Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
དུད་པའི་སོལ་བ་མའི་རྫོགས་རིམ་དེ་ཁོ་ན་ཉིད་བཞིའི་སྒྲུབ་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདུད་པའི་སོལ་བ་མའི་རྫོགས་རིམ་དེ་ཁོ་ན་ཉིད་བཞིའི་སྒྲུབ་པ།next

དུད་པའི་སོལ་བ་མའི་རྫོགས་རིམ་དེ་ཁོ་ན་ཉིད་བཞིའི་སྒྲུབ་པ།

དུད་པའི་སོལ་བ་མའི་རྫོགས་རིམ་དེ་ཁོ་ན་ཉིད་བཞིའི་སྒྲུབ་པ་ཞེས་བྱ་བ་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །སྣ་ཚོགས་འདུལ་བྱ་འདུལ་ལ་ཐབས་གཅིག་གིས། །མ་ཆོག་མཐའ་ཡས་རིགས་ཀྱི་རྣམ་རོལ་བའི། །སྟོང་ཉིད་སྙིང་རྗེ་གཅིག་པའི་སྐུ་མངའ་བ། །རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་བགྱིའོ། །འགྲོ་ལ་མཛའ་བའི་ལག་གིས་བསྐུལ་བ་དང་། །བླ་མའི་བཀའ་དྲིན་དབྱུག་གུས་བསྣུན་མྱོང་བས། །བདག་ཡིད་ཉི་མའི་སྤུན་འདི་ས་སྟེང་ན། །དམ་ཆོས་སྒྲ་ཆེན་སྒྲོག་ལ་དཔའ་བར་གྱུར། །གང་ཟག་པ་མེད་པའི་སྙིང་རྗེ་ཆེན་པོ་དང་། གཏིང་དཔག་དཀའ་བའི་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པས་འཁྲུལ་པའི་དྲི་མ་ཐམས་ཅད་རྣམ་པར་ཞིག རྫོགས་པའི་ས་ཆེན་པོ་ལ་ཚེ་གཅིག་གིས་བཞུགས་པར་འདོད་པ་དག་གིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་བཞུགས་གནས་ཡོངས་སུ་དག་པ་དཀྱིལ་འཁོར་གྱི་འཁོར་ལོ། ཐམས་ཅད་ཀྱི་འབྱུང་གནས་རྡོ་རྗེ་བཙུན་མོའི་བྷ་ག་ཞེས་བྱ་བའི་གནས་ཀྱི་བདག་མོ་རྡོ་རྗེ་མཁའ་འགྲོ་མ་བསྒྲུབ་པ་བརྩམ་པར་བྱའོ། །དེ་ལ། ཕྱི་ལྟར་དུ་སྒྲུབ་པ་དེ་ཁོ་ན་ཉིད། ནང་ལྟར་དུ་སྒྲུབ་པ་སྔགས་ཀྱི་དེ་ཁོ་ན་ཉིད། གསང་བ་ལྟར་དུ་སྒྲུབ་པ་ལྷའི་དེ་ཁོ་ན་ཉིད། དེ་ཁོ་ན་ཉིད་དུ་སྒྲུབ་པ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བཞི་ལས། དང་པོ་ལ་ལུས་ལྷར་སྒྲུབ་པ། ངག་སྔགས་སུ་སྒྲུབ་པ། ཡིད་བདེ་ཆེན་དུ་སྒྲུབ་པ་གསུམ་ལས། དང་པོ་ནི། མངོན་པར་བསྔགས་པའི་གནས་སུ་སེམས་ཅན་གྱི་ཆེད་དུ་རྫོགས་པའི་སངས་རྒྱས་བསྒྲུབ་པར་བྱའོ་སྙམ་པའི་ལྷག་པའི་བསམ་པས། ཨོཾ་སྭ་བྷཱ་ཞེས་བྱ་བའི་སྔགས་ཀྱི་དོན་ལ་ཕྱོགས་པས། སྐད་ཅིག་གིས་རི་རབ་ཀྱི་སྟེང་དུ་ཟར་མའི་མེ་ཏོག་ཁ་བྱེ་མ་ཐག་ལྟར་སྔོ་བའི་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པས་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་མནན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞལ་གཅིག་ཅུང་ཟད་ཁྲོ་ཞིང་འཛུམ་པ། གར་གྱི་རོ་དགུ་དང་ལྡན་པ་རལ་པ་ནག་པོའི་ཐོར་གཙུག་བརྫེས་པའི་སྟེང་དུ་ནོར་བུ་དང་སྣ་ཚོགས་རྡོ་རྗེ་འཆང་བ། དེའི་འོག་ཕྱོགས་ཀྱི་གཡོན་དུ་ཟླ་ཚེས་ཀྱི་རི་མོ་དང་། སྣ་ཚོགས་རྡོ་རྗེ་གདན་ལ་ཐུབ་པ་མི་བསྐྱོད་པས་མཛེས་པ། དཔྲལ་བའི་ངོས་ལ་ཐོད་པ་ལྔས་བརྒྱན་པ། ཕྱག་རྒྱ་དྲུག་དང་ལྡན་པ། མི་མགོ་རློན་པ་ཤིན་ཏུ་འཛུམ་པ་བརྒྱའི་ཕྱེད་ཀྱི་དོ་ཤལ་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་དག་གིས་འཁྱུད་པའི་ཡུམ་རྡོ་རྗེ་མཁའ་འགྲོ་མ་དུད་པའི་སོལ་བ་ནག་མོ་ཤིན་ཏུ་སྒེག་པ་བརྒྱད་གཉིས་ཀྱི་ལང་ཚོ་ཅན། བདེ་བའི་འདུ་བྱེད་ལ་ཤིན་ཏུ་ཆགས་པ། གཏུམ་པའི་ཞལ་གཅིག་སྤྱན་གསུམ། ཕྱག་བཞི་པའི་གཡས་དང་པོ་རལ་གྲི་འཕྱར་ཞིང་། གཉིས་པས་དམར་གྱི་ཐོད་པ་སྟོབ་པ། གཡོན་དང་པོས་ཡབ་ལ་འཁྱུད་ཅིང་ཤཀྟི་དང་། གཉིས་པ་ཏྲི་ཤུ་ལ་འཛིན་པ། གཅེར་མོ་སྐུ་གྲོལ་ཞིང་ཕྱག་རྒྱ་ལྔ་ལ་སོགས་པའི་རྒྱན་ཐམས་ཅད་རབ་ཏུ་འབར་བ། བྱིན་པ་གཉིས་བཅོམ་ལྡན་འདས་ལ་མཉམ་པར་འཁྱུད་ཅིང་འབར་བའི་འཕྲེང་བ་འཁྲིགས་པའི་དབུས་ན་བརྗིད་པར་བཞུགས་པ་ལ་དམིགས་ཏེ་ཡུན་རིང་དུ་བསམ་གཏན་བྱའོ། །གཉིས་པ་ནི། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཀཱ་ལི་ཀཱ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ལ་སོགས་པ་སྲོག་གི་སྔགས་མཐིང་ཤུན་ལྟར་མཐོན་མཐིང་སྤུ་ཤད་ཀྱིས་བྲིས་པ་ལྟ་བུར་ཕྲ་བའི་ཕྲེང་བ། རང་གི་ཁའི་ནང་ནས་ཞུགས། ཨ་ཝ་དྡྷཱུ་ཏཱིའི་མར་སྣ་རྡོ་རྗེའི་ལམ་ལས་ཕྱིར་སོང་། པདྨའི་ནང་ནས་ལྷ་མོའི་གར་ཞུགས་ཏེ། དེའི་ཞལ་ནས་རང་གི་ཁར་ཞུགས་པ་ས་བོན་གྱི་ཡི་གེ་ལྷོང་པར་འཁོར་བའོ། །མཚན་མ་རྙེད་པར་དཀའ་ན། རང་གི་ཁ་ནས་ལྷ་མོའི་ཞལ་དུ་ཞུགས། དེ་ནས་ཡང་པདྨའི་ལམ་ནས་དེའི་དྭངས་མའི་ངོ་བོར་རྡོ་རྗེའི་ལམ་དུ་ཞུགས་ནས་རང་གི་ཁ་ནས་ལྷ་མོའི་ཞལ་དུ་འཁོར་བ་ས་བོན་གྱི་ཡི་གེ་དྲག་ཅིང་རྩུབ་པར་རོ། །གསུམ་པ་ནི། ཡབ་ཡུམ་སྙོམས་པར་ཞུགས་པ་རྗེས་སུ་ཆགས་པའི་མེས། ཡབ་ཞུ་བ་ལས་ནོར་བུའི་རྩེ་མོར་ཐིག་ལེ་དཀར་པོ་ཡུངས་ཀར་ཙམ། ཡུམ་ཞུ་བ་ལས་པདྨའི་སྙིང་པོར་ཐིག་ལེ་དམར་པོ་ཡུངས་ཀར་ཙམ། དེ་ནས་ཐིག་ལེ་དཀར་དམར་གཉིས་སྙོམས་པར་འཇོག་ཅིང་འདྲེས་པ་ལ་དམིགས་ཏེ་འོག་རླུང་ཅུང་ཟད་བསྐུམ། སྟེང་རླུང་མནན་ལ་བསྒོམ་མོ། །དེས་བདེ་བ་སྐྱེས་ནས་ལུས་ཐམས་ཅད་བརྟས་པར་འགྱུར་རོ། །ཚུལ་དེ་དངོས་གྲུབ་འབྱུང་བའི་རྒྱུད་དུ། བདག་ནི་ཐབས་ཀྱི་ངོ་བོ་ཧེ་རུ་ཀ །མ་ནི་ཤེས་རབ་ངོ་བོར་གསལ་བར་བསྒོམ། །མ་ཡི་སྙིང་པོ་ཡི་གེའི་འཕྲེང་བ་རྣམས། །མགལ་མེ་འཁོར་བའི་ཚུལ་དུ་བཟླས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །ཐིག་ལེ་ལས་ལྷ་ཡབ་ཡུམ་དུ་ལྡང་བ་ཐུན་གཅིག་ལ་གསུམ་དུ་བྱ་ཞིང་། དེ་ལྟ་བུ་ཐུན་བཞིར་གོམས་པར་བྱས་ལ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བར་བྱའོ། །གཉིས་པ་ནང་ལྟར་དུ་སྒྲུབ་པ་སྔགས་ཀྱི་དེ་ཁོ་ན་ཉིད་ལ། ལྟེ་འོག་སུམ་མདོར་ཉི་ཟླ་གཟས་འཛིན་པར་བྱེད་པའི་གནད་བཅིང་བ། དེས་ནང་གི་ལྷ་ཡབ་ཡུམ་མཉེས་ནས་སྙོམས་འཇུག་གི་དགའ་བ་སྦྱིན་པ། དེས་དྷཱུ་ཏཱིའི་ལམ་འབྱོངས་པའི་མཚན་མ་ཇི་ལྟར་རྙེད་པའི་ཚུལ་བཤད་པ་གསུམ་ལས་དང་པོ་ནི། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། རང་ཉིད་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་བསམ་པའི་ནང་གི་དབུས་སུ། ཨ་ཝ་དྷཱུ་ཏི་དམར་པོ་ཚངས་བུག་ནས་ལྟེ་བའི་འོག་ཏུ་ཟུག་པ། གཡོན་དུ་ལཱ་ལ་ན་མགྲིན་པ་ནས་བརྩམས་ཏེ་ལྟེ་བའི་དབུས་སུ་ངལ་བསོས་ནས་འོག་ཏུ་ཁ་བལྟས་པའི་ཐིག་ལེ་འབབ་པ་དེ་ལ། དབྱངས་ཡིག་བཅུ་གཉིས་ཁ་སྟེང་དུ་བལྟས་ཏེ་གནས་པ། གཙོ་བོར་རླུང་ནང་དུ་སྡུད་པར་བྱེད་དོ། །ར་སཱ་ན་གཡས་སུ་ལྟེ་བ་ནས་བརྩམས་ཏེ་མགྲིན་པའི་བར་དུ་ངལ་བསོ་ཞིང་ཁ་སྟེང་དུ་བལྟས་ནས་ཁྲག་བབས་པ་ལ། གསལ་བྱེད་སོ་གསུམ་ཁ་འོག་ཏུ་བསྟན་ཏེ་གནས་པ། གཙོ་བོར་རླུང་ཕྱིར་རྒྱུ་བར་བྱེད་དོ། །དེ་ཉིད་ལོག་ཀུན་འདར་མའི་གནས་སུ་འཛོམས་པར་རྣམ་པར་ཤེས་པའི་རང་བཞིན། རྒོད་མ་ཁའི་ཡི་ཨཾ་འབར་བར་བྱེད་པ་རྡོ་རྗེ་མཁའ་འགྲོ་མ་ཀྵས་འོག་གི་ཆར་ཡང་དཀྲིས་ཤིང་བསྲུང་བ་དང་། སྙིང་གི་ནང་དུ་རྩ་འདབ་མ་བརྒྱུད་པ་སྙིང་པོ་དང་བཅས་པ་ནང་དུ་སོན་པའི་ཆུ་ཤིང་གི་མེ་ཏོག་ལྟར་ཁ་འོག་ཏུ་ཕྱོགས་པའི་ནང་དུ་མི་ཤིགས་པའི་ས་བོན། ཧཱུྃ་ཡུངས་ཀར་གྱི་སྦོམ་ཕྲ་ཙམ་པ་ཁ་བ་ལྟ་བུ་འཛག་ལ་ཁད་པ་དཔལ་ཧེ་རུ་ཀ་ཡེ་ཤེས་ཀྱི་རང་བཞིན་སྟེ་སྲོག་འོག་ཐུར་སེལ་གྱི་རླུང་སྒྲ་གཅན་དུ་དུས་མེའི་རང་བཞིན་ཅན་ཁ་སྦྱོར་དུ་སུམ་མདོར་བཅིངས་པ་བླ་མའི་མན་ངག་བཞིན་དུ་བྱའོ། །གཉིས་པ་ནི། ཀྵ་ལས་སྦར་བས། འབྱུང་བ་ལྔའི་རླུང་ཀྵའི་ནང་ནས་ཞུགས་ཏེ་རྡོ་རྗེ་མཁའ་འགྲོ་མ་བསྐུལ་བས་དེའི་རྗེས་སུ་ཆགས་པ་རྒྱས་པའི་གདུང་བས། དཔའ་བོ་ཧེ་རུ་ཀ་དགྱེས་པའི་བྱང་ཆུབ་ཀྱི་སེམས་འཛག་པས་ཆེར་གདུངས་པའི་ལྷ་མོ་དང་སྙོམས་པར་འཇུག་པ་ལ་བསམ་པ། གཞན་གྱིས་བར་མ་ཆོད་པར་བྱའོ། །གསུམ་པ་ནི། དེས་ཕྱི་རུ་ལུས་འཕར་ཞིང་གཡོ་བའི་དྲོད་ཆེན་པོ་སྐྱེ་ལ། ནང་དུ་རྟགས་ལྔས་རླུང་ཞུགས་པས་དུ་བར་འཐུལ་ཞིང་། ཆུ་ལས་སྨིག་རྒྱུ། མེ་ལས་མེ་ཁྱེར། རླུང་ལས་མར་མེ། ནམ་མཁའ་ལས་སྤྲིན་མེད་པའི་ནམ་མཁའ་གསལ་བར་འབྱུང་ཞིང་། གཞན་ཡང་། སྒྲུབ་པའི་མཚན་མ་ཅི་ཡང་འབྱུང་བ་ཡིན། དེ་ནི་དངོས་འབྱུང་ལས། ནག་མོ་ཞེས་བྱ་ལོགས་ན་མེད། །ལྷ་མོ་ཞེས་བྱ་རང་གི་སེམས། །སེམས་ལས་བྱུང་བ་རང་བྱུང་ཡིན། །འདི་ལྟར་སྣང་གྲགས་ཆོས་རྣམས་ཀུན། །རང་སེམས་སྒྱུ་མའི་ཆོ་འཕྲུལ་ཏེ། །མ་དང་རང་སེམས་གཉིས་མེད་དོ། །ལྷ་མོ་ནི། རང་གི་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་རོ་རྐྱང་ཨ་ཝ་དྷཱུ་ཏཱི་གསུམ་དང་། གཏུམ་མོའི་མེ་ཡིན་པས་རང་བྱུང་ངོ་། །དེས་རྟེན་ལུས་ཀྱི་དཀྱིལ་འཁོར་དང་བརྟེན་པ་རྩའི་དཀྱིལ་འཁོར་པ་ཐམས་ཅད་བྱས་པས་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་ལོ་ཞེས་བརྗོད་པ་སྤྱིའི་དོན་དུ་གཟུང་ངོ་། །རྡོ་རྗེ་མཁའ་འགྲོ་ལས། རྩ་ཡི་སྒྲ་ཡི་གཟུགས་ཉིད་ནི། །ལྷ་མོ་དེ་ལྟར་བཤད་པ་ཡིན། །ཞེས་དང་། སྒྲའི་ཚུལ་ཤེས་པ་སྒྲས་ཐིག་ལེ། ཚུལ་གྱི་དཔྱིད་དེ་དེ་བས་དཔྱིད་ཀྱི་ཐིག་ལེ་ཁོ་ན་སྔགས་ཀྱི་དེ་ཁོ་ན་ཉིད་དེ། སམ་པུ་ཊ་ལས། སྒྲ་ནི་སྔགས་ཞེས་སྨྲ་བ་སྟེ། །ལུས་ཅན་རྣམས་ནི་ཐམས་ཅད་ཀྱི། །སྣ་ཚོགས་མདུད་པ་གནས་ཆེན་ལས། ཆོས་ཀྱི་ར་ལི་རྣམ་པར་བྱུང་། །ཞེས་གསུངས་པས་སོ། །གསུམ་པ་གསང་བ་ལྟར་དུ་སྒྲུབ་པ་ལྷའི་དེ་ཁོ་ན་ཉིད་ལ། རིག་ལྡན་མའི་དབྱེ་བ། ཇི་ལྟར་མཆོད་པ་འབྲས་བུ་དང་བཅས་བཤད་པ་གཉིས་ལས། དང་པོ་ནི། ལྷན་སྐྱེས་རབ། ཞིང་སྐྱེས་འབྲིང་། སྔགས་སྐྱེས་ཐ་མ། བཅུད་ལེན་གྱི་དོན་དུ་བཅུ་གཅིག་མ། དམ་ཚིག་གི་དོན་དུ་བཅུ་གཉིས་མ། མེ་ཏོག་དང་ལྡན་པའི་བཅུ་དྲུག་མ་དངོས་གྲུབ་ཀྱི་དོན་དུ། མཁའ་སྤྱོད་སྒྲུབ་པ་ལ་ཉི་ཤུ་མ། དབང་བསྐུར་བའི་དོན་དུ་ཉེར་ལྔ་མ། རིགས་ལྔ་ལས་རྡོ་རྗེའི་རིགས་མཆོག་བཙལ་བར་བྱའོ། །གཉིས་པ་ནི། བདག་ཉིད་རྣལ་འབྱོར་མའི་དབང་ཕྱུག་ཐམས་ཅད་ཀྱི་རྣལ་འབྱོར་པར་གྱུར་པས། རིག་ལྡན་མ་དེ་དག་ལེགས་པར་སྦྱངས་ལ་དབེན་ཞིང་ཡིད་དུ་འོང་བའི་ཕྱོགས་སུ་གཅེར་བུར་བྱས་ཏེ། དཔལ་ལྡན་ལྷ་མོ་ནག་མོའི་གཟུགས་སུ་བསམས་ལ། ཉི་མ་ནུབ་པ་ནས་གཟུང་སྟེ། མཆོད་རྫས་ཀུན་གྱི་མཆོད་པར་བྱས་ནས། མཁུར་བ་དང་། ནུ་མ་དང་། མཚན་ཁུང་དང་། བརླ་དང་། བྱིན་པ་དང་། པདྨའི་དཀྱིལ་འཁོར་ལ་བལྟ་ཞིང་། དབང་པོ་གཞན་ཐམས་ཅད་ཀྱི་བདེ་བའི་རོ་མྱངས་ནས། ཤེས་རབ་དང་ལྷན་ཅིག་མཉམ་པར་སྦྱར་བའི་འདོད་པའི་ལྕགས་ཀྱུས་རྩ་ཐམས་ཅད་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བ་བཅོམ་ལྡན་འདས་ཧེ་རུ་ཀའི་བདག་ཉིད་ནོར་བུའི་རྩེ་མོར་བཀུག་པ་བརྟན་པར་བྱས་པས་རྣམ་པར་རྟོག་པ་ཐམས་ཅད་ནུབ་པའི་བདེ་བ་ལྷ་མོའི་རང་བཞིན་ཅན་ལ་ཉིན་མཚན་མེད་པར་དེར་ཚུད་པའི་ཡིད་དང་ལྡན་ནས་གོམས་པར་གྱུར་ན། ཕྱག་རྒྱ་ཆེན་པོ་འགྲུབ་པའི་མཚན་མ་སྐྱེ་སྟེ། དངོས་གྲུབ་ལ་མངོན་དུ་ཕྱོགས་པའི་དཔའ་བོའི་གཟུགས་དང་གསང་བའི་མཚན་མ་ནི། འདི་དག་སྟེ། གཟུགས་ཕྲ་བ་དང་། རེག་པ་ཡང་པ་དང་། ཁྱབ་པ་དང་། ཡང་དག་པར་ཐོབ་པ་དང་། རབ་ཏུ་སྣང་བ་དང་། བརྟན་པ་དང་། དབང་དུ་གྱུར་པ་དང་། འདོད་དགུར་བསྒྱུར་བ་སྟེ་བརྒྱད་དོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལོངས་སྐུའི་གོང་བུ་ཆ་ཕྲ་བས་ཐིག་ལེའི་གཟུགས་ནི་ས་བཅུའི་དབང་ཕྱུག་ཧེ་རུ་ཀ་དང་། དེ་ལྟ་བུའི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་ལྷ་མོ་ཡིན་ཏེ། དགྱེས་རྡོར་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འདས། དེ་ཡི་བདེ་བ་འདོད་མར་བརྗོད། ནག་མོ་ཞེས་བྱ་ལོགས་ན་མེད། །ལྷ་ཞེས་སོགས་ཀྱི་གཞུང་འདོད་ཆགས་ཀྱི་ཆོས་སུ་སྦས་པ་བཤད་པའོ། །དེ་ལྟ་བུའི་ལྷ་ཡབ་ཡུམ་གྱིས་གསུམ་པོ་ཐམས་ཅད་བདག་ཉིད་གཅིག་ཏུ་བསྒྲུབས་པས་ལྷའི་དེ་ཁོ་ན་ཉིད་དེ། ས་ར་ཧས། ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། །འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་བསྒྱུར་ཞིག་དང་། །ཞེས་གསུངས་པས་སོ། །བཞི་པ་དེ་ཁོ་ན་ཉིད་དུ། སྒྲུབ་པ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི། གདོད་ནས་གྲུབ་པའི་དཔའ་བོ་དང་། རྣལ་འབྱོར་མ་ཐམས་ཅད་རོ་གཅིག་ཏུ་གྱུར་པའི་ཨཾ་སྣ་བུག་གཡོན་ནས་ཞུགས། ལྟེ་འོག་གི་ཆོས་འབྱུང་གྲུ་གསུམ་པའི་དབུས་སུ་ཕྱིན། ཨཾ་ཡིག་ཡོངས་སུ་གྱུར་པ་ལས་དཔལ་ལྷ་མོ་ཇི་ལྟ་བ་བསྐྱེད། གཅེར་བུ་རལ་པ་ཅན་ལ་སོགས་པའི་འཁོར་རྣམས་བསྐོར་བ་བསྐོར་བའི་ཚུལ། གཙོ་མོ་ཙ་ན་ཀའི་འབྲུ་ཙམ་དང་། འཁོར་རྣམས་ཡུངས་འབྲུ་ལྟ་བུར་ཕྲ་བ་ལ་སེམས་གཟུང་ནས། སླར་གཙོ་མོའི་ཐུགས་ཀར་ཧཱུྃ་ཡིག་བལྟས་ནས་དེ་ལས་འོད་འཕྲོས། ཁམས་གསུམ་པའི་འཁོར་ལོ་ཐམས་ཅད་རང་ལ་བསྟིམ། དེ་བཅོམ་ལྡན་འདས་མ་འཁོར་བཅས་ལ་འཁོར་གཙོ་མོའི་ཞལ་དུ་བསྟིམ། དེ་ཐུགས་ཀའི་ཧཱུྃ་ལ། དེའི་ཨུ་ཧཱ་ལ། ཧ་མགོ་བོ། མགོ་བོ་ཟླ་ཚེས། ཟླ་ཚེས་ཐིག་ལེ་ལ། དེ་ནཱ་ད་ལ། ནཱ་ད་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆ་ཡི་ཚད་དུ་བསྒོམ་པ་ནི་གཟུགས་ལས་འདས་པའོ། །དེ་ཡང་དངོས་པོ་མེད་པའི་སེམས་རྣམ་པར་ཤེས་པ་གསུམ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད། ལུས་དང་ངག་དང་སེམས་མེད་པ། ལས་དང་སྐྱེ་བ་ལས་གྲོལ་བ། ཟླ་བ་དང་ཉི་མ་དང་མེ་དང་ནོར་བུའི་འོད་ལྟར་ཤིན་ཏུ་གསལ་བ། རྟག་ཏུ་སྣང་བའི་མཚན་ཉིད་ཅན། ཐམས་ཅད་སྟོང་པའི་འོད་གསལ་བསམ་གྱིས་མི་ཁྱབ་པ་ཉིད་དུ་བཅུག་ནས། སླར་འོད་གསལ་བའི་ངང་ནས་ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས། སྒྱུ་མ་ལྟ་བུའི་སྐུའི་གཟུངས་ཐོབ་པར་འགྱུར་རོ། །དེ་ཡང་རྗེ་བཙུན་ནཱ་རོ་པས། གཙོ་འཁོར་འོད་ཞུ་ཨེ་ཡི་གནས་སུ་བསྟིམ། ཨེ་ཡིག་ཆོས་འབྱུང་དེ་དབུས་ལྷ་མོ་བསྒོམ། །འཁོར་རྣམས་སྐོར་བ་བསྐོར་བའི་ཚུལ་ཉིད་དུ། །འོད་ཀྱི་སྤྲོ་བསྡུ་དམིགས་པ་དག་ལ་འབད། །ཅེས་གསུངས་སོ། །དེ་ཡང་། འདོད་པ་དང་གཟུགས་དང་གཟུགས་མེད་པའི་མཚན་ཉིད་བརྟན་པ་དང་གཡོ་བའི་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན། རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་ཉིད། མཆོག་ཏུ་མི་འགྱུར་བ། དམིགས་པ་མེད་པའི་སྙིང་རྗེ་ཡང་ཡིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དཔལ་ལྷ་མོར་བརྗོད་དོ། །དེ་བས་ན་དེ་ནི་རང་གི་སེམས་ལས་གཞན་མིན་པ་དང་། རྒྱུ་རྐྱེན་ལས་མ་བྱུང་བའི་ཕྱིར་རང་བྱུང་དང་། ཐབས་ཀྱི་རང་བཞིན་ཡིན་པས། སྣང་གྲགས་དེའི་ཆོ་འཕྲུལ་དུ་བཤད་པ་མཐར་ཐུག་པའི་དོན་ནོ། གལ་ཏེ་དྲོད་རྙེད་ཀྱང་ལམ་བགྲོད་པ་ཅུང་འགྱངས་ན་སྤྱོད་པ་བརྩམ་པར་བྱ་སྟེ། དུར་ཁྲོད་ལ་སོགས་པའི་གནས་ཐམས་ཅད་དུ། ལུས་ལ་བདག་ཏུ་འཛིན་པས་གཅེས་པར་ལྟ་བ་སྤངས་ཏེ། ས་རྡོ་ལྟ་བུར་བྱས་ནས། བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་རྩལ་སྦྱངས་པས་མྱུར་བ་ཉིད་དུ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་ཡིན་ཏེ། སྤྱོད་པ་དག་ནི་བྱ་བར་བཤད། །སྤྱོད་པས་ཕ་རོལ་ཕྱིན་མཆོག་ཉིད། །ཅེས་གསུངས་པས་སོ། །ནཱ་རོའི་ལེགས་བཤད་འོད་ཟེར་ཅི་ཡང་གིས། །གངས་ཅན་སྙིང་མུན་སེལ་ལ་ཟླ་མེད་པའི། །གྲུབ་རིགས་རྒྱ་མཚོའི་ཉི་མ་མར་པ་དེའི། །བཀའ་དྲིན་ཐོབ་པ་ས་ལ་པད་དཀར་ཙམ། །རྡོ་རྗེ་མཁའ་འགྲོའི་ཞལ་སྐྱིན་ཟླ་བའི་གདོང་། །སྐལ་བཟང་ཀུན་དའི་རེ་བ་རྫོགས་བྱེད་དུ། །རྣམ་སྤྱོད་ཕྲག་པར་ལེན་ལ་མ་སུན་པར། །ངག་གི་དབང་ཕྱུག་དགྱེས་པའི་ཤར་རི་ཡིན། །དཔལ་རྡོ་རྗེ་མཁའ་འགྲོ་མ་དུད་པའི་སོལ་བ་ཅན་སྒྲུབ་པའི་ཐབས་རྗེ་ནཱ་རོ་ཡབ་སྲས་ཀྱི་མན་ངག་དྲི་མ་མེད་པ། འཕྲུལ་གྱི་གཙུག་ལག་ཁང་བཀྲ་ཤིས་མཐོང་སྨོན་དུ། ཡུལ་ཤར་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་རིག་པ་འཛིན་པ་མི་ཕམ་པདྨ་དཀར་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེའམ། ངག་གི་དབང་ཕྱུག་དགྱེས་པས་སུག་ལས་སུ་བྱས་པའོ།། །།སརྦ་མངྒ་ལཾ།། །།


previousདུད་པའི་སོལ་བ་མའི་རྫོགས་རིམ་དེ་ཁོ་ན་ཉིད་བཞིའི་སྒྲུབ་པ།next