Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
གཡུ་སྒྲོན་མའི་སྒྲུབ་ཐབས་དངོས་གྲུབ་ཀྱི་འདོད་འཇོ།
   
   
   
   
   
   
   
   
   
   
   
   
   


 
previousགཡུ་སྒྲོན་མའི་སྒྲུབ་ཐབས་དངོས་གྲུབ་ཀྱི་འདོད་འཇོ།next

གཡུ་སྒྲོན་མའི་སྒྲུབ་ཐབས་དངོས་གྲུབ་ཀྱི་འདོད་འཇོ།

གཡུ་སྒྲོན་མའི་སྒྲུབ་ཐབས་དངོས་གྲུབ་ཀྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་མ་རྡོ་རྗེ་གཡུ་སྒྲོན་མ་ལ་ཕྱག་འཚལ་ལོ། །བཅད་བརྡར་བསྲེགས་ཀྱང་གཞན་གྱི་གདུང་འཇོམས་ལ། །མི་འཕྲོགས་ཡོན་ཏན་ག་བུར་དོག་པ་ཡིས། །འཁྱུད་པ་ལྷན་ཅིག་སྐྱེས་མ་གོརྴ་ཥིའི། །ལྗོན་ཤིང་དབང་པོ་གང་དེ་རྒྱལ་གྱུར་ཅིག། དེ་ཡང་། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བོད་ཡུལ་ལྷན་ཅིག་སྐྱེས་མ་ཞེས་བྱ་བ་ཞིང་སྐྱོང་བའི་དབང་མོར་གསུངས་ཤིང་། གཞན་ལས་ཙ་རི་ཏྲ་རང་བྱུང་གི་གནས་ཀྱི་བདག་མོར་ཡང་དང་ཡང་དུ་བསྔགས་པ་རྡོ་རྗེ་གཡུའི་སྒྲོན་མ་ཞེས་བྱ་བའི་སྒྲུབ་ཐབས་བཤད་པར་བྱ་སྟེ། དེ་ལ་ཕྱི་བསྲུང་མར་སྒྲུབ་པ། ནང་གྲོགས་སུ་བསྟེན་པ། གསང་བ་དབང་གི་སྒྲུབ་པ་དང་གསུམ་ལས། དང་པོ་ནི། ཡིད་དང་མཐུན་པའི་གནས་དབེན་ཞིང་ཉམས་དགའ་བ། བཀྲ་ཤིས་པའི་མཚན་མས་མཛེས་པའི་ཁང་བུར་མཎྜྻལ་པདྨ་འདབ་མ་བཞི་པ་མུ་ཁྱུད་མཛེས་ཚོན་དང་བཅས་པའི་དབུས་སུ་གཡུ་སྒྲོན་མའི་གཟུགས་གདན་དུ་མེ་ལོང་མིག་མེད་ལ་ཁྱེའུ་དང་བུ་མོ་གཙང་མའི་ཐིག་ལེས་བྲིས་པའི་འཁོར་ལོ་རྩིབས་བཞི་པ་ལྟེ་བ་ལ་སྲཱིཿདང་ཕྱོགས་བཞིར་ཧ་རི་ནི་ས། མུ་ཁྱུད་ལ་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་བྲིས་པ་དར་སྣ་ལྔས་དྲིལ་བ་དང་། གཡུ་མིག་མེད། ཤེལ། རིན་པོ་ཆེ་སྣ་ལྔའི་སྒྲོམ་བུ་སྟེ། རྟེན་རྫས་སྨན་དང་ཟས་སྣ་གཏོར་མ་སོགས་མཆོད་པའི་ཚོགས་ཇི་སྙེད་པས་མཐའ་བསྐོར་ཏེ། དང་པོ་རེ་ཞིག་བདེ་བའི་སྟན་ལ་དཔལ་ཧེ་རུ་ཀའམ། འཇིག་རྟེན་དབང་ཕྱུག་ཏུ་བདག་ཉིད་བསྐྱེད་ནས། རྣམ་པར་རྟོག་པ་ཙམ་གྱི་ཁམས་གསུམ་པོ་ཀུན་ནས་བརྟག་པར་བྱའོ། །དེ་ནས་སྭ་བྷཱ་ཝའི་སྔགས་བརྗོད་བཞིན་པས། དཀྱིལ་འཁོར་སྟོང་པར་མོས་པའི་སྐད་ཅིག་གིས་ལྷའི་སྐྱེད་མོས་ཚལ་རིན་པོ་ཆེའི་ཤིང་དང་མེ་ཏོག་བྱ་དང་རི་དྭགས་འབབ་ཆུ་དང་ཁྲུས་ཀྱི་རྫིང་ལ་སོགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་ཡིད་དུ་མཆིས་པར་བྱས་པའི་དབུས་སུ་པདྨ་འདབ་མ་བཞི་པའི་ལྟེ་བར་ཟླ་བ་གདན་དུ་བཏིང་བའི་སྲཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཀུ་མུད་དའི་ཕུང་པོ་ལྟ་བུར་ཡོངས་སུ་དཀར་བའི་རྡོ་རྗེ་གཡུ་སྒྲོན་མ་ལྷའི་བུ་མོ་ལོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་བལྟ་བས་ཆོག་མི་ཤེས་པར་མཛེས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ཡིད་བཞིན་དུ་བརྒྱན་ཅིང་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་དབང་པོའི་གཞུ་ལྟར་བཀྲ་བ་ཉིས་བརྩེགས་སུ་གྱོན་པའི་ཕྱག་གཡས་ཤེལ་གྱི་རྔ་། གཡོན་གསེར་གྱི་འུ་ལུ་བསྣམས་པས། དེ་བརྡུང་བའི་ཚུལ་དུ་མཛད་པ་ཤིན་ཏུ་སྒེག་ཅིང་འགྱིང་བས་བཞུགས་པའི་མདུན་གྱི་འདབ་མ་ལ། ཧ་ཡིག་ལས་རྡོ་རྗེ་མཁའ་འགྲོ་སྔོན་མོ། ལྷོར་རི་ཡིག་ལས་རིན་ཆེན་མཁའ་འགྲོ་སེར་མོ། ནུབ་ཏུ་ནི་ཡིག་ལས་པདྨ་མཁའ་འགྲོ་དམར་མོ། བྱང་དུ་ས་ཡིག་ལས་ལས་ཀྱི་མཁའ་འགྲོ་ལྗང་ཁ། ཐམས་ཅད་ཀྱང་ལྷའི་ན་ཆུང་ཡིད་འཕྲོག་པ། གཡས་རིན་པོ་ཆེ་དང་། གཡོན་དངུལ་དཀར་གྱི་མེ་ལོང་འཛིན་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་གཙོ་མོ་ལ་འདུད་པའི་ཚུལ་གྱིས་བཞུགས་པ། ཕྱི་རོལ་གྱི་སྐྱེད་ཚལ་དུ་ཞིང་སྐྱོང་གི་མཁའ་འགྲོ་འབུམ་རྩེད་འཇོ་སྣ་ཚོགས་ཀྱིས་རོལ་བར་བསམ་ནས་རང་གི་ས་བོན་གྱི་ལྕགས་ཀྱུས་ཙ་རི་ཏྲ་ནས་ཞིང་སྐྱོང་གི་དབང་མོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམས་ནས་དབྱངས་སྙན་པོས་སྤོས་དཀར་དང་སི་བསྲེག་ཅིང་། དད་པ་དང་ནི་དམ་ཚིག་གིས།། ཞེས་སོགས་མཆོད་པའི་བར་གཞུང་བཞིན་བྱས་ལ་ལྷ་མོའི་སྙིང་གར་ཟླ་བའི་ཐིག་ལེ་རིལ་མ་ཙམ་གྱི་དབུས་སུ་སྲཱིཿཡིག་གི་མཐའ་མ་ན་ཕར། ཨོཾ་བཛྭ་པྲ་མོ་ཧ་སྲཱིཾ་སྲཱིཾ་སྭཱ་ཧཱ། ཞེས་པས་བསྐོར་བ་གཡོན་སྐོར་དུ་འཁོར་བ་དམིགས་ཏེ་ངག་ཏུ་བཟླ་བར་བྱའོ། །སྐབས་སུ་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། གཙོ་འཁོར་རྣམས་ལ་ཕོག སྐུ་གསུང་ཐུགས་དགྱེས་པས་ཚིམ། བདག་ལ་ཅི་འདོད་པའི་དངོས་གྲུབ་སྩོལ་བར་བསམ་རྗེས་དཀར་གསུམ་མངར་གསུམ་གྱི་གཏོར་། ཨོཾ་ཨཱཿཧཱུྃ་གིས་རིན་པོ་ཆེའི་སྣོད་ནམ་མཁའ་ལྟར་ཡངས་པ་ལྷའི་བདུད་རྩིས་མེར་གྱི་གང་བར་བསམ་ནས་སྙིང་པོའི་མཐར་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པས་ཕུལ། རྩེ་གཅིག་བརྟན་མ་ཞེས་སོགས་ཀྱིས་བསྟོད། སྔོན་ཚེ་ཆོས་རྗེ་གཙང་པ་རྒྱ་རས་ལ། །ཇི་ལྟར་ཞལ་བཞེས་ཐུགས་དམ་དྲན་མཛོད་ལ། །རྣལ་འབྱོར་བདག་ལ་དགྱེས་པའི་ཞལ་བཟང་སྟོན། །བཅོལ་བའི་འཕྲིན་ལས་མྱུར་དུ་སྒྲུབས་པར་མཛོད།། ཅེས་བརྗོད། དེ་ལྟར་ཞག་བདུན་ནམ། བཅུ་བཞི། ཉེར་གཅིག་བསྒྲུབས་ན་ཅི་དང་ཅི་འདོད་པ་མངོན་སུམ་དུ་བྱོན་ནས་འགྱུར་རོ། །ཕྱི་སྒྲུབ་བོ། །གཉིས་པ་ནི། རང་ཧེ་རུ་ཀ་སྔོན་པོ་ཡབ་རྐྱང་དུ་གསལ་བའི་མདུན་གཙོ་འཁོར་བསྐྱེད་པ་ནས་བཟླས་པའི་བར་སྔར་བཞིན་ལ། བཟླས་པའི་དུས་རང་གི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་ནུས་པའི་བུང་བ་འཁྲིགས་པ་རླུང་ལ་ཞོན་ཏེ་སྣའི་བུ་ག་ནས་འཐོན། གཙོ་མོའི་ཤངས་ནས་ཞུགས། ལུས་དང་ངག་དང་ཡིད་ཀྱི་རང་བཞིན་གྱི་ཆུ་སྐྱེས་ཀྱི་གནས་རྣམས་སུ་སོན། དེའི་སྙིང་གའི་པདྨ་སྐུའི་རང་བཞིན་གྱིས་གེ་སར་ཕྲོགས། གསུང་གི་རང་བཞིན་གྱིས་སྦྲང་རྩི་འཐུང་། ཐུགས་ཀྱི་རང་བཞིན་གྱིས་ཆུ་སྐྱེས་བཟས་ཏེ་རང་གི་རླུང་གིས་བཀུག་པས་གཙོ་མོའི་ཤངས་ནས་འཐོན། བདག་གི་སྣ་ནས་སྙིང་གའི་ཨུཏྤལ་ཆེན་པོའི་ཟེའུ་འབྲུ་ལ་ཞུགས་ཏེ་འདར་ཞིང་ལྷུང་བས་སྐུའི་རང་བཞིན་གྱི་ཟེའུ་འབྲུས་སྤངས་ཏེ་གསུང་གི་རང་བཞིན་གྱིས་སྦྲང་རྩི་ཐུགས་ཀྱིས་རང་བཞིན་གྱིས་པདྨ་ནས་སྐྱུག་པ། ཡང་ནས་ཡང་དུ་བསམ་པ་རྗེས་སུ་ཆགས་པར་མ་གྱུར་གྱི་བར་དུ་བསམ་ཞིང་ངག་ཏུ། ཨོཾ་བཛྭ་ལ་ལ་ལི་ལི་ཧཱུྃ་ཕཊ྄། ཅེས་བཟླའོ། །དེས་དབང་དུ་མ་གྱུར་ན་རང་ཧེ་རུ་ཀ་རྒྱན་དང་བྲལ་བ་ནམ་མཁའི་གོས་ཅན་རྟགས་གྱེན་དུ་བསྒྲེང་བ་དེའི་ཐུགས་ཀ་ནས་མེའི་འཁོར་ལོ། ལྷ་མོའི་བྷ་གར་འཕྲོས། དེས་ཨ་ཝ་དྷུ་ཏིའི་སྣ་མོ་བསྲུབས། ཆགས་པའི་མེ་རྒྱས་ནས་བྷནྡྷཱུ་ཛི་ཝ་ཀ་ལྟ་བུའི་ཁྲག་གི་རྒྱུན་ཟགས། ལྷག་པར་ཆགས་པས་བདག་ལ་གདུང་གདུང་ཤམ་ཤམ་བྱེད་པར་མོས་ནས་སྔགས་ལི་ལིའི་གཤམ་དུ། ཨེ་ཨ་ར་ལི་སྲིཾ་ཛཿ བཏགས་པས་དབང་དུ་བྱེད་པར་ཐེ་ཚོམ་མེད་དོ། །ནང་སྒྲུབ་བོ། །གསུམ་པ་ནི། རང་གི་ལུས་སྒྱུ་མ་ལྟ་བུར་བསམས་པའི་ལྟེ་འོག་སོར་བཞིའི་ཐད་ཀྱི་ཆོས་འབྱུང་གྲུ་གསུམ་པའི་ནང་དུ་ཙ་རི་ཏྲའི་རི་ལས་བཅོམ་ལྡན་འདས་མ་ལྷན་ཅིག་སྐྱེས་མའི་སྲོག་སྲཱིཿཡིག་གི་རྣམ་པ་སྤྱན་དྲངས། སྣ་ནས་ཆོས་འབྱུང་གི་ནང་དུ་སོན་པ་ཡོངས་སུ་གྱུར་པ་ལས་ལྷན་ཅིག་སྐྱེས་མ་སྐུ་མདོག་དམར་མོ་རིན་པོ་ཆེ་དང་། ཨུཏྤལ་ལ་དམར་པོས་བརྒྱན་ཅིང་འོད་དཔག་ཏུ་མེད་པ་དབུ་ལ་བཞུགས་པ། རྩ་བའི་ཕྱག་དག་གིས་ཨུཏྤལ་ལ་དམར་པོའི་མདེའུ་རྣམ་པར་མཛེས་པའི་མདའ་དང་བཅས་པའི་མེ་ཏོག་གི་གཞུ་རྣ་བའི་རྩར་འགེངས་པ། ལྷག་མ་གཉིས་ལྕགས་ཀྱུ་དང་ཨུཏྤལའི་ཞགས་པ་བསྣམས་པ། གཅེར་མོ་ཤིན་ཏུ་ཆགས་པ་སྐྱེད་པའི་ལང་ཚོས་སྒེག་ཅིང་གར་གྱིས་རོལ་པའི་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་ཙ་རི་ཏྲ་ནས་སྤྱན་དྲངས་པའི་ལྷ་མོ་དང་། གཉིས་སུ་མེད་པར་གྱུར་པར་བསམས་ནས་མེ་ཏོག་གི་མདའ་འཕངས་པས་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་སྙིང་གར་ཕུག་སྟེ་ཆགས་པ་ཆེན་པོས་བརྒྱལ། གཞུ་རྒྱུད་ཀྱིས་སྐེད་ལ་བཅིངས། ཨུཏྤལ་གྱི་ཞགས་པས་རྐེ་བསྡམས། ཕོའི་སྙིང་དང་མོའི་བྷ་གར་ལྕགས་ཀྱུས་ཕུག་སྟེ་རང་གི་དྲུང་དུ་སྐྱེལ་བས་ཅི་བསྒོ་བ་ཉན་པར་བསམ་མོ།། ངག་དུ་ཨོཾ་བཛྭ་ལ་ལ་ལི་ལི་ཆེ་གེ་མོ་ཨཱ་ཀརྵ་ཡཾ་སྲཱིཿསྭཱ་ཧཱ། ཞེས་བཟླས་ཤིང་དམིགས་ཀྱིས་བསལ་ན་བསྒྲུབ་བྱའི་མིང་དང་ཡུལ་འཁོར་དབང་དུ་བྱེད་ན་སརྦ་ལོ་ཀ་ཞེས་བརྗོད་ཅིང་འབུམ་ཕྲག་གཅིག་གིས་འགྲུབ་པར་ཐེ་ཚོམ་མེད་དོ། །གྲུབ་པའི་མཚན་མ་བརྙེས་ནས། བྱིས་པ་སོ་མ་སྐྱེས་པའི་ཁ་ཆུ་བླངས། ལྷ་མོའི་གཟུངས་སྟོང་ཕྲག་གཅིག་ཏུ་བསྔགས་ཏེ། བྷྲྀང་གི་ར་ཛ་དང་འགིའུ་ཝང་ལྷན་ཅིག་ཏུ་བཏགས་ལ་དཔྲལ་བར་ཐིག་ལེ་བྱས་ན་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །ཡེ་ཤེས་ཀྱི་ལྷ་མོ་མི་གཤེགས་པར་དེ་ཉིད་དུ་བསྒོམ་པ་ནི་དམ་ཚིག་གོ །གང་ཡིད་ལྷར་བཅས་འཇིག་རྟེན་མངག་གཞུག་དང་། །བཅུད་ཀྱིས་ལེན་དང་ས་འོག་ས་སྟེང་དང་། །ས་བླའི་རིག་པ་འཛིན་པར་འདོད་རྣམས་ལ། །མན་ངག་འདི་འདྲ་སྔོན་མེད་བདུད་རྩི་ཡིན། །རྡོ་རྗེ་འཛིན་པ་ཆོས་ཀྱི་མགོན་པོས་ཇི་ལྟར་བསྐུལ་བ་བཞིན། པདྨ་དཀར་པོས་གཉལ་ཡངས་པ་ཅན་གྱི་ལྟེ་བར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།མངྒ་ལཾ།། །།


previousགཡུ་སྒྲོན་མའི་སྒྲུབ་ཐབས་དངོས་གྲུབ་ཀྱི་འདོད་འཇོ།next