Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
དཔལ་ཆེན་མོའི་མདོས་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཆེན་མོའི་མདོས་ཆོགnext

དཔལ་ཆེན་མོའི་མདོས་ཆོག

དཔལ་ཆེན་མོའི་མདོས་ཆོག་བཞུགས་སོ། །རང་བཞིན་གནས་དང་ཡེ་ཤེས་དང་། །འཇིག་རྟེན་ལས་གྲུབ་མ་མོ་ནི། །དཔལ་ལྡན་དུད་སོལ་ལྷ་ཚོགས་ལ། །ཕྱག་བྱས་དེ་བསྐང་མདོས་ཆོག་བྲི།། འབྲུ་སྣའི་ངར་ཕྱེ་རི་རབ་ནི། །བང་རིམ་གསུམ་པ་གླིང་ལྕགས་རི། །ཐོད་རིལ་གསུམ་བཞག་རྩེར་བུམ་པ། །ཡེ་ཤེས་རྗེ་སྨན་བསྟན་མར་བཅས། །རྒྱན་གླང་རྔོན་ཆ་སྤྱན་གཟིགས་བཀོད། །འཁོར་ལོ་ཏོག་དང་བཅས་པས་བརྒྱན། །ཞིབ་པ་མགོན་པོའི་མདོས་བཤད་བཞིན། །ལྷ་གྲངས་ཁོར་ཡུག་རིགས་བསྡུས་པ། །དེ་ནས་ལྷ་ཡི་ང་རྒྱལ་གྱིས། །སྤྱན་འདྲེན་འདི་སྐད་བྱ་བ་ཡིན།། ཧཱུྃ ཡེ་རྫོགས་ཆེན་པོ་གདངས་ཀྱི་མདངས། །རྣམ་པ་ཀུན་ལྡན་སྟོང་པའི་མཁའ། ཡེ་གྲོལ་ཆེན་པོ་གཤིས་ཀྱི་གཤིས། །མཆོག་ཏུ་འགྱུར་མེད་བདེ་བའི་གསང་། །མཁའ་གསང་མཉམ་པར་སྦྱར་བ་ནས། །རང་བཞིན་མ་མོ་སྤྱན་འདྲེན་གྱིས། །ཟུང་འཇུག་ཆེན་པོས་གཤེགས་སུ་གསོལ། །བྱང་ཆུབ་ཕྱོགས་ཀྱི་རང་བཞིན་ནི། །སུམ་ཅུ་རྩ་བདུན་གཞལ་མེད་ཁང་། །རྣམ་ཐར་སྒོ་གསུམ་མཛེས་པ་ནས། །ཡེ་ཤེས་མ་མོ་སྤྱན་འདྲེན་གྱིས། །སྒྱུ་འཕྲུལ་ཆེན་པོ་འགྲོ་བའི་མ། །ཀུན་འགྲོ་ཚུལ་གྱིས་གཤེགས་སུ་གསོལ། །སྐྱེ་དགུའི་ལས་ཀྱི་སྣང་བ་ཡི། །སྟོང་གསུམ་ཆེན་པོ་མི་མཇེད་ཞིང་། །བསྐལ་བཟང་སྒྲོན་མ་འབར་བ་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལི་མ། །སྲིད་པའི་བདག་མོ་ཆེན་མོ་ཁྱོད། །གསང་བའི་མཚན་ནས་བོས་ལགས་ན། །འདོད་ཁམས་དབང་ཕྱུག་དུད་སོལ་མ། །འཁོར་དུ་རྗེ་མོ་སྨན་མོའི་ཚོགས། །སངས་རྒྱས་ཐུགས་རྗེ་སྤྲུལ་པའི་སྐུ། །གདུག་པ་འདུལ་བའི་མཐུ་རྩལ་ཅན། །གཤེགས་ཤིག་བུ་ཡི་གནས་འདིར་གཤེགས། །གསུར་ཆེན་སྤོས་ཀྱིས་བཤུལ་མཚོན་ཅིང་། །དར་ནག་ལྡན་པའི་ཧསྟ་གཡབས། །སྙན་པའི་དབྱངས་དང་རོལ་མོས་སྦྲན། །གདུང་ཤུགས་དྲག་པོས་གསོལ་བཏབ་ཀྱིས། །མྱུར་བ་ཉིད་དུ་གཤེགས་སུ་གསོལ། །ཧཱུྃ དཀྱིལ་འཁོར་ཆེན་པོའི་གནས་འདི་རུ། །གདུག་པ་མ་ལུས་ཚར་གཅོད་པའི། །དམག་དཔོན་ཆེན་པོ་བཞུགས་ནས་ཀྱང་། །མདོས་དང་གླུད་འདི་བཞེས་སུ་གསོལ།། མཚང་འདྲུ་དམ་ལ་བཞག་པ་ནི། ཧཱུྃ ང་ནི་དཔལ་ཆེན་ཧེ་རུ་ཀ །ང་ནི་ཟ་བྱེད་ཆེན་པོ་སྟེ། །ཕྱག་ན་རྡོ་རྗེ་ཧཱུྃ་ཀ་ར། །འཇིགས་བྱེད་རྡོ་རྗེ་འཇིགས་བྱེད་དོ། །ང་མ་གཏོགས་པའི་སངས་རྒྱས་མེད། །ཐམས་ཅད་ང་ཡི་དམ་ལ་གནས། །སྲིད་པའི་མ་མོ་མཁའ་འགྲོ་མ། །ཀུན་གྱི་སྙིང་ཁྲག་ང་ལ་ཡོད། །ང་ཡིས་ལས་བཅོལ་ཁྱོད་ཀྱིས་སྒྲུབས། །གལ་ཏེ་གཡེལ་ནས་ལས་འགྱངས་ན། །བཀའ་ལོག་དམ་འགོད་དམྱལ་བར་སྲེག །ཨོཾ་བཛྭ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ྄། སྔགས་དྲུག་ཕྱག་ཏིང་འཛིན་གྱིས། །སོ་སོའི་ཡིད་བཞིན་གྱིན་གྱིས་བརླབ། །རང་རང་དགའ་བ་དེ་ངོར་བཀོད།། ཀྱེ སྲིད་པའི་བདག་མོ་འཁོར་བཅས་ལ། །རིན་ཆེན་གསེར་སྐྱེམས་འདི་འབུལ་གྱིས། །རྩ་བརྒྱད་ཡན་ལག་སྟོང་ལྡན་པའི། །བདུད་རྩི་སྨན་གྱི་ཛ་གད་བཞེས།། མདོས་སྣ་གླུད་ཀྱིས་འདྲེན་པ་ནི། ཧཱུྃ རིན་ཆེན་ངར་གྱི་མི་བོ་ཆེ། །ཟེར་སྤུ་ཡིད་འོང་མགོ་བོའི་སྐྲ། །ལུང་ཐང་མིག་ལ་འགྲོན་བུའི་སོ། །བྱི་རུའི་ལྕེ་ལ་མཚལ་གྱི་ཁྲག །ཞོ་ཤའི་སྙིང་ལ་དུང་གི་རུས། །ཙན་དན་དྲི་ལ་འབྲུ་ཡི་ཤ །རྐང་གཡས་ལྕགས་ལ་གཡོན་པ་ཟངས། །སྐེ་ལ་ནོར་བུ་གོས་བཟང་གྱོན། །རྒྱབ་ཏུ་གཏན་གྱི་དཀོར་ནོར་ཁུར། །མདུན་དུ་ལོ་བརྒྱགས་བཟང་པོ་ཁྱོངས། །འབྱུང་བ་རྣམས་བཞིའི་དྭངས་མས་བསྒྲུབས། །ཕུང་ཁམས་སྐྱེ་མཆེད་གཙང་ལ་དོད། །བདག་ཅག་ཁྱེད་ལ་འབུལ་ལོ་ཟེར། །དགའ་བའི་འཛུམ་ཆེན་མུ་ལུ་ལུ། །དེ་འདྲའི་གླུད་ཆེན་དམ་པ་འབུལ། །མདོས་བདག་ཆེན་པོ་མདོས་བཞེས་ཤིག །གླུད་བདག་ཆེན་པོ་གླུད་བཞེས་ཤིག། དེ་ནས་མདོས་བསྔོ་འདི་ཡིན་ཏེ། ཀྱེ སྲིད་པའི་མ་མོ་འདུལ་བ་ལ། །ཁྲག་འཐུང་ཆེན་མོ་བཞེངས་པའི་སྐུ། །དང་པོར་དུང་སྐྱོང་ཨུ་མའི་སྲས། །ཕྱིས་ནས་སྲིན་གཟུགས་གཤིན་རྗེའི་ལྕམ། །མ་མོ་ཆེན་མོ་མི་གཟན་མ། །དབུ་ལ་ཁྲག་གི་རལ་པ་འཐིབས། །རལ་པ་བསིགས་པའི་སྐྲ་གསེབ་ནས། །ཁྲག་གི་མ་སྟོང་ཤ་ར་ར། །ནད་ཀྱི་ན་བུན་ཐུ་ལུ་ལུ། །རྡོ་རྗེའི་ཐོག་སེར་ཉི་ལི་ལི། །ཁྲོས་པའི་ཁ་རླངས་སྟོང་གསུམ་གང་། །ཚ་བའི་མེ་ཕུང་འུ་རུ་རུ། །རྣོ་བའི་མཚོན་མ་ཟིང་ངེ་ངེ་། །ཞལ་དུ་ཁྲག་གི་རྒྱ་མཚོ་འཁྱིལ། །གདུག་པའི་རོ་ཚོགས་ལོང་ལོང་པོ། །སྤྱན་གསུམ་གཟིར་བའི་གཟི་བརྗིད་ངར། །ཉི་མ་འབུམ་ཕྲག་ཤར་བ་བཞིན། །དགྲ་བགེགས་གཞོབ་ལྟར་འཐུལ་ལུ་ལུ། །ཕྱག་གཡས་རལ་གྲི་གླད་ལ་སྐོར། །མ་རུངས་གདུག་པའི་བརྒྱུད་གཅོད་མ། །འོག་མ་བྷཉྫྱ་ཁྲག་རྒྱུན་ཅན། །ལྷ་མིན་སྙིང་རྩ་ནས་འཐུང་མ། །གཡོན་པ་ཤཀྟི་རྩེ་གསུམ་གྱིས། །བདུད་བསད་མགོ་བོ་ག་ཤར་འཕྱང་། །སྨུག་ནག་ནུ་མ་རྟིང་པར་དྲུད། །དུར་ཁྲོད་ཆས་བརྒྱད་འཆང་བ་མོ། །ཧེ་རུ་ཀ་ཡི་གཟུང་མ་ཆེ། །ཁྱོད་ཀྱིས་མི་ཐུབ་སུ་ཡང་མེད། །སྟེང་གི་ལྷ་ཆེན་དབང་ཕྱུག་ཀྱང་། །འདོད་ཆགས་ཆེན་པོས་ཁྱོད་དབང་གྱུར། །དགུ་ཁྲི་དགུ་སྟོང་རྒྱལ་པོ་སྟེ། །ཨུ་མ་དེ་ཝི་ཉིད་ཀ་ལགས། །དེ་ཕྱིར་ཁྱོད་མིང་བཀའ་བཟློག་མ། །བར་གྱི་ཚངས་པས་ཕྱག་བྱས་པས། །ཁྱོད་ལ་སྲིད་པའི་རྒྱལ་མོར་གསོལ། །དགའ་རབ་དབང་ཕྱུག་དང་མཛའ་བས། །བདུད་ཡུམ་འདོད་པའི་དབང་མོར་ཐོགས། །དབང་པོ་ཉེ་དབང་ལྷ་ཡི་དམག །ཕམ་དུས་ཁྱོད་ཀྱི་ལྟོ་བར་བཅུག །ལྷ་མིན་བཏུལ་བས་རྫོང་མོར་གྲགས། །རི་རབ་ཆེ་དང་སྐུ་བསྡུར་བས། །ཉི་ཟླ་ལྟེ་བའི་དབུས་ནས་ཤར། །རྒྱལ་ཆེན་སྡེ་བཞིས་ཕྱག་བྱས་པ། །ལྷ་མོ་ཆེན་མོ་དཔལ་ལྡན་མ། །རྒྱ་མཚོའི་ཀློང་དུ་མེ་འབར་བས། །ཀླུ་དབང་ཐམས་ཅད་ཁྱོད་གསུང་ཉན། །ས་འོག་རིམ་དགུར་ཁྱོད་གཤེགས་ནས། །ཆོས་ཀྱི་རྒྱལ་པོའི་ལྕམ་དུ་བྱས། །ཆིབས་སུ་བོང་བུ་གྭ་དམར་བཅིབས། །བང་ནི་ཡིད་དང་གློག་བས་མགྱོགས། །སྐད་ཅིག་ཉིད་ལ་ཁམས་གསུམ་འཁོར། །ཟས་སུ་མི་ཤ་མི་ཁྲག་སྐོམ། །ནད་ཀྱི་བདག་ལ་བདུད་རྩིའི་བདག །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་ལོང་ཞིག །ཉི་ཟླ་སྟོང་གི་ཐོད་འཕྲེང་ཅན། །ཆགས་བྱེད་ཆ་སྙོམ་གཅེར་བུ་གསུམ། །ཕུང་བྱེད་སྦས་པའི་མ་མོ་བཞི། །རེ་ཏི་མཆེད་བཞིར་འཇིག་རྟེན་གྲགས། །རིགས་ཀྱི་མཁའ་འགྲོ་མ་བཞིའོ། །ཁྲོས་པའི་མ་མོ་བཞི་དང་ནི། །གསང་བ་རྒྱན་གྱི་རྒྱལ་མོ་བཞི། །ཕྲ་མེད་གདོང་ཅན་བརྒྱད་པོ་སྟེ། །སྲིད་པའི་མ་མོ་ཁྱེད་རྣམས་ཀྱང་། །མདོས་བདག་ལགས་ཀྱིས་མདོས་བཞེས་ཤིག །གླུད་བདག་ལགས་ཀྱིས་གླུད་བཞེས་ཤིག །སྲིད་པའི་སྨན་མོ་ཆེན་པོ་བརྒྱད། །དམག་གི་རྒྱལ་མོ་ཆེན་མོ་བཞི། །གྲུ་འདེགས་དཔལ་གྱི་མ་མོ་བཞི། །ལས་ཀྱི་མ་མོ་ཆེན་མོ་བཞི། །ཟ་བར་བྱེད་པའི་སྲིན་མོ་བདུན། །ཡང་གབ་མ་མོ་ཆེན་མོ་བཞི། །དབང་བྱེད་ལས་ཀྱི་མ་མོ་བཞི། །གཟའ་བདུད་མར་གྱུར་གདོང་མོ་བཞི། །དུར་ཁྲོད་རུ་ཁ་མ་མོ་གསུམ། །སྲིད་གསུམ་ཕུང་བྱེད་མ་མོ་གསུམ། །གསང་བའི་མ་དང་ཕོ་ཉ་གསུམ། །མ་མོ་ཀུན་གྱི་གཡོག་མོ་གསུམ། །ཕོ་ཉ་བཞི་དང་སྤྲུལ་པ་བཞི། །བླ་འགུགས་བཞི་དང་ཚེ་འཕྲོག་བཞི། །གཟེར་འདེབས་བཞི་དང་མ་མོའི་ཚོགས། །ལྷ་ཆེན་ཆུང་མ་ཉི་ཤུ་བརྒྱད། །གདུག་པའི་ཚོགས་འཇོམས་མཁའ་འགྲོ་མ། །སུམ་ཅུ་རྩ་གཉིས་བཅས་པ་དང་། །ལས་ཀྱི་ཤུགས་འགྲོ་བཅུ་གཉིས་དང་། །སྦས་པའི་བུ་མོ་ཐལ་མདོག་མ། །གནོད་པའི་སྙིང་འདྲེན་འབར་མ་བརྒྱད། །ས་ཡི་བདག་མོ་སུམ་ཅུ་གཉིས། །ཕོ་ཉ་ཆེན་མོ་དྲུག་ཅུ་བཞི། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ། །ལདྒ་མ་ནི་བཅུ་དྲུག་དང་། །ནམ་གྲུ་ཆེན་མོ་དགུ་དང་ནི། །དཀར་མོ་གློག་གི་ཤམ་བུ་ཅན། །སེར་མོ་ཉི་མའི་སྣང་བ་ཅན། ཁྲ་མོ་ཐོག་གི་བུ་ཡུག་ཅན། །ནག་མོ་མུན་པའི་རལ་པ་ཅན། །དམར་མོ་ཟངས་ཀྱི་མཆེ་བ་ཅན། །སྨུག་མོ་ལྕགས་ཀྱི་སྦར་བ་ཅན། །སྔོན་མོ་བསེ་ཡི་ལན་ཕྲན་ཅན། །ལྗང་ནག་གཡུ་ཡི་གོ་ཟུ་ཅན། །རེ་རེའང་འབུམ་ཕྲག་སྡེར་ཆད་པ། །ཡང་སྤྲུལ་ལས་བྱེད་གཤན་པ་མོ། །དབུགས་ལ་འཇབ་པའི་དབང་མོ་ཆེ། །བླ་སྲོག་འཕྲོག་པའི་མཐུ་མོ་ཆེ། །ལས་ཀྱི་ཚེ་འཕྲོག་ཆུ་སྲིན་མགོ །གཏི་མུག་ཁྲོས་པའི་རུ་སྦལ་མགོ །སྣ་ཚོགས་གདོང་དང་ལག་མང་པོ། །ལས་ཀྱི་སོ་མྱུལ་རྫུ་འཕྲུལ་ཅན། །གླིང་བཞི་བསྐོར་ཞིང་སེམས་ཅན་གསོད། །འཇའ་ཚོན་སླག་པ་སྐུ་ལ་གསོལ། །གཡང་གཞི་སྣ་ཚོགས་ཕྲག་པར་བཀལ། །ནད་ཀྱི་བདག་ལ་རིམས་ཀྱི་རྐྱེན། །སྣང་སྲིད་མ་མོ་འཁོར་བཅས་རྣམས། །མདོས་བདག་ལགས་ཀྱིས་མདོས་བཞེས་ཤིག །གླུད་བདག་ལགས་ཀྱིས་གླུད་བཞེས་ཤིག །འཛམ་བུ་གླིང་གི་འཇིག་རྟེན་ལ། །དབང་བསྒྱུར་མ་མོ་ཆེན་མོ་ནི། །མི་བཟད་དུར་བྱ་ཀངྐའི་གདོང་། །ལས་བྱེད་སྒོ་མ་ཆེན་མོ་བཞི། །རྒྱ་མཚོའི་གཏིང་དུ་ཞབས་བརྐྱང་པས། །རི་རབ་པང་དུ་འདེགས་བྱེད་མ། །བར་སྣང་ཁམས་སུ་ཕྱག་བརྐྱང་ནས། །ཉི་ཟླ་གཟའ་སྐར་འཁྲུག་བྱེད་མ། །དབུ་སྐྲ་སྤྲིན་ནག་གཏིབས་པ་བཞིན། །སྤྱན་གསུམ་གློག་འོད་མེ་རི་འབར། །ཁྱེད་ཀྱི་བཀའ་ཉན་སྲིང་གི་ཚོགས། །ཕུང་སྲི་ནག་མོ་མགོ་དགུ་མ། །ཉལ་ན་ལུང་གསུམ་མདོ་འགགས་མ། །ལངས་ན་རི་གསུམ་རྩེ་ཁྱབ་མ། །ནག་མོ་རལ་རིང་བྱ་གདོང་ཅན། །སྲོག་བདག་ནག་མོ་ཁྲག་མདོག་མ། །བྲག་སྲིན་ཕོ་མོའི་འཁོར་དང་བཅས། །དུར་སྲིན་ཕག་ཐོད་གོས་སླག་ཅན། །ཕག་ཞོན་ཕུང་སྲི་དུར་སྲིས་བསྐོར། །ཐབ་ཕུང་གཡག་ཐུལ་གཡག་ལ་ཞོན། །ཐབ་སྲིན་གཞོབ་སྲིན་འཁོར་གྱིས་བསྐོར། །ཆུ་མིག་ལོ་མ་སྔོ་བདག་མོ། །མཛོ་མོ་ལ་ཞོན་མེན་སྲིའི་གོས། །སྦྲུལ་དང་སྦལ་པའི་ཆ་ག་ཅན། །ཆུང་སྲི་ཕོ་མོའི་འཁོར་གྱིས་བསྐོར། །བྲག་ཕུག་བདག་མོ་ཉ་ལྕིབས་གོས། །རྟོལ་ཞོན་ས་སྲིན་ཆུ་སྲིན་འཁོར། །ཤིང་ཕུག་སྟོང་པའི་མངའ་བདག་མོ། །རལ་པའི་གསེབ་ནས་མེ་འབར་མ། །ཕག་པ་མགོ་གསུམ་རྟ་རུ་ཞོན། །རྣལ་འབྱོར་ཀུན་གྱི་དམ་སྲི་མོ། །བྲག་ཕུག་དབེན་གནས་རྙིང་པའི་བདག །མི་ལྤགས་གོས་གྱོན་ཐོད་པའི་ཐོད། །བོང་བུ་གྭ་དམར་རྟ་རུ་ཞོན། །ཕུང་སྲི་ནག་མོ་འཁོར་དང་བཅས། །དུར་སྲི་ནག་མོའི་ཕུང་སྲི་མོ། །བྱི་ལ་ཁྲ་བོའི་རྟ་ཞོན་མ། །བན་བོན་ཀུན་གྱི་ལྟོ་འཇིག་མ། །དེ་ལྟར་སྒོ་མ་འཁོར་བཅས་ཀྱང་། །མདོས་བདག་ལགས་ཀྱིས་མདོས་བཞེས་ཤིག །གླུད་བདག་ལགས་ཀྱིས་གླུད་བཞེས་ཤིག །རོ་ལངས་མ་དང་ཤ་ཟ་མོ། །སྨྱོ་བྱེད་མ་དང་གྲིབ་གནོན་མ། །ཕུང་བྱེད་མ་དང་དྲང་སྲོང་མ། །སྲིན་མོ་གཤིན་རྗེ་ཆུ་ལྷ་མོ། །རླུང་ལྷ་མོ་དང་གནོད་སྦྱིན་མོ། །དབང་ལྡན་མོ་དང་དྲི་ཟ་མོ། །གྲུལ་བུམ་མོ་དང་ལྷ་མིན་མོ། །ལྷ་མོ་མཁའ་ལྡིང་མིའམ་ཅི། །བསྟན་མ་སྲིད་པ་སྨན་མོའི་ཚོགས། །མདོས་བདག་ལགས་ཀྱིས་མདོས་བཞེས་ཤིག །གླུད་བདག་ལགས་ཀྱིས་གླུད་ལོང་ཅིག །ཧཱུྃ འཇིག་རྟེན་ཁམས་ལ་དབང་སྒྱུར་མ། །དར་དཀར་ཤེལ་དཀར་པདྨ་དང་། །མཐིང་གའི་གུར་གྱི་བདག་མོ་བཞི། །དུས་བཞིར་འཆར་བའི་མ་མོ་སྟེ། །བགྱིས་ན་ལོ་ལེགས་སྐྱ་རྒྱལ་ཞིང་། །ཡུལ་ཁམས་བདེ་འཇམ་ནད་མེད་པ། །ཁྲོས་ན་བཙའ་ཐན་སད་སེར་གྱིས། །ལོ་འཇོམས་དུས་འཁྲུགས་ནད་བཤིག་གཏོང་། །མདོས་བདག་ལགས་ཀྱིས་མདོས་བཞེས་ཤིག །གླུད་བདག་ལགས་ཀྱིས་གླུད་ལོང་ཅིག །མ་ཁྱེད་ཁྲོ་བའི་རྒྱུ་བཤགས་ཀྱིས། །གནོད་པའི་དུག་དབལ་མ་སྤྲོ་ཞིག །ཡུལ་འདིར་བདེ་སྐྱིད་ལོ་ལེགས་ཐོང་། །གླང་ལྤགས་བྱེ་རུ་གཡུ་དང་ནི། །ཞིང་ཆེན་གུར་གྱི་བདག་མོ་བཞི། །ནད་ཀྱི་བདག་མོ་ཆེན་མོ་སྟེ། །མཉེས་ན་རླུང་རྟ་དབང་ཐང་དང་། །འབྱུང་བ་ཆ་སྙོམས་དཔལ་བསྐྱེད་ལ། །ཁྲོས་ན་བཞི་བརྒྱ་རྩ་བཞིའི་ནད། །གོད་ལྷོག་ཕྱུགས་ནད་ཀུན་གཏོང་ལ། །མདོས་བདག་ལགས་ཀྱིས་མདོས་བཞེས་ཤིག །གླུད་བདག་ལགས་ཀྱིས་གླུད་ལོང་ཅིག །མ་ཁྱེད་ཁྲོ་བའི་རྒྱུ་བཤགས་ཀྱིས། །གནོད་པའི་དུག་དབལ་མ་སྤྲོ་ཞིག །ཡུལ་འདིའི་མི་ཕྱུགས་ནད་སོལ་ཞིག །གསེར་དང་བསེ་དང་རེ་ལྡེ་དང་། །ལྗང་ནག་གུར་གྱི་བདག་མོ་བཞི། །འཇིག་རྟེན་ཕུང་བྱེད་མ་མོ་སྟེ། །མཉེས་ན་ལོངས་སྤྱོད་དབང་ཐང་དང་། །སྟོབས་དང་ཚེ་ལ་དབང་བྱེད་པ། །ཁྲོས་ན་གདོན་རིས་ལྟས་ངན་པ། །བགེགས་ཀུན་འགྱེད་ཅིང་ཁྲམ་ལ་འདེབས། །མདོས་བདག་ལགས་ཀྱིས་མདོས་བཞེས་ཤིག །གླུད་བདག་ལགས་ཀྱིས་གླུད་ལོང་ཅིག །མ་ཁྱེད་ཁྲོ་བའི་རྒྱུ་བཤགས་ཀྱིས། །གནོད་པའི་དུག་དབལ་མ་སྤྲོ་ཞིག །ཡུལ་འདིར་བར་ཆད་མེད་པར་སྐྱོངས། །དབུས་གླིང་འོད་ཀྱི་གུར་བདག་མོ། །སྲིད་པའི་རི་རབ་ཁང་བརྩེགས་ལ། །དཔག་བསམ་ཤིང་གི་ལྡིང་ཁང་བཏབ། །ཤེལ་རིགས་མང་པོའི་རྒྱན་དང་ལྡན། །དེ་ན་སྲིད་པའི་བདེ་འགྲོ་མ། །མ་མོ་དེ་བཞིན་གཤེགས་པ་སྟེ། །ཕྱག་ན་བདུད་རྩིའི་བུམ་པ་འཆང་། །འགྲོ་བ་ཀུན་གྱི་ནད་སེལ་མ། །བྷ་གར་འབྱུང་བ་ལྔ་འཆར་མ། །འབྲུ་བཅུད་དུས་སུ་སྨིན་པར་མཛད། །དེ་ཕྱིར་རྟག་པའི་མ་གཅིག་པུ། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་ལོང་ཅིག །ཀུན་ལ་བྱམས་རྩེའི་གཉེན་གཅིག་པུ། །ཐམས་ཅད་ཁྱོད་ཀྱི་མཁའ་ལས་ཕྱུང་། །རང་རང་ལས་ཀྱི་བཀའ་བསྒོ་ནས། །མི་བཟད་དུཿཁ་དག་གིས་མནར། །དེ་ལ་མ་ཁྱོད་གཟིགས་པར་འཚལ། །གནོད་པའི་སྐྱོན་རྣམས་ད་སོལ་ཅིག །ཉེས་པའི་རྩ་བ་ཀུན་ཕྱུང་ཞིག །བདེ་སྐྱིད་ས་བོན་ཀུན་ཐོབ་ཅིག །བསམ་པ་འགྲུབ་པའི་དམོད་བོར་ཅིག། སྣང་སྲིད་གསིལ་བུའི་གྱེར་བསྡུས་པ། ཧཱུྃ རླུང་དང་མེ་དང་ཆུ་དང་ས། །ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །སྣ་ཚོགས་རི་གླིང་མཚོ་ལྡན་པ། །ས་བླ་ས་འོག་ས་སྟེང་གནས། །མི་མཇེད་ཞིང་ཁམས་ཇི་ལྟ་བ། །སྣང་སྲིད་མ་མོའི་ཚོགས་ཀུན་གྱི། །ཐུགས་དམ་བསྐང་བའི་རྫས་སུ་འབུལ། །སྟེང་དུ་འཕུར་བའི་འདབ་ཆགས་ཁྲོམ། །ཆར་གྱི་སྤྲིན་པ་ལྟ་བུར་གཏིབས། །བར་ན་ས་ལ་རྒྱུ་བའི་འགྲོ། །དོག་མོའི་ས་གཞི་ཐམས་ཅད་བཀང་། །ཆུར་གནས་སྲོག་ཆགས་ཀུན་གྱི་རིགས། །རྒྱ་མཚོ་ཆེན་པོ་འཕྱུར་གྱིས་གང་། །སྣང་སྲིད་མ་མོའི་ཚོགས་ཀུན་གྱི། །ཐུགས་དམ་བསྐང་བའི་རྫས་སུ་འབུལ། །ལྷག་པར་དགྱེས་པའི་དམར་ཆེན་ཁྲག །ཤ་རུས་སྙིང་གི་འཕྲེང་བ་དང་། །འབྲུ་སྣ་ཀུན་གྱི་བ་ལིང་ཏ། །དཀར་དམར་རྒྱན་གྱིས་བཀྲ་བ་རྣམས། །སྣང་སྲིད་མ་མོའི་ཚོགས་ཀུན་གྱི། །ཐུགས་དམ་བསྐང་བའི་རྫས་སུ་འབུལ། །ཤིང་གྲིས་མདའ་འཕང་དག་ལ་ནི། །སོ་སོའི་སྐུ་དང་ཕྱག་མཚན་བཀོད། །ས་བོན་ཡི་གེ་གཟུགས་སུ་བཏབ། །དབང་མཚན་རྡོ་རྗེ་རྣམ་པར་བཀོད། །བལ་ཏི་ཤུག་ཏི་དག་གིས་བརྒྱན། །སྣང་སྲིད་མ་མོའི་ཚོགས་ཀུན་གྱི། །ཐུགས་དམ་བསྐང་བའི་རྫས་སུ་འབུལ། །སྲིད་པ་སྤྱི་བྲིས་ཡུལ་གྱི་གླུད། །ཕོ་གདོང་མོ་གདོང་དར་མ་དང་། །རྒྱང་བུ་བྱིས་པའི་གླུད་རྫས་ཏེ། །སྣང་སྲིད་མ་མོའི་ཚོགས་ཀུན་གྱི། །ཐུགས་དམ་བསྐང་བའི་རྫས་སུ་འབུལ། །མི་འགྱུར་དབྱིངས་ཀྱི་ནམ་མཁའ་ལ། །ཡེ་ཤེས་ལྔ་རྫོགས་མདངས་སུ་ཆགས། །མཐུན་རྫས་བྱ་སྤུ་དར་ཤོག་དཔྱངས། །ཡུངས་མོའི་རྒྱན་མཛེས་འཆང་བ་འདི། །སྣང་སྲིད་མ་མོའི་ཚོགས་ཀུན་གྱི། །ཐུགས་དམ་བསྐང་བའི་རྫས་སུ་འབུལ། །འབྲུ་སྣ་བཅུ་གསུམ་དག་དང་ནི། །རིན་ཆེན་རྣམ་ལྔ་སྨན་གྱི་སྡེ། །དར་ཟབ་པགས་བུ་མར་མེ་དང་། །སྤོས་སོགས་འཇིག་རྟེན་ཁམས་ཀྱི་ནོར། །བཞེད་པ་ཐམས་ཅད་འདིར་བསགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་ཀྱང་། །འདོད་པའི་ཡོན་ཏན་ལྔ་ལྡན་དང་། །སྣང་སྲིད་མ་མོའི་ཚོགས་ཀུན་གྱི། །ཐུགས་དམ་བསྐང་བའི་རྫས་སུ་འབུལ། །དུང་དང་རྔ་ཆེན་ཆ་ལང་དང་། །རྔེའུ་ཆུང་དྲིལ་བུ་ཅང་ཏེའུ། །བྷཉྫྱའི་ཆ་ལང་ལྟག་སྤྲོད་རྔ། །རྐང་ཆེན་གླིང་བུ་དབྱངས་ཀྱི་སྡེ། །སྣང་སྲིད་མ་མོའི་ཚོགས་ཀུན་གྱི། །ཐུགས་དམ་བསྐང་བའི་རྫས་སུ་འབུལ། །ཧཱུྃ ད་ནི་མདོས་ལ་རྫོངས་ཤིག་འདེབས། །ཡེ་ཤེས་མ་མོ་མཁའ་འགྲོ་ལ། །བདུད་རྩི་སྣ་ལྔའི་རྫོངས་ཤིག་འདེབས། །འཇིག་རྟེན་མ་མོ་མཁའ་འགྲོ་ལ། །ཤ་ཁྲག་རུས་པའི་རྫོངས་ཤིག་འདེབས། །ལས་ཀྱི་མ་མོ་མཁའ་འགྲོ་ལ། །དམ་ཉམས་སྲོག་དབུགས་རྫོངས་ཤིག་འདེབས། །འཁོར་ཚོགས་འབུམ་ཕྲག་ཡངས་པ་ལ། །སྒ་གཡེར་བཙོང་དང་ཞུན་ལ་སོགས། །ལྷོ་རྫས་རྣམས་ཀྱི་རྫོངས་ཤིག་འདེབས། །རམ་བུ་རུག་པ་རི་སྒོག་སོགས། །རི་རྫས་རྣམས་ཀྱི་རྫོངས་ཤིག་འདེབས། །བྲ་བོ་སྣེའུ་ལོ་མ་སོགས། །ཀླུངས་རྫས་རྣམས་ཀྱི་རྫོངས་ཤིག་འདེབས། །གཙོད་དང་ལན་ཚྭ་ལ་སོགས་པ། །བྱང་རྫས་རྣམས་ཀྱི་རྫོགས་ཤིག་འདེབས། །བ་ཚྭ་བུལ་ཏོག་ལ་སོགས་པ། །གཡོག་མོའི་ཚོགས་ལ་རྫོངས་སུ་འདེབས། །ཧཱུྃ དང་པོ་ཨོ་རྒྱན་མཁའ་འགྲོའི་གླིང་། །སྲིད་པའི་རྒྱལ་མོ་ཁྱོད་གཡོས་ནས། །སྣང་ཞིང་སྲིད་པའི་ལྷ་འདྲེ་འཁྲུགས། །རྒྱལ་པོ་ཨིནྡྲ་བྷཱུ་ཏི་བསྙུང་། །ཡུལ་ཁམས་ལྟས་ངན་ཆོ་འཕྲུལ་དང་། །ཁྲག་འཁྲུགས་ནད་རིམས་ཕྱུགས་ནད་དང་། །མུ་གེས་སྐྱེ་དགུ་ཕལ་ཆེར་ཤི །དེ་ཚེ་དགའ་རབ་རྡོ་རྗེ་ཡིས། །སྣང་སྲིད་ཡས་དང་ཐགས་སུ་བགྱིས། །སྲིད་པའི་ལྷ་འདྲེ་རྣམས་ལ་ཕུལ། །སྲིད་པའི་རྒྱལ་མོའི་ཐུགས་དམ་སྐོངས། །མ་མོའི་འཁོར་ཚོགས་ཐམས་ཅད་མཉེས། །མདོས་དང་གླུད་བླངས་སོ་སོར་བཞུད། །གནོད་པར་གྱུར་པ་ཐམས་ཅད་ཞི། །དེ་བཞིན་བདག་གིས་མ་རྣམས་བསྐང་། །སྣང་ཞིང་སྲིད་པའི་ལྷ་འདྲེ་མཆོད། །དེ་བས་ཡུལ་འདིར་གནོད་མ་མཛད། །ཡས་ཐགས་འདི་སྣོམས་གནས་སུ་བཞུད། །དགྱེས་པའི་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་བར་དུ་གདོང་དམར་བོད། །རྨོངས་པའི་འགྲོ་ལ་ཐུགས་རྗེ་ནས། །ཆོས་ཀྱི་རྒྱལ་པོ་རིམ་པར་འོངས། །ལྷག་པར་ཁྲི་སྲོང་ལྡེ་བཙན་གྱིས། །དམ་པ་ཆོས་ཀྱི་སྲོལ་རྒྱས་ཕྱིར། །གཙུག་ལག་ཁང་ཆེན་ཕྱག་བྲིས་མཛད། །མཁས་པའི་པཎ་ལོ་ཅི་ཡང་བཤམས། །དམ་པ་ཆོས་རྣམས་བསྒྱུར་ཞུགས་ཚེ། །ནག་ཕྱོགས་ལྷ་འདྲེ་གཡོ་ཐབས་ཀྱིས། །རྒྱལ་པོ་བསྙུང་ཞིང་རྒྱལ་ཁམས་མནར། །སྡིག་བློན་ཐམས་ཅད་ངོ་མཐོའི་དུས། །སློབ་དཔོན་པདྨ་བཛྭ་གྱིས། །རྒྱལ་པོའི་དཀོར་ནོར་ཁ་ཟས་ལ། །ཡས་ཐགས་བགྱིས་ཏེ་དེ་ལ་བསྔོས། །རང་རང་ཡིད་ཐོབ་མགུ་ཞིང་ཚིམ། །གནོད་པ་ལྟ་ཅི་ཕན་པའི་ཐབས། །སྒྲུབ་པའི་མངག་གཞུག་ཉིད་དུ་ཞུགས། །དེ་བཞིན་ད་ལྟ་རྣལ་འབྱོར་ངས། །རྒྱུ་སྦྱོར་ཡོན་རྣམས་མདོས་སུ་བྱས། །སྦྱིན་བདག་ཀུན་གྱི་གླུད་དུ་སྦྱར། །སྔགས་རྒྱ་ཏིང་འཛིན་སྟོབས་ཀྱིས་བསྔོས། །དཔལ་གྱི་ལྷ་མོ་ཆེན་མོ་ནས། །སྲིད་པ་སྨན་མོའི་བར་རྣམས་ཀྱི། །འཇིགས་བྱེད་མ་མོའི་ཚོགས་ལ་ཕུལ། །ཕོ་བརྒྱུད་རྣམས་ཀྱང་དེས་སྐོངས་སོ།། མདོས་གཞུག་གཉིས་ལས་སྐབས་བཞིན་སྤྱད། ཧཱུྃ ད་ནི་མདོས་འགྲོ་ཤར་ར་ར། །ད་ནི་གླུད་འགྲོ་ཅུ་རུ་རུ། །ད་ནི་མ་མོའི་ཁྲོམ་སྒྱུར་རོ། །ལྷ་འདྲེའི་ཟ་ཁ་ད་སྒྱུར་རོ། །ཟློག་སྒྱུར་བྱེད་པའི་མཐུ་མོ་ཆེ། །དགྲ་དཔུང་འཇོམས་པའི་རྩལ་མོ་ཆེ། །ནད་དལ་གཅོད་པའི་དབང་མོ་ཆེ། །ལྷ་སྲིན་ལས་འཁོར་ཤེད་མོ་ཆེ། །ཁྲོམ་དང་ཟ་ཁ་དགྲ་ལ་སྒྱུར། །དགྲ་མོ་ཁྱེད་ཀྱི་ཟས་སྐལ་གཏད། །གང་ལ་བྱ་བ་མ་སྨོས་མཁྱེན། །ལེ་ལོར་མ་བཞག་ཡན་མ་གཏང་། །ཞག་དང་ཟ་མ་ཉིད་དུ་སྒྲོལ། །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཐོང་། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་སྦྱོར། །གདོན་ཆེན་ཐམས་ཅད་དེ་རུ་རྫོངས། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པའི། །བགེགས་ཀྱི་དམག་སྒར་དེ་རུ་ཐོབ། །དམ་སྲི་སྤུན་དགུ་དེ་རུ་རྒྱུག །ནད་ཀྱི་རྐྱལ་བ་དེ་རུ་ཕྱེ། །མཚོན་གྱི་དྲུ་གུ་དེ་རུ་རྐྱོངས། །བཙན་བྱང་བྲིས་ལ་བདུད་ཁྲམ་ཐོབ། །ནག་པོའི་རྡེའུ་དེ་རུ་ཐོར། །རྒྱན་གཞི་ཐིང་ཞིག་མ་མོའི་ཚོགས།། བསྐུལ་སོགས་གཏོར་མ་བཞིན་དུ་བྱ། །གཉིས་པ་སླུ་བ་རྐྱང་པ་སོགས། ཧཱུྃ ད་ནི་མདོས་གཏོང་མདོས་བདག་བཞུད། །ཡེ་ཤེས་མ་མོ་དབྱིངས་སུ་གཤེགས། །སྐྱེ་འགག་མེད་པའི་དོན་ལ་སྤྱོད། །ལས་ཀྱི་མ་མོ་བྱང་ཤར་བཞུད། །ལེགས་ཉེས་ཀུན་གྱི་བྱ་ར་མཛོད། །མ་ཡུལ་བྱང་ཤར་ཕ་གི་ན། །མྱ་ངན་སྣམ་བུའི་ཕ་རོལ་ན། །གཡུ་མཚོ་མུ་ལེའི་ནང་ཤེད་ན། །བསེ་མཁར་སྨུག་པོ་ལྡེམ་སེ་ལྡེམ། །བསེ་མཁར་དེ་ཡི་ནང་ཤེད་ན། །ཐང་ཤིང་སྔོན་པོའི་གུར་ཕུབ་པ། །མ་མོ་ཉིད་ཀྱི་བཞུགས་གནས་ཡིན། །མི་ཡུལ་སྐྱིན་ལྡིང་གཏན་ཡུལ་མིན། །མ་ཅིག་དེ་རུ་སྐུ་བསྐྱོད་འཚལ། །ནད་བདག་ཐམས་ཅད་དེ་རུ་བཞུད། །གཞན་རྣམས་རང་རང་ཡུལ་ལ་གཤེགས། །བདག་ཅག་རྒྱུ་སྦྱོར་འཁོར་བཅས་ལ། །ནད་ཀྱི་རྐྱལ་པ་ཁ་ཆིངས་ཤིག །མཚོན་གྱི་དྲུ་གུ་མཐའ་ནས་ཐུལ། །ཁྲམ་བྱང་ཕྱིས་ལ་ཤོ་ཁ་དོར། །རྡེའུ་རྒྱན་གཞི་གཉིས་ཀ་སྐུམས། །ལྟས་ངན་ཆོ་འཕྲུལ་གཡང་དུ་ཁུག །གདོན་བགེགས་ལོག་འདྲེན་སྲངས་མར་སྒྱུར། །ཡེ་འདྲོག་ཤིས་པའི་རྟགས་སུ་བཟོས། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །རྣལ་འབྱོར་བསམ་པའི་ལས་ཀུན་སྒྲུབས།། ཞེས་བརྗོད་མཉམ་ཉིད་ངང་དུ་བཞག །འདི་ཡང་པདྨ་དཀར་པོ་ཡིས། །བྱམས་པ་ཆེན་པོའི་ཆོས་གླིང་སྦྱར། །མ་རྣམས་དགྱེས་པའི་འཛུམ་ཞལ་བཅས། །རྟག་ཏུ་བདག་ཅག་སྐྱོང་གྱུར་ཅིག། །།སརྦ་སྭ་ཏི་བྷ་ཝནྟུ།། །།


previousདཔལ་ཆེན་མོའི་མདོས་ཆོགnext