞི་ལ་ཁ་དོག་དཀར་པོ་ཤིས། །དང་། དབྱིབས་ནི་དཔལ་གྱི་བེའུ་དང་། །རྡོ་རྗེ་འཁོར་ལོ་ལ་སོགས་པ། །རང་གི་མཚན་མས་བརྒྱན་པ་ཤིས། །མེ་ནི་ཤིན་ཏུ་དྲི་ཞིམ་ན། །དགེ་བའི་ལས་ཀྱི་དངོས་གྲུབ་སྟེར། །ལེགས་པའོ། །མི་ལེགས་པ། །མི་རོའི་དྲི་དང་ཉ་ཡི་དྲི། །དུ་བ་ཆེ་ཞིང་སྒྲ་དང་ལྡན། །མེ་མདག་གིས་ནི་སྔགས་པ་སྲེག །མེ་ཡི་མཚན་མ་ངན་པ་སྟེ། །དང་། དེ་ཉིད་ཤིས་པའི་ལས་རྣམས་ལ། །ཤིས་པའི་མཚན་མ་མ་ཡིན་ནོ། །དེ་བྱུང་ན། བཟློག་ཐབས། དེ་ནས་བགེགས་ནི་བསྐྲད་ནས་སུ། །དེ་ནས་རང་གི་སྔགསཀྱིས་ནི། །མེ་ལ་བསང་གཏོར་བྱས་ནས་སུ། །དགང་གཟར་ཆོ་ག་བཞིན་བཀང་ལ། །དགང་བླུགས་ལན་གསུམ་སྦྱིན་པར་བྱ། །ཨོཾ་ཨགྣ་ཡེ་ཨ་མུ་ཀ་པཱ་བ་ཀ་ཨ་ཏི་མཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སོ། །དེ་ནས་སླར་ཡང་སྦྱིན་སྲེག་བརྩམ། །ཏིང་ངེ་འཛིན། བསྒྲུབ་བྱ་ཡི་གེ་ཨོཾ་གྱུར་པའི། །ཆུ་ཡི་དཀྱིལ་འཁོར་དཀར་པོ་ལ། །སེང་གེ་པདྨ་ཟླ་བ་ཡི། །སྟན་ལ་གནས་པར་དམིགས་ནས་སུ། །འོག་ནས་འབྱུང་བའི་རིམ་པ་ཡིས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འབུལ་བའི་སྔགས། ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར། །ཡི་གེ་གསུམ་གྱི་སྔགས་སྔོན་དུ་བཟླས་པ་དང་། རང་གི་སྔགས་སྤེལ་ཏེ་རིམ་པ་བཞིན་དུ་བསྲེག་པར་བྱའོ། །དེ་ལ་སྲེག་པའི་གོ་རིམ་ནི་འདི་ཡིན་ཏེ། དང་པོར་ནི་ཡཾ་ཤིང་ངོ་། །དེའི་འོག་ཏུ་ནི་མར་རོ། །དེ་ནས་ཏིལ་དང་གྲོ་ལ་སོགས་པའོ། །དེ་ནས་བཟའ་བ་ལ་སོགས་པའོ། །དེ་ནས་ཟན་ནོ། །དེ་ནས་ཞོ་དང་འོ་མ་དང་། འབྲས་བུ་ལ་སོགས་པ་དང་། བལྡག་པ་དང་བཏུང་བ་ལ་སོགས་པའི་ཚོགས་བསྲེགས་ལ། དེ་ནས་རྣལ་འབྱོར་པས་མེ་ཏོག་དང་སོ་རྩི་ལ་སོགས་པ་འབུལ་ལོ། །དེ་བཞིན་དུ་རང་གི་ལྷ་མཆོད་ནས་འདོད་པའི་དོན་གྱི་དངོས་གྲུབ་གསོལ་བར་བྱའོ། །དེ་ནས་མགོན་པོ་གཤེགས་སུ་གསོལ་ནས། སླར་ཡང་སློབ་མས་མེ་ལྷ་མཆོད་དེ་གཤེགས་སུ་གསོལ་བས་དེ་ཡན་ཆོ་གའོ། །ཕན་ཡོན་ནི། རྣལ་འབྱོར་པ་ལ་འདོད་པའི་འབྲས་བུ་སྟེར་བར་འགྱུར་རོ། །ཞི་བའི་སྦྱིན་སྲེག་གི་ཆོ་གའོ། །ལས་གང་། རྒྱས་པའི། དགོས་པ། དབུལ་དང་རིགས་སོགས་རྒྱས་པའི་ལས། བྱེད་པ་པོ། དགའ་དང་ལྡན་པ། དུས་སྔ་དྲོ་བྱ། གནས་རྒྱས་པ་ས་གཞི་སེར་པོ་ལ། ཕྱོགས་འདི་ནི་རྟག་ཏུ་གྲོང་ཁྱེར་སོགས། བྱང་གི་ཕྱོགས་ཆར་བྱ་བ་ཡིན། བྱ་ཁྱེར་སྔར་དང་མཚུངས། ཐབ་རིན་པོ་ཆེ་ཡི་དབྱིབས་འདྲའི་ཐབ་ཟུར་བརྒྱད་པ། ཡང་ན་གྲུ་བཞི་པ་ཡང་རུང་། །ཁྲུ་དོ་ཟབས་སུ་ཁྲུ་གང་བརྐོ། །ཁ་ཡི་ཐད་ནས། དེ་ནང་སོར་བརྒྱད་བོར་ནས་སུ། །ཁ་ཁྱེར་སོར་བརྒྱད་ཚད་དུ་བྱ། །སོར་བརྒྱད་དཔངས་དང་ལྡན་པ་ལ། མདོག ས་སེར་དང་ནི་དྲི་སེར་གྱིས། །ཧོཾ་ཁུང་ཀུན་ཏུ་བྱུགས་ནས་སུ། །མེ་ཏོག་སེར་པོ་ལ་སོགས་པའི། །མཆོད་པ་དག་ནི་ཇི་བཞིན་བྱ། །མཚན་མ། ཧོཾ་ཁུང་ནང་དུ་འཁོར་ལོ་ནི། །རྩིབས་བརྒྱད་སེར་པོ་བྲིས་པ་ལ། །འོག་ཏུ་ཆ་དྲུག་སོར་དྲུག་པའི། །རྡོ་རྗེ་རིན་ཆེན་བྲི་བར་བྱ། །ཁ་ཁྱེར། རིན་ཆེན་འཕྲེང་བས་བསྐོར་བར་བྱ། །བུད་ཤིང་། བུད་ཤིང་སྔར་བཞིན་ཁྱད་པར་དུ། །འབྲས་བུ་དང་ནི་བཅས་པས་བྱ། །ལྕི་བ་དགོན་པའི་མི་རུང་བ། །སྲེག་རྫས་རྒྱུ་རུང་མི་རུང་ཀུན། །ཡཾ་ཤིང་ཞི་བའི་ལྟ་བུ་སྟེ། །ཁྱད་པར། དབུས་ཀྱི་ཆ་ནི་མཛེས་པ་ལས། །ཚད། སྲིད་དུ་བཅག་ཁྲུ་གང་དུ་བྱ། །དྲི་སེར་ཆུ་ཡིས་གཏོར་ནས་ནི། །ཞོ་དང་འོ་མ་མར་ལ་སྦག །མངར་གསུམ་ལ་ནི་སྦགས་པར་བྱ། །རྫས་གཞན། དེ་ནས་ཟས་མཆོག་ཞོ་ཟན་དང་། །མར་དང་ཏིལ་ནི་ནག་པོ་དང་། །ཤཔྟ་པུཥྤེ་མར་དང་བཅས། །སྦྲང་རྩི་དང་ནི་སཱ་ལུའི་འབྲས། །འབྲུ་རྣམས་གཞན་དང་པདྨ་དང་། །ན་ག་གེ་སར་བིལ་བའི་འབྲས། །དེ་བཞིན་དུརྦར་བཅས་པ་དག །རྒྱས་པའི་ལས་ལ་བསྲེག་པར་བྱ། །མཆོད་རྫས། ཞོ་དང་ཏིལ་དུ་བཅས་པ་དང་། །དྲི་སེར་ལ་སོགས་ལྡན་པའི་ཆུ། །རང་གི་སྔགས་ཀྱིས་སྔོན་བཟླས་པ། །རྒྱས་པ་ཡི་ནི་ཨརྒྷཾ་ཡིན། །དགང་བླུགས་རྒྱུ་གསེར་རམ། །གཞན་མཚུངས། ཆས་ཞུགས། གོས་སེར་ལ་སོགས་བརྒྱན་ནས་ནི། །སྟན་མཚུངས། འདུག་སྟངས། བཟང་པོ་ཡི་ནི་འདུག་སྟངས་སམ། །ཡང་ན་རོལ་པའི་སྟབས་ཀྱིས་གནས། །འབྲས་ཆན་དཀར་པོ་ཞོ་དང་ནི། །བཅའ་བཟའ་དེ་ཉིད་རིག་པ་ཡི། །བཟའ་དང་བཏུང་བས་ཚིམས་ནས་སུ། །ཁ་གར་བལྟ། །བྱང་ཕྱོགས་སུ་ནི། ཁ་བལྟས་ཏེ། བཞིན་རས་རྒྱས་དང་། །དགེ་བའི་ལས་ཡིན་པས་འཛུམ་པའོ། །ཆོ་ག་ལས་བདག་བསྐྱེད་གསང་བ་གཉིས་ཀྱི་ཏིང་ངེ་འཛིན་གནས་པའི་ཕྱི་མ། །རིན་ཆེན་འབྱུང་ལྡན་བསྒོམས་ནས་ནི། །ཀུ་ཤ་གཡས་བསྐོར་རྩེ་བྱང་དུ། །མེ་སྔར་སོགས་སྒྲས་རྒྱལ་པོའི་ཁབ་བམ་ཕྱུག་པོའི་ཁྱིམ་ནས་བླངས། །སྦར་ཚུལ་འདྲ། ཐབ་ནས་མེ་ལྷ་མཆོད་པའི་བར་འདྲ། མེ་ལྷ་དབང་ཞེས་བྱ་བ་མདོག་རྒྱན་སེར་པོ་སྟེ། ལས་ཀྱི་རྗེས་སུ་མཐུན་པར་བྱ། །ཞེས་གསུང་པས་སོ། །དགང་བླུགས་འཛིན་ཁྱེར་ནོར་བུའི་ཁུ་ཚུར་རྒྱས་པ་ལ། །དངོས་གྲུབ་བླངས་བ་རྒྱས་པའི་ཏིང་ངེ་འཛིན། སྔགས། སྔགས་ཀྱི་མཐར་ནི་ཨོཾ་བརྗོད་ཅིང་། །རྒྱས་པར་བྱ་བའི་ཆོ་ག་སྦྱར། །འདོད་ལྷའི་སྐབས་ཏིང་ངེ་འཛིན་ལས་ཀྱི་རྗེས་མཐུན་ཏེ། ཡི་གེ་ལམ་ལས་བྱུང་བ་ཡི། །དབང་ཆེན་གྱི་ནི་དཀྱིལ་འཁོར་ལ། གླང་ཆེན་སྟེང་དུ་གནས་པ་ཡི། །བསྒྲུབ་པར་བྱ་བ་དམིགས་ནས་སུ། །དང་། མེ་པྲ་རྒྱས་པ་ལ་ནི་གསེར་ལྟ་བུ། །གཞན་ཐམས་ཅད་ཞི་བ་དང་མཚུངས་སོ། །འདིར། རྒྱལ་སྲིད་ཕྱིར་ནི་སྔགས་པ་ཡིས། །སྟོང་ཕྲག་བཅུར་ནི་བཟླ་བར་བྱ། །ཕོ་ཉའི་སྟེང་དུ་གནས་ནས་ནི། །སྦྱིན་སྲེག་སྟོང་ཕྲག་ལྔ་ནི་བྱ། །རྫས་གང་གྱིས་ནི་ཤ་ཆེན་འོ་མ་ལ་སྦགས་པ། །རིམ་པ་འདི་ཡིས་བསྲེགས་ན་ནི། དཔག་ཚད་འབུམ་ཕྲག་བརྒྱ་ཡི་བར། །ཚུན་ཆད་ཕོ་བྲང་རྙེད་པར་འགྱུར། །དཔལ་ལྡན་རྒྱལ་སྲིད་ཆེ་འགྲུབ་པ། །སུས་ཀྱང་གཞིག་པར་མི་ནུས་སོ། །ཡང་། མི་དང་བ་གླང་ཅེ་སྤྱང་ཤས། །དེ་བཞིན་ངོ་མཚར་མཆོག་གྱུར་ཏེ། །ཆང་དང་འོ་མར་སྦགས་ནས་ནི། །སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན། །གླིང་བདུན་ལ་ནི་དབང་བ་ཡི། །རྒྱལ་སྲིད་ལོངས་སྤྱོད་དཔལ་ཆེན་འགྱུར། །ཞེས་གསུངས་སོ། །རྒྱས་པའི་སྦྱིན་སྲེག་གི་ཆོ་གའོ། །ལས་གང་། དབང་གི་དོན་དུ་འདི་གསུངས་ཏེ། །དགོས་པ། བུད་མེད་རྣམས་ནི་རྨོངས་པར་འགྱུར། །མཚོན་པ་ཙམ་སྟེ། ཁམས་གསུམ་དབང་དུ་བསྡུ་བ་ཡང་ཡིན་པས་སོ། །བྱེད་པ་པོ། ཆགས་པའི་སེམས་ཀྱིས་ནི། དུས་མཚན་མོ། གནས། དབང་ལ་ས་གཞི་དམར་པོ་དང་། ཕྱོགས་འདི་ནི་གྲོང་ཁྱེར་ལ་སོགས་པའི། །ནུབ་ཀྱི་ཕྱོགས་ཆར་རྟག་ཏུ་བྱ། །ཐབ་ཐབ་ཁུང་སྐྱེ་གནས་དབྱིབས་ལྟ་བུ། །ཡང་ན་ཟླ་ཕྱེད་དབྱིབས་ལྟ་བུ། །ཁུང་བུ་དང་ནི་ཁ་ཁྱེར་སོགས། །ཞི་བ་ཡི་ནི་ཚད་དུ་བྱ། །མདོག ས་དམར་དྲི་དམར་སོགས་བྱུགས་ཏེ། མེ་ཏོག་དམར་པོ་ལ་སོགས་གཏོར། །མཚན་མ། པདྨ་ཡི་ནི་མཚན་མ་ཡི། །བུད་ཤིང་། བུད་ཤིང་ཡང་ནི་སྒྱུར་བ་དང་། མེ་ཏོག་བཅས་པའི་ཤིང་ལ་བྱ། །སྲེག་རྫས། ཙམ་པ་ཀ་དང་ཨ་ཤོ་ཀ སུ་ན་ན་ག་ན་གེ་སར། ཤིན་ཏུ་དམར་ཞིང་སྐྱུར་བ་དང་། །མེ་ཏོག་དང་ནི་འབྲས་བུར་བཅས། །ཤིང་དེའི་ཡལ་གའི་ནི་ཆ་ལས་ཀྱང་། སོར་ལྔ་པ་ཡི་ཚད་དུ་ནི། །དབང་གི་ལས་ཀྱི་ཡཾ་ཤིང་བྱ། །མཆོད་རྫས། དབང་ལ་ཟངས་ཀྱི་སྣོད་སོགས་པར། །དྲི་དམར་ལ་སོགས་བཅས་པའི་ཆུ། །མེ་ཏོག་དམར་པོ་འབར་བ་སྟེ། །ཡོངས་སུ་བཀང་བས་ཆགས་པར་བྱ། །ཆས་ཞུགས། དམར་པོའི་རྒྱན་གྱིས་ཀླུབས་ནས་ནི། །འདུག་སྟངས། སེམས་དཔའི་སྐྱིལ་ཀྲུང་གནས་ནས་སུ། །ཁ། ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ལ། །བཞིན་དབང་། དགེ་བ་ཡི་ནི་ལས་རྣམས་ལ། །གདོང་ནི་འཛུམ་དང་བཅས་པར་བྱ། །ཆོ་གའི་ཁྱད་པར་གསང་བ་གཉིས་པ། །རྡོ་རྗེ་ཆགས་པ་མཆོག་ཏུ་བསྒོམ། །ཀུ་ཤ་གཡས་བསྐོར་རྩེ་ནུབ་ཏུ། །མེ། ཚོང་འདུས་སམ་སྨད་འཚོང་མའི་ཁྱིམ་ནས། མེ་ལྷ་དམར་པོ་ཞེས་བྱ་བ་མདོག་ལི་ཁྲི་ལྟ་བུ། དགང་བླུགས་ཟངས་སམ་འཛིན་པའི་ཁུ་ཚུར། དབང་དང་དགུག་པ་དག་ལ་ནི། །དེ་བཞིན་པདྨའི་ཁུ་ཚུར་བཟུང་། །དངོས་གྲུབ་བླང་བའི་ཏིང་ངེ་འཛིན། ཡཾ་ལས་བྱུང་བའི་རླུང་དཀྱིལ་ལ། །བཙུན་མོ་པདྨ་འཇམ་ལྡན་པར། །བསྒྲུབ་པར་བྱ་བ་དམིགས་ནས་སུ། །སྔགས། སྔགས་ཀྱི་མཐར་ནི་ཧོཿབཟླས་ཏེ། འོད་ཟེར་དམར་པོས་བསྐུལ་ནས་སུ། །ཟུར་མིག་བལྟ་བས་སྦྱིན་སྲེག་ན། བུད་མེད་རྣམས་ནི་རྨོངས་པར་འགྱུར། །མཚོན་པ་ཙམ་སྟེ་རྒྱལ་པོ་དབང་དུ་བསྡུ་བ་ལ་སོགས་པའང་ཚུལ་དེས་སོ། །ཐབ་དེ་ཉིད་དུའམ། དགུག་པའི་ཧོཾ་ཁུང་རྡོ་རྗེ་ནི། །རྩེ་གཅིག་ལྟ་བུའི་དབྱིབས་སུ་བྱ། །རྡོ་རྗེ་ལྕགས་ཀྱུས་བསྐོར་བ་ལ། །ལྷག་མ་དག་ནི་དབང་དང་མཚུངས། །ཞེས་པར་ཏིང་ངེ་འཛིན། དེ་ནས་དགུག་པ་བཤད་བྱ་སྟེ། །བསྒྲུབ་བྱའི་ཤིང་གི་སྟན་ལ་ནི། །རོལ་པར་བཅས་ཤིང་གཡོ་དང་བཅས། །རླུང་གི་གདོང་ནི་སྟེང་དུ་བལྟ། །ལི་ཁྲི་ལྟ་བུའི་མདོག་ཏུ་བསམ། །ཞགས་པ་ལྕགས་ཀྱུའི་སྦྱོར་བ་ཡིས། །སྔགས་ཀྱི་མཐར་ནི་ཛཿབཟླས་ཏེ། །བསྒྲུབ་བྱའི་སྙིང་གི་པདྨ་དགུག །བུད་མེད་ཡིན་ན་སྐྱེ་གནས་དགུག །ཁམས་གསུམ་འགུགས་པར་གདོན་མི་ཟ། །རྣམ་པ་གཞན། དགུག་པ་ལ་སོགས་ཇི་བཞིན་འབྱུང་། དུམ་བུ་གཅིག་པའི་ཐོད་པ་ནི། །གཟུགས་མཛེས་མ་ཆག་མ་གས་ལ། །བསྒྲུབ་པར་བྱ་བའི་གཟུགས་བྲིས་ཏེ། །འདབ་མ་རློན་པ་བརྒྱ་ལ་ནི། །ཁྲག་དང་གོ་རོ་ཙ་ནར་བཅས། །ད་དྷུ་ར་ཡི་སྨྱུ་གུ་ཡིས། །སྔགས་ནི་མིང་དང་བཅས་པ་བྲིས། །ཐོད་པའི་ནང་དུ་བཞག་ནས་སུ། །བསྒྲུབ་བྱ་དམར་པོ་རས་ཀྱིས་གཡོགས། །སྔགས་ཀྱི་ང་རྒྱལ་འགྱིངས་ནས་སུ། །འདབ་མ་རེ་རེ་བཟུང་ནས་ནི། །གོ་བཟློག་སྙིང་པོའི་གསང་སྔགས་ནི། །ཟློས་ཤིང་འདབ་མ་ཐམས་ཅད་བསྲེག །ཡིད་ལ་བསམ་བཞིན་འགུགས་པར་འགྱུར། །དབང་དགུག་གི་སྦྱིན་སྲེག་གོ །ལས་གང་། དྲག་པོ། དགོས་པ། དཀོན་མཆོག་གསུམ་ལ་གནོད་པ་དང་། །དམ་ཚིག་འདས་ཤིང་ཁྲོ་བ་ལ། །དང་། དེ་ནས་མཚམས་མེད་ལྔ་བྱེད་པ། །གང་གིས་གཞོམ་པར་འདོད་པ་དེས། བྱེད་པ་པོ། སྡང་བའི་སེམས་ཀྱིས། དུས། མཚན་ཕྱེད་དམ་ནི་ཉིན་ཕྱེད་ལ། །དང་། ཉིན་ཕྱེད་ན། སེམས་མི་གཡེང་བས་བསྲེག་པའམ། དང་། མཚན་ཕྱེད་ན་ནི་བསྲེག་པར་བྱ། །གནས། མངོན་སྤྱོད་ཕ་མེས་ནགས་དང་ནི། །མ་མོའི་ཁྱིམ་དང་རྩུབ་པ་དང་། །གསད་པའི་ས་ལ་བྲི་བར་བྱ། །ཕྱོགས། དཀྱིལ་འཁོར་ཁང་སོགས་ལྷོ་ཕྱོགས་བྱ། །ཐབ་ཁ། གྲུ་གསུམ་སོར་མོ་ཉི་ཤུ་ཚད། །སོར་བཅུ་ཐུར་དུ་བརྐོ་བར་བྱ། །ཁུང་བུ་སོར་གསུམ་བོར་ནས་ནི། །ཁ་ཁྱེར་སོར་གསུམ་བསྐོར་བར་བྱ། །མདོག ས་ནག་དུར་ཁྲོད་ཐལ་བ་སོགས། །ཅི་རྙེད་པ་ཡིས་བྱུགས་བྱས་ཏེ། །དང་། མེ་ཏོག་དྲི་ངན་རྣམས་དང་ནི། །དེ་བཞིན་འབྲུ་ནི་ནག་པོ་དང་། ཕུབ་མ་དག་ནི་གཏོར་བར་བྱ། །མཚན་མ། རྩེ་གསུམ་ཁྲོ་བོའི་རྡོ་རྗེ་ནི། །ཆར་སྤྲིན་གྱི་ནི་མདོག་དང་མཚུངས། །སོར་བརྒྱད་པ་ཡི་ཚད་ཙམ་དུ། །དེ་ཡི་དབུས་སུ་མཚན་པར་བྱ། །བུད་ཤིང་ཡཾ་ཤིང་དང་མཚུངས་པ་ལས། འུག་པའི་སྒྲོ་ལ་སོགས་པའང་རུང་། །དྲག་པོའི་ལས་ཀྱི་བུད་ཤིང་བྱ། །སྲེག་རྫས་ཡཾ་ཤིང་། ཚ་ཞིང་ཁ་དང་ཚེར་མར་བཅས། །དུར་ཁྲོད་དུ་ནི་སྐྱེས་པའི་ཤིང་། །རྩ་བའི་ཆ་ལས་བྱས་པ་སྟེ། །སོར་མོ་བཅུ་གཉིས་ཡཾ་ཤིང་ཚད། །རྩེ་མོ་རྣོ་ལ་རྩུབ་པ་སྟེ། རྩེ་གཉིས་དུག་ལ་སོགས་པས་སྦག །འདིར་སྔར་སྐྱོན་དུ་བཤད་པ་ཐམས་ཅད་ནི་རུང་བ་སྟེ། །སྡིག་པའི་ལས་ལ་ཤིས་ཞེས་བཤད་པས་སོ། །དེ་བཞིན་མི་རུས་ཕྱེ་མ་དང་། དུག་ལ་སོགས་པ་དབུལ་བར་བྱ། དང་། དུག་དང་ཁྲག་དང་མར་ནག་བཅས། །མི་ཡི་རུས་པ་བསྲེག་བྱས་ཏེ། །ཚེར་མ་ཅན་གྱི་ཤིང་ནང་ནི། །དེ་བཞིན་ཕུབ་མ་མི་སྐྲར་བཅས། །མཆོད་རྫས། ཆུ་ནི་ནག་ཅིང་དྲི་མི་ཞིམ། །ཁྲག་དང་ལྡན་པས་བྱ་བའམ། །རང་སྐྱུར་དང་ནི་བ་ལང་གཅིན། །ཡང་ན་མི་ཡི་གཅི་བའམ། །ཡང་ན་བོང་བུའི་གཅིན་ཡང་རུང་། །གཡས་ཀྱི་ཕྱོགས་སུ་བཞག་ནས་ནི། །དྲག་པོའི་ལས་ལ་སྦྱར་བར་བྱ། །སྲེག་རྫས་གཡོན་དུའོ། །ཆས་ཞུགས། གོས་སོགས་སྔོན་པོས་བརྒྱན་ནས་སུ། །ཤ་ཁྲག་བཟའ། མྱོས་བྱེད་བཏུང་། སྟན། མཁྲང་ཞིང་རྩུབ་པའི་སྟན་ལ་ནི། སྟང་སྟབས། ཁྲོ་བོའི་སྐྱིལ་ཀྲུང་བཅིངས་ནས་སུ། ཁ་ལྷོར་བལྟས་ཏེ་དང་། གཅེར་བུ་སྐྲ་ནི་ལྷུག་པ་ཡིས། །ལྷོ་ཕྱོགས་སུ་ནི་ཁ་བལྟས་ཏེ། །བཞིན་ཁྲོ་བ་དང་བཅས་པས། དང་། དྲག་པོའི་ལས་ལ་ཁྲོ་གདོང་གིས། ཡཾ་ཤིང་ལ་སོགས་བསྲེག་པར་བྱ། །བདག་བསྐྱེད་ཀྱི་གསང་བ་ཕྱི་མ། རྡོ་རྗེ་ཁྲོ་བོ་བསྒོམ་པར་བྱ། །ཀུ་ཤ། དེ་ནས་ལས་ཀྱི་རྗེས་མཐུན་པར། །ཐབ་ཁུང་ཕྱོགས་ཀྱི་བྱེ་བྲག་གིས། རང་གི་གཡས་རྩེ་མོ་ལྷོར་བསྟན་ནས། གཡོན་བསྐོར་དུའོ། །མེ། གཤན་པ་ཡིས་ནི་མེ་སྦར་ལ། །མེ་ལྷ་རླུང་ཞེས་བྱ་བ་ནག་པོ། །དགང་བླུགས་ལྕགས་སམ། དགང་བླུགས་འཛིན་པའི་ཁུ་ཚུར། དྲག་པོའི་ལས་ལ་འབད་པ་ཡིས། །དེ་བཞིན་ཁྲོ་བོའི་ཁུ་ཚུར་བྱ། །མེ་པྲ། མི་དགེ་བ་ཡི་མཚན་མ་ནི། མི་དགེ་བ་ཡི་ལས་ལ་ཤིས། །ཏིང་ངེ་འཛིན། རཾ་ལས་ཉི་མའི་དཀྱིལ་འཁོར་ལ། །བསྒྲུབ་པར་བྱ་བ་དམིགས་ནས་སུ། །སྔགས། ཧཱུཾ་དང་ཕཊ྄་ཅེས་བྱ་བ་ནི། འབྲུག་གི་སྒྲ་ལྟར་གྲགས་པ་སྟེ། །ཐོག་མ་དབུས་མཐར་སྦྱར་བར་བྱ། །དང་། སྔགས་ཀྱི་མཐར་ནི་མིང་དང་སྦྱར། །དགྲ་བོ་སྟོབས་དང་ལྡན་པ་ཡང་། །དཔུང་དང་བཅས་པ་བརླག་འགྱུར་ན། །ཕལ་པ་ལ་ལྟ་ཅི་ཞིག་སྨོས། འདིར། བཅིང་བ་ལ་ནི་གྲུ་བཞི་སྟེ། །རྨོངས་ལ་རྒྱས་པ་ལྟ་བུ་ཡིན། །དབང་ལྡན་གྱི་ནི་ཕྱོགས་ཆ་རུ། །ས་ནི་དཀར་དང་སེར་པོ་བྱ། །བསྐྲད་ལ་མངོན་སྤྱོད་ལྟ་བུ་སྟེ། །ཁྱད་པར་དུ་ནི་རླུང་མཚམས་སུ། །རྔ་མོའི་ལྕི་བས་བྱུགས་ཏེ་བྱ། །མཛའ་བ་དག་ནི་ཉམས་ནས་སུ། །ཕན་ཚུན་སྡང་བར་བྱ་བ་ལ། །དེ་ཡང་མངོན་པར་སྤྱོད་པ་ཡི། །ཆོ་ག་ཇི་བཞིན་བལྟ་བར་བྱ། །དང་། དེ་ནས་དགྲ་བོ་སྟོབས་ཀྱིས་ནི། །དྲེགས་པ་བསྐྲད་པའི་ཆོ་ག་བཤད། ཁྭ་ཡི་གཤོག་པ་ཞག་དང་ནི། །ནིམ་པའི་ཁུ་ནིར་ཡ་པའི་བར་བསྲེས་པ་དག །ཤ་ཟའི་ཤིང་ལ་མེ་སྦར་ཏེ། རླུང་དུ་བལྟས་ཏེ་བསྲེགས་བྱས་ན། །མཚན་མོ་བདུན་ནི་ཚུན་ཆད་ཀྱིས། །བསྐྲད་འགྱུར་འདིལ་ཐེ་ཚོམ་མེད། །དེ་ནས་དབྱེ་བ་བཤད་པར་བྱ། །མྱོས་བྱེད་མེ་ནི་སྤར་བ་ལ། །ནིམ་པ་ལ་ནི་ལོ་མ་དང་། སྦྲུལ་གྱི་པགས་པ་བསྲེས་བྱས་ལ། །བྱ་རོག་དང་ནི་འུག་པ་ཡི། །ཚང་གི་ཤིང་དང་བཅས་པ་དག །བརྒྱ་རྩ་བརྒྱད་དུ་བསྲེགས་ན་ནི། །མཛའ་བཤེས་གཉེན་འདུན་བཅས་པ་དང་། །སྐྱེ་བོ་ཐམས་ཅད་སྡང་བར་འགྱུར། །ཞེས་བཤད་དོ། །ཕྱོགས་མཐུན་བསྡེབས་པ་བཞིན། །ཐབ། ལྷག་མ་ཡི་ནི་ལས་རྣམས་ཀྱང་། །ལས་བཞིའི་ཁུང་བུར་འདུས་མོད་ཀྱི། །ཞེས་གསུངས། གཉིས་པ་ལས་ཐམས་ཅད་པ་ནི། ལས་རྣམས་ཐམས་ཅད་བསྡུས་པ་ཡི། །ཆོ་ག་དེ་ནས་བཤད་བྱ་སྟེ། །ལས་ཀུན་དེ་ཉིད་རིག་པ་ཡི། བསམ་པ་ལ་སོགས་བྱེ་བྲག་དབྱེ། །ལས་ཀྱི་རྗེས་མཐུན་ས་གཞི་ལ། །ལས་ཀྱི་རྗེས་མཐུན་ཐབ་ཁུང་བྱ། །ཞེས་དམིགས་བསལ་དང་མཐུན་པར་རམ། །སྔགས་པ་ཡིས་ནི་གར་དགའ་བའི། །ས་ཕྱོགས་སུ་ནི་སྦྱར་ཡང་རུང་། །ཐབ། ཁྲུ་གང་པ་ཡི་ཚད་དུ་ནི། །པདྨ་ཨུཏྤལ་དབྱིབས་འདྲ་བྱ། །ཁ་ཁྱེར་པདྨ་ལྟ་བུ་སྟེ། །ཁུང་དང་། ཁ་ཁྱེར་ཅུང་ཟད་གདེངས། །ནང་དུ་བོར་སོགས་ཞི་བ་འདྲ། །ཕྱོགས་བཞིར་རྡོ་རྗེས་མཚན་པར་བྱ། །རྒྱར་ནི་སོར་བརྒྱད་ཚད་ཙམ་ལ། །དཔངས་ནི་སོར་གཅིག་ཚད་ཙམ་པའི། །འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲི་མཚོན་ཆས་བསྐོར་བ་ཡི། །དབུས་སུ་རྡོ་རྗེས་མཚན་པར་བྱ། །ངོས་སུ་རྡོ་རྗེའི་ར་བ་ཡི། །ཧོཾ་ཁུང་ཀུན་ནས་ཟླུམ་པོ་ལ། །འོག་ནི་འཁོར་བར་བྲི་བར་བྱ། །བདག་བསྐྱེད་རྡོ་རྗེ་འཆང་། མེའི་ལྷ་ནི་མི་ཐ། དཀྱིལ་འཁོར་ཡང་རིགས་ཐམས་ཅད་པ། གཞན་ལས་གང་བྱ་བ་དང་། མཐུན་པས། ཐབ་ཁུང་འདི་ཉིད་དུ་དགེ་བའི་ལས་ཐམས་ཅད་སྦྱར་དུ་རུང་བས། འདི་ལས་ཐམས་ཅད་པ་ཞེས་བྱའོ། །གསུམ་པ་དངོས་གྲུབ་སྒྲུབ་པའི་སྦྱིན་སྲེག་འགའ་ཞིག་བཤད་པ་ནི། །སྔར་བསྟན་མཚན་ཉིད་ལྡན་པ་ཡི། །རོ་ནི་མཛེས་པ་གཟུང་ནས་ནི། །རྣལ་འབྱོར་ཆེན་པོ་ལགས་གནས་པ། །མཚན་ཕྱེད་ན་ནི་བསྒོམས་ནས་སུ། །དེ་ཡི་ཤ་ནི་དམར་ཆེན་བཅས། །སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན། །དཔལ་ལྡན་རྡོ་རྗེ་ཕག་མོ་ནི། །མཁའ་འགྲོ་མ་ཡིས་བསྐོར་གྱུར་ཅིང་། །རོ་ལངས་སྲིན་པོ་དུ་མས་བསྐོར། །ཧ་ཧར་བཞད་པས་འཇིགས་བྱེད་པ། །དེར་ནི་དྲུང་དུ་འོང་བར་འགྱུར། །ཅེ་སྤྱང་བརྒྱ་ཕྲག་མང་པོ་ནི། །བསྐོར་ནས་འཇིགས་པའི་སྒྲ་སྒྲོག་བྱེད། །དེ་མཐོང་འཇིགས་པར་མི་བྱ་སྟེ། །སྔགས་ཀྱི་འགྱིངས་པའི་ལུས་སུ་བྱ། །རྡོ་རྗེའི་བརཏལ་ཞུགས་བདག་ཉིད་སེམས། །སྐྱེ་བོ་དཔའ་བོ་ཆེན་པོ་ལེགས། །ལྷ་མོས་དེ་སྐད་བརྗོད་ནས་ནི། །སྒྲུབ་པོ་ཡིད་ལ་གང་འདོད་པའི། །དངོས་གྲུབ་བརྒྱ་ཡང་སྟེར་བར་འགྱུར། །རྣལ་འབྱོར་མ་ཡིས་ཡོངས་བསྐོར་ཏེ། །དཔའ་བོ་རང་གི་གནས་སུ་འགྲོ། །དེ་ནི་དེ་ཡི་མོད་ལ་ཡང་། །ལྷ་ཡི་ལུས་སུ་གྱུར་ནས་ནི། །ཁམས་གསུམ་ཀུན་ཏུ་རྒྱུ་བར་འགྱུར། །དཔའ་བོ་འདོད་པའི་གཟུགས་ཅན་ཏེ། །བསྐལ་བཟང་དེ་བཞིན་གཤེགས་པ་འདྲ། །རྟག་ཏུ་ནམ་མཁར་འཕུར་བ་དང་། །རྒ་དང་འཆི་བ་རྣམ་པར་སྤོང་། །ས་གཞི་ཀུན་ཏུ་རྒྱུ་འགྱུར་ཞིང་། །ཇི་ལྟར་འདོད་བཞིན་དངོས་གྲུབ་འཇུག །འདི་ལྟ་བུ་དངོས་གྲུབ་སྒྲུབ་པ་ཀུན་རྒྱས་པའི་ལས་དང་སྦྱར་ལ། །བསྙེན་པའི་ཁ་སྐོང་ནི། ཞི་བ་ཉིད་དེ། གང་ལ་སྒྲིབ་པ་མེད་ན་ལྷ་མཐོང་ཞིང་མཉེས་པར་འགྱུར་བས་སོ། །གཉིས་པ་ནང་གི་སྦྱིན་སྲེག་ནི། དེ་ནས་ཉོན་མོངས་ཞི་བྱ་དང་། །ཏིང་ངེ་འཛིན་ནི་རྒྱས་བྱའི་ཕྱིར། །རང་གི་ལྷ་ཡི་སྦྱོར་བ་གནས། །ནང་གི་སྦྱིན་སྲེག་བརྩམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བདག་ཉིད་རྟག་ཏུ་བསམ་པར་བྱ། །འོད་ཟེར་འཕྲེང་བ་འཁྲུག་ཅིང་དྲག །འོད་ཀྱི་དཀྱིལ་འཁོར་འཕྲེང་བ་ཅན། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ནི། །སྟོང་གསུམ་སྟོང་གི་རྔུལ་མཚུངས་པ། །ཁ་དོག་དཀར་ལ་སོགས་བཀུག་སྟེ། །ལུས་མཆོག་དེ་ལ་གཞུག་པར་བྱ། །འདི་ནི་ཞི་བའི་སྦྱིན་སྲེག་ཡིན། །རྒྱས་ལ་བྱང་ཆུབ་སེམས་དཔའ་གཞུག །རང་སའི་གཟུགས་སུ་ལྷག་པར་མོས། ཤིན་ཏུ་ཉོན་མོངས་ཟད་བྱའི་ཕྱིར། །ཁྱད་པར་ཁྲོ་བོའི་གཟུགས་སུ་བྱ། །སྣ་ཚོགས་རྗེས་སུ་ཆགས་པའི་ཕྱིར། །བུད་མེད་ཀྱི་ནི་གཟུགས་སུ་བསམ། །གསུམ་པ་བླ་ན་མེད་པའི་སྦྱིན་སྲེག་ནི། ཕུང་པོ་ལ་སོགས་བུད་ཤིང་ནི། །ལས་ཀྱི་རླུང་གིས་བསྐྱོད་པ་ཡིས། །ལྟེ་བའི་དཀྱིལ་འཁོར་ནས་འབར་བ། །ཡེ་ཤེས་མེ་ལ་བསྲེག་པར་བྱ། །ཚངས་པའི་མེ་ནི་སྐེད་པར་གནས། །ལ་ལཱ་ན་ནི་དགང་གཟར་ཏེ། །རཱ་ས་ནི་ན་བླུགས་གཟར་ཁ། །དབྱུག་པ་རྡོ་རྗེ་རིན་ཆེན་འོག །རང་གི་རྡོ་རྗེ་མཐའ་ཡི་བར། །ཐོད་པ་སྲེག་རྫས་སྣོད་ཡིན་ཏེ། །རྫས་རྣམས་ཐམས་ཅད་བསྲེགས་པར་བྱ། འདི་ནི་བླ་མེད་སྦྱིན་སྲེག་གི །ཆོ་གའི་རིམ་པ་ཉིད་ཡིན་ཏེ། །ཞེས་གསུངས། གསང་ཆེན་རྒྱུད་དོན་གོས་སེར་ཅན། །ལེགས་བཤད་ནམ་མཁའ་ལྡིང་ཞོན་འདི། །གནམ་མཚོ་དོ་བ་ལ་སོགས་པའི། །ཕེམ་གྱི་སྔགས་ཚིག་མཐའ་ལ་བྱོན།། །།མདྒ་ལཾ།། །


previousརྡོ་རྗེ་མཁའ་འགྲོའི་རྒྱུད་འཁྲུགས་བསྡེབས་པ་སྦྱིན་སྲེག་གི་ལས་རབ་འབྱམས།no next