Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
དཔལ་ལྡན་ལྷ་མོའི་ཞལ་ཧོམ་གྱི་ལས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་ལྷ་མོའི་ཞལ་ཧོམ་གྱི་ལས།next

དཔལ་ལྡན་ལྷ་མོའི་ཞལ་ཧོམ་གྱི་ལས།

དཔལ་ལྡན་ལྷ་མོའི་ཞལ་ཧོམ་གྱི་ལས་བཞུགས་སོ། །རྣམ་ཐར་སྒོར་གཞོལ་རྒྱལ་བའི་ཡུམ། །ཚད་མེད་བཞིས་བསྐུལ་ལས་ཀྱི་མ། །དུད་སོལ་ཞེས་བྱ་ས་གསུམ་ན། །དབང་མོ་ཆེ་ལ་ཕྱག་འཚལ་ལོ།། མེ་ལྕེ་འཕྲེང་བ་ལས་གསུངས་པའི་དཔལ་ལྷ་མོ་ནག་མོའི་ཞལ་ཧོམ་བཅས་ཏེ་དགྲ་བགེགས་སྒྲོལ་བར་འདོད་པས། དུས་གཟའ་དྲག་པོ་རྒྱུ་བ། ཕུང་གསུམ་བདུད་ཀྱི་ཉི་མ་ལ། ས་མེ་ཐུབ་བཟང་པོ་ལ་ལྕགས་ཕྱེ། དུར་ཁྲོད་ཀྱི་ས་རྡོ། ངམ་གྲོགམཚོ། གཡུལ་སྤྲད་པའི་ས་ལ་ཀླུ་གདོལ་པ་གནས་པའི་ཆུ་མིག་གི་ཆུས་སྦྲུས་ལ་ལས་ཀྱི་མ་མོ་གཤིན་རྗེ་མོའི་གཟུགས་ཤིན་ཏུ་ཁྲོས་པ། ལྗགས་བརྐྱང་བ། རྒྱན་མེད་རལ་པ་སྤྱི་བོར་བཅིང་པ། ལག་གཡས་ཉི་མ། གཡོན་ཟླ་བ་རྡེབ་ལ་ཁད་པའི་ཕྱར་སྟབས། གྲུ་གསུམ་གྱི་ནང་ནས་ལྟོ་བ་ཡན་འཕགས་པ། ནང་ཁོང་སེང་ཞལ་སྤྱན་ཀུན་ནས་མེ་ལྷབ་ལྷབ་ཡོང་བ་ལ། མགར་གྱི་སོལ་བ་དང་དུག་ཁྲག་རོ་སོལ་གྱིས་ནག་པོར་བྱུག དུག་ཤིང་གི་ལོ་མ་ལ་དུག་ཁྲག་གིས་དགྲ་ལིང་། ཐ་མ་ལ་བསད་སྔགས་ཀྱིས་བསྐོར་བ་བརྒྱ་རྩ་བརྒྱད་རང་གི་དྲི་མ་མ་ཤོར་བ་བྲི། བོང་བུ་ནག་པོའི་ཆུ་ལ་དགྲའི་ཟག་རྫས་ཇི་སྙེད་པ་སྦངས་ཏེ་བྱུགས་ཞུན་ཆེན་ནག་གི་མར་ཁུ་ཅུང་ཟད་དང་། གྲུ་གསུམ་དུ་སེང་ལྡེང་། མེད་ན་གླ་བ། ཚེར་ནག་སྐྱེར་བ་གསུམ་གྱི་ཤིང་བུ་བརྩིགས་ལ་གཤན་པའམ་མགར་བའི་ཁྱིམ་ནས་མེ་བླངས་ལ་དེས་སྦར། ལས་སྦྱོར་གྱི་སྔོན་དུ་ལིདྒ་རྟགས་ཐོན་བསྒྲུབས་ཡོད་ན་བཟང་། མེད་ན་བདག་ཉིད་གཤིན་རྗེ་གཤེད་ལྕགས་ཀྱུ་དང་ཞགས་པ་འཛིན་པ་ཤིན་ཏུ་ཁྲོ་བ་དམིགས། ཐུགས་ཀ་ནས་ཕོ་ཉ་བཞི་སྤྲོས། དེ་རྣམས་ཀྱིས་དམིགས་པའི་དགྲ་དངོས་དང་དེའི་སྲུང་ཟློག་མཁན་རྣམས་ཀྱི་སྙིང་ཕུག་ཞགས་པས་བཅིངས་ཏེ་ཁུར་ནས་མདུན་གྱི་ཉའུ་རྣམས་ལ་བསྟིམ། བདེན་བདར་ཚར་གསུམ་བྱ། དེ་ནས་དགུག་པའི་སྔགས་འདི་བཟླས་སོ།། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། མ་མ་ཏྲག་རཀྵ་རུ་ལུ་རུ་ལུ་བྷྱོ་ཛ་ཛ་ཁུག ཨཱ་ཀཀྵ་ཡ་ཛ་བཟླས། དེ་ནས་གུ་གུལ་གྱི་དུད་པ་ལ་ལིང་ག་བདུག བྱ་རོག་འུག་པའི་སྒྲོས་བརྡེག་ཅིང་། མ་མ་ཏྲག་རཀྵ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཛ་དགྲ་བོ་མཱ་ར་ཡ་ཕྱེ་ཕྱེ། མ་མ་རུ་ཏི་ནི་ཨ་ཕྱེ་ཞེས་པས་དེ་ལྷ་དང་བྲལ་བར་བསམ། དེ་ནས་ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་ཡུངས་ཀར་ནག་སོགས་ཀྱི་ཐུན་མཚོན་ཆར་དམིགས་ནས། མ་བྷྱོ་མ་མ་རུ་ལ་རུ་ལུ་ཏྲག་རཀྵ་བྷྱོ་རེ་མ་ཏི་དགྲ་བོ་མཱ་ར་ཡ་ཛ་ཧཱུྃ་བྷྱོ་བཛྭ་ཕཊ྄་ཅེས་བྲབས་པས་གནོད་བྱེད་བརྒྱལ་འབོགས་པར་བསམ། དེ་ནས་སྐུ་གཟུགས་ཀྱི་མཐའ་ལ་དྲག་པོའི་མཆོད་པ་བདུན་བཀོད། རང་ཉིད་བདུད་ཆས་སུ་ཞུགས། སྐད་ཅིག་གིས་གཤིན་རྗེ་གཤེད་མཐིང་ནག་གཡས་ཐོ་བ་འཕྱར་ཞིང་གཡོན་སྐམ་པ་བཟུང་བ་རྒྱན་མེད་གཅེར་བུ་ཤིན་ཏུ་འཇིགས་པའི་སྐུར་གྱུར། དེ་ནས་མདུན་དུ་སྐུ་གཟུགས་དེ་སྭ་བྷཱ་ཝས་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་དུག་ཁྲག་གི་རྒྱ་མཚོ་དམར་ནག་ཏུ་འཁྱིལ་བའི་ནང་ན་མི་རོ་རྟ་རོ་ལང་ལོང་དུ་ཡོད་པ། ལས་ཀྱི་རླུང་དམར་གྱིས་བསྒུལ་བ། ཁྲག་ཞལ་གི་ཝུ་བ་རི་ཙམ་དུ་འཕྱོ་བ། འུར་སྒྲ་དང་ཐུག་ཆོམ་སྟོང་གསུམ་དུ་གྲགས་པ། ནད་ཀྱི་རླངས་པས་ནམ་མཁའ་གང་བ། མཚོན་ཆའི་ཟིལ་པ་སེར་དྲག་ཏུ་འབབ་པ། ཀེང་རུས་ཀྱི་གྲམ་པས་མཐའ་བསྐོར་བ་དེའི་ནང་དུ་ལས་ཀྱི་མ་མོ་མཐིང་ནག་སྐུ་རི་རབ་ཀྱི་བོངས་ཙམ་རལ་པ་སྤྱི་བོར་བཅིངས་ཤིང་ཕྱེད་གྲོལ་བ། ལག་པ་གཉིས་ཀྱིས་ཉི་ཟླའི་ཆ་ལང་རྡེབ་པས་བྱད་མ་དགྲ་བགེགས་ཐམས་ཅད་ནུར་ནུར་བཅུར་བ་ཞལ་གདངས་ཤིང་ལྗགས་བརྐྱང་བའི་ནང་ནས་བསྐལ་པའི་མེ་ལྕེ་ལྷབ་ལྷབ་འབར་བ། མིག་གསུམ་ཁྲོ་ཆུ་ཁོལ་མ་ལྟར་ཁོལ་བ། བ་སྤུའི་གསེབ་ནས་ནད་ཀྱི་ཁྲོ་ཆུའི་ཚ་ཚ་དམར་སིལ་ལི་ལི་ཁོལ་བ། སྐར་ཆེན་ཐོག་གི་བུ་ཡུག་ཚུབ་པ། སྣ་ནས་རིམས་ཀྱིས་དུད་པ་འཐུལ་བ། ལྟེ་བ་དཀར་པོ་ལྷའི་དམག་གི་རྫོང་། སྲིད་པའི་ཁྱམས་ཁང་སྟེ། དེ་ན་དཔལ་མགོན་ལྕམ་དྲལ་ལས་བྱེད་སྡེ་བརྒྱད་ཀྱི་ཚོགས་ཐམས་ཅད་འཇིགས་པ་གཤིན་རྗེའི་གཟུགས་མཐོང་ན་སྐྱི་བུང་བ། ཤ་ལ་རྔམ་ཤིང་ཁྲག་ལ་དུང་བ་ཐམས་ཅད་ཚོགས་པ། ལྟེ་བ་མན་དུག་ཁྲག་གི་རྒྱ་མཚོར་བྱིང་བ་སྐུ་སྟོད་མེ་དང་དུ་བ་འཁྲུག་པའི་ཀློང་ན་བཞུགས་པར་གྱུར། ཧཱུྃ ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་བྱང་ཤར་ཕ་གི་ན། །བྲག་དང་ཆུ་འཐབ་མཚམས་ཤེད་ན། །སྟོང་གསུམ་སྟོང་གི་རྒྱ་མཉམ་པའི། །དུག་མཚོ་མུ་ལེ་དིང་ཆེན་པོ། །ཁྲག་གི་རྦ་ཀློང་འཁྲུག་པ་ནས། །སྐུ་ཕྱེད་ཐོན་པ་མུན་པའི་མདོག །ལས་ཀྱི་མ་མོ་མ་རུངས་པ། །དམར་ནག་ཁྲག་གི་རལ་པ་ཅན། །ལྟེ་བ་སྲིད་པའི་ཁྱམས་ཁང་སྟེ། །དཀར་པོ་ལྷ་ཡི་དམག་དཔུང་ཚོགས། །ཞལ་གདངས་ལྗགས་བརྐྱང་མཆེ་བ་གཙིགས། །ཞལ་ནས་བསྐལ་པའི་མེ་ལྕེ་འབར། །ལུས་ལས་ནད་ཀྱི་ཚ་ཚ་འཕྲོ། །སྣ་ནས་རིམས་ཀྱི་དུད་པ་འཐུལ། །ཕྱག་གཉིས་ཉི་ཟླའི་ཆ་ལང་རྡེབ། །ཕ་རོལ་རིག་སྔགས་བཟློག་བསྒྱུར་མཛད། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ད་ཚུར་བྱོན་ལ་དགྲ་བགེགས་སྒྲོལ། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མཧཱ་ཀཱ་ལི་ཧཱུྃ་བྷྱོ་ཨེ་ཨར་ལི་སྲིཾ་ཛ་ཛཿཧཱུྃ་བཾ་ཧོཿབཛྭ་ཌཱ་ཀ྄ི་ནི་ས་མ་ཡ་ཧྶཾ་དྲྀ་ཥྱ་ཧོཾ། དེ་བྱོན་ནས་བསྐྱེད་པ་དང་གཉིས་སུ་མེད་པར་གྱུར་པ་ལ། ཁྲག་ཆེན་གྱི་ཨརྒྷཾ། དུག་ཆུའི་ཞབས་བཀྲུ། དབང་པོའི་མེ་ཏོག གསུར་ཆེན་གྱི་བདུད་སྤོས། ཀླད་ཆེན་གྱི་བྱུག་པ། རྐང་གླིང་གི་རོལ་མོ། ཞུན་ཆེན་གྱི་མར་མེ་ཕུལ། ལྕགས་སམ་ཟངས་སམ་ཐོད་སྣོད་དུ་གཏོར་མ་སྙིང་སྣས་བརྒྱན་པ་དང་། ཁྲག་སྣ་ཛ་གད་བཤམས་ནས་བསྔོ། དེ་ནས་ཏིལ་མར་མས་བསྟོད་ཅིང་བསྐུལ་འདི་བཏང་། ཧཱུྃ ནག་མོ་ཁྲག་འཐུང་ཀུན་གྱི་རྗེ། །ཁམས་གསུམ་དབང་སྡུད་གདུག་པ་ཅན། །ཁྱོད་ཀྱི་ཐུགས་དམ་ངས་བསྐུལ་གྱི། །དགྱེས་པའི་མཆོད་པ་འདི་བཞེས་ནས། །ཆད་པའི་ཡས་འགམ་ད་དངོས་ལ། །བཅོལ་བའི་ལས་འདི་སྒྲུབ་པར་མཛོད། །མ་རུང་དགྲ་བགེགས་མི་བསྒྲལ་ན། །མ་མོ་ཁྱོད་ཀྱི་ཐུགས་དམ་གཡེལ། །རྫོགས་པའི་སངས་རྒྱས་བཀའ་ཡང་བཅག །རྣལ་འབྱོར་བདག་གི་རེ་བ་ཆད། །ཁྱོད་ཀྱང་ཉམས་པའི་མེ་ཡིས་སྲེག །དེ་ན་དམ་ལས་མི་འདའ་ཞིང་། །སྙོམས་གཡེལ་ལེ་ལོ་མི་མཛད་པར། །དོ་ནུབ་སང་ནུབ་ཚུན་ཆད་ལ། །དམིགས་པའི་དགྲ་འདི་བསྒྲལ་དུ་གསོལ། །འདིས་ནི་དཀོན་མཆོག་གསུམ་པོ་སྨད། །ཆོས་སྐྱོང་སྲུང་མ་གཉན་ལ་བསྡོས། །སེམས་ཅན་ཡོངས་ཀྱི་བདེ་སྐྱིད་བཅོམ། །རྣལ་འབྱོར་བདག་ལ་མཐུ་མེད་ཟེར། །ཤི་སྲོག་དམར་པོ་འབེན་དུ་བཙུགས། །ང་ཡི་མགོན་སྐྱབས་ཁྱེད་ལགས་ཀྱི། །ཁྱོད་ཀྱིས་མཐུ་དང་རྩལ་ཕྱུང་ལ། །སྡིག་ཅན་འཁོར་བཅས་བསྒྲལ་དུ་གསོལ། །སྲིད་པ་གསུམ་གྱི་དབང་པོ་ཆེ། །མཐུ་དང་རྩལ་གྱིས་དྲེགས་པ་ཀུན། །མ་མོ་ཁྱོད་ཀྱི་བཀའ་མི་འགོང་། །དེ་དག་དང་བཅས་དེར་བྱོན་ལ། །དེ་ཡི་སྲོག་རྔུབས་རྔམ་ཟས་ཀྱིས། །ཤ་ཟོ་ཁྲག་འཐུང་རུས་པ་མུར། །གཉེན་འདུན་ནོར་རྫས་བརླག་ཏུ་ཆུག །ཡུལ་འཁར་ལོ་ཏོག་འཇོམས་སུ་གསོལ།། དེ་ནས་མེ་སྦར་མེ་ལྕེ་ཁ་ནས་ལྷབ་བྱུང་བ་དང་། ལིདྒ་སྐམ་པས་བླངས་ཐོ་བས་བརྡུངས་ཏེ། དུག་སྣུམ་ལ་སྦངས་ཏེ་ཞལ་དུ། མ་བྷྱོ་མ་མ་རུ་ལུ་ཏྲག་རཀྵ་བྷྱོ་རེ་མ་ཏི་དགྲ་བོ་སརྦ་ཤ་ཏྲཱུྃ་མཱ་ར་ཡ་ཛ་ཧཱུྃ་བྷྱོ་བཛྭ་ཕཊ྄་ཅེས་ལིང་ག་རེ་དང་སྔགས་རེ་བསྟུན་ལ་བརྒྱ་རྩ་བརྒྱད་ཕུལ། དེའི་དབུས་སུ་ལྷ་མོའི་ཞལ་དུ་གསོལ་བས་ལྟོ་བའི་ནང་དུ་སླེབ་པ་དང་། ནང་གི་དམག་ཚོགས་ཀྱི་ཧབ་ཐོབ་ཏུ་རུབ་སྟེ་ཟོས་པར་བསམ། སྔགས་རེ་ལ་ཐལ་མོ་རྡེབ། ལས་ཀྱི་མ་མོ་ཁྱེད་ལ་དགྲ་བགེགས་ཆེ་གེ་མོ་འདི་ཟས་སྐལ་དུ་གཏད་པས་འདིའི་སྲོག་རྩ་ཆོད། དབང་པོ་གཏུབས། སྙིང་ལོངས། དབུགས་འགོམས། ཤ་ཟོ། ཁྲག་འཐུང་། ཀླད་པ་འཇིབས། དྭངས་མ་རྔུབས། རུས་པ་མུར། ལྤགས་པ་བགོས། རང་ཤེད་རང་ལ་ཕོབ་ཅིག རང་བདུད་རང་ལ་ཕོབ། མི་ཚེ་རིང་པོ་ལ་དུས་མ་འདེབས། ནམ་མཁའ་སྟོང་པ་ལ་ཚད་མ་འཛུགས། སྐྱེ་ཤི་ལ་ཁུངས་མ་ཕྱུང་། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་སྙད་མ་འདོགས། ད་ལྟ་ཉིད་དུ་རྟགས་ཕྱུང་མཚན་མ་སྟོན། གཟུགས་ཕུང་བཤིག ཡིད་དཔུང་འཇོམས་པའི་ཕྲིན་ལས་མཛད་དུ་གསོལ་ཟེར་ཞིང་རྫོགས་པར་ཕུལ། ཟིན་པ་དང་བསད་སྔགས་ཉེར་གཅིག་བཟླས། སངས་རྒྱས་ཆོས་དགེ་འདུན། དཔལ་ལྡན་ལྷ་མོ་ནག་མོ་དུད་པའི་སོལ་བ་མ་འཁོར་བཅས་ཀྱི་བདེན་པ་དང་། ལས་ཀྱི་སྦྱོར་བ་འདིའི་སྟོབས་ཀྱིས་རྣལ་འབྱོར་བདག་ཅག་འཁོར་བཅས་ལ་ཕ་རོལ་གྱི་བསམ་སྦྱོར་ངན་པ་སྡང་བའི་སེམས་དང་ལྡན་པ། གདུག་པའི་བསམ་ངན་བཅངས་པ། དྲག་ཤུལ་གྱི་སྦྱོར་བ་རྩུབ་པར་སྟོན་པ་ཐམས་ཅད་ཁོ་རང་ལ་སྒྱུར་ཅིག ཟློག་ཅིང་། རླག་པར་གྱུར་ཅིག ཞག་བདུན་ནམ་ལྔར་ཉི་མ་དམར་ཐག་ཆོད་པ་ཙམ་ལ་བྱ། བསྐུལ་བཏང་། ཐལ་བ་དང་གཏོར་མ་བཞེས་པ་ཕུལ། དེ་ནས་མ་མོའི་ལྟེ་བའི་དམག་ཚོགས་ཐོན་ནས་འཁོར་བཅས་དགྲ་ཡུལ་དུ་སོང་ནས་ཁོ་འཁོར་བཅས་ཐལ་བ་རྡུལ་དུ་རློག་པར་བསམ། ཟོར་དུ་འཕང་། ཐལ་མོ་རྡེབ། ལས་སྔགས་སྨེང་། ནང་དུ་ལོག་བསྲུང་འཁོར་བསྒོམ། སྐུ་འགོལ་སར་སྦ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །སརྦ་མདྒ་ལཾ།། །།


previousདཔལ་ལྡན་ལྷ་མོའི་ཞལ་ཧོམ་གྱི་ལས།next