Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
དཔལ་ཡེ་ཤེས་ཀྱི་ལྷ་མོ་དུད་སོལ་མའི་གསང་སྒྲུབ་ཕྲིན་ལས་ཀྱི་འདོད་འཇོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཡེ་ཤེས་ཀྱི་ལྷ་མོ་དུད་སོལ་མའི་གསང་སྒྲུབ་ཕྲིན་ལས་ཀྱི་འདོད་འཇོ།next

དཔལ་ཡེ་ཤེས་ཀྱི་ལྷ་མོ་དུད་སོལ་མའི་གསང་སྒྲུབ་ཕྲིན་ལས་ཀྱི་འདོད་འཇོ།

དཔལ་ཡེ་ཤེས་ཀྱི་ལྷ་མོ་དུད་སོལ་མའི་གསང་སྒྲུབ་ཕྲིན་ལས་ཀྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །དཔལ་ཡེ་ཤེས་ཀྱི་ལྷ་མོ་དུད་སོལ་མའི་གསང་བའི་སྒྲུབ་པ་ཕྲིན་ལས་ཀྱི་འདོད་འཇོ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །རྒྱལ་བ་དགྱེས་མཛད་ཁྱོད་ནི་དངོས་དང་དངོས་བྲལ་སྔོན་དང་ཕྱི་མའི་མཐའ་རྣམས་སྤངས་པ་ཤེས་རབ་ཕ་རོལ་ཕྱིན་པའི་ཡེ་ཤེས་མཆོག་སྟེ་ཐུབ་དབང་སྲས་བཅས་སྐྱེད་པའི་ཡུམ། །དཔེ་མེད་དེ་ལས་ཐུགས་རྗེའི་ཉམས་ཀྱིས་འགྲོ་བ་འདི་རྣམས་འཁོར་བའི་འཇིགས་ལས་ཡང་དག་སྒྲོལ་དང་བསྟན་པ་རིན་ཆེན་སྲུང་བར་བྱེད་ཕྱིར་རྨད་བྱུང་འཇིགས་མེད་གཟུགས་བརྙན་གྱིས། །བདུད་དང་བདུད་ཀྱི་ཕྱོགས་རྣམས་འཇོམས་པར་མཛད་ཅིང་ཧ་ཧ་ཧཱུྃ་བྷྱོ་ཕཊ྄་ཀྱི་ང་རོས་ནམ་མཁའ་ཀུན་འགེངས་ལྷ་དང་ལྷ་མིན་དུ་མ་སྐྲག་བྱེད་མཁའ་འགྲོ་ཀུན་གྱི་གཙོ། །འཇིག་རྟེན་གསུམ་པོ་སྐད་ཅིག་གིས་བསྐོར་སྒྲུབ་པོ་རྣམས་ལ་ཕུན་སུམ་ཚོགས་པ་ཐམས་ཅད་སྟེར་བྱེད་ཡིད་ཅན་ཀུན་གྱིས་མཆོད་པ་དུད་སོལ་ཞེས་བྱ་བཅོམ་ལྡན་འདས་མར་འདུད། །གང་དེ་མཆོད་ཅིང་དགྱེས་པར་བྱས་ན་ཕུན་ཚོགས་དགེ་ལེགས་བྱེ་བ་སྙེད། །རང་རང་ཡིད་བཞིན་མངོན་སུམ་ཉིད་དུ་ཐོབ་པར་འགྱུར་བ་དེ་ཕྱིར་འདིར། །གྲུབ་དབང་བི་རུ་པཀྵ་ནག་པོ་ཏིལླི་ནཱ་རོ་མར་རྔོག་ཞབས། །གང་གསུང་ཇི་བཞིན་གསང་བའི་སྒྲུབ་པ་ཉིད་ལས་གནང་བ་ཐོབ་ཕྱིར་བྲི། འདིར་དཔལ་ཡེ་ཤེས་ཀྱི་ལྷ་མོ་དུད་སོལ་མའི་གསང་བའི་སྒྲུབ་པ་ལ་གསུམ་སྟེ། བསྙེན་པ་དང་། སྒྲུབ་པ་དང་། ལས་སྦྱོར་རོ། །དང་པོ་བསྙེན་པ་ལ་ལྔ་སྟེ། དཀྱིལ་འཁོར་རྟེན་གཏོར་རྟེན་རྫས་བཅའ་བ། མཚམས་བཅད་སྲུང་འཁོར་ལྷག་པའི་ལྷ་བསྒོམ་པ། རྟེན་དང་བརྟེན་པ་བསྐྱེད་ནས་བྱིན་རླབས་དགུག་གཞུག་བྱ་བ། དམ་བསྒྲགས་མཆོད་གཏོར་འབུལ་ཞིང་བསྟོད་དེ་བཟླས་པ། བསྐང་བཤགས་གཉེར་གཏད་རྗེས་ཀྱི་བྱ་བའོ། །དང་པོ་དཀྱིལ་འཁོར་རྟེན་གཏོར་རྟེན་རྫས་བཅའ་བ་ནི། གྲུབ་པའི་སློབ་དཔོན་ནཱ་རོ་པའི་ཞབས་ཀྱིས། དམ་ཚིག་ལྡན་པའི་སྒྲུབ་པ་པོས། །ཡིད་འོང་དབེན་པའི་གནས་དག་ཏུ། །གཟའ་སྐར་དུས་ཚེས་བཟང་པོ་ལ། །ཞེས་གསུངས་པས། འདི་ཉིད་ཀྱི་རྗེས་སུ་གནང་བ་ཐོབ་པའམ་དབང་བཞི་རྫོགས་པར་ཐོབ་པའི་གང་ཟག་གིས། བླ་མ་གོང་མའི་གདན་སའམ། དུར་ཁྲོད་ལ་སོགས་པའི་གནས་ཁྱད་པར་ཅན་རྣམས་སུ་ཚེས་བརྒྱད་དམ་བཅོ་ལྔའམ། ཉི་ཤུ་གཉིས་དང་དགུའམ་གནམ་གང་སྟེ། མཁའ་འགྲོ་འདུ་བའི་དུས་བཟང་པོ་གཟའ་དང་སྐར་མ་སྦྱོར་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ལ། ནང་གཏོར་ཕྱི་གཏོར་བཏང་ནས་ནི། །གསོལ་བ་གདབ་ཅིང་བདེན་པ་བདར། །ཞེས་པས་སྔོན་འགྲོ་གཏོར་མ་གཉིས་ཆབ་ཀྱིས་བྲན་ལ། བསངས་སྦྱངས། སྟོང་པའི་ངང་ལས། བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། བདེན་པ་བདར་ཞིང་ནག་ཕྱོགས་ལ་དགའ་བའི་འབྱུང་པོ་རྣམས་ལ་བསྔོས་ནས་ཕྱི་རོལ་དུ་བསྐྲད་པ་ཕྱི་གཏོར་དང་། ནང་གཏོར་དཀར་ཕྱོགས་དང་དེར་གནས་ཀྱི་གཞི་བདག་རྣམས་ལ་བསྔོ་ཞིང་མཐུན་རྐྱེན་སྒྲུབ་པའི་ཕྲིན་ལས་བཅོལ་བའོ། །དེ་ལྟར་བྱས་ནས་དཀྱིལ་འཁོར་བཅའ་བ་ནི། སྟེགས་བུ་གྲུ་བཞི་མདའ་གང་བ། དཔངས་སུ་ཆག་གང་བ། དུག་དང་ཁྲག་དུར་ཁྲོད་ཀྱི་སོལ་བས་བྱུགས་པ་ལ། རྡུལ་ཚོན་གྱིས་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བྲིས་པའམ། རས་བྲིས་སམ། འབྲུ་དང་མེ་ཏོག་ནག་པོས་ལྷ་མཚན་གྲངས་དང་མཉམ་པ་དགོད་པར་བྱའོ། །དེ་ནས་རྟེན་གཏོར་ནི་རིན་པོ་ཆེ་ལ་སོགས་པའི་སྣོད་གཙང་མའི་ནང་དུ་བཤོས་བུ་ཟུར་གསུམ་ཁྲུ་གང་པ་ངོས་གསུམ་དུ་དེ་བས་ཆུང་བ་གསུམ། དེའི་རྒྱབ་ཏུ་བཤོས་ཕྲན་བཞི། དེའི་རྒྱབ་ཏུ་བརྒྱད། དེའི་རྒྱབ་ཏུ་བཞི། དེའི་རྒྱབ་ཏུ་མཐེབ་ཀྱུས་བསྐོར་བ་བཤམས་ནས། རྟེན་རྫས་བཅའ་བ། ཕྱི་ནང་གསང་གསུམ་རྟེན་རྣམས་བཅའ། །ཞེས་པས། ཕྱིའི་རྟེན་སྔགས་པ་ལ་དགོས་པའི་ཆས་གོས་ནག་པོ། མ་རལ་དང་། བོང་བུ་བྱ་ནག་ལུག་ནག་ལ་སོགས་པའོ། །ནང་རྟེན་རྨ་བྱ་ནལ་བུའི་རྒྱལ་མཚན་བྷཉྫྱ་ལ་སོགས་པའོ། །གསང་བའི་རྟེན་གྲི་སྙིང་དང་ནལ་བུ་དགྲའི་སྙིང་ལ་སོགས་པའོ། །མཆོད་རྫས་ཀྱང་། མེ་ཏོག་ལ་སོགས་པ་རྣམ་ལྔ་རོལ་མོའི་ཚོགས་དང་། ཤ་སྣ་ཚོགས། ཁྲག་སྣ་ཚོགས། སྙིང་སྣ་ཚོགས། ཆང་སྣ་ཚོགས། བདུད་རྩི་ལྔ། ཚོགས་ཀྱི་ཡོ་བྱད་ལ་སོགས་མཆོད་པའི་རྫས་ཀྱི་བྱེ་བྲག་ཇི་སྙེད་པ་བཤམ་པར་བྱའོ། །རྒྱུན་གཏོར་རམ་མཆོད་གཏོར་ནི། དཔལ་གཏོར་འཁོར་གསུམ་གོང་དང་འདྲ་བ་ཤ་ཁྲག་ལ་སོགས་པས་བརྒྱན་པའོ། །གཉིས་པ་མཚམས་བཅད་སྲུང་འཁོར་ལྷག་པའི་ལྷ་བསྒོམ་པ་ནི། བདེ་དགྱེས་གདན་བཞི་ལ་སོགས་པ་ཧེ་རུ་ཀའི་རྣལ་འབྱོར་གང་བསྒོམ་པའི་རང་གཞུང་གིས་བྱའོ། །རྒྱ་གཞུང་གཉིས་སུ་ལྷ་མོ་ཉིད་ཀྱི་བདག་བསྐྱེད་བཤད་པ་ནང་སྒྲུབ་གཙོ་ཆེ་བའི་དབང་དུ་བྱས་པའོ། །གསུམ་པ་རྟེན་དང་བརྟེན་པ་བསྐྱེད་ནས་བྱིན་རླབས་དགུག་གཞུག་བྱ་བ་ནི། མདུན་གྱི་དཀྱིལ་འཁོར་དང་རྟེན་གཏོར་བསངས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཡཾ་རཾ་ཝཾ་ལཾ་སུཾ་ལས་བྱུང་བའི་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྃ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ཞུ་བ་ལས་བྱུང་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། ཕྱི་བསྭེའི་ཁང་པ་ལྟར་དམར་ལྷག་གེ་བར་འདུག་པ། ནང་རིན་པོ་ཆེ་སྣ་ལྔ་ལས་གྲུབ་ཅིང་ཀ་བ་བརྒྱད་གདུང་བཞི་བྲེས་པའི་ཐོག་ཕུབ་པའི་དབུས་འཕྱུར་བུ་ཏོག་དང་བཅས་པ་དུར་ཁྲོད་བརྒྱད་ལ་སོགས་པས་བསྐོར་བའི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་ཁ་དེའི་ནང་དུ་བཅུད་ཀྱི་གཞལ་ཡས་ཁང་ཐོད་མཁར་ཚར་གསུམ་གྱི་ཕྱི་སྐམ་པོ། བར་རྙིད་པ། ནང་རློན་པ། རྐང་དང་ཤ་ཁྲག་དག་གིས་སྤྱིན་བྱས་པའི་མཁར་ཟུར་གསུམ་པ། ལོགས་གསུམ་ལ་སྒོ་ཡོད་པ། ཕྱི་ནང་ཐམས་ཅད་མེ་རླུང་འཚུབ་པ། ཁྲག་མཚོ་ཁོལ་ཞིང་འཕྱོ་བའི་གནས་སུ་གྲུ་གསུམ་པའི་རིན་པོ་ཆེའི་ས་གཞིའི་དབུས་སུ། སྐད་ཅིག་ཙམ་གྱིས་ཏི་ལས་རླུང་གི་བོང་བུ་དམར་གྭ་ལ་ཞིང་ཆེན་གྱི་སྟན་དང་སྲིན་པོའི་ཐོད་པའི་ཡ་མགལ་གྱིས་སྔ་རུ་མ་མགལ་གྱིས་ཕྱི་རུ་བྱས་པ། སྦྲུལ་དང་རྒྱུ་མས་གོང་སྨེད་དང་མཐུར། ཞིང་ཆུང་གིས་སྒ་གཡོགས་བྱས་པའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་དེ་ལས་འོད་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་བཅད། མ་མོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་ནུས་མཐུ་གཅིག་ཏུ་བསྡུས། །ཡོངས་སུ་གྱུར་པ་ལས་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་སྐུ་མདོག་ནག་མོ། ནག་པོའི་སྤྲིན་དང་བུང་བ་ལྟར་གནག་པ། ཤིན་ཏུ་སྦེག་པ་ཀེང་རུས་ཀྱི་ལུས་ཅན་ཞལ་གཅིག ག་བཞི། ཞབས་གཉིས། སྤྱན་གསུམ་པ། གཡས་ཀྱི་དང་པོ་ན་རལ་གྲི་མེ་འབར་བ། འོག་མ་ན་བྷཉྫྱ་དམར་གྱིས་བསྐྱིལ་བ་སྐྲ་གྲོལ་བ། གཡོན་གྱི་དང་པོ་ན་ཤཱཀྟིའི་མཚོན་ཆ། འོག་མ་ན་ཏྲི་ཤཱུ་ལའི་མགུལ་ནས་དར་དཔྱངས་འཕྱར་བ། མི་རོ་རེངས་པ་ཞལ་དུ་བཅུག་ཅིང་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་དམར་པོ་ལྡོག་ནས་བལྟ་བ། དབུ་སྐྲ་རལ་པ་གྱེན་དུ་བརྫེས་ཤིང་ལན་བུ་གཡོན་དུ་འཁྱིལ་བ། དེ་ལ་སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་པ། རྨ་བྱའི་རྒྱལ་མཚན་གཙུག་ན་འཕྱར་བ། སྙན་ཆ་གཡས་ན་སྦྲུལ་གྱི་མགུལ་ནས་དྲིལ་བུ་གསིལ་བ། སྙན་ཆ་གཡོན་ན་སེངྒེ་རལ་དམར་ཅན་འཕྱོ་བ། རྣ་ལྟག་གཉིས་ན་མེ་ཏོག་དང་དར་ནག་པོའི་ཅོད་པན་འཕུར་བ། ལྷ་མ་ཡིན་ལ་སོགས་པའི་མགོ་བོས་དོ་ཤལ་དུ་བྱས་པ། གླང་པོ་ཆེའི་ཀོ་རློན་གྱིས་སྟོད་གཡོགས་སུ་བྱས་པ། བ་གླང་གི་ཀོ་རློན་ཚལ་པར་དྲས་པ་ལ་རེ་ལྡེ་སེར་པོའི་ཤམ་བུ་བཏགས་པས་སྐུ་སྨད་དཀྲིས་པ། ཁྲག་དང་ཞག་གི་ཐིག་ལེས་ཚོམ་བུར་བྲིས་པ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཀླུ་ཆེན་བརྒྱད་ཀྱིས་སྐ་རགས་བྱས་པ། ཞབས་གཉིས་ལྕགས་སྒྲོག་གིས་བརྒྱན་པ། བོང་བུ་གྭ་དམར་གྱི་སྟེང་ན་ཙན་འཁྱིལ་གྱིས་བཞུགས་པར་གྱུར། ཐོད་མཁར་གྱི་ཟུར་གསུམ་དུ་བྷྱོ་ནག་པོ་གསུམ་ལས། ནག་མོ་གཅེར་བུ་རལ་པ་ཅན་གསུམ་ཕྱག་གཡས་མི་སྙིང་རློན་པ་གཙོ་མོའི་ཞལ་དུ་སྟོབ་ཅིང་། གཡོན་བྷཉྫྱ་ཁྲག་གིས་བཀང་བ་འཛིན་པ། ཐོད་ཕྲེང་སེ་རལ་ཁར་ཁུར་བ་ཞིང་ཆེན་དང་རེ་ལྡེ། རུས་པའི་རྒྱན་ལ་སོགས་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རླུང་གི་བོང་བུ་གྭ་དམར་ལ་ཆིབས་པ། ཐོད་མཁར་གྱི་ཕྱིའི་ཕྱོགས་བཞིར་བྷྱོ་བཞི་ལས་རིགས་བཞིའི་ལྷ་མོ་དཀར་མོ་དང་། སེར་མོ། དམར་མོ། ལྗང་ནག་བཞིའི་ཕྱག་གཡས་པར་རྡོ་རྗེ་རིན་པོ་ཆེ་པདྨ་རྒྱ་གྲམ་གྱིས་ཡུ་བ་བྱས་པའི་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་བོང་བུ་ལ་ཆིབས་པ། དེའི་རྒྱབ་ཀྱི་ཤར་དུ་བྷྱོ་ལས་སེངྒེའི་གདོང་ཅན། ལྷོར་བྷྱོ་ལས་སྟག་གི་གདོང་ཅན། ནུབ་ཏུ་བྷྱོ་ལས་སྤྱང་ཀིའི་གདོང་ཅན། བྱང་དུ་བྷྱོ་ལས་ཕག་གི་གདོང་ཅན། བྱང་ཤར་དུ་བྷྱོ་ལས་བྱ་རྒོད་ཀྱི་གདོང་ཅན། ཤར་ལྷོར་བྷྱོ་ལས་སྐྱུང་ཀའི་གདོང་ཅན། ལྷོ་ནུབ་ཏུ་བྷྱོ་ལས་དུར་བྱའི་གདོང་ཅན། ནུབ་བྱང་དུ་བྷྱོ་ལས་བྱ་རོག་གི་གདོང་ཅན། ཐམས་ཅད་ཀྱང་ནག་མོ་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་སྤྲས་ཤིང་དྲེལ་ནག་རྐང་གསུམ་ལ་ཆིབས་པའོ། །ཤར་སྒོར་བྷྱོ་ལས་སྟག་ལ་ཞོན་པ་ཀཾ་ཀའི་གདོང་ཅན། ལྷོ་སྒོར་བྷྱོ་ལས་སྤྱང་ཀི་ལ་ཞོན་པ་ཀཾ་ཀའི་གདོང་ཅན། ནུབ་སྒོར་བྷྱོ་ལས་སྤྲེའུ་ལ་ཞོན་པ་ཀཾ་ཀའི་གདོང་ཅན། བྱང་སྒོར་བྷྱོ་ལས་དྲེད་ནག་ལ་ཞོན་པ་ཀཾ་ཀའི་གདོང་ཅན། བཞི་ཀའང་ནག་མོ་ཕྱག་བཞིའི་དང་པོ་གསུམ་གྱི་གཡས་ན་རིམ་པ་བཞིན། མདའ་གཞུ་སྤུ་གྲི་སྦྲུལ་གྱི་ཞགས་པ་དང་། གཡོན་རྣམས་བྷཉྫྱ་ཁྲག་གིས་བཀང་བ་འཛིན་པ། བཞི་པའི་གཡས་ན་རྒྱུ་ཞགས་དང་གཡོན་ནད་ཀྱི་རྐྱལ་པ་བསྣམས་པ། ཞིང་ཆེན་གྱི་སྐེད་དཀྲིས་རེ་ལྡེ་སེར་པོས་ཤམ་བུར་བྱས་པ། ཐོད་ཕྲེང་གིས་བརྒྱན་པ། དེའི་ཕྱི་རོལ་དུ་སྤྲུལ་པའི་ལས་མཁན་བྱེ་བ་འབུམ་སྡེ། ཐུགས་ཀྱི་སྤྲུལ་པ་ནག་མོ་བྱེ་བ་འབུམ་སྡེ། དཀར་སེར་དམར་ལྗང་གི་སྤྲུལ་པ་མ་མོ་བྱེ་བ་འབུམ་སྡེའི་ཚོགས་དང་། གཞན་ཡང་ཤ་ཟ་ནམ་གྲུ་སྲིན་མོ་གནོད་སྦྱིན་མོ་ལ་སོགས་པ་དམོད་པའི་མཚོན་ཆ་ཅན་རྣམས་དང་། ཡེ་ཤེས་དང་ལས་ཀྱི་མཁའ་འགྲོ་ལ་སོགས་པ་ཐམས་ཅད་ཀྱང་ནག་མོ་གཅེར་བུ་སྐྲ་བཤལ་བ་འཇིགས་སུ་རུང་བའི་རྒྱན་དང་། སྣ་ཚོགས་པའི་མཚོན་ཆ་ཐོགས་པར་གྱུར། གཙོ་འཁོར་དེ་རྣམས་ཀྱི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་ཀར་ཉི་མ་ལ་ཧཱུྃ་ནག་པོ། འཁོར་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་བྷྱོས་མཚན་པ་གསལ་བར་གྱུར་པའི་རང་དང་། མདུན་གྱི་གཙོ་འཁོར་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ནག་པོ་དྲག་པོ། དྲག་པོ་ཆེན་པོའི་དུར་ཁྲོད། བྱང་པུཥྤ་ཧ་རི། མར་རྔོག་གི་གདན་ས་སོགས་ནས་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་འཁོར་ནག་མོ་འབུམ་སྡེའི་ཚོགས་ཀྱིས་བསྐོར་བ་བཛྭ་ས་མ་ཛཿ ཧཱུྃ་བྷྱོཿ རི་རབ་ཆེན་པོའི་བྱང་ཤར་མཚམས། །གཡུ་མཚོ་མུ་ལེའི་དེང་གི་དབུས། །རིན་ཆེན་ལྔ་ལྡན་གཞལ་ཡས་ཁང་། །དེ་དབུས་སྲིད་གསུམ་ཐོད་མཁར་ནང་། །གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་མདོག་ནག་མོ་འཇིགས་པའི་གཟུགས། །ཞལ་གཅིག་ཕྱག་བཞི་བོང་བུ་ཆིབས། །འཁོར་ཡང་མ་མོ་འབུམ་སྡེས་བསྐོར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ད་ལྟ་སྙིགས་མའི་དུས་འདི་རུ། །དམ་ཅན་བཞུགས་པར་མི་འོས་ཀྱང་། །སྔོན་ཚེ་བྱང་ཆུབ་ཤིང་དྲུང་དུ། །ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །སངས་རྒྱས་བསྟན་པ་སྲུང་བ་དང་། །འགྲོ་ཀུན་བདེ་ལ་འགོད་པའི་ཕྱིར། །དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །གསང་སྔགས་སྲུང་མ་དམ་ཚིག་ཅན། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ།། ཞེས་པ་དང་། བྷྱོཿ རང་བཞིན་རྣམ་དག་ཡེ་ཤེས་སྒྱུ་མའི་ཀློང་། །བདེ་ཆེན་འདུ་འབྲལ་མེད་པའི་དཀྱིལ་འཁོར་ནས། །དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །དཔལ་འབར་མཁའ་འགྲོའི་གཙོ་མོ་དབྱིངས་ནས་བཞེངས། །དུར་ཁྲོད་རྒྱུ་ཞིང་རྣལ་འབྱོར་ལས་ལ་འབྲེང་། །མི་བཟད་རྣམ་པར་སྤྲུལ་པའི་ཞིང་རྣམས་དང་། །པུཥྤ་ཧ་རི་མར་རྔོག་གདན་ས་སོགས། །མཁའ་འགྲོ་འདུ་བའི་གནས་ནས་འདིར་གཤེགས་ཤིག། ཅེས་སྤྱན་དྲངས་ནས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བའི་སྔགས་འདི་བྱའོ།། དྲྀཥྱ་ཛཿཧཱུྃ་བཾ་ཧོཿས་མ་ཡ་ཧོཿ ཞེས་བརྗོད་པས་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་གྱུར། བཞི་པ་དམ་བསྒྲགས་མཆོད་གཏོར་འབུལ་ཞིང་བསྟོད་དེ་བཟླས་པ་ནི། དེ་ནས་གཟུགས་དངོས་སུ་སྟོན་པར་བསྒོམ། དེ་ལྟར་མི་སྟོན་ན། ཨོཾ་ཧཱུྃ་བྷྱོ་ཨཱ་ར་ལི་སྲིཾ་ཛཿ ཞེས་བརྗོད་ཅིང་གཟིར། དུད་པའི་སོལ་བ་མ་ཁྱོད་ཀྱིས་བདག་གི་སེམས་ལ་ཅི་འདོད་པའི་དོན་ཐམས་ཅད་འགྲུབ་པར་གྱིས་ཤིག ཅེས་མངོན་སུམ་དུ་བྱུང་ན་བརྗོད་པར་བྱའོ། །དེ་ཡང་ལས་ལ་སྦྱར་བའི་ཚེ། རིགས་ཀྱི་དམ་ཚིག་སྦྱིན་ཏེ། དམ་ཚིག་ཀྱང་གུར་གུམ་གྱི་ཆུ་ལ་སྔགས་འདི་བཏབ་ལ་སྦྱིན་ནོ། །ཞེས་རྒྱ་གཞུང་དུ་འབྱུང་ཡང་། རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་མར་རྔོག་གི་ཕྱག་བཞེས་ལ་ནང་མཆོད་གཏོར་ནས། ཨོཾ་བཛྭ་ཧ་ན་ཧ་ན་བཛྭ་ས་མ་ཡ་མ་ཏི་ཀྲ་མ་ཧཱུྃ་ཕཊ྄། ཅེས་དམ་ཚིག་གི་ཆུ་སྦྱིན་ནས་བསྒོ་བར་བྱའོ།། ལྷ་མོ་ཁྱོད་དམ་ཚིག་འདི་ལས་འདས་ནས་བསྒོ་བ་བཞིན་དུ་མ་བྱས་ན་གཟིར་བ་ཆེན་པོ་བྱེད་པ་དང་། དམ་ཚིག་གི་ཆུ་འདིའང་དུག་ཧ་ལ་ཧ་ལ་ཆེན་པོར་འགྱུར་ཏེ། འཐུང་པས་ཁྲག་ཏུ་སྐྱུག་པ་དང་། རྡོ་རྗེ་ཟ་བྱེད་ཆེན་པོས་སྙིང་དྲལ་ཏེ་དུས་མ་ཡིན་པར་འཆི་བར་འགྱུར་བ་དང་། གནོད་སྦྱིན་གྱིས་གསོད་པར་འགྱུར་བ་དང་། སྙིང་འགས་པ་དང་། ཁྲོ་བོ་ཟ་བྱེད་ཆེན་པོ་དང་འཇིགས་བྱེད་ཆེན་པོར་འགྱུར་ཏེ། མེ་དབལ་རྡོ་རྗེ་འབར་བས་ཚིག་ནས་ལུས་ཐལ་བར་འགྱུར་ཏེ་སོ་སོ་རང་རང་གིས་མནའ་བོར་བ་བཞིན་དུ་དམྱལ་བ་དང་འབོད་སྒྲོག་ཏུ་སྐྱེ་བར་འགྱུར་རོ།། ཞེས་དམ་ཚིག་བོར་རོ། །དེ་ནས་མཆོད་རྫས་རྣམས་བསངས་སྦྱངས་མི་དམིགས་པ་ལས། ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ངོ་བོ་ཟག་མེད་ཀྱི་བདུད་རྩི། རྣམ་པ་མཆོད་རྫས་བཟང་ཞིང་རྒྱ་ཆེ་བ་རྒྱལ་སྲས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ཆེན་པོ་ལྟ་བུས་ནམ་མཁའི་དབྱིངས་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་སྲཱིཿསྭཱ་ཧཱ། ལན་གསུམ་གྱིས་བྱིན་གྱིས་བརླབས་ཤིང་འབུལ་བ་ནི། ཧཱུྃ་བྷྱོཿ ལྷ་མིན་རྣམས་དང་དགྲ་བགེགས་བསྒྲལ་བ་ཡི། །སྙིང་ཁྲག་དང་འདྲེས་དུག་ཆུ་ཁོལ་མའི་རྒྱུན། །རྒྱ་མཚོར་བསྐྱིལ་བའི་མི་ཟད་ཨརྒྷཾ་འདི། །མཁའ་འགྲོའི་དབང་ཕྱུག་འཁོར་དང་བཅས་ལ་འབུལ། །ཤྲཱི་མཱན་དེ་ཝི་དྷཱུ་མཾ་གཱ་རི་ས་པ་རི་ཝཱ་རེ་བྷྱཿཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ྄། དྲི་མེད་ཡིད་འོང་ལྷ་རྫས་བཟང་པོ་དང་། །དྲག་པོའི་ཆུ་དང་རྡོ་རྗེ་དྲི་ཆུར་བཅས། །གདུག་པའི་དྲི་ལྡན་ཞབས་བཀྲུ་འདི་དག་ཀྱང་། །མཁའ་འགྲོའི་དབང་ཕྱུགྎ སྔགས་ཐོག་མ་དང་ཐ་མ་འདྲ་བ་ལས་ཨརྒྷཾ་གྱི་གནས་སུ་བཛྭ་པཱ་དྱཾ་དང་། ཉམས་པ་བསྒྲལ་བའི་དབང་པོ་རྣམ་ལྔ་ནི། །རི་ལྟར་སྤུངས་ཤིང་ཨུཏྤལ་ཆེར་འཛིངས་དུག །མཐུན་པའི་མེ་ཏོག་ཕྲེང་བ་ལྟར་སྤེལ་བ། །མཁའ་འགྲོའི་དབང་ཕྱུགྎ པུཥྤེྎ སྣ་ཚོགས་སྤོས་མཆོག་བསྲེགས་དང་གསུར་ཆེན་གྱི། །དུད་སྤྲིན་མཁའ་ལ་འཁྲིགས་པའི་དྲི་ཞིམ་ངད། །ཕྱོགས་བཅུའི་མཐར་འགྲོ་རྡོ་རྗེ་བདུག་སྤོས་ཀྱང་། །མཁའ་འགྲོའི་དབང་ཕྱུགྎ དྷུ་པེྎ ཙནྡན་ག་པུར་ཟིལ་དངར་སྙིང་པོ་དང་། །ཤ་ཁྲག་རུས་པ་དགྲ་བོའི་མཁྲིས་ཞག་དུག །བྱུག་པར་སྦྱར་བའི་མི་བཟད་དྲི་ལྡང་ཆབ། །མཁའ་འགྲོའི་དབང་ཕྱུགྎ གནྡྷེྎ བགྲང་ཡས་རོ་དང་བཅུད་ལྡན་ཞལ་ཟས་མཆོག །བཟང་ཞིང་འཚལ་བ་མ་ཚངས་མེད་པ་རྣམས། །སྲིད་པའི་འདོད་དགུའི་གཏོས་དང་མཉམ་སྤེལ་བ། །མཁའ་འགྲོའི་དབང་ཕྱུགྎ ནཻ་ཝི་དྱྎ ལྷ་མིའི་སིལ་སྙན་རྔ་དང་མི་རྐང་དུང་། །དཀྲོལ་འབུད་བརྡུང་དང་གླུ་དབྱངས་རྒྱ་མཚོའི་སྒྲས། །ཞིང་རྣམས་ཤིག་ཤིག་གཡོ་བྱེད་འདི་དག་ཀྱང་། །མཁའ་འགྲོའི་དབང་ཕྱུགྎ ཤཔྟྎ འབྲུ་ཚིལ་གཡུལ་དུ་བསད་པའི་ཞུན་ཆེན་ནི། །རོ་རས་ཀྱིས་སྦགས་སྣང་བྱེད་སྦར་བའི་མེས། །མ་ལུས་མཆོག་ཏུ་གསལ་བའི་སྒྲོན་མེ་འདི། །མཁའ་འགྲོའི་དབང་ཕྱུགྎ ཨཱ་ལོ་ཀེྎ ལྷ་མིའི་ལོངས་སྤྱོད་མཆོག་ཏུ་གྱུར་པ་ཡི། །ཉེར་སྤྱད་འོས་པ་མཛེས་ཤིང་ཆེར་མཛེས་སྡུག །ཞིང་རྡུལ་གྲངས་མཚུངས་མཁོ་དགུ་ཇི་སྙེད་པ། །མཁའ་འགྲོའི་དབང་ཕྱུག་འཁོར་དང་བཅས་ལ་འབུལ། །རཱུ་པྎ བསམ་ཡས་སྙན་པའི་སྒྲ་དབྱངས་གང་དག་གིས། །ཕྱོགས་བཅུའི་ནམ་མཁའི་ཁམས་ཀུན་རྣམ་འགེངས་པ། །ལྷ་རྫས་བཟང་པོའི་རོལ་མོ་འདི་དག་ཀྱང་། །མཁའ་འགྲོའི་དབང་ཕྱུགྎ ཤཔྟྎ ལེགས་པར་སྦྱར་བའི་དྲི་མཆོག་དམ་པ་ཡིས། །སྲིད་པའི་གདུང་བ་མ་ལུས་ཞི་བྱེད་པ། །རབ་འབྱམས་དྲི་ཞིམ་ཆར་བཞིན་འབབ་པའི་ཆབ། །མཁའ་འགྲོའི་དབང་ཕྱུགྎ གནྡྷེྎ རོ་དང་བདུད་རྩིའི་བཅུད་ལྡན་བཟའ་བ་དང་། །བཏུང་དང་བལྡག་གཞིབ་འཛིན་མའི་ཁྱོན་འདི་ཉིད། །ཀུན་བཟང་མཆོད་པའི་ཕུང་པོ་ལྟར་བཀང་བ། །མཁའ་འགྲོའི་དབང་ཕྱུགྎ རཱ་ཀྵྼྎ མཐའ་ཀླས་ནམ་མཁའི་གཏོས་དང་མཉམ་གྱུར་པའི། །དབང་པོའི་ཚོན་ལྟར་རྣམ་བཀྲའི་ན་བཟའ་ནི། །རེག་པའི་བདེ་བས་དབང་པོ་ཚིམ་བྱེད་པ། །མཁའ་འགྲོའི་དབང་ཕྱུག་འཁོརྎ སྤརྴེྎ དགྲ་བོའི་ཤ་ཆེན་ཤ་སྣ་རི་ལྟར་སྤུངས། །ཉམས་པའི་སྙིང་ཆེན་སྙིང་སྣས་སྲིད་གསུམ་གཏམས། །གདུག་པའི་དམར་ཆེན་དམར་སྣ་མཚོ་ལྟར་བསྐྱིལ། །ཞིང་བཅུའི་ཀླད་ཆེན་ཀླད་སྣས་སྟོང་གསུམ་བཀང་། །རྒྱུད་ཆེན་ཕྲེང་བ་དཀྲིགས་པ་ནམ་མཁའི་མཐར། །འདོད་དགུའི་ཡོན་ཏན་རྣམས་ནི་སྤྲིན་ལྟར་གཏིབས། །བ་ལིང་གཏོར་མའི་ཚོགས་ནི་སྐར་ལྟར་བཀྲམ། །མཁའ་འགྲོའི་དབང་ཕྱུགྎ ཨོཾ་མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཨོཾ་ཨི་དཾ་བ་ལིངྟ་གྲྀ་གྲྀ་ས་མ་ཡ་ཧཱུྃ་ཕཊ྄་སྭཱ་ཧཱ། ནམ་མཁའ་ལྟར་ཡངས་ཐོད་པ་རྡོ་རྗེའི་སྣོད། །ཤ་ལྔ་བདུད་རྩི་ལྔ་སྦྱར་རྡོ་རྗེའི་རྫས། །མཆོག་གི་རྒྱལ་བ་རྡོ་རྗེས་བྱིན་བརླབས་པ། །མཁའ་འགྲོའི་དབང་ཕྱུག་འཁོར་དང་བཅས་ལ་འབུལ། ཤྲཱི་མཱན་དེ་ཝི་དྷཱུ་མཾ་གཱ་རི་ས་པ་རི་ཝཱ་རེ་བྷྱཿསརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། དེ་ནས་གཏོར་མ་བདུད་རྩིས་བྲན་ལ། གཏོར་སྣོད་བྷཉྫྱ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་རྣམས་ཧ་ཧོ་སྲཱིཿ ཧ་སེར་པོས་གཏོར་མའི་ཁ་དོག་ངན་པ་བཅོམ་ནས་ཁ་དོག་ཕུན་སུམ་ཚོགས་པ་གསེར་ཞུན་མ་ལྟ་བུར་གྱུར། ཧོཿདཀར་པོས་གཏོར་མའི་དྲི་ངན་པ་བཅོམ་ནས་དྲི་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། སྲཱིཿསྔོན་པོས་གཏོར་མའི་རོ་ངན་པ་བཅོམ་ནས་རོ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་སྲཱིཿསྭཱ་ཧཱ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཤྲཱི་མཱན་དེ་ཝི་དྷཱུ་མཾ་གཱ་རི་ས་པ་རི་ཝཱ་རེ་བྷྱཿ ཨི་དཾ་བ་ལིང་གྲྀ་གྲྀ་ས་མ་ཡ་ཧཱུྃ་ཕཊ྄། གསུང་རྒྱུན་ལྟར་ན་ས་པ་རི་ཝཱ་ར་ཨི་ད་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྙིང་པོ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀ་ལི་ཀ་ལི་མ་ཧཱ་ཀ་ལི་ཧཱུྃ་བྷྱོ་ཧཱུྃ། གསུང་རྒྱུན་དུ་ས་པ་རི་ཝཱ་ར་སོགས་སོ་སོར་ལན་གསུམ་མམ་ལྔ་དང་བདུན་ཉེར་གཅིག་ལ་སོགས་པས་ཕུལ་བས། དཔལ་ལྡན་ལྷ་མོ་འཁོར་བཅས་རྣམས་ཀྱིས་ཧབ་དིར་གྱིས་གསོལ་བར་བསམས་ལ་ཕྲིན་ལས་བཅོལ་བ་ནི། མཁའ་འགྲོའི་དབང་ཕྱུག་དུད་པའི་སོལ་བ་མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་ཁ་དོག་དམ་པ། དྲི་དམ་པ། རོ་དམ་པ། རེག་བྱ་དམ་པ་འདི་བཞེས་ལ། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་ཀྱི་རིགས་སུ་གྱུར་པ་རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་ཐམས་ཅད་ཞི་ཞིང་བཟློག་པར་མཛད་དུ་གསོལ། གདོན་གྱི་རིགས་སུ་གྱུར་པ་ལྷ་དང་ཀླུ་དང་གནོད་སྦྱིན་དང་། རྒྱལ་པོའི་གདོན་པ་ལ་སོགས་པ་ཐམས་ཅད་ཞི་ཞིང་བཟློག་པར་མཛད་དུ་གསོལ། རྨི་ལམ་ངན་པ་དང་མཚན་མ་ངན་པ་ལ་སོགས་པ་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་བཟློག་ཅིང་ཞི་བར་མཛད་དུ་གསོལ། གཞན་ཡང་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱི་གྲོགས་གྱིས། མཐུན་གྱིས། དཔུང་གྱིས། སྔུན་ནས་བསུས། ཕྱི་ནས་སྐྱོར། བསམ་པ་སྒྲུབས། རེ་བ་སྐོངས། ཇི་ལྟར་འདོད་པའི་དོན་ཐམས་ཅད་མཐར་ཕྱིན་པའི་ཕྲིན་ལས་མཛོད་ཅིག ཅེས་གསོལ་བས་དེ་ལྟར་བགྱིའོ་ཞེས་ཁས་བླངས་པར་བསམ་མོ། །དེ་ལྟར་མཆོད་པ་རྫོགས་པར་ཕུལ་ནས་བསྟོད་དེ། རྒྱུད་ལས། དེ་ལྟར་བསྟོད་པ་བྱེད་པའི་རྣལ་འབྱོར་པས། །ཆོས་ཀྱི་སྲོག་ཤིང་ཆོས་ཀྱི་རྒྱལ་མཚན་བསྒྲེངས། །ཆོས་ཀྱི་དུང་འབུད་ཆོས་ཀྱི་སྒྲོན་མེ་སྦར། །དགེ་ལ་མོས་ཤིང་དད་པས་ལྷ་མོ་ལ། །བོས་ཤིང་བསྟོད་པ་མཆོག་ནི་དུས་དྲུག་གམ། །ཡང་ན་མཚན་མོ་རེ་ལ་རྟག་པར་ནི། །གང་གིས་བསྟོད་པ་རྔ་གླིང་དབྱངས་དང་བཅས། །བསྟོད་པ་ཙམ་གྱིས་ལྷ་མོས་རྟག་ཏུ་སྲུང་། །མཉེས་ནས་བསྟོད་པ་པོ་ཡི་གྲིབ་བཞིན་འབྲེང་། །བསམ་པའི་དགོས་པ་ཐམས་ཅད་ཡོངས་སུ་འགྲུབ། །ཅེས་གསུངས་པས། རྔ་དང་སིལ་སྙན་ལ་སོགས་པའི་རོལ་མོ་དང་དབྱངས་སྙན་པོས་བསྟོད་པར་བྱ་བ་ཡིན་ལ། དེ་ལ་ཐོག་མར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་ནི། བྷྱོཿ དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་སྒྲུབ་ཕྱིར་རྣམ་ཐར་གསུམ་གཞོལ་ཡང་། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད། །ལྷ་མོ་ནག་མོ་སྐུ་མདོག་ཆར་སྤྲིན་མདོག །མཚན་མོ་ནག་མོ་ཤིན་ཏུ་གཏུམ་པའི་གཟུགས། །ཤིན་ཏུ་སྦེག་ཅིང་ཀེང་རུས་གཟུགས་འཆང་མ། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་བརྗིད་པའི་སྐུ། །རལ་པ་གྱེན་བརྫེས་ལན་བུ་གཡོན་དུ་འཁྱིལ། །སྐྲ་སེར་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན། །རྣ་ལྟག་མེ་ཏོག་དར་ནག་ཅོད་པན་ཅན། །ཁྲག་དང་ཆང་གིས་ར་རོ་སྤྱན་རྩ་དམར། །མི་རོ་རེངས་པ་ཁར་བཅུག་མཆེ་བ་བཞི། །རྣམ་པར་གཙིགས་ནས་ཁྲག་ལ་ཤིན་ཏུ་དགྱེས། །སྙན་གཡས་སྦྲུལ་གྱི་མགུལ་ནས་དྲིལ་བུ་གསིལ། །གདུག་པ་བཏུལ་ནས་ཚངས་པའི་སྒྲ་སྒྲོག་མ། །སྙན་ཆ་གཡོན་ན་སེངྒེའི་རལ་དམར་འཕྱོ། །དཔའ་མོ་ཁམས་གསུམ་སེངྒེའི་སྒྲ་སྒྲོག་མ། །བྷྱོཿ ཕྱག་བཞིའི་གཡས་ཀྱི་དང་པོ་རལ་གྲི་འཕྱར། །འོག་མ་བྷཉྫྱ་རཀྟ་དམར་བསྐྱིལ་འཛིན། །གཡོན་གྱི་དང་པོ་ཤཱཀྟིའི་མཚོན་ཆ་བསྣམས། །འོག་མ་ཏྲི་ཤཱུའི་མགུལ་ནས་དར་དཔྱང་འཕྱར། །ཤཱཀྟི་རལ་གྲི་མཚོན་གྱིས་བཅད་པ་ཡི། །ལྷ་མ་ཡིན་སོགས་མགོ་བོས་དོ་ཤལ་བྱས། །གླང་པོ་ཆེ་ཡི་ཀོ་རློན་སྟོད་གཡོགས་ཅན། །སྨད་ནི་བ་གླང་ཀོ་རློན་དྲས་པ་ལ། །ཕྱི་ནས་རེ་ལྡེ་སེར་པོའི་ཤམ་བུར་དཀྲིས། །ཀླུ་ཡི་དབང་པོ་གཤིབས་པའི་སྐེད་བཅིངས་ཅན། །ཞབས་གཉིས་ལྕགས་སྒྲོག་དག་གིས་མཛེས་པར་བརྒྱན། །ཁྲག་ཞག་མང་པོས་ཐིག་ལེ་ཚོམ་བུར་བྲིས། །བྷྱོཿ བོང་བུ་གྭ་ཞོན་མཚན་མོ་དུར་ཁྲོད་རྒྱུ། །བོང་བུའི་རྨིག་པ་རླུང་གི་ཤུགས་འཆང་མ། །ཁམས་གསུམ་སྐད་ཅིག་ཙམ་ལ་བསྐོར་བར་བྱེད། །སྐད་ནི་དུང་དང་འབྲུག་གི་སྒྲ་ལྟ་བུས། །མ་མོ་མཁའ་འགྲོ་ཤ་ཟ་དབང་དུ་སྡུད། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས། །དམ་པའི་ངང་ནས་གཟུགས་སྐུ་གཉིས་གཟིགས་མ། །ཏིང་འཛིན་དབང་ཐོབ་གཟུགས་ཁམས་གནས་སུ་བྱོན། །ཚངས་པའི་རྒྱལ་པོ་ལ་སོགས་ཕྱག་བྱས་མ། །གཞན་ལ་དབང་སྒྱུར་འདོད་ཁམས་མཐར་ཡང་ཕྱིན། །དབང་ཕྱུག་ཆེན་པོའི་སྐུ་ལ་དགྱེས་འཁྲིལ་མ། །སུམ་ཅུ་རྩ་གསུམ་ཚལ་དུ་བྱོན་པའི་ཚེ། །ལྷ་རྣམས་དབུགས་ཕྱུང་བརྒྱ་བྱིན་ཕྱག་བྱས་མ། །ལྷ་མ་ཡིན་རྣམས་ཕུང་བར་བྱས་པའི་ཚེ། །ལྷ་མིན་དབང་པོ་ཀུན་གྱིས་ཕྱག་བྱས་མ། །སྐུ་མཆོག་རི་རབ་ཆེ་དང་འགྲན་པའི་ཚེ། །ལྟེ་བའི་ཐད་ཀྱི་ཕྱོགས་ནས་ཉི་ཟླ་ཤར། །རྒྱལ་ཆེན་བཞི་ལ་སོགས་པས་ཕྱག་བྱས་མ། །རྒྱ་མཚོའི་གཏིང་ནས་མེ་འབར་མཚོ་སྐེམས་ནུས། །ས་འོག་ཀླུ་དབང་ཀུན་གྱིས་ཕྱག་བྱས་མ། །ལྷ་མོ་ཁྱོད་ཀྱིས་ཆོ་འཕྲུལ་འདི་བསྟན་པས། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད། །མ་མོ་སྲིན་མོའི་ཚོགས་རྣམས་འདར་ཞིང་དངངས། །བྷྱོཿ ཙིཏྟ་རིན་ཆེན་གུར་ཕུབ་གཞལ་ཡས་ནས། །ཉི་ཟླའི་དཀྱིལ་འཁོར་བརྩེགས་པའི་འོད་ཟེར་འབར། །ཕྱོགས་བཅུའི་འཇིག་རྟེན་དུག་གི་བཅུད་བསྡུས་ནས། །ཉི་མའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛད། །དུག་གི་རླངས་པས་ནག་པོའི་ཕྱོགས་རྣམས་ཀྱི། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ལྷོང་མཛད་མ། །དེ་ཕྱིར་ནད་ཀྱི་བདག་མོ་དམ་ལ་འདུད། །ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ནས། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛད། །བདུད་རྩིའི་རླངས་པས་དཀར་པོའི་ཕྱོགས་རྣམས་ཀྱི། །བཞི་བརྒྱ་རྩ་བཞིའི་ནད་རྣམས་རྩད་གཅོད་མ། །བདུད་རྩི་སྨན་གྱི་རྒྱལ་མོ་དམ་ལ་འདུད། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །དེ་ཕྱིར་མ་གཅིག་ནད་བདག་སྨན་གྱི་གཙོ། །ལྷ་མོ་ཁྱོད་ལ་བདག་གིས་རྟག་ཏུ་བསྟོད། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད།། ཅེས་དྲང་སྲོང་སེངྒེའི་ང་རོས་བསྟོད་པ་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསུངས་སོ། །ལྷ་མོའི་རྟགས་ཀྱི་བསྟོད་པ་ནི། མ་བྷྱོཿ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །རླུག་ནག་འཚུབ་ཆེན་རབ་ཏུ་འཁྱིལ་བའི་དབུས། །འཕྲུལ་གྱི་གཞལ་ཡས་ཐོད་པའི་སྐུ་མཁར་ན། །འདོད་ཁམས་དབང་ཕྱུག་ལྷ་མོ་དུད་སོལ་མ། །ནག་མོ་ཆེན་མོ་རྔམ་པའི་མཆེ་བ་ཅན། །གཅེར་བུ་རལ་པའི་གསེབ་ནས་མེ་སྟག་འཕྲོ། །ལྷ་མོ་སྐུ་མདོག་ནག་མོར་བཞུགས་པ་ནི། །དོན་དམ་དབྱིངས་ལས་བསྐྱོད་པ་མེད་པའི་རྟགས། །དབུ་སྐྲ་ཁམ་སེར་སྦྲུལ་གྱིས་བཅིངས་པ་ནི། །ཞེ་སྡང་གདུག་པའི་བགེགས་དཔུང་འཇོམས་པའི་རྟགས། །རལ་པ་གཡས་ནས་གཡོན་དུ་འཁྱིལ་བ་ནི། །ཡུམ་གྱི་མཁའ་ལ་སྤྲུལ་པ་འགྱེད་པའི་རྟགས། །རལ་པ་སྤྱི་གཙུག་གཅིག་ཏུ་འཁྱིལ་བ་ནི། །སྐྱེ་མེད་དོན་དམ་གཅིག་ཏུ་དགོངས་པའི་རྟགས། །རྨ་བྱའི་རྒྱལ་མཚན་གཙུག་ཏུ་འཕྱར་བ་ནི། །ཉོན་མོངས་དུག་གསུམ་རྩད་ནས་གཅོད་པའི་རྟགས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ནི། །བདེ་གཤེགས་རིགས་ལྔ་རྣམ་པར་དག་པའི་རྟགས། །སྙན་གཡས་སྦྲུལ་ནག་གདེང་ཀ་འཕྱོ་བ་ནི། །ཞེ་སྡང་མ་སྤངས་གནས་སུ་དག་པའི་རྟགས། །སྙན་གཡོན་སེངྒེ་རལ་དམར་འཕྱོ་བ་ནི། །གསུང་གི་ང་རོས་ཁམས་གསུམ་གཡོ་བའི་རྟགས། །སྙན་ཆ་གསེར་གྱི་དྲིལ་བུ་འཁྲོལ་བ་ནི། །སངས་རྒྱས་ཀུན་གྱི་བསྟན་གཉེར་མཛད་པའི་རྟགས། །རྣ་ལྟག་མེ་ཏོག་དར་ནག་གཡོ་བ་ནི། །ལྷ་རྣམས་གཡུལ་ལས་རྒྱལ་བར་མཛད་པའི་རྟགས། །སྤྱན་རྩ་དམར་ལ་སྤྱན་གསུམ་བསྒྲད་པ་ནི། །སྒྲུབ་པ་པོ་ལ་བུ་བཞིན་གཟིགས་པའི་རྟགས། །ཤངས་ནས་ཁྲག་དང་ཞག་གི་དྲི་སྣོམ་པ། །གནོད་བྱེད་གདུག་པ་ཅན་རྣམས་མྱུལ་བའི་རྟགས། །ཞལ་དུ་མི་རོ་རེངས་པ་བཅུག་པ་ནི། །དམ་ཉམས་དགྲ་བོ་ཞལ་དུ་གསོལ་བའི་རྟགས། །རྣོ་གདུག་མཆེ་བ་ཟུར་གསུམ་གཙིགས་པ་ནི། །དགྲ་བགེགས་ཤ་ལ་ཆེམ་ཆེམ་རོལ་པའི་རྟགས། །ཕྱག་གཡས་གཅོད་པའི་རལ་གྲི་འཕྱར་བ་ནི། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད་པའི་རྟགས། །འོག་མ་ཐོད་རློན་དམར་བསྐྱིལ་འཛིན་པ་ནི། །སྲིད་གསུམ་ཤ་ཁྲག་ཞལ་དུ་གསོལ་བའི་རྟགས། །ཕྱག་གཡོན་ཤཀྟིའི་མཚོན་ཆ་འཛིན་པ་ནི། །ལྷ་མ་ཡིན་གྱི་དམག་དཔུང་སྒྲོལ་བའི་རྟགས། །འོག་མ་ཏྲི་ཤཱུ་དར་དཔྱངས་འཕྱར་བ་ནི། །བདུད་དཔུང་རྣམས་ཀྱི་རྒྱལ་མཚན་སྙོལ་བའི་རྟགས། །རུས་པའི་རྒྱན་ཆ་ལྔ་ཡིས་མཛེས་པ་ནི། །ཐུགས་རྗེ་སྤྲུལ་སྐུས་འགྲོ་དོན་མཛད་པའི་རྟགས། །ཐལ་ཆེན་ཚོམ་བུས་སྐུ་ལ་བྱུགས་པ་ནི། །སྟོང་ཉིད་ཆོས་སྐུའི་དོན་དང་ལྡན་པའི་རྟགས། །ཁྲག་ཞག་ཐིག་ལེས་སྐུ་ལ་བརྒྱན་པ་ནི། །ཐུགས་རྗེའི་དོན་དམ་བཅུད་ལ་མངའ་བའི་རྟགས། །གླང་པོ་ཆེ་ཡི་ཀོ་རློན་གསོལ་བ་ནི། །ཐེག་པ་མཆོག་གི་དོན་དང་ལྡན་པའི་རྟགས། །རེ་ལྡེ་སེར་པོའི་ཤམ་བུ་བཏགས་པ་ནི། །འཇིག་རྟེན་འདི་ན་ཆེ་བཙན་ལྡན་པའི་རྟགས། །ཀླུ་ཆེན་བརྒྱད་ཀྱིས་སྐ་རགས་བྱས་པ་ནི། །ཀླུ་རིགས་ཐམས་ཅད་དབང་དུ་སྡུད་པའི་རྟགས། །ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ་ནི། །ལྷ་མིན་ཚོགས་རྣམས་སྐྲག་པར་བྱེད་པའི་རྟགས། །ལྟེ་བའི་ཐད་ནས་ཉི་ཟླ་འཆར་བ་ནི། །ཉོན་མོངས་མ་རིག་མུན་པ་སེལ་བའི་རྟགས། །རིན་ཆེན་ལྕགས་སྒྲོག་ཞབས་ལ་འཁྲིལ་བ་ནི། །འདོད་ཁམས་འདུལ་བའི་དབང་དང་ལྡན་པའི་རྟགས། །བོང་བུ་གྭ་པ་ཆིབས་སུ་ཆིབས་པ་ནི། །གཏི་མུག་དོན་དམ་ཆོས་ཉིད་བསྲེ་བའི་རྟགས། །དཔྱི་སྟེང་མིག་གིས་ཕྱོགས་བཅུར་བལྟ་བ་ནི། །གནོད་བྱེད་གང་ན་འདུག་ཀྱང་འགུགས་པའི་རྟགས། །ཞིང་ཆུང་ལྤགས་པས་སྒ་གཡོགས་བྱས་པ་ནི། །སངས་རྒྱས་བསྟན་པ་བསྲུང་བར་མཛད་པའི་རྟགས། །སྲིན་པོའི་ཐོད་པས་སྒ་རུ་བྱས་པ་ནི། །བདུད་དང་སྲིན་པོ་ཟིལ་གྱིས་གནོན་པའི་རྟགས། །སྦྲུལ་ནག་སྟོང་གིས་གོང་སྨེད་བྱས་པ་ནི། །ཉམས་པ་ཅན་ལ་མཛེ་ནད་གཏོང་བའི་རྟགས། །སྲིན་པོའི་ཐོད་པ་གོང་ལ་བཏགས་པ་ནི། །མ་མོ་སྲིན་མོ་ལས་ལ་འགྱེད་པའི་རྟགས། །ནད་ཀྱི་རྐྱལ་པ་སྨད་ལ་བཅིངས་པ་ནི། །དགྲ་བོའི་ཡུལ་དུ་ནད་རིམས་འགྱེད་པའི་རྟགས། །མེ་དཔུང་འབར་བའི་དབུས་ན་བཞུགས་པ་ནི། །ཡེ་ཤེས་ཆེན་པོས་རྣམ་རྟོག་བསྲེག་པའི་རྟགས། །རླུང་ནག་འཚུབ་མ་ཕྱོགས་བཅུར་འཁྱིལ་བ་ནི། །ལྷ་སྲིན་སྡེ་བརྒྱད་དམ་ལ་འདུ་བའི་རྟགས། །ནག་མོ་འབུམ་ཕྲག་བྲན་དུ་འཁོལ་བ་ནི། །དགྲ་བགེགས་གང་ཡིན་ཆམས་ལ་འབེབས་པའི་རྟགས། །བྷྱོཿ འཇིགས་གཟུགས་ཁྲག་འཐུང་ལྷ་མོ་དུད་སོལ་མ། །ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་ལ། །མཱཾ་ས་རཀྟ་ཙིཏྟས་བརྒྱན་པ་ཡི། །དམར་གྱི་གཏོར་མས་ཁྱོད་ཀྱི་ཐུགས་དམ་བསྐང་། །བ་ལིང་མཆོད་པར་བཞེས་ཤིག་དམ་ཚིག་ཅན། །གསོལ་ཞིག་བཞེས་ཤིག་ཆོས་སྐྱོང་སྲུང་མའི་གཙོ། །འཁོར་གྱི་ཚོགས་རྣམས་ཕོ་ཉར་ད་ཐོངས་ལ། །བསྟན་པ་འཇིག་པའི་དགྲ་བགེགས་རྡུལ་དུ་རློག །མ་གཅིག་རྒྱབ་ནས་མེ་འབར་རྒྱ་མཚོ་སྐེམ། །ཕྱག་ནས་འཇིགས་པའི་མཚོན་ཆས་རི་རབ་བསྙིལ། །དབུ་སྐྲ་རལ་པ་འཐིབས་པས་སྟོང་གསུམ་འགེངས། །ཞལ་དུ་མི་ཤ་རློན་པ་རྟག་ཏུ་གསོལ། །ལྗགས་ལ་ཁྲག་དང་ཞག་གི་རྒྱ་མཚོ་འཁྱིལ། །གསུང་ནི་འབྲུག་གི་སྒྲ་ལྟར་ཕྱོགས་བཅུར་སྒྲོག །བདག་གིས་ཁྱོད་ལ་བསྟོད་པ་འབུལ་ལགས་ན། །བསྟན་པ་བསྲུང་བའི་ལས་འདི་མྱུར་དུ་སྒྲུབས།། ཞེས་བྲམ་ཟེ་ཆེན་པོ་མཆོག་སྲེད་ཀྱིས་མཛད་པའོ། །གཞན་ཡང་། བྷྱོཿ སྔོན་ཚེ་དཔག་བསམ་བྱང་ཆུབ་ཤིང་གི་དྲུང་། །རྒྱལ་བ་ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །བསྟན་པ་གཉན་པོ་བསྲུང་བར་དམ་བཅས་པའི། །ཁྲག་འཐུང་དུད་སོལ་སྐུ་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་ཡོན་ཏན་སྟོབས་དང་གཟི་བརྗིད་ལས། །མ་མོ་མཁའ་འགྲོ་བྱེ་བས་བསྐོར་བའི་དབུས། །གཏུམ་ཞིང་འགྱིང་བག་རྔམས་པའི་ཚུལ་དུ་བཞུགས། །སྲིད་གསུམ་ཟིལ་གྱིས་གནོན་ལ་ཕྱག་འཚལ་བསྟོད། །དོན་དམ་མི་གཡོ་སྐུ་མདོག་ཤིན་ཏུ་གནག །ཀླུ་རྣམས་འདུལ་ཕྱིར་དབུ་སྐྲ་སྦྲུལ་གྱིས་བཅིངས། །རིགས་ལྔ་རྣམ་དག་ཐོད་སྐམ་ལྔ་ཡིས་བརྒྱན། །ཐུགས་རྗེས་འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །ཡང་དག་དོན་རྟོགས་ཐལ་ཆེན་ཚོམ་བུས་བརྒྱན། །དུག་གསུམ་སྤོང་ཕྱིར་རྨ་བྱའི་རྒྱལ་མཚན་བཙུགས། །དགྲ་བགེགས་སྒྲོལ་ཕྱིར་ཁྲག་ཞག་ཐིག་ལེར་བྲིས། །རྫུ་འཕྲུལ་མཐུ་སྟོབས་ལྡན་ལ་ཕྱག་འཚལ་བསྟོད། །ཞེ་སྡང་དག་ཕྱིར་སྙན་གཡས་སྦྲུལ་ནག་འཕྱོ། །ཁམས་གསུམ་སྒྲ་སྒྲོག་སྙན་གཡོན་སེངྒེས་བརྒྱན། །སྙན་པ་སྒྲོག་ཕྱིར་གསེར་གྱི་དྲིལ་བུ་འཆང་། །ཁམས་གསུམ་སྐད་ཅིག་ཁྱབ་ལ་ཕྱག་འཚལ་བསྟོད། །དགྲ་བགེགས་སྒྲོལ་ཕྱིར་སྤྱན་གསུམ་ཕྱོགས་བཅུར་གཟིགས། །ཤ་ཆེན་གསོལ་ཕྱིར་མི་རོ་ཞལ་དུ་བཅུག །བདུད་བཞི་འཇོམས་ཕྱིར་རྣོ་གདུག་མཆེ་བ་གཙིགས། །མ་རུངས་རྡུལ་དུ་རློག་ལ་ཕྱག་འཚལ་བསྟོད། །ཆོས་ཉིད་དོན་ལྡན་ཞིང་ཆེན་ལྤགས་པ་གསོལ། །ཐེག་མཆོག་གསུམ་ལྡན་གླང་ཆེན་ཀོ་རློན་བརྒྱན། །སྟོང་གསུམ་གྲགས་ལྡན་རེ་ལྡེའི་ཤམ་བུས་དཀྲིས། །སྨོན་ལམ་རྣམ་དག་ཁྱོད་ལ་ཕྱག་འཚལ་བསྟོད། །དགྲ་སྲོག་གཅོད་ཕྱིར་ཕྱག་གཡས་རལ་གྲི་འཕྱར། །བདུད་ཁྲག་གསོལ་ཕྱིར་འོག་མ་ཐོད་རློན་འཛིན། །སྲིད་གསུམ་སྒྲོལ་ཕྱིར་གཡོན་པ་ཤཱཀྟི་བསྣམས། །གཡུལ་ངོ་བཟློག་ཕྱིར་འོག་མ་ཏྲི་ཤཱུལ་འཛིན། །ཆོས་ཉིད་དོན་རྟོགས་རུས་པའི་རྒྱན་གྱིས་སྤྲས། །ལྷ་མིན་འདུལ་ཕྱིར་ཐོད་རློན་དོ་ཤལ་བྱས། །རྫུ་འཕྲུལ་སྟོན་ཕྱིར་ལྕགས་སྒྲོག་འབར་བས་བརྒྱན། །བདུད་དཔུང་སྐྲག་པར་མཛད་ལ་ཕྱག་འཚལ་བསྟོད། །སྲིན་པོ་འདུལ་ཕྱིར་སྤྲུལ་པའི་བོང་བུ་ཆིབས། །སྟོང་གསུམ་ཁྱབ་ཕྱིར་འཚུབ་མའི་ནང་དུ་བཞུགས། །དུར་ཁྲོད་གནས་ཕྱིར་ཤ་ཟ་མང་པོས་བསྐོར། །སྣང་སྲིད་དབང་སྡུད་གསུང་ནི་འབྲུག་ལྟར་སྒྲོག །རྣམ་རྟོག་སྲེག་མཛད་མེ་དཔུང་དབུས་ན་བཞུགས། །སྟོབས་ཆེན་དམ་ཚིག་ཅན་ལ་ཕྱག་འཚལ་བསྟོད། །བྷྱོཿ ཁྱོད་ཀྱི་གཡས་ནས་སྤྲུལ་པའི་ལས་མཁན་ནི། །དམར་མོ་སྤྱན་གསུམ་ལྕགས་ཀྱི་རལ་པ་ཅན། །ཕྱག་གཡས་ལྕགས་ཀྱུས་དགྲ་བགེགས་སྙིང་ནས་འགུགས། །དམ་ཉམས་འཆིང་བྱེད་ཞགས་པ་གཡོན་ན་ཐོགས། །སྟོང་ཁམས་རྒྱུ་ཕྱིར་ཆིབས་སུ་བོང་བུ་ཆིབས། །དྲག་མོ་འགུགས་བྱེད་གསུམ་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་གཡོན་ནས་སྤྲུལ་པའི་ལས་མཁན་ནི། །ནག་མོ་སྤྱན་གསུམ་ཁྲག་གི་རལ་པ་ཅན། །མ་རུངས་གསོད་བྱེད་ཕྱག་གཡས་རལ་གྲི་འཕྱར། །གཙོ་ལ་སྟོབ་ཕྱིར་ཙིཏྟ་གཡོན་ན་ཐོགས། །དུར་ཁྲོད་ཆས་བརྒྱན་ཆིབས་སུ་བོང་བུ་ཆིབས། །དགྲ་བགེགས་གསོད་བྱེད་གསུམ་ལྎ ཁྱོད་ཀྱི་མདུན་ནས་སྤྲུལ་པའི་ལས་མཁན་ནི། །གཅེར་བུ་སྤྱན་གསུམ་དུང་གི་མཆེ་བ་ཅན། །གནོད་བྱེད་སུན་འབྱིན་ཕྱག་གཡས་དགྲ་སྙིང་ཐོགས། །གདུག་པ་སྐྲག་མཛད་གཡོན་ན་ཐོད་ཁྲག་འཛིན། །མཁའ་ལ་རྒྱུ་ཕྱིར་རླུང་གི་བོང་བུ་ཆིབས། །དམར་མོ་ཙ་མུཎྜྻི་ལ་ཕྱགྎ ཁྱོད་ཀྱི་རྒྱབ་ནས་ལས་བྱེད་ཕོ་ཉ་ནི། །དམར་ནག་ཕུར་པའི་ལྷ་མོ་རེ་མ་ཏི། །སྤྱན་གསུམ་མཆེ་གཙིགས་གཏུམ་སྦེག་དྲེ་འུ་ཞོན། །ཕྱག་གཡས་རལ་གྲིས་དམ་ཉམས་སྲོག་རྩ་གཅོད། །གཡོན་པ་ལྕགས་ཀྱུས་དགྲ་བོའི་སྙིང་ནས་འདྲེན། །ནག་མོ་ཐུན་ཁྲག་འབེབས་ལ་ཕྱགྎ ཁྱོད་ཀྱི་ཐུགས་ལས་སྤྲུལ་པའི་མཁའ་འགྲོ་ནི། །སྐུ་མདོག་དཀར་སེར་དམར་ལྗང་བོང་བུ་ཆིབས། །ཕྱག་གཉིས་གྲི་གུག་བྷཉྫྱ་ཁྲག་བཀང་བསྣམས། །ཕྲིན་ལས་སྒྲུབ་མཛད་བཞི་ལ་ཕྱགྎ ཁྲག་འཐུང་ནག་མོའི་སྤྱན་སྔར་ཁས་བླངས་པའི། །ཤར་ནས་སྤྲུལ་པའི་ལས་མཁན་ཕོ་ཉ་ནི། །དཀར་མོ་ཞལ་གཅིག་ཕྱག་གཉིས་སེངྒེའི་གདོང་། །དུར་ཁྲོད་ཆས་བརྒྱན་གྲི་དང་ཐོད་པ་འཛིན། །དྲེལ་ནག་རྐང་གསུམ་ཆིབས་ནས་ཕྱོགས་བཅུར་རྒྱུག །འགྱིང་ཞིང་དགྲ་བགེགས་རོལ་ལ་ཕྱག་འཚལ་བསྟོད། །ལྷོ་ནས་དམར་ནག་ཞལ་གཅིག་སྟག་གི་གདོང་། །དུར་ཁྲོད་ཆས་བརྒྱན་གྲི་དང་ཐོད་པ་འཛིན། །དྲེལ་ནག་རྐང་གསུམ་ཆིབས་ནས་གནོད་བྱེད་ཀྱི། །ཁྲོ་ཞིང་ཤ་ལ་རོལ་ལྎ ནུབ་ནས་སྔོ་ནག་ཞལ་གཅིག་སྤྱང་ཀིའི་གདོང་། །དུར་ཁྲོད་ཆས་བརྒྱནྎ དྲེལ་ནག་རྐང་གསུམ་ཆིབས་ནས་བགེགས་རྣམས་འཇོམས། །རྒྱུག་ཅིང་དགྲ་ཤ་རོལ་ལྎ བྱང་ནས་མཐིང་ནག་ཞལ་གཅིག་ཕག་གི་གདོང་། །དུར་ཁྲོད་ཆས་བརྒྱནྎ དྲེལ་ནག་རྐང་གསུམ་ཆིབས་ནས་འབྱུང་པོའི་ཤ །འདུར་ཞིང་ཞལ་དུ་སྟོབ་ལ་ཕྱགྎ བྱང་ཤར་མཚམས་ནས་སྨུག་ནག་བྱ་རྒོད་གདོང་། །དུར་ཁྲོད་ཆས་བརྒྱནྎ དྲེལ་ནག་ཞོན་ནས་དགྲ་བགེགས་ཤ་ཁྲག་རྣམས། །རྔམ་ཞིང་རྔམ་ཞིང་རོལ་ལྎ ཤར་ལྷོ་མཚམས་ནས་མུན་མདོག་སྐྱུང་ཀའི་གདོང་། །དུར་ཁྲོད་ཆས་བརྒྱནྎ དྲེལ་ནག་ཞོན་ནས་དགྲ་བགེགས་མ་ལུས་པ། །མཆོང་ཞིང་མཆོང་ཞིང་གསོལ་ལྎ ལྷོ་ནུབ་མཚམས་ནས་ཁྲག་མདོག་དུར་བྱའི་གདོང་། །དུར་ཁྲོད་ཆས་བརྒྱནྎ དྲེལ་ནག་ཞོན་ནས་ཉམས་པ་སྲོག་དང་འབྲལ། །རྒོད་ཅིང་རྒོད་ཅིག་འཇོམས་ལྎ ནུབ་བྱང་མཚམས་ནས་དུད་མདོག་བྱ་རོག་གདོང་། །དུར་ཁྲོད་ཆས་བརྒྱནྎ དྲེལ་ནག་ཞོན་ནས་དགྲ་བགེགས་སྙིང་ནས་འདྲེན། །ལྡིང་ཞིང་ལྡིང་ཞིང་རོལ་ལྎ ལས་མཁན་ཕོ་ཉ་ནག་མོ་ཀངྐའི་གདོང་། །ཀུན་ཀྱང་མདའ་གཞུ་སྤུ་གྲི་བྷཉྫྱ་དང་། །སྦྲུལ་ཞགས་བྷཉྫྱ་རྒྱུ་ཞགས་ནད་རྐྱལ་བསྣམས། །མ་རུངས་འཆིང་བྱེད་རྣམས་ལྎ ཞིང་ཆེན་སྟོད་གཡོགས་རེ་ལྡེའི་ཤམ་བུས་དཀྲིས། །ཐོད་རློན་དོ་ཤལ་ཆིབས་སུ་སྟག་སྤྱང་དང་། །སྤྲེའུ་དྲེད་ནག་ཞོན་ནས་ཕོ་ཉ་འགྱེད། །དགྲ་བགེགས་སྒྲོལ་བྱེད་བཞི་ལྎ གཞན་ཡང་ལས་མཁན་བྱེ་བ་འབུམ་སྡེ་དང་། །མ་མོ་མཁའ་འགྲོ་བདུད་མོ་བྱེ་བའི་ཚོགས། །ནག་མོ་གཅེར་བུ་འཇིགས་ཤིང་སྐྲ་བཤལ་བ། །ཞལ་གཅིག་ཕྱག་གཉིས་གྲི་དང་ཐོད་པ་འཛིན། །སྟོང་ཁམས་མ་ལུས་སྤྲིན་གྱི་ཚོགས་ལྟར་འཐིབས། །སྲིད་གསུམ་གཡོ་བར་མཛད་ལ་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་ཅིང་ཁྱོད་ལ་ཞུ་བ་ནི། །སྔོན་གྱི་ཐུགས་དམ་གཉན་པོ་བརྩེར་དགོངས་ལ། །བདག་ཅག་རྣལ་འབྱོར་དམ་ཚིག་ལྡན་པ་དང་། །བསྟན་ལ་རབ་དད་དཀར་པོའི་ཕྱོགས་རྣམས་ལ། །བདུད་རྩིའི་རྒྱུན་ཕོབ་ནད་རྣམས་ཞི་བ་དང་། །ལོངས་སྤྱོད་ཚེ་དང་འབྲུ་སོགས་འཕེལ་བར་མཛོད། །མ་རུངས་སེམས་འཛིན་ནག་པོའི་ཕྱོགས་རྣམས་ལ། །དུག་གི་རླུང་བུས་ནད་ཀྱིས་གཟིར་ཞིང་སློང་། །ཁོང་ཁྲག་སྐྱུག་ཅིང་ཆོ་ངེས་གནམ་དུ་འདེབས། །སྨྱོ་འབོག་ཐོངས་ལ་བདུན་རྒྱུད་རྩད་ནས་ཆོད། །བདུད་དང་དགྲ་བགེགས་འབྱུང་པོ་རྡུལ་དུ་རློག །བསྟན་པ་སྲུང་མཛད་ལས་འདི་མྱུར་དུ་སྒྲུབས།། ཞེས་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེ་བི་རུ་པ་དཔལ་ལྡན་ཆོས་སྐྱོང་ཞབས་ཀྱིས་ཞལ་གཟིགས་དུས་སུ་མཛད་པའོ། །གཟུངས་ལས་ཕྱུང་བའི་བསྟོད་པ་ནི། བྷྱོཿ ཏིལ་མར་གྱིས་བསྐུས་ལན་བུ་གཅིག་འཕྱང་རོ་ཉེའི་རྣ་ཆས་སྒེག་ཅིང་ཆ་ལུགས་མ་ལུས་འཆང་། །རྒྱན་དུ་རྐང་སྒྲོག་ལྕགས་ལས་བྱས་པ་གཅིག་གིས་རང་གི་རྐང་པ་མཛེས་པར་བྱས་པ་སྟེ། །གཅེར་བུ་བོང་བུ་ཞོན་ནས་འགྲོ་བ་འདི་ན་རྒྱུ་བ་འདི་ནི་ལྷ་མོ་ཁྱོད་ཉིད་ཀྱིས། །བདག་ཉིད་མཛེས་པར་ཤེས་ཀྱིས་གཞན་ལྟས་ཁྱོད་ཀྱི་སྤྱོད་པ་མཚོ་ཆེན་དོན་དག་སུ་ཡིས་ཤེས། །འཁོར་བ་འཇིག་པའི་ཚེ་ན་མི་ལུས་དག་ལ་ཁྲག་དང་ཞག་འཛག་དུད་པ་འཐུལ་བ་ན། །ལྷ་མོ་མཆེ་བ་གཙིགས་པ་ཁྱོད་ཀྱི་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་གྱིས་ཞུགས་པར་གྱུར། །ནག་མོ་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་གྲུབ་པའི་སྤྱོད་ཡུལ་ཅན་དེ་དུར་ཁྲོད་དགྱེས། །ཁྱོད་ནི་གཡོན་ཅན་མནན་ཅིང་ནད་དང་འཆི་བའི་འཇིགས་པ་སེལ་ཞིང་མི་ཟད་དྲིལ་ཡང་སྒྲོག །ཁྱོད་ནི་དཔའ་བོ་དག་གི་མགོ་བོའི་ཅོད་པན་ལེགས་སྤྲས་གཡུལ་དུ་མཚོན་གྱིས་བཅད་པ་ཡི། །ཕྲེང་བ་ཐོགས་ཤིང་གར་བྱེད་ལག་པ་མཉེན་བརྐྱང་རྐུབ་ཚོས་ཆེ་ལ་ཀླུ་དབང་གཤིབས་པ་ཡི། །སྐ་རགས་འཆང་ཞིང་ལག་ཏུ་མདུང་དང་རལ་གྲི་ཐོགས་པ་ཁྲག་དང་ཆང་གིས་མྱོས་གྱུར་པས། །མིག་རྩ་དམར་པོར་གྱུར་ཅིང་མཚན་མོ་དུར་ཁྲོད་རྒྱུ་བ་འབྱུང་པོ་ཕལ་ཆེར་རྣམས་ཀྱིས་མཐོང་། །ཀོ་རློན་ཆེན་པོ་དྲལ་ཏེ་བརྒྱངས་པའི་གོས་ཀྱིས་སྟོད་གཡོགས་སྨད་ནི་རེ་ལྡེ་སེར་པོས་དཀྲིས། །མི་ཡི་རྒྱུ་མ་གསར་པའི་སྦུབས་ཀྱིས་ཞལ་གྱི་ཟླ་བ་བརྒྱན་ཅིང་དྲིལ་བུ་འགྲམ་པར་འཁྲོལ། །ལུས་ནི་སྣུམ་གྱིས་གསར་དུ་བྱུགས་ཤིང་ཁྲག་དང་ཞག་མང་འཛག་པའི་ཐིག་ལེས་ཚོམ་བུར་བྲིས། །མི་ཡི་ཤ་ལ་སོ་ཡིས་ཆེམ་ཆེམ་གཅོད་བྱེད་ཐོད་པ་ཅན་གྱིས་བདག་ལ་སྐྱོང་གྱུར་ཅིག །དྲག་པོ་དྲག་མོ་མི་བཟད་མི་ཤ་ཁ་ན་ཐོགས་པ་སྔོན་ཆད་མ་བྱུང་ཁྱོད་མཐོང་ན། །མ་མོ་རྣམས་ཀྱང་སྐྲག་ཅིང་རྟབ་ལ་རྔམ་པ་འདོན་ཅིང་མིག་རྩ་རིག་རིག་ཁྱོད་ལ་འདུད། །ནག་མོ་བཟང་མོ་ལུས་མདོག་གནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་བརྒྱ་བྱིན་ལ་སོགས་ཀྱང་། །ཞབས་ལ་ཉིན་རེ་བཞིན་དུ་བསྟོད་པར་བྱེད་ཅིང་གཤིན་རྗེའི་རྒྱལ་པོ་ཉིད་ཀྱང་རྟག་ཏུ་འདར་ཞིང་འདུད། །མི་རྣམས་དང་ནི་འགྲོ་བ་མ་ལུས་མཇུག་བརཏལ་ནས་ནི་ཁྱོད་ཀྱི་རྣ་བ་ཡ་གཅིག་ལ། །བྲང་གིས་འགྲོ་བའི་གདེངས་ཀ་སྟོང་དང་ལྡན་པ་གཅིག་གིས་རྒྱབ་ནས་ཁྱོད་ལ་རྒྱན་དུ་བྱས། །ཡ་གཅིག་ལ་ནི་སེངྒེ་མཚུངས་མེད་ཐོགས་ཤིང་རྒྱ་མཚོའི་མཐའ་བསྐོར་ས་གཞི་མ་ལུས་གནོན། །སྟེང་ནས་རྒྱུ་བའི་ཉི་མ་འོད་ཟེར་སྟོང་ལྡན་དེ་ནི་ཁྱོད་ཀྱི་ལྟེ་བའི་ཕྱོགས་སུ་ཤར། །བྷྱོཿ རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམ་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞུགས། །རྫོང་དང་དཀའ་བཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་མིང་ཤེས། །དེ་ལ་འཇིགས་པ་མེད་པར་འགྱུར། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ནད་དོ་ཅོག་གི་བདག་མོ་སྟེ། །སངས་རྒྱས་བསྟན་པ་སྲུང་བ་ཡི། །དཔལ་ལྡན་ལྷ་མོ་ཁྱོད་ལ་འདུད། །དཔལ་ལྡན་གསང་ཆེན་མེ་འབར་དུད་སོལ་མ། །མི་ཕམ་ཁམས་གསུམ་ཟིལ་གནོན་འདོད་དབང་མ། །ཕྱི་ནང་གསང་བའི་གདོན་བགེགས་རིམས་ལ་སོགས། །དྲན་པ་ཙམ་གྱིས་སྐྱོབ་ཅིང་རབ་ཞི་བའི། །གཡར་དམ་གཉན་པོ་དེང་འདིར་བརྩེར་དགོངས་ཤིག། དོན་གྱི་སྒོ་ནས་བསྟོད་པ་ནི། བྷྱོཿ གཡུ་མཚོ་མེར་བའི་འགྲམ་ཤེད་ན། །རླུང་འཚུབ་དམར་ནག་འཁྱིལ་བའི་དབུས། །སྲིན་པོའི་བོང་བུ་གྭ་དམར་ལ། །ཞིང་ཆེན་རྒྱུ་མའི་མཐུར་དུ་བྱས། །སྲིན་པོའི་ཡ་མགལ་སྔ་རུ་ལ། །མ་མགལ་དག་གིས་ཕྱི་རུ་བྱས། །ཞིང་ཆེན་སྒ་སྟན་ཞིང་ཆུང་གི །སྒ་གཡོགས་སྦྲུལ་ནག་གོང་སྨེད་བྱས། །རུ་ཏྲ་ཕྲུ་གུའི་སྒ་གཡོགས་ཅན། །དེ་སྟེང་ལྷ་མོ་དུད་སོལ་མ། །སྐུ་མདོག་ནག་མོ་འཇིགས་པའི་གཟུགས། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་ཁྲོས། །ཞབས་གཉིས་ཙན་འཁྱིལ་བརྐྱང་བསྐུམ་བཞུགས། །རལ་པའི་ཐོར་ཚུགས་གཡོན་དུ་འཁྱིལ། །ལས་སུ་ཁམས་གསུམ་དབང་དུ་སྡུད། །སྙན་གཡས་སྦྲུལ་ནག་གདེངས་ཀ་འཕྱོ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །གཙུག་ན་རྨ་བྱའི་རྒྱལ་མཚན་བཙུགས། །ཐལ་ཆེན་ཚོམ་བུ་སྐུ་ལ་བྱུགས། །ཁྲག་ཞག་ཐིག་ལེས་ཟོ་རིས་བཏབ། །སྙན་གཡོན་སེངྒེ་རལ་དམར་འཕྱོ། །སྙན་གཉིས་གསེར་གྱི་དྲིལ་བུ་འཁྲོལ། །རྣ་ལྟག་མེ་ཏོག་ཆུན་པོས་བརྒྱན། །སྐུ་སྟོད་གླང་ཆེན་ཞིང་ལྤགས་གསོལ། །སྐུ་སྨད་རེ་ལྡེ་སེར་པོ་དང་། །སྟག་གཟིག་ལྤགས་པའི་ཤམ་ཐབས་གསོལ། །རིན་ཆེན་རུས་རྒྱན་སྦྲུལ་གྱིས་སྤྲས། །མཆེ་བ་ཟུར་གསུམ་ཅུང་ཟད་གཙིགས། །ཁྲོ་གཉེར་ཐོད་ཕྲེང་སེ་རལ་འཆང་། །ཕྱག་གཡས་རལ་གྲི་མེ་འོད་འཕྱར། །འོག་མ་ཐོད་རློན་ཁྲག་བཀང་གསོལ། །ཕྱག་གཡོན་ཤཱཀྟི་རྨ་བྱ་ཅན། །འོག་མ་ཏྲི་ཤཱུལ་རྩེ་གསུམ་ཐོགས། །དཔྲལ་བའི་དཀྱིལ་ནས་ཟླ་གསལ་ཞིང་། །ལྟེ་བའི་དབུས་ནས་ཉི་མ་འཆར། །དབང་གི་ལྕགས་སྒྲོག་ཞབས་ལ་འཁྲིལ། །བོང་བུའི་སྟེང་ནས་ཕྱོགས་བཅུར་གཟིགས། །མེ་དཔུང་ནང་ན་འགྱིང་བག་བཞུགས། །ཤིན་ཏུ་སྦེག་པའི་ཆ་བྱད་ཅན། །སྲིད་པའི་མ་མོ་ཁྲི་ཕྲག་དང་། །ལས་ཀྱི་མ་མོ་ཁྲི་ཕྲག་ནི། །དྲུག་ཅུ་རྩ་བཞིས་རབ་ཏུ་བསྐོར། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད།། ཅེས་སྲིན་པོའི་རྒྱལ་པོ་ལངྐ་མགྲིན་བཅུས་བསྟོད་པའོ། །རྒྱན་བསྟོད་ནི། བྷྱོཿ བྱང་ཤར་ཐོད་པ་འཕྲུལ་གྱི་གཞལ་ཡས་ནས། །ལྷ་མོ་ནག་མོ་མཐུ་དང་རྫུ་འཕྲུལ་ཅན། །དབང་ཕྱུག་སྲིད་པ་གསུམ་གྱི་བདག་མོ་སྟེ། །ཁྱོད་ནི་ཁམས་གསུམ་ཀུན་གྱིས་མཆོད་ཅིང་བསྐུར། །ཚངས་པའི་རྒྱལ་པོས་རྨ་བྱའི་རྒྱལ་མཚན་ཕུལ། །ཁྱབ་འཇུག་ཆེན་པོས་ཉི་ཟླ་རྒྱན་དུ་ཕུལ། །རྣམ་ཐོས་སྲས་ཀྱིས་སེངྒེའི་རྣ་རྒྱན་ཕུལ། །ནམ་མཁའི་ལྷ་བྲན་གསེར་གྱི་དྲིལ་བུ་ཕུལ། །ཀླུ་ཡི་རྒྱལ་པོས་སྦྲུལ་གྱི་གདེངས་ཀ་ཕུལ། །ལྷ་དབང་བརྒྱ་བྱིན་གླང་ཆེན་ཀོ་རློན་ཕུལ། །ལྷ་མ་ཡིན་གྱིས་དར་ནག་ཅོད་པན་ཕུལ། །མ་མོ་རྣམས་ཀྱིས་རེ་ལྡེའི་ཤམ་བུ་ཕུལ། །ཤ་ཟ་རྣམས་ཀྱིས་ཁྲག་ཞག་ཐིག་ལེ་ཕུལ། །མཁའ་འགྲོ་རྣམས་ཀྱིས་རུས་པའི་རྒྱན་ཆ་ཕུལ། །གཤིན་རྗེའི་རྒྱལ་པོས་ཐོད་པའི་རྒྱན་ཕྲེང་ཕུལ། །སྲིན་པོའི་རྒྱལ་པོས་ལྕགས་སྒྲོག་སྔོན་པོ་ཕུལ། །འཁོར་ལོས་སྒྱུར་རྒྱལ་ལྷ་མིའི་རྒྱལ་སྲིད་ཕུལ། །དེ་ལྟར་རྒྱན་གྱི་རྣམ་པ་དུ་མ་ཡིས། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད་འབུལ་ན། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །ཚེ་དང་བསོད་ནམས་ལ་སོགས་རྒྱས་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །བདག་ལ་རྟག་ཏུ་སྡང་བའི་སེམས་ལྡན་པའི། །དམ་ཉམས་དགྲ་བོའི་སྲོག་རྩ་མྱུར་དུ་ཆོད།། ཅེས་པ་དེ་ལྟར་བསྟོད་པ་རྣམས་ཀྱི་རྗེས་སུ། ཨོཾ་རུ་རུ་རོ་རུ་བི་དྷིཥྛ་བ་དྷྭ་སི་ཀ་མ་ལ་རཀྵ་སི་ཧཱུྃ་བྷྱོ། ཆེ་གེ་མོ་མཱ་ར་ཡ་ཕཊ྄། ཅེས་པ་བཟླ་ཞིང་དམར་བརླབ་གཏོར་མ་བསྒྲེང་། བརྒྱ་རྩ་བརྒྱད་དམ་ཡང་ན་ཉི་ཤུ་རྩ་གཅིག་བཟླ་ཞེས་རྒྱ་གཞུང་དུ་འབྱུང་། བཟླས་པ་བྱ་བ་ནི། ལྷ་མོ་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ། དེའི་མཐའ་མར་ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཞེས་པའི་སྔགས་ཀྱི་ཕྲེང་བ་ནག་པོས་བསྐོར་བར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་སྤྲོས་ལྷ་མོའི་ཐུགས་ཀར་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་སྔོན་དམ་བཅས་པ་དྲན་པས་ལྷ་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་དང་དྲེགས་པ་ཅན་ཐམས་ཅད་ཀྱི་སྙིང་ཀར་ཕོག །དེ་དག་གི་རྒྱུད་བསྐུལ། མཐུ་དང་ནུས་པ་ཐམས་ཅད་གཙོ་མོའི་ཐུགས་ཀར་བསྡུས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འོད་ཟེར་སྣ་ལྔའི་ཚུལ་དུ་བྱུང་བ་བདག་ཉིད་ཀྱི་ཐུགས་ཀར་ཐིམ་པར་བསམ་པས། །སྙིང་པོ་ཡི་ནི་གསང་སྔགས་འདི། །རྟག་པར་བཟླས་པ་བྱ་བ་སྟེ། །མྱུར་བ་ཡང་ནི་མ་ཡིན་པ། །ཐོགས་པ་ཡང་ནི་མ་ཡིན་པ། །མི་གསལ་བ་ཡང་མ་ཡིན་པ། །གུག་ཀྱེད་ཉམས་པ་མ་ཡིན་པ། །གཡེང་བའི་རྟོག་པ་སྤངས་ལ་བཟླ། ཞེས་གསུངས་པ་ལྟར་བཟླས་ལ། བསྙེན་པའི་མན་ངག་ཟབ་པའི་ཁྱད་པར་འགའ་བླ་མའི་ཞལ་ལས་ཇི་ལྟར་འབྱུང་བ་བཞིན་བྱའོ། །དེ་ལྟ་བུས་དུས་རྟགས་གྲངས་ཀྱི་བསྙེན་པ་བྱ་བ་སྟེ། རྒྱ་གཞུང་ལས། དེ་ལྟར་བྱས་པས་བདུན་ནམ་བཅུ་བཞི་ན། །ལྷ་མོ་གཙོ་འཁོར་ཞལ་མཐོང་གསུང་ཡང་ཐོས། །འབྲིང་གིས་ཉམས་དང་ཐ་མས་རྨི་ལམ་སྟེ། །ལུས་དང་གྲིབ་མ་ལྟར་འཁོར་ཅི་བསམ་འགྲུབ། །ཅེས་གསུངས་པ་བཞིན་ནོ། །དེའང་སྔགས་ཁྲི་ཕྲག་རེ་རེ་བཟླས་ནས་གཏོར་མ་འོར་རེ་བཏང་ངོ་། །ཁུ་ཚུར་གཉིས་བཅིངས་མཛུབ་མོ་བསྒྲེང་སྟེ་ཁ་འགྲམ་གཡས་གཡོན་དུ་མཆེ་བ་ལྟར་བྱས་ལ། ཨོཾ་བྷྱོ་བརྟ་ལི་བརྟ་ལི་ཚེ། ཞེས་ལན་གསུམ་མམ་བདུན་བཟླས་ནས་འདི་སྐད་དུ། ཧཱུྃ་བྷྱོཿ དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མོ། །ཀི་ལིའི་སྒྲ་སྒྲོག་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་ན། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཞིག་བཞེས་ཤིག་དམ་ཚིག་ལྷ། །གནས་ནས་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་འགྲུབ་པར་མཛོད། །བདག་གི་ལས་ནི་ཅི་བྱེད་ཀྱང་། །དེ་དག་ཀུན་གྱི་གྲོགས་གྱིས་ཤིག །གསོལ་བས་དགྱེས་ནས་ཞལ་དུ་ཐིམ་པར་མཛོད། །ཨོཾ་གྲྀ་གྲྀ་སརྦ་དུཥྚཾ་ཧ་ན་ཧ་ན་བྷཀྵ་བྷཀྵ་ཕྲཾ་ཕྲོཾ་ཕྲེཾ་ཕེཾ་ཕཊ྄་སྭཱ་ཧཱ། ཞེས་བརྗོད་དེ་སེ་གོལ་ལན་གསུམ་བརྡབས་ཏེ་གཏོང་བ་ཛཔ་྄མ་རྫོགས་ཀྱི་བར་དུ་རྒྱུན་དུ་དེ་ལྟར་ཤེས་པར་བྱའོ། །ཞེས་གྲུབ་པའི་སློབ་དཔོན་ནཱ་རོ་པས་གསུངས་སོ། །ལྔ་པ་བསྐང་བཤགས་གཉེར་གཏད་རྗེས་ཀྱི་བྱ་བ་ནི། རྒྱ་གཞུང་དུ། ཇི་སྲིད་སྐྱོ་བར་གྱུར་པ་དང་། དེ་སྲིད་ཀྱི་བར་དུ་བཟླས་པ་ལ་སྐྱོ་བར་གྱུར་ན་བསྟོད་པ་བྱས་ལ་མཆོད་པ་ཕུལ། ཕྱག་བྱས་ཏེ་ལྷ་མོ་གཤེགས་སུ་གསོལ་ལོ། །ཞེས་གསུངས་པ་ལྟར་རྗེ་བཙུན་གོང་མ་མར་པ་ཡབ་སྲས་ཀྱི་ཕྱག་བཞེས་ལ་འདི་ལྟ་སྟེ། ཚོགས་ཀྱི་འཁོར་ལོ་ཡི་དམ་རང་གཞུང་ལྟར་བྱིན་གྱིས་བརླབས་ནས་བསྐང་བ་བྱ་བ་དངོས་གྲུབ་ཀྱི་སྙེ་མ་ནི། བྷྱོཿ དགའ་བ་ཚལ་གྱི་དུར་ཁྲོད་ནས། །འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་སྲུང་བར་མངའ་གསོལ་བའི། །ཆོས་སྐྱོང་སྲུང་མ་དུད་སོལ་མ། །ཁྱོད་ཀྱི་ཐུགས་དམ་གཉན་པོ་དེ། །རིག་འཛིན་རྣལ་འབྱོར་བདག་གིས་བསྐང་། །དམ་ཅན་སྲུང་མ་འདིར་སྤྱོན་ཅིག །རྣལ་འབྱོར་དགྲ་ལྷ་འདིར་བྱོན་ཞིག །འབོད་པའི་རྟེན་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས་ཐུགས་དམ་བསྐང་། །སྒྲུབ་པའི་དམ་རྫས་ཡིན་པའི་ཕྱིར། །གཏའ་གཏོར་ཆེན་པོས་ཐུགས་དམ་བསྐང་། །མ་དང་མི་འབྲལ་འགྲོགས་པའི་ཕྱིར། །རྒྱུན་གྱི་གཏོར་མས་ཐུགསྎ དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགསྎ བསྟེན་པའི་དམ་རྫས་ཡིན་པའི་ཕྱིར། །དགྲ་བགེགས་ཤ་དང་ནལ་བུའི་ཤ། །མཱཾ་སའི་བྱེ་བྲག་དཔག་མེད་ཀྱིས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །དགྱེས་པའི་དམ་རྫས་ཡིན་པའི་ཕྱིར། །ར་ནག་ཁྲག་དང་བྱ་ནག་ཁྲག །དགྲ་བགེགས་ཁྲག་ལ་སོགས་པ་ཡི། །རཀྟའི་རྒྱ་མཚོསྎ དགྲ་བགེགས་གསུར་ལ་རྔམས་པའི་ཕྱིར། །ཚིལ་ཆེན་དུད་པསྎ ཆུ་དང་ཚལ་སྐྱེས་མེ་ཏོག་དང་། །ཙནྡན་ཨ་ཀ་རུ་སྤོས་དང་། །དྲི་བཟང་སྦྱར་བའི་ཡོན་ཆབ་ཀྱིས། །བསྐང་ངོ་ཁྱོད་ཀྱིྎ གྲོ་ནས་འབྲས་ཀྱི་བཤོས་གཙང་དང་། །འབྲུ་ཚིལ་ཞུན་ཆེན་སྣང་གསལ་དང་། །ཕྱི་ཡི་མཆོད་པ་རྣམ་ལྔ་ཡིས། །བསྐང་ངོ་ཁྱོད་ཀྱིྎ གཟུགས་སྡུག་སྒྲ་སྙན་དྲི་ཞིམ་དང་། །རོ་མངར་རེག་བྱ་འཇམ་པ་དང་། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །བསྐང་ངོ་ཁྱོད་ཀྱིྎ མི་རྟ་གླང་སོགས་ཤ་ལྔ་དང་། །བྱང་སེམས་རཀྟ་རྒྱུངས་པ་དང་། །བདུད་རྩི་ལྔ་ལ་སོགས་པ་ཡི། །གསང་བའི་མཆོད་པསྎ བཟའ་བའི་དམ་ཚིག་ཡིན་པའི་ཕྱིར། །བཤོས་གཙང་མར་གྱིས་བརྒྱན་པ་དང་། །ཤ་ཆང་ཁུར་བ་སྒོག་བཙོང་སོགས། །ཚོགས་ཀྱི་མཆོད་པསྎ ཕྱི་ཡི་རྟེན་རྫས་ཡིན་པའི་ཕྱིར། །བོང་བུ་གྭ་དམར་ལུག་ནག་དང་། །དར་ནག་བ་དན་མ་རལ་གྱིས། །བསྐང་ངོ་ཁྱོད་ཀྱི་ཐུགསྎ ནང་གི་རྟེན་རྫས་ཡིན་པའི་ཕྱིར། །རྨ་བྱ་ནོར་བུའི་རྒྱལ་མཚན་དང་། །ནལ་བུའི་རྒྱལ་མཚན་བྷཉྫྱ་ཡིས། །བསྐང་ངོ་ཁྱོད་ཀྱིྎ གསང་བའི་རྟེན་རྫས་ཡིན་པའི་ཕྱིར། །ཨ་མྲྀ་ཏ་དང་མྱོས་བྱེད་བཅུད། །གྲི་སྙིང་དགྲ་བགེགས་ནལ་བུའི་སྙིང་། །ཙིཏྟ་སྙིང་གིསྎ སྐུ་ཡི་རྟེན་རྫས་ཡིན་པའི་ཕྱིར། །ལུགས་སྐུ་བཏགས་སྐུ་བྲིས་སྐུ་དང་། །དར་སྐུ་སྐུ་འབག་ལ་སོགས་ཀྱིས། །བསྐང་ངོ་ཁྱོད་ཀྱིྎ གསུང་གི་རྟེན་རྫས་ཡིན་པའི་ཕྱིར། །རྔ་དང་ཐོད་རྔ་རྔ་ཆེན་དང་། །འཁར་རྔ་དུང་དང་སིལ་ཆོལ་སོགས། །གདུང་བའི་དབྱངས་ཀྱིསྎ དམ་ཚིག་གཉན་པོ་བསྐུལ་བའི་ཕྱིར། །དམ་ཚིག་དྲིལ་བུསྎ ཕྲིན་ལས་གཉན་པོ་བསྐུལ་བའི་ཕྱིར། །ཅང་ཏེའུ་སྒྲ་ཡིསྎ འཇིག་རྟེན་དབང་དུ་སྡུད་པའི་ཕྱིར། །གསང་བའི་རྔེའུ་ཆུངྎ ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར། །ཕྱག་རྒྱ་སྔགས་དང་ཏིང་འཛིན་དང་། །སྙིང་པོ་ཛཔ་྄ཀྱི་བཟླས་པ་ཡིས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །བྷྱོཿ གཞན་ཡང་ཐུགས་དམ་བསྐང་བ་ནི། །ཤ་ཁྲག་དམར་གྱི་གཏོར་མ་འདིས། །འགུགས་བྱེད་མ་དང་གསོད་བྱེད་མ། །ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ཕྲིན་ལས་རྣམ་བཞི་སྒྲུབ་བྱེད་པའི། །མཁའ་འགྲོ་བཞི་ཡིྎ དགྲ་བགེགས་མ་ལུས་སྒྲོལ་བྱེད་པའི། །གདོང་ཅན་བརྒྱད་ཀྱིྎ ཉམས་པའི་ཤ་ཁྲག་ཟ་བྱེད་པའི། །སྒོ་མ་བཞི་ཡིྎ དྲག་པོའི་ལས་ལ་འགྱེད་པའི་ཕྱིར། །ནག་མོ་འབུམ་སྡེའིྎ གཞན་ཡང་སྤྲུལ་པའི་ཕོ་ཉ་ནི། །དཀར་མོ་སེར་མོ་དམར་མོ་དང་། །ལྗང་ནག་ལ་སོགས་འབུམ་སྡེའི་ཚོགས། །བསྐང་ངོ་ཁྱོད་ཀྱིྎ བདུད་ཀྱི་དམག་དཔུང་བཟློག་པའི་ཕྱིར། །ཡང་སྤྲུལ་བྱེ་བའིྎ མཉེས་པའི་རྟེན་རྫས་མ་ཉམས་ཕུད། །ཚོགས་དང་གཏོར་མ་རྒྱ་ཆེན་འདིས། །འདོད་ཁམས་མ་མོ་ཀུན་གྱི་གཙོ། །འཁོར་བཅས་ཐུགས་དམ་སྐོང་གྱུར་ཅིག །དེ་ལྟར་མ་མོ་འཁོར་བཅས་ཀྱི། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རིག་འཛིན་རྣལ་འབྱོར་བདག་ཅག་ལ། །མཁའ་འགྲོའི་ཉམས་ཆག་བྱུང་བ་སྐོང་། །འཇིག་རྟེན་མཁའ་འགྲོའི་གནོད་པ་ཟློག །མ་མོའི་ཡམས་ནད་བྱུང་བ་ཟློག །གཤིན་རྗེའི་ཁྲམ་ལ་བཏབ་པ་ཟློག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །བནྡྷེའི་བྱད་ཁ་སླར་ལ་སྒྱུར། །སྡེ་བརྒྱད་གནོད་པ་ཐམས་ཅད་ཟློག །གཞན་གྱིས་རྦད་འདྲེ་ཕུར་ཁ་ཟློག །རྨི་ལྟས་མཚན་མ་ངན་པ་སྒྱུར། །ལོ་སྐེག་ཟླ་སྐེག་ཞག་སྐེག་སྒྱུར། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པའི་ཚོགས། །ཐམས་ཅད་ཐལ་བའི་རྡུལ་དུ་རློག །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །དམ་ཚིག་ཉམས་པ་སྐོང་གྱུར་ཅིག །མཆོག་དང་ཐུན་མོང་ལ་སོགས་པའི། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཚེ་དང་དབང་ཕྱུག་སྤེལ་དུ་གསོལ། །དཔལ་དང་གྲགས་པ་བསྒྲུབ་ཏུ་གསོལ། །འཁོར་དང་བསྟན་པ་བསྲུང་དུ་གསོལ། །ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །བསམ་པ་སྒྲུབ་ལ་རེ་བ་སྐོངས། །མཐུ་སྟོབས་སྐྱེད་ལ་དཔུང་གཉེན་མཛོད། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ཉིན་དང་མཚན་མོ་བྱ་ར་མཛོད། །གཞན་ཡང་ཡིད་ལ་གང་འདོད་པ། །དེ་ནི་ཁྱོད་ཀྱིས་སྒྲུབ་པར་མཛོད།། ཅེས་བརྗོད་ནས་བཤགས་པ་བྱ་བ་ནི། ཧཱུྃ། འགྲོ་བའི་དོན་དུ་སྐུ་མཆོག་འཇིགས་པ་ལས། །འཇིག་རྟེན་མ་ལུས་ཁྱབ་པར་གསལ་མཛད་ཅིང་། །ང་རྒྱལ་དྲེགས་པ་ཅན་རྣམས་འཇོམས་མཛད་པའི། །ཡོན་ཏན་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །འདའ་དཀའ་རྡོ་རྗེའི་དམ་ཚིག་གཉེར་གཏད་པས། །སྲུང་བར་དམ་བཅས་སྐུ་ཡི་དམ་ཚིག་ལ། །སྐུ་ཡི་སྤྱོད་པ་ཚུལ་བཞིན་མ་རྟོགས་ཏེ། །ཁམས་གསུམ་མ་ལུས་ཁྱབ་ལ་བཟོད་པར་གསོལ། །རྣལ་འབྱོར་གདུང་གསོབ་བདག་ཅག་འདིར་འདུས་རྣམས། །སྤྱི་དང་ཁྱད་པར་དམ་ཚིག་མི་སྟོང་ཡང་། །ཀློང་དུ་གྱུར་པའི་གོམས་ཤེས་རྩལ་ཆུང་བ། །མ་གཅིག་ལྷ་མོའི་སྐུ་ལ་བཟོད་པར་གསོལ། །ཐུགས་རྗེས་ངེས་པར་གཟིགས་པའི་ལྷ་མོ་ལ། །དམ་རྫས་གཙང་མའི་མཆོད་པ་མ་བཤམས་ཏེ། །ཕོངས་སེམས་དབང་གིས་མཆོད་པ་རྒྱུ་ཆུང་བ། །རྫོང་མོ་དཀའ་ཟློག་སྐུ་ལྎ མ་གཅིག་སྐུ་མདོག་ཕྱག་མཚན་ཕྱག་རྒྱ་ལས། །དོན་དང་མཐུན་པ་ཚུལ་བཞིན་མ་བྲིས་ཏེ། །འཕགས་མའི་ཐུགས་རྗེ་གཡེལ་བར་གྱུར་པ་རྣམས། །བདུད་ལས་རྒྱལ་བའི་སྐུ་ལྎ བུ་ཡི་ཚུལ་གྱིས་རྒྱུ་ཡི་དམ་ཚིག་ལ། །ལེ་ལོ་གཉིད་དབང་གཡེང་བྲེལ་གཏམ་ལ་སོགས། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །ཐུགས་རྗེས་ཚངས་པར་རབ་ཏུ་བཤགས་སུ་གསོལ།། ཞེས་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསུངས་སོ། །གཞན་ཡང་། བྷྱོཿ ཐོད་པ་དགུ་བརྩེགས་སྲིད་པའི་གཞལ་ཡས་ནས། །དཔལ་ལྡན་ལྷ་མོ་གསན་ཅིང་དགོངས་སུ་གསོལ། །རང་ལ་རིག་པའི་ཡེ་ཤེས་རྒྱུན་ལྡན་ཡང་། །འཕྲལ་བྱུང་རྣམ་རྟོག་ཤིན་ཏུ་དབང་ཆེ་བས། །ལོག་རྟོག་མཚན་མ་གཉིས་ཀྱི་དབང་གྱུར་ནས། །ཏིང་འཛིན་ཡི་དམ་རྩེ་གཅིག་མི་གསལ་ཞིང་། །དཔལ་ལྡན་ལྷ་མོའི་བཀའ་ལས་འདས་གྱུར་པ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །འབད་པ་རྩལ་ཆུང་བཟླས་བརྗོད་བསྙེན་པ་ཆག །མན་ངག་གཞུང་དང་འགལ་བ་བཟོད་པར་གསོལ། །འཆལ་ལ་གཡེང་བས་གསང་བའི་ཚིག་མ་ཐུབ། །ཟབ་མོའི་དོན་དང་འགལ་བྎ ཐལ་མོ་རྔ་གླིང་དུས་སུ་མ་ཚོགས་ཏེ། །བརྡ་ཡི་མཆོད་པ་ཆག་པྎ བདུད་ཡུམ་ཡེ་ནས་གནག་པའི་ཚུལ་སྟོན་ཀྱང་། །བློ་ཞན་དོན་མ་རྟོགས་པྎ སྦྱོར་བ་ཡེ་ནས་ལྷ་མོའི་ཆོས་སྤྱོད་ཀྱང་། །སྦྱོར་བའི་མཆོད་པ་ཆག་པྎ བོང་བུ་ཡེ་ནས་ལྷ་མོའི་ཆིབས་ཡིན་ཀྱང་། །མ་བརྟེན་བརྡེག་པར་གྱུར་པྎ གཤིན་རྗེ་ཡེ་ནས་ལྷ་མོའི་ཁྱོ་ཡིན་ཀྱང་། །ངན་སེམས་སྤང་སེམས་སྐྱེས་པྎ རླུང་ནག་ཡེ་ནས་ལྷ་མོའི་སྤྲུལ་ཡིན་ཀྱང་། །ངན་པའི་སེམས་ཀྱིས་སྨད་པྎ ལེ་ལོ་སྙོམས་ལས་དབང་གྱུརྎ མཆོད་པ་ལོ་ཟླར་འདས་པྎ ཞག་ནས་ཞག་ཏུ་ཆག་པྎ ཉ་ཤི་དུས་དྲུག་ཆག་པྎ སྔོན་ནས་རང་གི་བག་ཆགས་མ་སྦྱངས་པས། །དམ་རྫས་བརཏལ་ཞུགས་ཆུང་བྎ སྔོན་ནས་སེར་སྣའི་དབང་དུ་གྱུར་ལགས་པས། །ཚོགས་ལ་གཡོ་སྒྱུ་བྱས་པ་བཟོད་པརྎ སྔོན་ནས་ཤིན་ཏུ་གསང་དབང་མ་ཐོབ་པས། །འདོད་ཆགས་ཆོས་ལ་སྤྱད་པྎ བརཏལ་ཞུགས་ལྟ་བ་ཟབ་མོ་མ་རྟོགས་པས། །རྣམ་སྨིན་མཐོང་ནས་མ་བསྒྲལྎ ཏིང་འཛིན་ལྟ་བ་ཀློང་དུ་མ་གྱུར་པས། །ཕུད་དང་ལྷག་མ་མ་ཕྱེདྎ ཞེ་སྡང་དབང་ལ་ང་རྒྱལ་འདྲེས་གྱུར་པས། །རྡོ་རྗེ་ནང་དམེ་བྱས་པྎ ང་རྒྱལ་དབང་ལ་ཕྲག་དོག་འདྲེས་གྱུར་པས། །སློབ་དཔོན་སྐུ་ལ་བརྡོས་པྎ སྔོན་ནས་རང་སེམས་ལྟ་བ་དཔངས་དམས་པས། །རྣལ་འབྱོར་ཉེ་ཕྱོགས་བྱས་པྎ ལྟ་སྤྱོད་ཟབ་མོའི་མན་ངག་མ་རྟོགས་པས། །བློ་ལ་ཁུ་འཕྲིག་ཞུགས་པྎ ལྟ་བ་དྲོད་ཀྱི་མན་ངག་མ་རྟོགས་པས། །ཉམས་ཀྱི་དྲོད་མ་སྐྱེས་པ་བཟོད་པར་གསོལ། །ཨོཾ། ཡེ་ཤེས་ལྷ་དང་ལྷ་མོ་མི་ཕམ་བདག །དང་པོ་སྒྲུབ་དང་བསྒྲུབ་པར་བྱས་ནས་ནི། །མཐུན་པའི་དམ་རྫས་གཞུང་བཞིན་མ་ཚོགས་པས། །དཔལ་ལྡན་ལྷ་མོའི་ཐུགས་དང་འགལ་གྱུར་པས། །བཀའ་ཡི་ཆད་པའི་གནས་སུ་གྱུར་ལགས་ན། །ཡེ་ཤེས་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །ཐུགས་དང་འགལ་བར་གྱུར་པ་མཐོལ་ལོ་བཤགས། །དམ་ཚིག་ཉམས་པར་གྱུར་པ་སྐོང་གྱུར་ཅིག། དེ་ལྟར་བཤགས་ནས་ཚོགས་མཆོད་ཕུལ། །ལོངས་སྤྱོད་པའི་ལྷག་མ་རྣམས་ཁ་ཆུས་བྲན་ལ་འབྱུང་པོ་ལ་སྟེར་རོ། །དེ་ནས་ལས་ཀྱི་གཉེར་གཏད་པ་ནི། ལྷ་མོ་འཁོར་དང་བཅས་པ་ལ་རྩེ་གཅིག་པའི་མིག་དང་ཡིད་ཀྱིས་བསྙེན་ཅིང་ལྟ་བས་ཐལ་མོ་སྦྱར་ལ་སྨྲེང་གསོལ་བ་འདི་སྐད་དུ་བརྗོད་ད།ོ། བྷྱོཿ མཁའ་འགྲོ་ནག་མོ་དུད་པའི་སོལ་བ་མ། མ་ལྟར་མཉེན་གཤིན། རྒྱ་མཚོ་ལྟར་དཀྱེལ་ཆེ། རི་བོ་ལྟར་ལྷུན་ཆགས། ཉི་ཟླ་ལྟར་འོད་གསལ། ནོར་བུ་ལྟར་རེ་བ་སྐོང་བ། ཅི་བགྱིའི་དབང་ཕྱུག་མ་འཁོར་དང་བཅས་པ་ལ་རྣལ་འབྱོར་པ་བདག་གིས་གཏད་གཉེར་དུ་བྱ་བའི་འོས། དངོས་གྲུབ་རྣམ་པ་གཉིས། བཀའ་དང་བསྟན་པ། ཆོས་དང་དམ་ཚིག །ཚེ་དང་བསོད་ནམས། ནད་མེད་པ་དང་བདེ་བ་དམ་པ། བསྐུལ་ཞིང་བཅོལ་བའི་ལས། སློབ་མ་དང་འཁོར། སྦྱིན་པོ་དང་འབངས། དཀོར་དང་ལོངས་སྤྱོད། མངའ་རིས་དང་དབང་ཕྱུག །སྡེ་དང་སྲིད། མཆོད་རྟེན་དང་གཙུག་ལག་ཁང་། དགོན་གནས་དང་ཡུལ་འཁོར་དུ་བཅས་པ་ཐམས་ཅད་གཏད་ཀྱིས། མཐུན་ཞིང་དགྱེས་པའི་རྟེན་རྫས་དམ་ཚིག་གི་གཟུགས་སུ་གྱུར་པ་འདི་རྣམས་ལ་བརྟན་པར་བཞུགས་ཏེ། གནས་ལུས་ལོངས་སྤྱོད་མཐུ་སྟོབས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པར་གྱུར་པ། ལས་བཅོལ་ཞིང་གཏད་པ་འདི་མཐའ་དག་གི་གཉེར་ཁ་གྱིས་ལ། མི་མཐུན་པའི་ཕྱོགས་མཐའ་དག་ལས་སྲུངས། མཐུན་རྐྱེན་ཐམས་ཅད་སྒྲུབས། གོང་ནས་གོང་དུ་སྤེལ། སྙིང་ལ་གཅེས་པ་དང་ཡིད་ལ་བརྣག་པ་མ་དོར་བར་བྱང་ཆུབ་ཀྱི་བར་དུ་བརྟན་པར་སྐྱོངས་ལ་ཡིད་བཞིན་དུ་འདོད་པ་འཇོ་བར་བྱོས་ཤིག ཅེས་གཏད་གཉེར་རྩེ་གཅིག་ཏུ་བྱའོ། །སྐབས་འགའ་ཞིག་ཏུ་དྲག་པོའི་གཏོར་མ་འཕང་བར་འདོད་ན་འོག་ནས་བཤད་པ་བཞིན་འདིར་བྱའོ། །རྗེས་ཀྱི་བྱ་བ་ནི། རྣམ་ལྔ་ལ་སོགས་པས་མཆོད་ལ་འདིས་བསྟོད་པ་བྱ་སྟེ། བྷྱོཿ ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདི་ན་མཐུ་རྩལ་ཆེ། །བདག་གིས་གུས་ཤིང་བསྟོད་ལགས་ན། །བཀྲ་ཤིས་མཆོག་གྲུབ་གཏེར་གནས་མ། །ཡིད་མྱུར་རྫུ་འཕྲུལ་མཐུ་སྟོབས་ཅན། །མ་མོར་བྱེད་ཅིང་འཇིག་རྟེན་སྐྱོང་། །དཔའ་བརྟན་རྟགས་སྤྱོད་བརྩོན་འགྲུས་ཆེ། །འཐབ་མོའི་གཡུལ་ལས་ཤིན་ཏུ་རྒྱལ། །གཤིན་རྗེའི་སྲིང་མོ་ཡིན་པའི་རྟགས། །གོས་སུ་ཞིང་ཆེན་རེ་ལྡེ་གསོལ། །སྤྱན་རྩ་དམར་ལ་སྡང་མིག་ཅན། །སྤྱན་རྩ་མཐོང་ན་ཀུན་ཀྱང་འདར། །དད་ཅིང་ཕྱོགས་རྣམས་ཀུན་སྡུད་ཅིང་། །དྲང་སྲོང་བདེན་པའི་ཚིག་གིས་ནི། །ལྷ་མོ་ཁྱོད་ལ་བདག་གིས་བསྟོད། །རྨ་བྱའི་སྒྲོས་ནི་རྒྱན་ཆ་བྱས། །རྟག་ཏུ་འཇིག་རྟེན་སྡུད་པར་བྱེད། །སེངྒེ་སྟག་དང་སྤྱང་ཀི་དང་། །དོམ་དྲེད་ཝ་སྤྱང་འཕར་བ་སོགས། །རྟག་ཏུ་ཀུན་གྱིས་བསྐོར་བར་བྱེད། །རྡོ་རྗེ་དྲིལ་ཆེན་དཀྲོལ་བར་བྱེད། །ཁྱོད་ལ་བསྟོད་དེ་ཕྱག་འཚལ་བསྟོད།། ཅེས་རྒྱུད་ལས་གསུངས་སོ། །དེ་ནས། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་ལྷ་མོས་བཟོད་པར་གསོལ། །བཛྭ་ལཱ་ཀྵྼ་རཱ་ག་ཡ་མི་ཧཱུྃ། ཞེས་མེ་ཏོག་དང་བཅས་པས་དམ་ཚིག་གི་ལྷ་མོ་དང་ཡེ་ཤེས་ཀྱི་ལྷ་མོ་འཁོར་བཅས་རྟེན་རྫས་དང་སྐུ་གཟུགས་སམ་རང་གི་སྙིང་ཀར་བསྡུ་བའམ། བཛྭ་མུཿ ཞེས་སེ་གོལ་དང་བཅས་པས་སྒྲུབ་པ་པོ་ཁྱོད་ཀྱིས་ཇི་ལྟར་བསྒོ་བ་བཞིན་བྱའོ་ཞེས་ཁས་བླངས་ཏེ་འཁོར་དང་བཅས་པ་ཤྭ་དིར་གྱིས་གྱེས་པར་བསམ་མོ། །མཆོད་གཏོར་དང་བསྐང་གཏོར་ས་གཙང་མར་མཚན་མོ་ཡིན་ན་ཏལ་འབར་བཙུགས་ཏེ་དུར་ཁྲོད་བདག་མོས་གཤེགས་པར་བྱའོ། །དེ་ནས་སྨོན་ལམ་གདབ་པ་ནི། སེམས་ཅན་ཐམས་ཅད་ནད་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གི་ལམ་གནས་གྲོལ་བ་ཡི། །སངས་རྒྱས་ཉིད་དང་ཕྲད་པར་ཤོག །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །ད་ལྟ་ཉིད་དུ་རྗེས་སྩོལ་བའི། །ལམ་དེ་ཉིད་ལ་གནས་པར་ཤོག། ཅེས་པ་གདན་བཞིའི་རྒྱུད་ལས་གསུངས་སོ། །དེ་ནས་བསྔོ་བ་བྱ་བ་སྟེ། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་བྱེད་ཅིང་། །སེམས་ཅན་སྡུག་བསྔལ་ཚོགས་ཀྱིས་གཟིར་ལས་སྒྲོལ།། ཞེས་པའོ། །བཀྲ་ཤིས་བྱ་བ་ནི། རྡོ་རྗེ་འཆང་ཆེན་ཏིལླི་ནཱ་རོ་དང་། །མར་པ་ཆོས་རྡོར་མདོ་སྡེ་ཀུན་དགའ་དང་། །གཟི་བརྗིད་གྲགས་པ་རིན་བཟང་ཆོས་ཀྱི་མཚན། །དོན་གྲུབ་བྱང་ཆུབ་རིན་ཆེན་དཔལ་བཟང་སོགས། །བརྒྱུད་པའི་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཟབ་མོ་རྒྱུད་ཀྱི་སྲུང་མ་མ་མོ་ནི། །ཞལ་གཅིག་ཕྱག་བཞི་ཕྲིན་ལས་རྣམ་བཞི་སྒྲུབ། །རྫུ་འཕྲུལ་མཐུ་ལྡན་དགྲ་བགེགས་ཚར་གཅོད་པའི། །ཁྲག་འཐུང་དུད་སོལ་ལྷ་མོའི་བཀྲ་ཤིས་ཤོག །དེ་ཡི་སྐུ་གསུང་ཐུགས་སྤྲུལ་ཕོ་ཉ་ནི། །འགུགས་བྱེད་གསོད་བྱེད་གསུམ་དང་མཁའ་འགྲོ་བཞི། །གདོང་ཅན་བརྒྱད་དང་སྒོ་མ་བཞི་ལ་སོགས། །ལས་བྱེད་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག། ཅེས་སྐབས་དང་བསྟུན་པའི་ཤིས་པ་བརྗོད་པ་ཅི་རིགས་པར་བྱའོ། །དེ་ལྟར་བསྙེན་པ་བྱས་ནས། གཉིས་པ་སྒྲུབ་པ། གསུམ་པ་ལས་སྦྱོར་རྣམས་བླ་མའི་མན་ངག་ལས་ཤེས་པར་བྱ་ལ། འདིར་ལས་སྦྱོར་ལས་དྲག་པོའི་གཏོར་མ་འཕང་བར་བཤད་པ་ནི། ལྕགས་ལ་སོགས་པའི་སྣོད་དུ་བཤོས་བུ་ཟུར་གསུམ་འཁོར་གསུམ་གྱིས་བསྐོར་བ་བསད་པའི་ཤ་དང་ཁྲག་དང་སྙིང་གིས་བརྒྱན་པ་ནད་དང་མཚོན་ཆར་བྱིན་གྱིས་བརླབས་ཏེ་སྲུང་མ་བསྐུལ་བ་ནི། བྷྱོཿ མ་གཡེལ་མ་གཡེལ་དམ་ཅན་ཚོགས། །བོས་པའི་དུས་ན་སྙན་མ་སྲ། །གཡབ་པའི་དུས་ན་རྒྱང་མ་རིང་། །བསྒྲུབ་པའི་དུས་ན་གོང་མ་གཡེལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །ཤ་ཁྲག་གཟན་དུ་བོར་ནས་ཁྱོད་བསྒྲུབ་བོ། །ལུས་སྲོག་འབེན་དུ་བཙུགས་ནས་ཁྱོད་བསྒྲུབ་བོ། །དམ་རྫས་རྟེན་དུ་བཙུགས་ནས་ཁྱོད་བསྒྲུབ་བོ། །ཕུག་པ་ཞྭ་ལྟར་གྱོན་ནས་ཁྱོད་བསྒྲུབ་བོ། །རྣལ་འབྱོར་བདག་ནི་གཙང་ཤས་ཉ་བཞིན་མྱུལ། །དམ་ཉམས་དགྲ་ནི་གངས་ཁོངས་སེང་ལྟར་རྒྱུ། །ས་སྟེང་འདི་ན་བདག་ལ་མགོན་མེད་པས། །མ་གཅིག་དམ་ཅན་ཐུགས་རྗེས་མི་དགོངས་སམ། །འཁོར་གྱི་ཚོགས་ལ་བཀའ་ནན་མི་མཛད་དམ། །དམ་ཉམས་དགྲ་ལ་ཕྲིན་ལས་མི་མཛད་དམ། །ལྷ་མོ་མི་ཕམ་ཡི་དམ་སྲོག་གི་ལྷ། །རྣལ་འབྱོར་ཀུན་གྱི་དགྲ་ལྷ་མོ། །ནག་མོ་ཆེན་མོ་ཆར་སྤྲིན་མདོག །དཔལ་ལྡན་ལྷ་མོ་ཐུགས་དམ་ཅན། །རྡོ་རྗེ་ལྕམ་གཅིག་ལས་མཁན་མ། །སྲོག་གཅོད་ནད་གཏོང་བོང་བུ་ཞོན། །རྣལ་འབྱོར་བདག་གི་སྟོང་གྲོགས་མཛོད། །དམ་ཉམས་ཀུན་གྱི་བདུད་གཅོད་མ། །དམ་ཚིག་ཅན་གྱི་ཚེ་འཛིན་མ། །ལེགས་ཉེས་ཀུན་གྱི་སྟངས་གཅོད་མ། །འཁོར་རྣམས་ཕོ་ཉར་ད་ཐོངས་ལ། །བསྟན་པ་འཇིག་པའི་དམ་ཉམས་ཀྱི། །བདུན་རྒྱུད་རྩད་ནས་ཆོད་ལ་ཤོག །ལོ་དང་ཟླ་བར་མ་བཞག་པར། །ཞག་དང་ཟ་མ་ཉིད་དུ་སྒྲོལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོཿ སངས་རྒྱས་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །ཁྱོད་ཀྱིས་དེང་ནས་འཁོར་བ་ཇི་སྲིད་བར། །དཀར་པོའི་ཕྱོགས་ཀྱི་ནད་དང་སྡུག་བསྔལ་ཀུན། །ཞི་བར་བྱ་ཕྱིར་ཚེ་དང་བསོད་ནམས་སྤེལ། །ནག་པོའི་ཕྱོགས་ནི་འགུགས་འཆིང་དབང་དུ་སྡུད། །སྨྱོ་འབོག་བསད་ལ་སོགས་པའི་ལས་འདི་དག །བསྟན་པ་བསྲུང་ཕྱིར་ལས་འདི་བསྒྲུབ་པར་བགྱི། །འདི་ལས་འདས་ན་རྒྱལ་བའི་བཀའ་བསླུས་པས། །དུས་གསུམ་རྒྱལ་བའི་རྡོ་རྗེས་མགོ་འགེམས་ཤོག །དེ་སྐད་རྒྱལ་བའི་སྤྱན་སྔར་ཁས་བླངས་ཤིང་། །དམ་བཅས་བཞིན་དུ་ཕྲིན་ལས་སྒྲུབ་པར་མཛོད། །རྣལ་འབྱོར་བདག་དང་བདག་གི་འཁོར་བཅས་ལ། །ཞལ་ནས་བདུད་རྩིའི་ཆར་གྱི་རྒྱུན་ཕོབ་ལ། །ནད་སོགས་སྡུག་བསྔལ་ཚོགས་རྣམས་ཞི་བར་མཛོད། །ཚེ་དང་དབང་ཐང་ལོངས་སྤྱོད་རྒྱས་པར་མཛོད། །ཟང་ཟིང་ལོ་ཏོག་འབྲུ་ཡི་ཕུང་པོ་དང་། །རིན་ཆེན་རྐང་འགྲོ་ཕྱུགས་རྣམས་འཕེལ་བར་མཛོད། །ད་ཡང་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །བླ་མ་ལ་སྨོད་དཀོན་མཆོག་དབུ་འཕང་སྨད། །བདག་གི་དགེ་བའི་བར་ཆད་བྱེད་པའི་དགྲ། །དམ་ཉམས་དགྲ་བོ་ཞེས་བྱ་བའི་ལས་ངན་འདི། །ཁྱོད་ཀྱི་ཤངས་ནས་དུག་གི་རླུང་བུས་ལ། །འདུ་བ་རྣམ་བཞིའི་ནད་རྣམས་ཁོངས་ནས་སློང་། །པགས་བཞི་ས་ལ་ལྷུང་ནས་རྡེབ་ཏུ་ཆུག །དོན་སྙིང་རྣམ་ལྔའི་ཁོང་ཁྲག་སྐྱུག་ཏུ་ཆུག །ལས་ངན་འཁོར་བཅས་བྲང་ཆེན་རྡུང་དུ་ཆུག །སྨྲེ་སྔགས་ཆོ་ངེས་གནམ་དུ་འབོད་དུ་ཆུག །འཆི་བའི་དུས་མཐར་སྨྱོ་འབོག་ནད་ལ་སོགས། །གཅན་གཟན་མཁའ་ལྡིང་ལ་སོགས་ལྟས་ངན་ཕོབ། །བསྟན་པ་སྲུང་བའི་ལས་རྣམས་སྒྲུབ་པར་མཛོད།། དེ་ནས་གཏོར་མ་དགྲ་ཕྱོགས་སུ་འཕངས་བས་དགྲ་བོ་འཁོར་བཅས་བརླག་པར་འགྱུར་རོ། །འདིར་དྲག་པོའི་གཏོར་མ་ནི་སྒྲུབ་པ་དང་མ་འབྲེལ་བར་འཕངས་བས་ཀྱང་རུང་བའི་ཕྱིར་བསྟན་པ་ཡིན་གྱི། གཞན་ལས་སྦྱོར་རྣམས་རྗེ་གོང་མ་རྣམས་ཀྱི་ཕྱག་བཞེས་ལས་འབྱུང་བ་བཞིན་ལས་འདིར་རྒྱས་པར་མ་བཤད། འདིར་ཡང་གོང་དུ་མི་སྟོན་པ་ལས་སྦྱོར་གྱི་ཆ་ལག་ཡིན་པས་སྐབས་འདིར་བཤད་པ་ཡིན་ནོ། །ཞེས་དཔལ་ལྡན་ལྷ་མོའི་ཆོ་ག་ཕྲིན་ལས་ཀྱི་འདོད་པ་འཇོ་བར་བྱེད་པ་འདི་ཉིད། ལྷོ་ཕྱོགས་ནོར་འཛིན་གྱི་སྐྱེ་བོ་མ་ལུས་པ་བདེ་བར་སྐྱོང་ཞིང་། ལུགས་གཉིས་ཅིག་ཅར་གྱི་གཟིགས་པ་མི་དམན་པ་མིའི་དབང་པོ་མཚོ་སྐྱེས་རྡོ་རྗེས་བསྐུལ་བའི་ངོར། སྐྱེ་བ་ནས་སྐྱེ་བར་ཡེ་ཤེས་ཀྱི་ལྷ་མོས་རྗེས་སུ་བཟུང་བ། ཤཱཀྱའི་དགེ་སློང་མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའམ། མིང་གཞན་མིའི་མཆོག་གིས། རྒྱ་གཞུང་གཉིས་གཞིར་བྱས། རྗེ་མར་རྔོག་ཡབ་སྲས་ཀྱི་བཞེད་པས་ཁ་བཀང་སྟེ། རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བའི་མདུན་ས་ལ་ཉེ་བར་འཁོད་པ་པོ་ཊ་ལར། ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོ། ཧོར་གྱི་ཟླ་བ་བདུན་པའི་ཡར་ཚེས་བཟང་པོ་ལ་སྦྱར་བའི་ཡི་གེ་པ་ནི་བླ་མ་རྒྱ་མཚོའོ། །དགེ་ལེགས་འོད་སྟོང་འཕྲོ་བ་ཇི་སྙེད་དེས། །ཐུབ་བསྟན་འདབ་སྟོང་ཚོགས་རྣམས་རྒོད་པ་དང་། །བདུད་བགེགས་མུན་པའི་སྨག་རུམ་མཐར་བརླག་ནས། །རིས་མེད་བསྟན་པའི་རྩ་ལག་ཉིད་གྱུར་ཅིག །སརྦ་མངྒ་ལཾ།། ༈ འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་དུད་སོལ་བིརྦ་པ། །ཙརྻ་རྣམ་རྒྱལ་ཞབས་དང་ཏིལླི་པ། །ཤྲཱི་ཛྙྱཱ་ན་སིདྡྷི་མར་པའི་ཞབས། །རྔོག་སྟོན་ཆོས་རྡོར་མདོ་སྡེ་ཀུན་དགའ་དང་། །གཟི་བརྗིད་གྲགས་པ་རིན་ཆེན་བཟང་པོ་དང་། །ཆོས་ཀྱི་རྒྱལ་མཚན་དོན་གྲུབ་དཔལ་བ་དང་། །རྡོ་རྗེ་འཆང་དངོས་བྱང་ཆུབ་དཔལ་བའི་ཞབས། །རྒྱལ་བའི་དབང་པོ་རིན་ཆེན་དཔལ་བཟང་གཉིས། །དགེ་སློང་རིན་རྣམ་བྱང་ཆུབ་དཔལ་གྲུབ་གཉིས། །ཆོས་ཀྱི་གྲགས་པ་དྲུང་གནས་ནམ་ལྷུན་པ། །མཐུ་སྟོབས་ལྡན་པ་ཡོན་ཏན་ཡེ་ཤེས་དང་། །རྒྱལ་དབང་པད་དཀར་བསྟན་པའི་ཉི་མ་དང་། །རྔོག་འབྲུག་བསྟན་འཛིན་ངོ་མཚར་རྡོ་རྗེའི་མཚན། །སྙིགས་དུས་འགྲོ་སྐྱོང་གདུང་འཛིན་སྤྲུལ་པའི་སྐུ། །བསྟན་སྲུང་མོ་རྒྱུད་གཙོ་མོ་དུད་སོལ་མའི། །དབང་བརྒྱུད་མན་ངག་ཀུན་འདུས་བླ་མར་འདུད། །ཅི་བསམ་དངོས་གྲུབ་བསྟན་སྲུང་ཕྲིན་ལས་ཀུན། །མཆོག་དང་ཐུན་མོང་ཚེ་འདིར་འབད་མེད་སྩོལ།། །།ཤུ་བྷམསྟུ་སརྦ་ཛ་ག་ཏཱཾ།། །།


previousདཔལ་ཡེ་ཤེས་ཀྱི་ལྷ་མོ་དུད་སོལ་མའི་གསང་སྒྲུབ་ཕྲིན་ལས་ཀྱི་འདོད་འཇོ།next