Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

10 occurrences of མགོན་པོ་བེང་
[Clear Hits]


  
 
  
 
  
 
 
  
  
  
  
  
  
  
  
  
  
  
  
  
 
  
མདོས་ཀྱི་གསལ་བྱེད་འཕྲུལ་གྱི་མེ་ལོང་།
  
  
  
  
  


10 occurrences of མགོན་པོ་བེང་
[Clear Hits]

 
previousམདོས་ཀྱི་གསལ་བྱེད་འཕྲུལ་གྱི་མེ་ལོང་།next

མདོས་ཀྱི་གསལ་བྱེད་འཕྲུལ་གྱི་མེ་ལོང་།

མདོས་ཀྱི་གསལ་བྱེད་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །སྒྱུ་མའི་འཇིག་རྟེན་མཐུན་ཞུགས་པའི། །སྒྱུ་མ་ཆེན་པོའི་དཀྱིལ་འཁོར་ལ། །སྒྱུ་མའི་མཆོད་པ་སྦྱར་མཁས་པའི། །སྒྱུ་མ་མཁན་རྣམས་ཕྱག་བྱའི་འོས། །འདི་ལ་མདོས་ཀྱི་རྣམ་པར་གཞག་པ་དང་། ལག་ལེན་གྱི་བཅས་གཉིས། དང་པོ་ལ། ངོ་བོ། ངེས་ཚིགདབྱེ་བ། བྱིན་གྱིས་བརླབ་ཅིང་བསྔོ་བ་བཞི། དང་པོ། སྣ་ཚོགས་སུ་སྣང་བ་ཐབས་ཀྱི་ཡེ་ཤེས་དེ་དག་ཅིར་ཡང་མ་གྲུབ་པ་ནི་སྟོང་པ་ཉིད་དེ། དེ་གཉིས་གཉིས་སུ་མི་ཕྱེད་པའོ། །གཉིས་པ་ནི། །དེ་ཉིད་གླུད་རྫས་ཆེན་པོར་བྱས་པ་ལ་མདོས་ཏེ་ཡས་བཏགས། ཡང་། ཟན་ལ་གཟུགས་སྣ་ཚོགས་སུ་བཀོད་པ་ཡས་དང་། སྣལ་མ་སྦྲན་པ་ལ་ཐགས་སུ་བྱས་པས་ཡས་ཐགས། ཡང་སློབ་དཔོན་ཆེན་པོས། མདོས་པ་སེལ་བ་ལ་ཡང་གསུངས་ཏེ། དེའི་ཚེ་རྣལ་འབྱོར་པ་ལ་མདོས་པ་ཉམས་ཆག སྦྱིན་བདག་ལ་མདོས་པ་ཆགས་ཆེ་ཉམས་ང་། དགྲ་བོ་ལ་མདོས་པ་བྱད་མ་མཁན་གྱིས་བྱད་དུ་བཅུག་པ། དེ་ཆོ་ག་མཁན་པོས་ཐབས་ཀྱིས་སེལ་བས་ན་མདོས་སོ། །གསུམ་པ་ནི། །ཕོ་མདོས། མོ་མདོས། རེ་རེ་ལའང་སྤྱི་མདོས་དང་སྒོས་མདོས་གཉིས། སྒོས་མདོས་ལ་སུམ་བརྒྱ་དྲུག་ཅུ། སྤྱི་མདོས་ལ་མཧཱ་ཤཱནྟིཾ་དང་། སརྦ་རཱུ་པ་གཉིས། དང་པོ་ལ། ཕྱི་ནང་གསང་བ་གསུམ། ཕྱི་མ་ལ་ཕྱི་ནང་གཉིས་རྣམས་ལས། འདིར་སྲིད་པ་ཕོ་མདོས། དེའི་ནང་ནས་དཔལ་ཡེ་ཤེས་མགོན་པོ་ཆེན་པོའི་མདོས་ཏེ། དངོས་གྲུབ་འབྱུང་བ་ལས། རི་རབ་ཀྱི་གཟུགས་ལ་སྣ་ཚོགས་པའི་གཟུགས་བརྙན་བཀོད་དེ་འཕྲིན་ལས་སེམས་པ་དང་བཅས་པའི་ཕྱག་རྒྱས་བཏབ་ན་གཡུལ་ཆེན་པོ་དེ་ལས་རྣམ་པར་རྒྱལ་བར་བྱེད་དོ། །ཞེས་པས་གཡུལ་བཟློག་སོགས་དང་། ཡང་། དཔག་བསམ་གྱི་ཤིང་ལྗོན་པའི་ཚུལ་དུ་བྱས་ལ། ཨ་ཤྭ་ཀའམ་བི་དྲ་ཀའི་ཤིང་ལ་བརྟེན་ནས་ཐབས་དང་ལྡན་པས་ནི་ཡུལ་ཕྱོགས་དེ་ཡོངས་སུ་རྒྱས་པའི་གནས་ཐོབ་པར་འགྱུར་རོ། །ཞེས་གསུངས་པས་རྟེན་མདོས་སོགས་བཤད་དོ། །དེ་ཡང་སྤྱིར་སྒྲུབ་མདོས་དང་རྟེན་མདོས་དང་། མཆོད་མདོས་དང་བསྐང་མདོས་དང་། སྲིད་པ་གཡུལ་བཟློག་དང་བྱོལ་བཟློག་དང་། རཱཀྵ་དགྲ་མདོས་ལ་སོགས་བ་དུ་མར་བྱེད་པ་དང་། མདོས་ཀྱི་བཅས་གཅིག་ལ་ཀུན་ཚང་བར་བྱེད་པའོ། །བཞི་པ་ལ། བྱིན་གྱིས་བརླབ་པ་དང་བསྔོ་བ་གཉིས་ལས། དང་པོ་ནི། མདོས་རྟེན་བརྟེན་པའི་དཀྱིལ་འཁོར་ཆེན་པོ་རྒྱན་གླུད་ཐམས་ཅད་དགྱེས་པའི་མཆོད་སྤྲིན་དུ་བསམས་བྱིན་གྱིས་བརླབས་ལ། སྙན་གསན་ཕབ། སྤྱན་དྲངས། བཞུགས་སུ་གསོལ། གཉིས་མེད་དུ་བསྟིམ། དབང་བསྐུར། མཆོད་བསྟོད་བྱ་བ་ནི། མདོས་དཀྱིལ་འཁོར་དུ་ཤེས་པ་ཞེས་བྱ་སྒྲུབ་མདོས་སམ་རྟེན་མདོས་ཀྱི་སྐབས། མདོས་གཞི་གནམ་འཁོར་ལོ་རྩིབས་སྟོང་མུ་ཁྱུད་ཀྱིས་མཛེས་པ་འཇིག་རྟེན་གྱི་ཁམས་དང་མཉམ་པ་ལ་ཡས་ཐགས་ཀྱིས་ནམ་མཁའི་རྒྱན་སྐར་མའི་ཚོགས་ལྟར་བཀྲམ་པ། ས་གཞིའི་རྒྱན་རྩི་ཤིང་ནགས་ཚལ་ལྟར་སྤུངས་འཐུག་པ། བར་སྣང་གི་རྒྱན་སྤྲིན་དང་འཇའ་ཚོན་བཞིན་བྱིན་ཆགས་ལ་བཀྲ་བ། རེ་རེ་འང་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པའི་བྱིན་གྱིས་བརླབ་པ་མདོས་མཆོད་རྫས་སུ་ཤེས་པ་ཞེས་བྱ། དེས་དྲེགས་པ་རྣམས་མ་སྲིང་ལྟ་བུར་ལྟ་བར་བྱེད་པས་གར་སྤྱི་ཕུད་ཀྱི་མདོས་ཞེས་ཀྱང་བྱའོ། །ཡང་། བདག་དམ་ཚིག་གཡེལ་བས་དྲེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ནོགས་པ་ན་རྒྱལ་གླུད་སྐུའི། མདའ་འཕང་གསུང་། ནམ་མཁའ་ཐུགས། དར་དང་རྒྱལ་མཚན་ཡོན་ཏན། སྤྱན་གཟིགས་རྔོན་ཆ་འཕྲིན་ལས་ཀྱི་བསྐང་བའི་རྫས་སུ་འབུལ་བས་ཉམས་པ་བསྐང་བས་བསྐང་མདོས་ཞེས་བྱའོ། །ལན་ཆགས་ཀྱི་མགྲོན་དམིགས་ཏེ། མདོས་ཡས་ཐགས་རི་རབ་གླིང་བཅུ་གཉིས་འདོད་པའི་ལོངས་སྤྱོད་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབས་ནས་བདག་ལ་གཞན་གྱི་དྲིན་ལན་ཆགས་པ་འཁོར་བའི་ཕྱིར་བཏང་ན་ལན་ཆགས་གཏོང་འཕྲིན་གྱི་མདོས་ཞེས་བྱ། མདོས་ཡས་སྦྱིན་བདག་དང་ལྷ་འདྲེའི་གཟུགས་འདྲ་བར་དམིགས་ནས་བདག་གཞན་གྱི་གླུད་བུ་བཏང་ན་ཚེ་ཟླ་རྒྱས་ཀྱི་མདོས་ཞེས་བྱ། ཡས་ཐགས་ཀྱི་རྫས་ཐམས་ཅད་སྣང་སྲིད་ལྷ་འདྲེའི་དམག་དང་དཔུང་དུ་བྱིན་གྱིས་བརླབས་ནས་བདག་གཞན་ལ་གནོད་པ་བཟློག་པར་བཏང་བ་ནི་ནག་པོ་ཕྱོགས་བཟློག་གི་མདོས་སམ་མགོན་པོ་གཡུལ་བཟློག་གི་མདོས་ཞེས་བྱ། ཡང་སྲིད་པ་ལུགས་བཞིན་དུ་བཤམས་ནས་མོ་བརྒྱུད་དུ་བྱིན་གྱིས་བརླབས་ནས་ཕོ་བརྒྱུད་ལ་བཏང་བ་ན་སྲིད་པ་ཕོའི་བྱོལ་བཟློག ཕོ་བརྒྱུད་དུ་བྱིན་གྱིས་བརླབས་ནས་མོ་བརྒྱུད་ལ་རྫོངས་སུ་བསྟབས་པ་སྲིད་པ་མ་མོའི་བྱོལ་བཟློག ལྷག་པར་རྦད་འདྲེ་ཐུ་བ་དམིགས་ཀྱིས་བསལ་ན་སྤྱི་བཞིན་བཅས། དེ་ཁོ་ན་ལ་བཏང་ན་སྤྱི་མདོས་སྒོས་སུ་བཏང་བ། ཡང་དམིགས་ཀྱི་མ་བསལ་ན་སྒོས་མདོས་བཅས་པ་སྤྱི་ལ་བཏང་ན་སྒོས་མདོས་སྤྱི་ལའོ། །ཡང་མདོས་ཀྱི་བཅས་ལ་ཕོ་གཙོ་བོར་བཀོད་ན་ཕོ་མདོས། མོ་གཙོ་བོར་བཀོད་ན་མོ་མདོས། འདི་ལྟར་སྣང་བ་དྲག་པོའི་འཕང་རྫས་སུ་བྱེད་པ་ལ་ཟོར་ཞེས་བཏགས་ཏེ། ཡང་དྲག་པོར་འཕེན་པ་ལ་ཡང་ཟོར་ཅེས་པ་བཞིན་ནོ། །གཞི་དྲག་པོའི་འབྲུབ་ཁུང་། རྫས་ཟོར་ནད་དང་དུག་དང་མཚོན་ཆ། དྲེགས་པ་རྣམས་ཐུན་གྱི་ལྷར་ཤེས་པ་ལས་དགྲ་བོའི་ལུས་སེམས་འབྲལ་བར་བྱེད་པར་བྱིན་གྱིས་བརླབས་ཏེ། ཐེབས་བཟློག་བརྩིས་ནས་བཏང་ན་རཱཀྵ་དགྲ་མདོས་སོ། །རྣལ་འབྱོར་པ་དངོས་གྲུབ་སྒྲུབ་པ་བྱེད་ན་བརྟེན་པའི་མདོས་བྱ། དམ་ཚིག་ཉམས་པ་གསོ་ན་བསྐང་བ་དང་། ཚོགས་རྫོགས་པར་འདོད་ན་མཆོད་མདོས། ཡུལ་དུ་ནང་འཁྲུག་གཞན་གྱི་དམག་ལྷགས་པ་སོགས་ཕ་རོལ་གྱི་བསམ་ངན་བཟློག་ན་གཡུལ་བཟློག མ་མོ་འཁྲུགས་པའི་དལ་ཡམས་དང་རྦད་འདྲེ། ལྷ་འདྲེ་མི་བསྲུན་པའི་སྡང་ཟུར་ཟུག་པ་ལ་བྱོལ་བཟློག་གཉིས། དགྲ་བོ་སྒྲོལ་བ་ལ་ཟོར་མདོས་ཐུན་མདོས་སམ། ཁྲག་མདོས་སམ་དགྲ་མདོས། ནོར་གོད་བཟློག་པ་ལ་ལན་ཆགས་སྟོང་འཕྲིན། འཆི་ལྟས་བྱུང་ན་བླུ་བ་ལ་ཚེ་རྒྱས་ཀྱི་མདོས་བྱའོ། །གཡུལ་བཟློག་བྱོལ་བཟློག་དགྲ་མདོས་ལ། ཉིན་དང་པོ་མཆོད་རྫས་བསྐང་རྫས་སུ་ཕུལ། ཕྱི་དེ་ཉིན་ནས་བསྐྱེད་ཆོག་བྱ་བས་སྒྲུབ་མདོས་དང་ཕྱིས་འཕང་མདོས་སུ་ཤེས་པར་བྱ། མདོས་དེ་དག་དགྲ་བོའི་ཤ་ཁྲག་རུས་པར་དམིགས་ནས་ཕུལ་ན་མདོས་དྲག་པོའི་གཏོར་མར་གཏོང་བ། ཡུལ་ལ་སོགས་པར་ལྟས་ངན་པ་བྱུང་ན། དེ་བྲིས་ནས་བྱོལ་བཟློག་བཞིན་དུ་བྱ་བ་ལྟས་ངན་བཟློག་པའི་མདོས་ཞེས་བྱ་བ་དེ་ལྟ་བུའི་མདོས་ཀྱི་འཕྲུལ་མིག་ཆེན་པོར་ཤེས་པར་བྱའོ། །གཉིས་པ་བསྔོ་བ་ལ། དང་པོར་མདོས་ཀྱི་སྒོ་དབྱེ་བ། མདོས་ལ་རྫོངས་བསྟབ་པ། མདོས་གཞུག་ཟོར་གྱིས་བཅད་པ་གསུམ་མོ། །དང་པོ་ལ། རྣལ་འབྱོར་པའི་སྒོ་དབྱེ། དྲེགས་པའི་སྒོ་དབྱེ། མདོས་ཀྱི་སྒོ་དབྱེ། དང་པོ་སྔགས་པ་ཐོད་ཁ་གཡས་སུ་གསེར། གཡོན་དུ་གཡུ། ལས་ཀྱི་སྐབས་ཤེས་པའི་ཆས་སུ་ཞུགས་ཏེ་ལུས་ཡི་དམ་ལྷའི་ང་རྒྱལ་བརྟན་པ་ལུས་ཀྱི་སྒོ་དབྱེ། མདོས་བདག་ཕོ་མོའི་སྲོག་སྙིང་མཚང་ཚིག་ཤེས་པ་ངག་གི གཉིས་སུ་མེད་པར་རྟོགས་པ་ཡིད་ཀྱི་སྒོ་དབྱེ་ཤེས་དགོས་སོ། །དེ་མེད་ན་རིམ་པ་བཞིན། དྲེགས་པ་དབང་དུ་མི་འདུ་བ་དང་། བསྔོས་པ་གནས་སུ་མི་ཕྱིན་པ་དང་། ཐམས་ཅད་འཁོར་བའི་གཡས་སྦྱོར་དུ་འགྲོ། གཉིས་པ་མདོས་བདག་གི་སྒོ་དབྱེ་བ་ལ། སྤྱན་དྲངས། མཚང་འདྲུ། ཐུན་རྫས་བྱིན་གྱིས་བརླབ་པ་གསུམ་ཤེས་དགོས། དེ་མ་ཤེས་ན་རིམ་པ་བཞིན། སྤྱན་མ་དྲངས་ན་མི་འབྱོན། མཚང་མ་དྲུས་ན་ཡས་མི་ལེན། དགོས་དོན་མ་ཚང་ན་མི་རྫོངས་པའི་སྐྱོན་གསུམ་འབྱུང་། གསུམ་པ་མདོས་ཀྱི་སྒོ་དབྱེ་བ་ལ། དང་པོར་བརྐོས་བཏབ་པ། མདོས་སྣ་གླུད་ཀྱིས་དྲངས་ཏེ་བསྔོ་བ། ཡས་ཆད་སྨེང་གིས་འཐུད་པ་གསུམ་ཤེས་དགོས། དེ་མ་ཤེས་ན་རིམ་པ་བཞིན། ལྷ་འདྲེ་འཁྲུག་པ། ཡོན་བདག་གི་ཚེ་སྲོག་ཉམས་པ་ཚུར་མི་ཁུགས་པ། ཕན་ལས་གནོད་ཆེ་སྟེ་ལག་ན་ཅི་ཡང་མེད་པ་ལ་ཁྱོད་ཀྱི་འདི་གྱིས་ཟེར་བ་དང་འདྲ་བས་སོ། །གཉིས་པ་མདོས་ཀྱི་རྫོངས་བསྟབ་པ་ལ། རབ་ལྟ་བས་ཐག་བཅད་དེ་རྫོངས་བསྟབ། འབྲིང་སྤྱོད་པ་ལ་དོར་ཏེ་རྫོངས་བསྟབ་པ། མཐའ་མ་ཏིང་ངེ་འཛིན་དབང་བསྒྱུར་ཏེ་རྫོངས་བསྟབ་པ་གསུམ། དང་པོ། མདོས་ཆོས་ཉིད་དུ་ཤེས་པ་སྟེ་ཆོས་སྐུ། བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་ངང་ལས། རིག་པ་འགག་པ་མེད་པ། ལོངས་སྤྱོད་རྫོགས་པའི་རྩལ། མདོས་བདག་ཡོན་བདག རྣལ་འབྱོར་པ་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡིན་པས། སྣང་བ་ཅིར་སྣང་ཡང་ངོ་བོ་ལ་བརྟགས་ན་གང་དུའང་མ་གྲུབ་པས། དེ་ཀ་ཐིག་ལེ་ཆེན་པོ། གདལ་བ་ཆེན་པོ་ཚུལ་འདིས་ཡང་དག་མཐའ་གྲོལ་གྱི་ཀློང་དུ་ཐམས་ཅད་གཅིག་པར་ཤེས་པ་ནི་ཐིག་ལེའི་ཀློང་མདོས་སམ། སྐུ་གསུམ་གདལ་བའི་ཀློང་དུ་མདོས་པས་ཡེ་ཤེས་ཆེན་པོའི་མདོས་ཞེས་ཀྱང་བྱའོ། །གཉིས་པ་སྤྱོད་པ་ཚད་མེད་བཞི་དང་ལྡན་པས་སྣང་སྲིད་ཐམས་ཅད་མདོས་ལ་རྫོངས་འདེབས་པ་སྟེ། དེ་མེད་ན་དྲེགས་པ་ཕོ་མོའི་ཐུགས་དམ་མི་བསྐོངས་སོ། །གསུམ་པ་མདོས་དྲེགས་པ་ལ་རྫོངས་སུ་བསྟབ་པ་སྟེ། དེ་མེད་ན་ཕན་གནོད་ཀྱི་ལས་མི་འགྲུབ་པའོ། །གསུམ་པ་མདོས་གཞུག་ལ་མདོས་ཀྱི་ལམ་བསྟན་པ་ཕན་མདོས་ལ། ཆུ་གནས་ཐམས་ཅད་རྒྱ་མཚོར། ནམ་མཁར་གནས་པ་ཐམས་ཅད་དགུ་ཚིགས། ས་གཞི་ལ་གནས་པ་ཐམས་ཅད་ཕྱོགས་བཅུར་ལམ་བསྟན་ནོ། །དེ་མ་བསྟན་ན་ཡུལ་དུ་ནད་ཡམས་དང་ཡོན་བདག་ལ་ཕྱེ་བཀྲེན་ལྡང་། མདོས་བདག་གི་ལམ་བསྟན་པ་ནི། ཐམས་ཅད་རང་གནས་སུ་གཤེགས་སུ་གསོལ་དགོས། དེ་མ་ཤེས་ན། སྔགས་པའི་ཤུལ་མི་ལ་གནོད་དོ། །མདོས་བསྐྱལ་ས་ཡང་། རང་གི་ཁམས་དང་བསྟུན་པའི་ཕྱོགས་ཀྱི་དྲེགས་པ་གནས་པའམ། དཔྱིད་རི་རྩེ། དབྱར་ཆུ་གཞུང་། སྟོན་དུར་ཁྲོད། དགུན་ལམ་རྒྱ་གྲམ་དུ་སྐྱེལ་བར་བཤད་དོ། །ཟོར་དུ་འཕང་བ་ནི། དགྲ་བོའི་ཕྱོགས་ལ་ལམ་སྟོན། དེ་ལ་ཐེབས་བཟློག་བརྩི་དགོས་ཏེ། ཐེབས་ནི་ཕོ་མདོས་ཟླ་བ་ཡར་ངོ་དང་སྔ་དྲོ། མོ་མདོས་མར་ངོ་དགོང་དང་སྲོད། དགྲ་མདོས་ནམ་གུང་ཉིན་གུང་ཉི་ནུབ། བཟློག་པ་ནི། ཕོ་བྱོལ་ཉི་མ་གུང་དང་ནམ་གུང་ལ་བཏང་ན་ལོག མོ་བྱོལ་ཐོ་རངས་ཉིན་གུང་ལ་ལོག གཉིས་ཀ་ལ་རྫས་མ་ཚོགས་ན་ཡོན་བདག་ལ་མདོས། མ་བླངས་ན་ལྷ་འདྲེ་ལ་མདོས། ཏིང་ངེ་འཛིན་མ་གསལ་ན་སྔགས་པ་ལ་མདོས། ལོག་གནོན། སྤྱི་མདོས་ལོག་ན་མནན་པ་བྱ། སྒྲུབ་མདོས་ལོག་ན་སྦྱིན་སྲེག་བྱ། ཡང་ན་ལན་མང་དུ་བསྐྱར། གནོད་མདོས་ལོག་ན་ཐུན་དུ་སྒྲུབ། ཟོར་དུ་འཕང་། མནན་པ་བྱའོ། །སྒོས་མདོས་ལོག་ན་གཏོར་མ་རྒྱ་ཆེན་པོ་བཏང་ངོ་། །མདོས་སྲེག་པ་དང་མནན་པ་ནི་འཕང་བའི་རྗེས་ལས་ཏེ་གཏོར་ཆེན་བཞིན་ནོ། །ཕན་ཡོན་ནི། གནས་སྐབས་ཀྱི་བར་ཆད་ཐམས་ཅད་ཞི་བ་དང་། བསོད་ནམས་ཀྱི་ཚོགས་རྫོགས་པས་མཐར་ཐུག་སངས་རྒྱས་འགྲུབ་པའོ། །གཉིས་པ་ལག་ལེན་གྱི་བཅས་ལ། རྫས་དང་བཅའ་ཚུལ་གཉིས། རྫས་ལ། རྒྱན་གླུད། དཀོར་ཆ། སྤྱན་གཟིགས། དང་པོ་རྒྱན་གླུད་ལ་ནམ་མཁའ། རྒྱང་བུ། ཤིང་གྲི། མདའ་བཀྲ། འཕང་བཀྲ། ཕོ་གདོང་མོ་གདོང་། རྒྱལ་མཚན། རུ་དར་ལ་སོགས་པའོ། །དང་པོ་ནི། སྨྱུག་མ་མདའ་གང་གཤགས་པ་ལ་ལུས་དང་སྦྱར་བའི་རྟགས་ལག་པ་གཉིས་ཚོན་སྐུད་སྣ་ལྔའི་ཐགས་ཁོང་སྟོང་ནང་སྔོ་བ་ནས་རིམ་པས་མཐའ་མ་འཇའ་རིས་སུ་བསྐོར་བ། རྩེ་ལ་བྱའི་རིགས་སུ་གཏོགས་པ་མཛེས་པའི་སྤུ་དང་བལ་ཚོན་སྣ་ལྔའམ། ལག་པ་གཉིས་ལ་དར་བལ་ཤོག་བུའི་དཔྱངས། ཡུངས་ཀར་གྱི་སྒང་བུ་མཚེའི་མགལ་བ་དེ་ལ་མཐུན་པ་རྫས་ཀྱི་ནམ་མཁའ་ཟེར། དེའི་དཀྱིལ་སྟོང་པའམ་སྦུགས་ཡོད་པ་ནི། དབྱིངས་མི་འགྱུར་བའི་ནམ་མཁའ་སྟེ་སྟོང་པས་ཆོས་ཉིད་མི་འགྱུར་བ་མཚོན་པས་སོ། །ཚོན་སྐུད་སྣ་ལྔའི་འཇའ་རིས་དེ་ལ་ཡེ་ཤེས་ལྔ་རྫོགས་ཀྱི་ནམ་མཁའ་ཟེར་སེམས་ཀྱི་གླུད་དོ། །གཉིས་པ་ནི། སྨྱུག་མ་དེ་ལྟ་བུ་ལ། རྩེ་ལ་བལ་ཚོན་དང་བྱ་སྤུ། སྨད་དུ་དར་སྣའི་འཕན་ཕུན་བར་དུ་ཡུངས་ཀར་གྱི་སྒང་བུ་དེ་ནི་ལུས་ཀྱི་གླུད། བྱིས་པའི་གླུད་དུའང་བཤད་དོ། །གསུམ་པ་ནི། ཤིང་ཤུག་པ་ལ་རལ་གྲི་རྩེ་གཉིས་པའི་དབྱིབས་ལྟ་བུ་མཐོ་གང་ལ་སྦལ་མགོ་དམར་པོ། བར་དུ་མཐིང་ཀའི་འབྱེད། ངོས་ཀྱི་སྟེང་དུ་ནམ་མཁའ་ལ་སྤྲིན་ལང་ལོང་དང་གཟའ་སྐར། དེའི་འོག་ཏུ་རི་དང་ཡུལ་ཁྱིམ། སྨད་དུ་མཚོ་རྣམས་ལ་སྲིད་པ་སྤྱི་རིས་སུ་བྲི་བ་ཟེར། དེའི་དབུས་སུ་ལྷ་གང་ཡིན་གྱི་གཟུགས་རྒྱབ་ཏུ་མཚང་ཚིག་སྟེ་རང་སྔགས་བྲི་བ་ནི་གང་ཟག་སྒོས་བྲི། ཡུལ་མཁར་གྱི་འོག་ཏུ་སོ་སོའི་ཕྱག་མཚན་བྲི་བ་ནི། སོ་སོའི་སྤྱོད་རིས་སུ་བྲིས་པ་ཞེས་བྱའོ། །དེ་ཡུལ་དང་མཁར་གྱི་གླུད། བཞི་པ་ནི། མདའ་ལྷ་སོ་སོའི་མདོག་དང་མཐུན་པ་ལ། མདའ་ཚད་དམ་ཁྲུ་གང་། བསྐྱེད་པའི་ས་བོན་བྲི་བ་རང་རྟགས་དང་སྦྱར་བ་དེ་ཡང་ཐུགས་དཀྱིལ་བ་རྣམས་ལ་ཧཱུྃ། རྡོ་རྗེ་ཕོ་ཉ་མོ་རྣམས་ལ་བྷྱོ། ཡབ་རྣམས་ལ་ཨེ། སྡེ་བརྒྱད་རྣམས་ལ་ཨ་མ་ཨ་ར་ཕུ་ཙ་ཛ་ར། ཕྱོགས་སྐྱོང་སོགས་ལྷག་མ་ཏྲི། བསྟན་མ་སོགས་སྟོན་པའི་སྤྱན་སྔར་དམ་བཅས་པའི་དུས་ལག་ཏུ་རྡོ་རྗེ་གཏད་པ་ཡིན་པས་རྡོ་རྗེ་རེ་བྲི་བ་ལ་དབང་རྟགས་དང་སྦྱར་བ་ཞེས་བྱ། རང་རང་གི་ཕྱག་གཡས་ཀྱི་ཕྱག་མཚན་མ་ནོར་བ་བྲི། སྟོད་དུ་སྒྲོ་བཞི་དང་སྟོང་མཛེས་པའི་ཚོན་རིས། སྨད་དུ་ཉ་མིག་དང་བཅས་པའི་མདེའུས་བརྒྱན་པའོ། །འདི་མདའ་རང་རང་གི་ཁ་དོག་དང་མཐུན་པས་སྐུའི་བསྐང་རྫས། བསྐྱེད་པའི་ས་བོན་གསུང་གི ཕྱག་མཚན་བཀོད་པ་ཐུགས་ཀྱི། མདའི་བཅས་མདེའུ་སོགས་ཡོན་ཏན་དང་འཕྲིན་ལས་ཀྱི་བསྐང་རྫས། སྐྱེས་པ་ཕོའི་གླུད་དོ། །ལྔ་པ་ནི། འཕང་ལོ་མས་ནས་འཁོར་བས་མས་ནས་འབྱུང་བ་རིམ་བརྩེགས་ཀྱིས་ཁ་དོག་སྔོ་ལྗང་དམར་དཀར་སེར་བསྐོར་བ་ལ་འཇིག་རྟེན་སྣང་ཚུལ་དུ་བྲི་བ་ཟེར། འཕང་ལྷ་དང་མཐུན་པའི་མདོག་ཏུ་བཏང་བ་དང་། ས་བོན་ཕྱག་མཚན་བྲི་བ་ལ་གང་ཟག་གནས་ལུགས་སུ་བྲི་བ་ཟེར། དུང་འཕང་འཆོང་ལོང་ཅན། གསེར་འཕང་གཡུ་ལོང་ཅན། ལྕགས་འཕང་དུང་ལོང་ཅན་དུ་བྱས་པ་མཛེས་པའི་རྒྱན་དུ་བྲི་བའོ། །ཚད་བུད་མེད་ཀྱི་འཕང་དང་མཉམ་པའམ་མཐོ་ཚད། རྩེ་ལ་དར་སྣ་དང་ཟ་འོག་གིས་བརྒྱན་པ་མོའི་གླུད་དོ། །དྲུག་པ་ནི། ཕོ་ཤིང་སྟག་པ་ལ་ཕོ་གདོང་། མོ་ཤིང་གླང་མ་ལ་མོ་གདོང་། རང་རང་གི་གདོང་ཡན་ལག་བཞི། འོག་ཏུ་ཉ་མིག་རིས་དར་ཟབ་ཀྱི་གོས་གྱོན་པ་བྱའོ། །ཕོ་གདོང་ཕོ་གླུད། མོ་གདོང་མོ་གླུད། བདུན་པ་ནི། མཆོད་སྦྱིན་གྱི་ཤིང་། བརྒྱད་པ་ཤུག་པ་འདབ་མ་རྩེ་ཚད་ཕུན་སུམ་ཚོགས་པ། རྒྱལ་མཚན་སྲོག་ཆགས་ཀྱི་གཟུགས་དང་། གཞན་ལོགས་རེར་ཁྱུ་མཆོག་དང་ཉ་དང་སྟག དར་ཟབ་ཀྱི་རྒྱལ་མཚན། ཟུར་རེ་རེར་འཕྱར་བའི་རུ་འཕན། དེ་ཡང་དར་རས་སམ་ཤོག་བུ་ལའོ། །གཉིས་པ་དཀོར་ཆའི་གླུད་ནི། འདྲ་བའི་གླུད་དང་མཐུན་པའི་གླུད། འདྲ་གླུད་ལ་ཡོན་བདག་དང་འདྲ་གླུད། ཕོ་མོ་བྱིས་པ་རྟ་ཕྱུགས་ཡུལ་མཁར་ཇི་ལྟ་བ་ཡས་སུ་བྱ། རིན་ཆེན་བརྡར་བའི་ལམ་ས་ལ་གྲུ་བཞི་བྱས་པ་སེར་པོ་ས་ཆའི་གླུད། མཐུན་པའི་གླུད། ཆེ་དགུ། གསེར་དངུལ་མུ་ཏིག་ཟངས་ལྕགས་ཁྲབ་ཀྱི་བྱང་བུ་མཁར་བ་བསེ་དུང་། ཆུང་གླུད། རྟ་གཡག་མཛོ་དྲེལ་བ་ལང་ར་ལུག་ཁྱི་ཕག་རྣམས་ཡོན་བདག་དང་མཐུན་པའི་གླུད། རྒོད། གོང་མོ། བྱ་ནག རྨ་བྱ། ནེ་ཙོ། པུ་ཤུད། སྐྱུང་ཀ ཁྱིམ་བྱ། ངང་པ་སོགས་འདབ་ཆགས་འཕུར་དགུ །སེང་གེ སྟག གཟིག གུང་། སྤྱང་ཀི སྤྲེའུ། ཝ་མོ། དྲེད། དོམ་སོགས་གཅན་གཟན་ཆེ་དགུ །ཤ་བ། གླ་བ། རྣ་བ། དགོ་བ། གཉན། གཙོད། རྐྱང་། རི་བོང་། རྒྱ་སོགས་རི་དྭགས་ཆེ་དགུ། དེ་རྣམས་ལྷ་འདྲེ་ནོར་དང་མཐུན་པའི་གླུད་ཡིན། བསྡུས་ནའང་དེ་ཙམ་དགོས། གཞན་འདབ་ཆགས་ཁྱུང་ནས་ཕྱེ་ལེབ་ཀྱི་བར་མཁའ་ལ་འཕུར་ཚད། སེང་གེ་ནས་སྲེ་མོང་གི་བར་སྡེར་ཆགས། རྟ་ནས་ར་ལུག་གི་བར་རྨིག་ཆགས། ཁྱུ་མཆོག་ནས་སྡིག་པ་ལ་སོགས་པའི་བར་རྭ་ཆགས་ཏེ་ས་ལ་སྤྱོད་ཚད། ཆུ་སྲིན་ནས་སྦལ་ལྕོང་གི་བར་ཆུ་ལ་གནས་ཚད་ཀྱི་གཟུགས་གང་མང་། གསུམ་པ་སྤྱན་གཟིགས་ཕོ་བརྒྱུད་དགྱེས་པ་རྔོན་ཆ། མོ་བརྒྱུད་དགྱེས་པ་རཀྟ། གཉིས་ཀ་དགྱེས་པ་བ་ལིངྟ་འབྲུ་ཤ་སྣ་སྙིང་སྣ་ཁྲག་སྣ་ལ་བྱས་པ་ལ་རྫས་ཀླུངས་རྫས་འབྲུ་སྣ་རིན་པོ་ཆེ། སྨན་སྣ་དར་ཟབ་སྟག་རས་གཟིག་རས་ལུག་རའི་པགས་པ་སོགས་ལྤགས་པ་ཐམས་ཅད་དོ། དེ་ལ་རྔོན་ཆ་ནི། ཆང་རྔོན། གསེར་རྔོན། གཡུ་རྔོན། མཚོ་རྔོན། ཆང་རྔོན་ལ། གཉན་ཕུད། བར་ཕུད། མཐའ་ཕུད་དོ། །སྣལ་ཐགས་ཀྱི་གདུགས་ཏོག་ནམ་མཁའ། ཐགས་ཅི་ཤེས་པས་བརྒྱན། གཉིས་པ་བཅའ་ཚུལ་ལ། སྒོས་མདོས་མེད་པ་དང་ཡོད་པའི་ལུགས་སོ། །དང་པོ་གཞི་བ་བྱུང་གི་རྣམ་ལྔ། དྲི་བཟང་ངམ། བསད་ཁྲག་གིས་སྦགས་པ་འབྲུ་ཁལ་བཅུ་གསུམ་གྱི་དར་ཕྱེ་ལ་རིན་པོ་ཆེ་སྣ་ཚོགས་བཏབ་པ་ལ། དབྱིབས་གྲུ་བཞི་བང་རིམ་བཞི་པ། རྟེན་བསྐང་དགྲ་མདོས་ཚད་རིམ་པ་བཞིན་ཁྲུ་བཅུ་གཉིས་བརྒྱད་བཞི་པར་བྱའོ། །དབུས་འཕར་མ་ལ་ལྕོག་བརྒྱད། ཤར་དཀར། ལྷོ་མཐིང་། ནུབ་དམར། བྱང་སེར་བ། སྟེང་དུ་རྣམ་རྒྱལ་ཁང་བཟང་། འོག་གི་ཕྱིར་གསེར་རི་བདུན། རོལ་མཚོ་བདུན། ཕྱིའི་རྒྱ་མཚོ་ལ་གླིང་བཅུ་གཉིས་བཀོད། ལྕགས་རི་ནག་པོས་བསྐོར་བའོ། །དེ་ལ་རྩེར་བདེ་ཆེན་གྱི་འཁོར་ལོ། བང་རིམ་དང་པོར་ཐུགས། གཉིས་པ་གསུང་། གསུམ་པར་སྐུ་དཀྱིལ། བཞི་པར་ཕྱོགས་སྐྱོང་དང་རྒྱལ་པོ་བཞི། མགོན་པོ་རྣམས་ལ་ནག་པོ་བཅུ་གསུམ་གྱི་རྒྱལ་མཚན་ཤ་ཁྲག་སྙིང་། དཔལ་བཤོས་རེ་རེ། ནག་པོ་བཅུ་གསུམ་ནི། རྟ། གཡག ར། ལུག བྱ་རོག ཁྱི། སྐྱེས་པ། བུད་མེད། དྲེལ། དོམ། དྲེད་ཕག བོང་བུའོ། །གསུང་དཀྱིལ་བ་རྣམས་ལ། ཙ་ཏ་ཀ ནེ་ཙོ། རི་སྐེགས། ཁུ་བྱུག ནཱི་ལ་བི། ཕུག་རོན། བྱ་དཀར་ཙ་ཏྲ་ཀ ངུར་པ། ངང་པ། ཧོར་པ། ཤིང་སྟ་མོ། བྱ་རོག བྱ་རྒོད། འུག་པ། རི་དགས་དགྲ། གཙུག་ཕུད་ཅན། བྱ་ནག བྷི་ཌ་ནི། འོལ་བ། ཁྲུང་ཁྲུང་། ཁུ་བྱུག་མིག ར་ཛ་ཀི བྷ་ག་བྷ་ཏི། ཏི་ཏི་ར། བཞད། ཆུ་བྱ་རོག་པོ། ཆུ་སྐྱར། མིག་སྔོན། ཙ་ཀོ་ར། ཨ་ནཱི་ལ། ཕ་ཝང་། སུག་ཀི ཊི་ཊ་ཊི་བྷི། བྷེ་རུན་ཌི། ཨཾ་བྷ་རི་ཀ་རེ་འདབ་ཆགས། ཁྱི་མོ། རྒོད་མ། གླང་མོ། བ། ལུག་མོ། ར་མོ། རི་དྭགས་མོ། བོང་མོ། ཕག་མོ། རྔ་མོ། འབྲོག་ཁྱི་མོ། སེད་མོ། བསེ་མོ། སྟག་མོ། དོམ་མོ། སྦྲེ་མོ། འབྲི་མོ། ཅེ་སྤྱང་མོ། སྲམ་མོ། བྱི་ལ་མོ། ཀུམ་བི་རི། འགྲོན་བུ་མོ། ཀརྐ་ཊ། ཉ་མོ། ཆུ་སྲིན་མོ། སྦལ་པ་མོ། རུ་སྦལ་མོ། དུད་མོ། གོ་དྷི། བྱི་བ་མོ། ཤ་ཛ་ཏ་ཀི སྤྲེའུ་མོ། རི་བོང་མོ། གཟུགས་མོ་བྱི་ཐུར། ཨི་ཤུ་ཀི རྩངས་པ་རྣམས་སོ། །སྐྱུང་ཀ སྒྲིབ། ལྕི་ལྡིང་། པུ་ཤུད། དུར་བྱ། ཕུག་རོན། ཁྱིམ་བྱ། སྤྱི་བེར་ཐན་བྱ། དར་ཐོད་ཅན། མཆིལ་བ། འུག་པ། སེ་མོ། བྱ་ཝང་། ཕོ་རོག མ་མོའི་སྤྱི་སྐོངས་སོ། །ཤ་ཁྲག་སྙིང་དཔལ་བཤོས་རེ་རེ། སྐུ་དཀྱིལ་གྱི་སྡེ་བརྒྱད་ལ་འོག་ཏུ་འཆད་པ་བཞིན་གྱི་ཤ་ཁྲག་སྙིང་བཤོས་བུ། རྒྱལ་པོ་བཞི་ལ་གཙང་བཤོས། གསེར་རྟ་གཡུ་མི། གཡུ་རྟ་གསེར་མི། མཆོང་རྟ་དུང་མི། ཤེལ་གཡག་བྱི་རུའི་མཛོ། ཕྱོགས་སྐྱོང་བཅུ་ལ། གཙང་བཤོས། གླང་པོ་ཆེ། ར། མ་ཧེ། མི། ཆུ་སྲིན། ཤ་བ། རྟ། ཁྱུ་མཆོག ངང་པ། ཕག་རྣམས་ཀྱི་ཤ་ཁྲག་སྙིང་རྒྱལ་མཚན། ཕྱོགས་བཞིར་བསྟན་མ་དང་སྨན་མོ་རྣམས་ལ་དར་གྱི་སྨན་ལེ་ཟླུམ་པོ་གཉིས་བརྩེགས་པའི་སྟེང་མ་པང་དུ་བུ་འཁུར་བས་བརྩེགས་མ་གསུམ་པ་སྣ་ལྔ། མཚལ་གྱིས་ཐིག་ཕྲན་བལ་ཏི་ཤུག་ཏི་མདའ་འཕང་ངར་གྱི་བྱེའུ་གནམ་རྒྱང་ལ་མཚོན་གྱིས་བརྒྱན་པའོ། །རྒྱ་མཚོ་བདུན་ལ། ཆུར་གནས། རི་བདུན་ལ། གནམ་ལ་འཕུར་དགུ། ས་ལ་གནས་པ། མདའ་འཕང་དང་། ཕྱི་མ་ལ་གནས་རྒྱང་བཞི་ལྷ་གྲངས་ཕྱོགས་རེར་རྒྱལ་མཚན་མཚམས་སུ་རུ་དར་བཞི་དབུས་སུ་ཚོན་སྐུད་ཀྱི་གདུགས་ཕུབ་བླ་རེ་བྲེས། དར་འཕྱར། རྒྱང་ཐག་བཞི་བྲེ། འདོད་ཡོན། རིན་པོ་ཆེ། ཟས་སོགས་རྒྱན་གྱི་རྣམ་པ་ཟར་ཚགས་སུ་བྲིས། ལ་རྫས་ཀླུངས་རྫས་སྨན་སྣ་འབྲུ་སྣ་གོས་སྣ་འབྱོར་ཚད་བཤམ། འོག་ཏུ་མདོས་ནས་ཁལ་གཉིས་དགྲམ། དབུས་དང་ཕྱོགས་མཚམས་སུ་མར་མེ་བརྒྱད། རྔོན་ཆ་དང་ཕུད་བཤོས་ཆ་ཅི་འབྱོར་བཤམ་མོ། །གཉིས་པ་སྒོས་མདོས་བྱེད་ན། མ་མོ་ལ་སྐུ་གསུམ་མཚོན་པས། རི་རབ་བང་རིམ་གསུམ་པ་གྲུ་གསུམ་སྟེང་དུ་བུམ་པ་ཐོད་དགྲམ། ལྷ་དབང་ཕྱུག་ཆེན་པོ་འཁོར་བཅས་ལ། རི་རབ་བང་རིམ་བཞི་བརྩེགས་ཁྱུ་མཆོག ངང་པ། ཆུ་སྲིན། རྟ། གླང་པོ་ཆེ། རྨ་བྱ། ཁྱུང་། སེང་གེ སྟག་གཟིག་རྣམས་ཀྱི་རྒྱལ་མཚན། བཟའ་བཅའ་གཙང་མའི་ལྷ་བཤོས། བདུད་ལ། རི་རབ་བང་རིམ་གཉིས་པའི་སྟེང་དུ། བདུད་ཀྱི་མཁར་ནག་པོ་ལ་དགུ་ལུང་དགུས་བསྐོར། སེང་གེ གླང་པོ། རྟ། བྱ། ཁྱི། གཡག་ནག་པོ། འབྲུག ར། ཕག དོམ། བྱ་རྒོད། ཁྱུང་། དར་གྱི་རྒྱལ་མཚན། སྲོག་ཆགས་དེ་དག་གི་ཤ་ཁྲག་སྙིང་། བདུད་བཤོས་རྣམས། གཤིན་རྗེ་ལ། རི་རབ་གྲུ་གསུམ་བང་རིམ་གསུམ་གྱི་ཁར་ཐོད་སྐམ། རྟ་དམར། ར་དཀར། ལུག་ནག གཡག་ཁམ། མ་ཧེ། འུག་པ། སྲིན་བྱ། རྨ་བྱ། དོམ། བ་དན་དམར་པོ། ཁྲམ་ཤིང་གི་བམ། ཤ་ཁྲག གཤིན་རྗེའི་བཤོས། དྲང་སྲོང་གཟའ་ལ། རི་རབ་གྲུ་གསུམ་བང་རིམ་གསུམ་པ། སྟེང་དུ་བུམ་པ། མི། བྱ། རྟ། གཡག ར། ལུག རྟོལ་ནག སྟག་གཟིག ཕག་ནག་རྣམས་ཀྱི་རྒྱལ་མཚན། ཤ་ཁྲག སྙིང་། བཤོས་བུ་ནག་པོའི་ལིངྒ་ཅན། དུང་། བསེ། ཁྲབ་བྱང་། སྟག་རས། གཟིག་རས། ཤ་རུལ། ཁྲག་རུལ། ཉ་རུལ་ལ་སོགས་པ་དང་། ར་མཆིན་ལ་སོགས་པ་ཡབ་ཀྱི་རྫས། དཀར་གསུམ་མངར་གསུམ་ཀླུ་སྨན་ག་བུར་ཡུལ་གྱི་རྫས། སྟག དོམ། བ་ལང་། ཉའི་སྙིང་གདོང་མོ་བཞིའི་རྫས་སོ། །ཀླུ་ལ། མདོས་གཟའ་འདྲ་བ། སྦྲུལ་མགོ་བདུན་པ། ལྔ་པ། བཞི་པ། གསུམ་པ། གཅིག་པ། ཆུ་རྟ། ཆུ་གླང་། ཆུ་ལུག ཆུ་རྩངས། གཙང་མའི་ཀླུ་བཤོས། བཙན་གྱི་བྲག་སྟེང་མཁར་སྟབས། རྟ། ར། ཁྱི། གླང་རྣམས་དམར་པོ། གཡག་ཁམ་པ། ཁྲ། སྲིན་བྱ། འུག་པ། ལུག་གི་རྒྱལ་མཚན། ཤ་ཁྲག་སྙིང་། བཙན་བཤོས། གནོད་སྦྱིན་ལ། རི་རབ་གྲུ་བཞི་བང་རིམ་བཞི་པའི་རྩེར་ནོར་བུ། ནག་པོ་བཅུ་གསུམ། འབྲི་མོ་གསལ་ལེ། ནེའུ་ལེ། ཡིད་བཞིན་གྱི་ནོར་བུ། ཤིང་ཏོག་སྣ་ཚོགས་དང་གཏོར་མ། གནོད་སྦྱིན་གྱི་བཤོས་བུ། རྒྱལ་པོ་ལ། དབུ་རྩེ་རིས་གསུམ། གླིང་གཡོག་སྐོར་ཁང་ཕྱི་ལྕགས་རི་དང་བཅས་པ། སྟག་གཟིག སྤྲ་སྤྲེ། སེང་གེ གླང་པོ། ཁྱི་དང་། བྱ་ནག ཟ་འོག་གི་རྒྱལ་མཚན། མཆོད་རྟེན་ནག་པོ། ལ་རྫས། དར་ཟབ། གསེར། དངུལ། རམས། རྒྱ་སྐྱེགས། བཙོད། ཞུ་མཁན། ལྒ་གཡེར། ཀ་ར་བུ་རམ། བསེ་ཕོར་དམར་པོ། དཀར་མོ་ལག་ཡ། ཕ་ཝང་ལོང་བུ། སྲོག་ཆགས་སྔ་མ་དག་གི་ཤ་ཁྲག རྒྱལ་བཤོས་དགུ དེ་ཐམས་ཅད་ལ་གདུགས་རེ་རྒྱན་གླུད། དཀོར་གླུད། སྤྱན་གཟིགས། རྔོན་ཆ་རྣམས་དགུ་དགུར་གཏོར་ཆེན་བཞིན་ཕྱོགས་མཚམས་བརྒྱད་དུ་བཀོད། དེའི་ཕྱི་ཟུར་གསུམ་དུ་འབྲུབ་ཁུང་། བསད། སྲེག མནན་པའི་ལིངྒ་བཅུག་པ། དྲེའུ་རྔོག་གམ་གཡང་གཞིའི་གདན་ལྤགས་བུ་དཀར་ནག ཚེ་རྟེན་ལུག་དང་རྟ། སྲོག་རྟེན་མདའ་ཕུར། དབང་རྟེན་ནས་མདུན་དུ་བདར་ཏེ་ཆོ་ག་བཞིན་དུ་གྱེར་རོ། །བཅས་འཚར་འཕྲལ། བསང་ཆུ་སྭ་བྷཱ་ཝས་སྦྱངས། བདུད་རྩི་བྲན། ཨོཾ་བཛྭ་རཀྵ་རཀྵ་ཧཱུྃ། ཞེས་པས་བསྲུང་བ་བྱའོ། །མདོས་ཀྱི་བཤད་པ་འཕྲུལ་གྱི་མེ་ལོང་ཆེན་པོ་པདྨ་དཀར་པོས་སྦྱར་བ་རྫོགས་སོ།། །།ཤུ་བྷམསྟུ་སརྦྦ་ཛ་ཏཱཾ།། །།


previousམདོས་ཀྱི་གསལ་བྱེད་འཕྲུལ་གྱི་མེ་ལོང་།next