Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

10 occurrences of མགོན་པོ་བེང་
[Clear Hits]


  
 
  
 
  
 
 
  
  
  
  
  
  
  
  
  
  
གསང་སྒྲུབ་ཀྱི་དབང་ཆོག་བྱིན་རླབས་མྱུར་འཇུག
  
  
  
 
  
  
  
  
  
  


10 occurrences of མགོན་པོ་བེང་
[Clear Hits]

 
previousགསང་སྒྲུབ་ཀྱི་དབང་ཆོག་བྱིན་རླབས་མྱུར་འཇུགnext

གསང་སྒྲུབ་ཀྱི་དབང་ཆོག་བྱིན་རླབས་མྱུར་འཇུག

གསང་སྒྲུབ་ཀྱི་དབང་ཆོག་བྱིན་རླབས་མྱུར་འཇུག་བཞུགས་སོ། །སྙིང་རྗེ་ཉིད་ཀྱིས་དྲག་ཤུལ་ཆེར་འཇིགས་པས། །སྡིག་ཅན་སྲོག་འཐོར་གཟུགས་ཀྱི་ཕུང་པོའི་སྡེ། །ཞལ་གྱི་དགའ་སྟོན་ཉིད་དུ་དགྱེས་མཛད་པ། །མགོན་པོའི་མགོན་པོ་དེ་ལ་ཕྱག་འཚལ་ལོ། །དགེ་བའི་བློ་ལ་མངོན་གྱུར་པ། །འོག་མིན་གཏམ་གྱི་གེ་སར་འཕྲེང་། །པད་དཀར་ཁོང་གནས་བསྟན་རན་ཞེས། །བསྐུལ་བའི་ཉི་མ་དེང་འདིར་བྱོན། །འདིར་སློབ་དཔོན་ཙ་མིས་མཛད་པའི་གསང་སྒྲུབ་ཀྱི་དབང་ཆོག ཕྱིས་ཆོས་སྐྱོང་ཉིད་ཀྱིས་དཔལ་རྒྭ་ལོ་ལ་དངོས་སུ་གདམས་པས་ཁ་བསྐང་སྟེ་བཤད་པར་བྱའོ། །དེ་ལ་མེ་ལོང་ལ་སིནྡྷུ་རས་ཆོས་འབྱུང་གི་དབྱིབས་བྲིས། ནང་དུ་ཝཾ་ཡིག་མཉྫྱིའི་ཁའི་ཐོད་པ་ཆང་གིས་བཀང་བ། དེའི་སྟེང་དུ་བུམ་པ་བཟང་པོ་བཤམས། མདུན་གྱི་གྲུར་སྒྲུབ་གཏོར། གཡས་སུ་ལས་བྱེད་དྲག་གཏོར། གཡོན་དུ་མཆོད་གཏོར། མཐའ་མཆོད་པས་བསྐོར། ཚོགས་ཀྱི་མཆོད་པས་ཀྱང་བདར་ཏེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད། ཚོགས་ཞིང་། ཚད་མེད། སྟོང་ཉིད་ཀྱི་ངང་ལས་བདག་ཉིད་གསང་སྒྲུབ་བཞིན་གྱི་གཙོ་འཁོར་དུ་བསྐྱེད། བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་། ནང་དུ་བདག་བསྐྱེད་བཞིན་གྱི་གཙོ་འཁོར། ཀ་པཱ་ལར་ཨཱ་ལི་ཀཱ་ལི་སྔགས་ཡི་གེ་གསུམ་གྱིས་ཐོག་མཐའ་བརྒྱན་པ། སིནྡྷུ་ར་ཡུམ་ཙཎྜྻི་ཀའི་མཁའ། བདེ་ཆེན་ཡེ་ཤེས་ཝཾ་གྱི་རྣམ་པར་ཞུགས་པ། སྒྲུབ་གཏོར་གཙོ་བོ་ཡབ་ཡུམ། དྲག་གཏོར་ལས་མགོན་དུ་བསྐྱེད། སྤྱན་དྲངས་བསྟིམ། དབང་བསྐུར། རྒྱས་བཏབ། མཆོད་བསྟོད་ཀྱིས་མཉེས་པར་བྱས། མདུན་བསྐྱེད་བསྐུལ་བའི་སྔགས་ཚན་གསུམ་བཟླས། དེ་ནས་སློབ་མ་མདུན་དུ་བོས། ཁྲུས་བྱས། བགེགས་བསྐྲད། སྲུང་འཁོར་བྱས། དུས་བཞི་གནད་བཞི་ཁ་དོག་བཞི། །ཞི་རྒྱས་དབང་དང་མངོན་སྤྱོད་ལས། །གནས་སྐབས་དང་ནི་མཐར་ཐུག་དབང་། །བདག་ལ་ལེགས་པར་སྩལ་དུ་གསོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་དཔལ་ཡེ་ཤེས་ཀྱི་མགོན་པོར་གསལ་བཏབ་པའི་སྤྱན་སྔར། སངས་རྒྱས་ཆོས་དང་དགེ་འདུན་ལ། །སོགས་ཀྱི་སྐྱབས་འགྲོ། ཇི་ལྟར་དུས་གསུམ་སོགས་ཀྱིས་སེམས་བསྐྱེད་སྦྱིན། སློབ་མ་ཡེ་ཤེས་ཀྱི་མགོན་པོར་བསྐྱེད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། བསིལ་པའི་ཚལ་ལ་སོགས་པ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་གནམ་ནས་ཁ་བ་བབས་པ་ལྟ་བུ། ས་ནས་ས་རླངས་བྱུང་བ་ལྟ་བུ། བར་ནས་བུ་ཡུག་འཚུབས་པ་ལྟ་བུར་བྱོན་པ་སློབ་མ་ལ་ཐིམ་པར་བསམས་ཏེ། རོལ་མོ་དྲག་ཏུ་བརྡུང་། གུ་གུལ་འཐུལ། བཅུ་བདུན་པའི་མཐར་ཛྙྱཱ་ན་ཨ་བེ་ཤ་ཡ་ཨཿཨཿ ཞེས་པས་དངོས་སུ་སྐུ་ཕེབས་ན་གར། གསུང་བརྡ་སྐད། ཐུགས་ཏིང་ངེ་འཛིན་ནམ་སྣང་བ་ཐམས་ཅད་ཟི་ལོང་ཨ་མཐས་ཀྱི་སྣང་བ་ཞིག་པ་འབྱུང་། དེ་ལ་དཀྱིལ་འཁོར་དུ་གསང་བས་འཇུག་པའམ། བྱིན་དབབ་པའོ། །དེ་ནས་བུམ་པ་ལག་ཏུ་ཐོགས་ཏེ། བུམ་པའི་ལྷ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་སྤྱན་དྲངས། དེ་ཉིད་ལ་ཐིམ། སྐད་ཅིག་གིས་བདེ་མཆོག་རིགས་ལྔ་མདུན་གྱི་ནམ་མཁར་བྱོན་ནས་ཡེ་ཤེས་ཀྱི་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་གྱིས་བྱས། བུམ་པའི་དབང་བསྐུར་དམ་པ་འདིས། །ལུས་ཀྱི་སྒྲིབ་པ་སྦྱངས་ནས་སུ། །ལྷ་ཡི་དེ་ཉིད་མངོན་གྱུར་པའི། །སྐུ་ཡི་རྡོ་རྗེ་འགྲུབ་གྱུར་ཅིག །བཅུ་བདུན་པའི་མཐར་ཀ་ལ་ཤ་ཨ་བྷི་ཥིཉྩྨ་ཧཱུྃ་བརྗོད། ལྷ་ཚོགས་ཞུ་བའི་བུམ་པའི་ཆུས་ཕྱི་ནང་བཀྲུས། སད་པའི་སྒྲིབ་པ་སྦྱངས། དྭངས་མ་འཇའ་ཚོན་ལྟ་བུར་གྱུར་པའི་ནང་དུ་རྩ་གསུམ་འཁོར་ལོ་ལྔ་གསལ་བ། ཆུ་རྒྱུན་སྤྱི་བོའི་འཁོར་ལོའི་དབུས་སུ་སྐུའི་མགོན་པོ་ཟླ་བ་ཆུ་ཤེལ་ལྟ་བུར་དཀར་ཞིང་ཞི་བའི་ལས་རབ་འབྱམས་དང་ཚེའི་མཆོག་སྩོལ་བའི་མཐུ་སྟོབས་ཀྱི་གཏེར་དུ་གྱུར་པ་བཞུགས་པར་བསྒོམ། དེ་ནས་ཀ་པཱ་ལ་ལག་ཏུ་ཐོགས། ཨཱ་ལི་ཀཱ་ལི་ལས་འོད་འཕྲོས། གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་བསྡུས། དེ་ཉིད་ལ་ཐིམ་དབང་ལྷའི་བདེ་མཆོག་རིགས་ལྔ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་དཀར་དམར་འདྲེས་པ་བབས་པ་དེས་དབང་བསྐུར་བར་བསམ། ངག་ཏུ། བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས། །ངག་གི་སྒྲིབ་པ་སྦྱངས་ནས་སུ། །སྔགས་ཀྱི་དེ་ཉིད་མངོན་གྱུར་པའི། །གསུང་གི་རྡོ་རྗེ་ཐོབ་གྱུར་ཅིག །སྔགས་མཐར་བོ་དྷི་ཙིཏྟ་སྦྱར་བ་འཛབ་ཏུ་འདྲེན། ཨཱ་ལི་ཀཱ་ལི་ཞུ་བའི་བྱང་སེམས་དཀར་དམར་ལྕེ་བརྒྱུད་མགྲིན་པའི་འཁོར་ལོ་གང་། རྨི་ལམ་གྱི་སྒྲིབ་པ་སྦྱངས། རླུང་འབྱུང་འཇུག་ཐམས་ཅད་སྔགས་ཀྱི་བཟླས་བརྗོད་དུ་གྱུར། དབང་རྟགས་མགྲིན་པར་གསུང་གི་མགོན་པོ་ལི་ཁྲི་ཞུན་མ་བྱུགས་པ་ལྟ་བུ། དབང་གི་ལས་རབ་འབྱམས་དང་། ཚིག་གི་མཆོག་སྩོལ་བའི་མཐུ་སྟོབས་ཀྱི་གཏེར་དུ་གྱུར་པ་བཞུགས་པར་བསྒོམ། དེ་ནས་སིནྡྷུ་རའི་དཀྱིལ་འཁོར་ཁྱེར་ཏེ། མཁའ་དབྱིངས་ཡུམ་གྱི་དབང་བསྐུར་བས། །ཡིད་ཀྱི་སྒྲིབ་པ་སྦྱངས་ནས་སུ། །ཕྱག་རྒྱའི་དེ་ཉིད་མངོན་གྱུར་པའི། །ཐུགས་ཀྱི་རྡོ་རྗེ་ཐོབ་གྱུར་ཅིག །སྔགས་མཐར་པྲ་ཛྙྱཱ་ཛྙྱཱ་ན་སྦྱར། འཁོར་ལོ་ལུས་ལ་ཞུགས། སྣང་བ་ཡུམ་གྱི་མཁར་རང་རིག་བདེ་བའི་ཝཾ་གྱིས་སྙོམས་པར་ཞུགས་པས། གཉིད་སྟུག་གི་ཟུང་འཇུག་གི་ཏིང་ངེ་འཛིན་ཐམས་ཅད་མངོན་དུ་གྱུར། དབང་རྟགས་སྙིང་གའི་འཁོར་ལོའི་དབུས་སུ་ཐུགས་ཀྱི་མགོན་པོ་མཐིང་ཤུན་དྲི་མ་མེད་པ་ལྟ་བུ་མཆོག་གི་དངོས་གྲུབ་པའི་མཐུ་སྟོབས་ཀྱི་གཏེར་དུ་གྱུར་པ་བཞུགས་པར་བསྒོམ། དེ་ནས་གཏོར་མ་ཐོགས་ཏེ། བ་ལིཾ་གཏོར་མའི་དབང་བསྐུར་བས། །རྣམ་ཤེས་ཁམས་རྣམས་སྦྱངས་བྱས་ནས། །ཡེ་ཤེས་ལྔ་པོ་མངོན་གྱུར་པས། །ཐམས་ཅད་སངས་རྒྱས་ཉིད་གྱུར་ཅིག །སྔགས་མཐར་མ་ཧཱ་མུ་དྲ་ཨ་སྦྱར། གཏོར་མའི་ལྷ་ཚོགས་འོད་དུ་ཞུ། གཉིས་སུ་མེད་པར་ཐིམ་པས་སྙོམས་འཇུག་གི་དྲི་མ་སྦྱངས། ཡེ་ཤེས་ལྔ་མངོན་དུ་གྱུར་པས། དབང་རྟགས་ལྟེ་བ་སྤྲུལ་པའི་འཁོར་ལོར་རིན་ཆེན་མགོན་པོ་རྒྱས་པའི་བྱིན་ཆགས་པ། དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་སྩོལ་བའི་མཐུ་སྟོབས་ཀྱི་གཏེར་དུ་གྱུར་པ་བཞུགས་པར་བསྒོམ། དེ་ནས་དྲག་གཏོར་ལག་ཏུ་ཐོགས་ཏེ། ཆོས་སྐྱོང་ཀུན་གྱི་དྲག་པོའི་དབང་། །སྐལ་ལྡན་ཁྱོད་ལ་བསྐུར་བ་འདིས། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །འཕྲིན་ལས་ཐམས་ཅད་འགྲུབ་གྱུར་ཅིག །སྔགས་མཐར་ཀརྨ་ཨ་སྦྱར། དབང་རྟགས་གསང་གནས་སུ་འཕྲིན་ལས་ཀྱི་མགོན་པོ་མརྒད་ཀྱི་མདངས་ཅན། བྱ་རོག་གདོང་ལ་སོགས་པ་ཡེ་ཤེས་ཀྱི་མགོན་པོ་དང་ལས་ཀྱི་མགོན་པོ་སྡེ་བརྒྱད་ཐམས་ཅད་ཀྱིས་ཅི་བསྒོ་བའི་བཀའ་ཉན་དམ་ལ་གནས་ཏེ་གདུག་པ་ཅན་ཐམས་ཅད་བསྒྲལ། ཤ་ཁྲག་ཚོགས་ཀྱི་ཡོ་བྱད་དུ་བྱས་པར་བསམས་ལ། ལྷ་མི་བསྒོམ་པ་ལུས་ཀྱི་དམ་ཚིག །སྔགས་མི་བགྲང་བ་ངག་གི ཏིང་ངེ་འཛིན་མི་བསྒོམ་པ་ཡིད་ཀྱི། གཏོར་མ་མི་བཏང་བ་རྫས་ཀྱི། འཕྲིན་ལས་མི་བསྐུལ་བ་རྣལ་འབྱོར་གྱི་དམ་ཚིག་སྟེ། ཡེ་ནས་ལུས་ལྷ། ངག་སྔགས། ཡིད་ཏིང་ངེ་འཛིན། སྣང་སྲིད་གཏོར་རྫས། གང་ལ་གང་གིས་འདུལ་བ་དེ་དེར་འཆར་བའི་ཕྱིར་རོ། །ཚོགས་ལ་རོལ། ལྷག་མ་བཏང་། སློབ་དཔོན་ཡོན་གྱིས་མཉེས་པར་བྱའོ། །ཞེས་གསང་སྒྲུབ་དང་འབྲེལ་བའི་དབང་ཆོག་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་འདི། དཔལ་འབྲུག་པ་ཞེས་ཡོངས་སུ་གྲགས་པའི་དབོན་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མས་བསྐུལ་བ་ལྟར། དགེ་སློང་གསང་བ་སྦྱིན་ནམ། པདྨ་དཀར་པོས་འོལ་དགའ་སྟག་རྩེའི་སྒར་དུ་བྲིས་པའོ།། །།སརྦ་མངྒ་ལཾ།།


previousགསང་སྒྲུབ་ཀྱི་དབང་ཆོག་བྱིན་རླབས་མྱུར་འཇུགnext