Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
དཔལ་ཡེ་ཤེས་མགོན་པོའི་གཏོར་བསྔོས་བསྡུས་པ་སྒེར་གསོལ་རྣམས་ཀྱི་གསོལ་ཁ་ཉུང་ངུར་དྲིལ་བ་ཕྲིན་ལས་འདོད་འཇོ།
   
   
   
   
   
   
   
   
   
   
   
   


 
previousདཔལ་ཡེ་ཤེས་མགོན་པོའི་གཏོར་བསྔོས་བསྡུས་པ་སྒེར་གསོལ་རྣམས་ཀྱི་གསོལ་ཁ་ཉུང་ངུར་དྲིལ་བ་ཕྲིན་ལས་འདོད་འཇོ།next

དཔལ་ཡེ་ཤེས་མགོན་པོའི་གཏོར་བསྔོས་བསྡུས་པ་སྒེར་གསོལ་རྣམས་ཀྱི་གསོལ་ཁ་ཉུང་ངུར་དྲིལ་བ་ཕྲིན་ལས་འདོད་འཇོ།

དཔལ་ཡེ་ཤེས་མགོན་པོའི་གཏོར་བསྔོས་བསྡུས་པ་སྒེར་གསོལ་རྣམས་ཀྱི་གསོལ་ཁ་ཉུང་ངུར་དྲིལ་བ་ཕྲིན་ལས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །བླ་མ་ལྷ་ལ་ཕྱག་འཚལ་ནས། །གཏོར་མ་བསྔོ་བའི་རིམ་པ་བསྟན། །བསྙེན་པའི་ཡིག་ཆ་ཇི་བཞིན་གྱི། །མགོན་པོ་འཁོར་བཅས་སྤྱན་འདྲེན་སོགས། །སྒེར་བསྐང་བཅས་པ་བགྱིས་པའམ། །གལ་ཏེ་ལང་སྐབས་དབུལ་བ་ན། །བསྡུས་པ་བྱ་འདོད་འདིས་ཀྱང་ཁྱབ། །ལྷག་པའི་ལྷར་སྦྱར་སྔོན་འགྲོ་བ།། གཏོར་མ་སྦྱངས་རྟོགས་སྦར་བས་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་སྲཱིཿ ལན་གསུམ། རང་གི་སྤྱི་བོར་མགོན་པོའི་རྒྱུད་ལུང་གིས། །བླ་མ་ཀུན་བཞུགས་སྙིང་ནས་གསོལ་བ་འདེབས༑ །བསྟན་སྲུང་མཐུ་དང་དངོས་གྲུབ་རྣམ་གཉིས་སྩོལ། །བླ་མ་རྣམས་ལ་གསོལ་བ་བཏབ་པ་ཡིས། །འོད་དུ་ཞུ་ནས་སྤྱི་བོར་ཐིམ་པར་གྱུར། །རང་ཉིད་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ། །གསལ་བའི་མོད་ལ་བགེགས་ཚོགས་རིང་བར་བསྐྲད། །བདག་ལུས་རིགས་བརྒྱའི་སྣང་བསྙེན་འདི། །ཀུན་འདུས་དཔལ་ལྡན་འཁོར་ལོ་སྡོམ། །རྡོ་རྗེ་ཡན་ལག་མ་དང་སྦྱོར། །ཟུང་འཇུག་ཧེ་རུ་ཀ་ཆས་རྫོགས། །གར་དགུའི་ལང་ཚོ་འབར་བར་གསལ། །ཐུགས་སྲོག་སྔགས་འཁོར་དོན་རྣམས་བྱས། །ཧཱུྃ། དུར་ཁྲོད་ཆེན་པོའི་ས་གཞི་ནི། །འཇིགས་སུ་རུང་དང་བསྐལ་པ་ཡི། །མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །པདྨ་ཉི་ཟླ་བམ་ཆེན་སྟེང་། །འཇིགས་བྱེད་རྡོ་རྗེ་སྲིན་པོ་ཆེ། །དྲག་ཤུལ་མི་བཟད་ཁྲོ་བོའི་བྱིན། །ཞལ་གཅིག་ཕྱག་བཞི་བཻ་ཏ་དང་། །ཐོད་ཁྲག་རལ་གྲི་ཁ་ཊྶྃ་མཚན། །རྒྱལ་པོ་ཆེན་པོ་རོལ་པས་བཞུགས། །དེ་ཡི་རྣམ་པར་ཐར་པ་ཡི། །རང་གཟུགས་ཡུམ་ཆེན་གསུམ་དང་ཡང་༑ །ཚད་མེད་བཞི་ཡི་ལྷ་མོ་བཞི། །སྲས་བཞི་མཁའ་འགྲོ་བདུན་སོགས་དང་། །བྱ་གདོང་སྡེ་གསུམ་བཀའ་སྡོད་ཚོགས། །མ་ཧཱ་ཀཱ་ལི་ཆེན་མོ་བརྒྱད། །རྡོ་རྗེ་ཕོ་ཉ་དྲུག་ཅུ་བཞི། །ཀྵེ་ཊ་པ་ལ་སུམ་ཅུ་གཉིས། །སྲིད་རྒྱལ་རྡོ་རྗེ་མི་འགྱུར་མ། །ལྷན་ཅིག་སྐྱེས་མ་དུར་ཁྲོད་བདག །ཡབ་སྲས་སྤྲུལ་འཁོར་རང་རང་སྡེ། །ལྷ་བདུད་གཤིན་རྗེ་གཟའ་ཀླུ་བཙན། །གནོད་སྦྱིན་ལི་བྱིན་ཧའི་འཁོར་བཅས། །འཇིག་རྟེན་སྐྱོང་བ་བཅུ་བཞི་དང་། །ནག་པོ་ཤ་ཟ་འབུམ་དང་ཡང་། །སྣང་སྲིད་ལྷ་མ་སྲིན་ཐམས་ཅད། །གང་གི་འཁོར་དུ་བསྡུས་ནས་འཁོད། །དེ་རྣམས་གནས་བཞིར་ཨོཾ་ཨཱ༔ཧཱུྃ། །ཧོཿཡི་བྱིན་རླབས་འོད་ཟེར་འཕྲོས། །ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ཆེ། །འགྱུར་མེད་བདེ་ཆེན་རྟག་པའི་གནས། །སངས་རྒྱས་ཞིང་ཁམས་ཐམས་ཅད་དང་༑ །འཛམ་གླིང་གནས་མཆོག་མ་ལུས་ནས། །དཔལ་ལྡན་མགོན་པོ་ཆེན་པོ་ནི། །འཁོར་དང་བཅས་པ་སྤྱན་འདྲེན་ན། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ།། ཞེས་པས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿབསྟིམ། མཆོད་པ་འདི་ལྟར་འབུལ་བར་བྱ། ཧཱུྃ། དགྲ་བོ་བསྒྲལ་བའི་སྙིང་ཁྲག་རྒྱུན། །རྒྱ་མཚོར་བསྐྱིལ་བའི་རྦ་རླབས་ཀྱི། །འཇིགས་ཤུགས་གནམ་ལ་རྒོལ་ལྟ་བའི། །ཨརྒྷཾ་དམར་པོ་རྒྱས་པར་སྦྲེང་། །ནག་པོ་དུག་གི་ཞུན་མ་ཡི། །དཔལ་གྱི་རླངས་པ་འཇའ་རླུང་དུ། །འཚུབ་མས་གསོད་ཅིང་སྨྱོར་འཇུག་པའི། །ཞབས་བསིལ་གདུག་ཅན་མཚོ་རུ་བཀོད། །མགོ་དང་ཡན་ལག་དབང་པོའི་དོན། །སྣོད་སོང་རུ་མའི་ཞགས་པ་ཡིས། །ཕོན་སོར་བཅིངས་པའི་མེ་ཏོག་ནི། །སྤྱན་རས་འབར་བའི་རྟེན་དུ་བཀྲམ། །གུ་གུལ་སོགས་དང་ཚིལ་ཆེན་གྱིས། །ཞུན་ཐིག་ངར་གྱི་ཚྭ་ཚྭ་སྟོང་། །འཁྲུག་ཅིང་ཕྱོགས་བཅུར་འཕྲོ་བྱེད་པའི། །གསུར་ཆེན་སྤྲིན་གྱི་མཁའ་ཀློང་གཏིབས༑ །མཁྲིས་ཞག་ཁུ་བས་སྦག་པ་ཡིས། །རོ་རས་དཀྲིས་པའི་ཚེར་ཤིང་གི །མི་ཡི་ཕུང་པོ་ཆེན་པོ་དག །ཕྱོགས་ཀྱི་མུན་པའི་གཤེད་དུ་ཕབ། །སྦྲུལ་སྙིང་གླ་རྩི་གི་ཝཾ་དང་། །དྲི་ཞིམ་ངད་ལྡན་ཆུ་བོ་ཆེ། །བསིལ་དང་སིམ་པ་བསྐྱེད་པའི་ཕྱིར། །བྱུག་པའི་རྫས་སུ་རྫིང་བུར་གཏམས། །བདུད་དང་དགྲ་སོགས་གཡུལ་ངོར་ཆེར། །བསད་པའི་ཤ་ཁྲག་བླ་སྲོག་དབུགས༑ །ཚེ་དཔལ་བསོད་ནམས་གཟི་བྱིན་སོགས། །དྲག་པོའི་ཞལ་ཟས་ཕུང་པོར་སྤུངས། །རྐང་གླིང་ཐོད་རྔ་རྔ་སྒྲ་དང་། །ནག་པོའི་ཕྱོགས་ཀྱི་ངུ་འབོད་སྒྲ། །ཆོས་ཀྱི་དུང་ཆེན་དུ་སྦྱར་བ། །སྙན་གྱི་དཔྱིད་དུ་ཅི་ཡང་འཇོ། །གཞན་ཡང་ལྷ་ཀླུ་དེ་བཞིན་མིའི། །དཔལ་འབྱོར་མི་ཟད་ནམ་མཁའི་མཛོད། །མཆོད་པའི་སྤྲིན་དུ་འབུལ་ལགས་ཀྱིས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབས།། སྒེར་གསོལ་རྣམས་ཀྱི་སྤྱན་འདྲེན་བྱ་བ་ནི། ཧཱུྃ། དཔལ་ལྡན་སྒྲུབ་བརྒྱུད་རིན་པོ་ཆེའི། །རིང་ལུགས་འཛིན་པ་ཐམས་ཅད་ལ། ཁ་འཛིན་ཕྲིན་ལས་གཉེར་གཏད་པའི། །སྲུང་མ་གཉན་པོ་སྤྱན་འདྲེན་གཤེགས། །རི་རབ་ཆེན་པོའི་བྱང་ཤར་ནས། །དཔལ་ལྡན་ལྷ་མོ་འཁོར་དང་བཅས། །ཏི་སི་པོ་ཏ་ཧ་ཧ་རྒོད། །ལྷ་ཆེན་ཞལ་བཞི་འཁོར་དང་བཅས། །དུར་ཁྲོད་རབ་འཇིགས་གཞལ་ཡས་ནས། །དཔལ་མགོན་མ་ནིང་འཁོར་དང་བཅས། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས། །ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །ལྷ་ཆེན་གཟའ་བདུད་འཁོར་དང་བཅས། །ཕོ་བྲང་མཁའ་སྤྱོད་ཙ་རི་ནས། །དཔལ་ལྡན་ཞིང་སྐྱོང་འཁོར་དང་བཅས། །ཆུ་བར་སྤྲུལ་པའི་ཞིང་ཁམས་ནས། །ལྷ་སྨན་མཆེད་ལྔ་འཁོར་དང་བཅས། །བོད་ཡུལ་གངས་བྲག་སྒྲུབ་གནས་ནས། །བརྟན་མ་བཅུ་གཉིས་འཁོར་དང་བཅས། །དབུ་རི་བྱང་ཕྱོགས་གནས་རྣམས་ནས། །སྤྲག་གི་བཙན་རྒོད་འཁོར་དང་བཅས། །དག་པ་འཕྲུལ་གྱི་གཞལ་ཡས་ནས། །རྡོ་རྗེ་གཡུ་སྒྲོན་འཁོར་དང་བཅས། །དེའུ་བྲག་དམར་གཞལ་ཡས་ནས། །ཅིག་ཆར་དམར་པོ་འཁོར་དང་བཅས༑ །ཞིང་སྐྱོང་མ་མོའི་གནས་མཆོག་ནས། །དགེ་བསྙེན་སྨྱོ་ཁ་འཁོར་དང་བཅས། །ཐིམ་ཡུལ་བདེ་ཆེན་གནས་རྣམས་ནས། །ཇག་པ་མེ་ལེན་འཁོར་དང་བཅས། །ཆོས་འཁོར་གཉན་པོའི་གཙུག་ལག་ནས། །རྒྱལ་ཆེན་སྐུ་ལྔ་འཁོར་དང་བཅས། །བཙན་ཡུལ་ཟངས་ཐང་དམར་པོ་ནས། །གནོད་སྦྱིན་དམར་པོ་འཁོར་དང་བཅས། །འུ་ཡུལ་ཤང་གི་གནས་མཆོག་ནས། །སྐྱེས་བུ་རྡོར་ལེགས་འཁོར་དང་བཅས། །དུར་ཁྲོད་མ་མོའི་གནས་མཆོག་ནས། །ཕོ་ཉ་འདྲེ་མོ་འཁོར་དང་བཅས། །རོ་ལྡན་གནས་མཆོག་གཞལ་ཡས་ནས། །མཐུ་སྟོབས་དབང་ཕྱུག་འཁོར་དང་བཅས། །གདོད་དག་བྱིན་རླབས་གནས་མཆོག་ནས། །དམ་ཅན་རྒྱ་མཚོ་ཁྱེད་ཐམས་ཅད། །དད་པ་དང་ནི་དམ་ཚིག་གིས། །སྒྲུབ་པའི་གནས་འདིར་སྤྱན་འདྲེན་ན། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ།། དམ་བཞག་ནི། ཀྱཻ། སྔོན་བྱོན་དེ་བཞིན་གཤེགས་པ་དང་། །བདུད་འདུལ་རིག་འཛིན་པདྨ་འབྱུང་། །རྒྱལ་སྲས་རིག་འཛིན་བརྒྱུད་བཅས་ཀྱིས། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །རྡོ་རྗེའི་ཐ་ཚིག་མ་གཡེལ་བར། །ད་ལྟ་རྣལ་འབྱོར་སྒྲུབ་པའི་གྲོགས། །སྟོབས་རྩལ་བསྐྱེད་པའི་སྐབས་ཡིན་པས། །ཇི་ལྟར་བཀའ་བསྒོ་ལེགས་བསྒྲུབ་མཛོད།། མཆོད་པ་ནི། སྲིཿ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །སྣང་གསལ་དྲི་ཆབ་ཞལ་ཟས་ཚོགས། །སྣ་ཚོགས་རོལ་དབྱངས་སྙན་པའི་སྒྲས། །དམ་ཅན་རྒྱ་མཚོ་འཁོར་བཅས་མཆོད། །བདག་སོགས་ནད་གདོན་འགལ་རྐྱེན་དང་། །སྡིག་སྒྲིབ་སྡུག་བསྔལ་ཞི་བར་མཛོད། །རི་གླིང་ཁང་བཟང་དཔག་བསམ་འབྲས། །ལྷ་མི་སྐྱེ་འགྲོ་སྣ་ཚོགས་གཟུགས༑ །བཟའ་བཏུང་ལོངས་སྤྱོད་ནོར་མཛོད་ཀྱིས། །བསྟན་སྲུང་ལྷ་ཚོགས་འཁོར་བཅས་མཆོད། །བདག་སོགས་ཚེ་བསོད་དཔལ་འབྱོར་ནོར། །ཆོས་རྒྱུད་འཁོར་འབངས་རྒྱས་པར་མཛོད༑ །འཆི་མེད་བདུད་རྩི་ཨ་མྲྀ་ཏ། །རང་རང་སྲོག་འཁོར་བླ་རྡོའི་མཁར། །བདེ་ཆེན་རིག་མ་མཆོད་ཚོགས་ཀྱི། །བསྲུང་མ་གཉེན་པོ་འཁོར་བཅས་མཆོད། ཁམས་གསུམ་ཟས་ནོར་འབྲུ་གོས་ཚོགས། །ཐམས་ཅད་དབང་དུ་བསྡུ་བར་མཛོད། །སྲ་བཙན་གོ་དང་རྣོ་ངར་མཚོན། །དཔའ་བརྗིད་རུ་མཚོན་གཡབ་པའི་དར། །ཉམས་པ་བསྒྲལ་བའི་དབང་པོ་ཡི། །ཆོས་སྐྱོང་སྲུང་མ་འཁོར་བཅས་མཆོད། །བསྟན་འགྲོར་འཚེ་བྱེད་སྡིག་ཅན་དགྲ །དམིགས་མེད་དབྱིངས་སུ་བསྒྲལ་བར་མཛོད། །གཞན་ཡང་སྨན་རག་གཏོར་མ་དང་། །ཕྱི་ནང་གསང་བའི་མཆོད་བསྐང་རྟེན། །ཡོངས་རྫོགས་མི་ཟད་རྒྱ་མཚོའི་འཇིངས། །སྔགས་རྒྱའི་ཏིང་འཛིན་སྟོབས་ཀྱིས་འབུལ། །འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབས། །བསྟན་འགྲོ་བདག་གཞན་དོན་མཛོད་ཅིག། གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོ་སྲིཿལན་གསུམ། གཏོར་མ་གཟུགས་ཞུད་དྲག་པོའི་སྒྲ། །བམ་རུལ་མྱག་དྲི་ཚ་སྐྱུར་རོ། །རེག་རྩུབ་འདོད་པ་ལྔ་ལྡན་པ༑ །བདུད་རྩི་ཆེན་པོར་དགྱེས་ཏེ་རོལ། །ཨོཾ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་ཨུ་པ་ཧཱ་རི་ཎི་ཨེ་ཥ་ཨ་པཉྩྨི་མ་ཀཱ་ལོ་ཨ་ཡཾ། ཨི་དམ་རཏྣ་ཏྲ་ཡཱ་ཡ་ཨ་པ་ཀཱ་རི་ཎཾ། ཡ་དེ་པྲ་ཏི་ཛྙྱཱ་སྨ་ར་སི་ཏ་དཱ་ཨི་དམ་དུཎྛཾ་སཏྭ་ན། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀ་གྲྀ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀི་ན་ཧཱུྃ་ཕཊ྄་ཧཱུྃ། ཐུགས་དཀྱིལ་ལ་ཕུལ། ཨོཾ་ཀ་ཀ་ཀ་དྷྱ་ན༑ བ་བ་བནྡྷ་ན། ཁ་ཁ་ཁ་ད་ན། སརྦ་དུཥྚ་ནཾ་ཧ་ན་ཧ་ན། གྷཱ་ཏ་ཡ་གྷཱ་ཏ་ཡ། གནོད་བྱེད་དགྲ་བགེགས་ཤིནྟཾ་ཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་ཛཿསྭཱ་ཧཱ། གསུང་དཀྱིལ་ལ་ཕུལ། ཨོཾ་ཨ་ཀཱ་རོྎ སྐུའི་དཀྱིལ་ལ་ཕུལ། ཨོཾ་ཤྲི་མན་དེ་ཝཱི་དྷཱུ་མཾ་ག་རི་ས་པ་རི་ཝཱ་ར་བྷྱཿ ཨི་དཾ་བ་ལིང་གྲི་གྲྀ་ས་མ་ཡ་ཧཱུྃ་ཕཊ྄། མ་ཧཱ་ཀཱ་ལ་ཀ་ལ་བི་ཀཱ་ལ་ཌོམྦྷི་ནི་ས་པ་རི སོགས། མ་ཧཱ་ཀཱ་ལ་ག་ན་གུ་་ས་པཱ་རི། སོགས། བཻ་ཤྲ་མ་ཎཱྎ ཛམྦྷ་ལ་ཛ་ལེནྟྲྎ བིཥྞཀྵྭ་རཱ་ཧུ་ལྎ ཀྵེ་ཊ་པཱ་ལྎ མཾ་ལཾ་ཨཾ་ཙཾ་ཏཾ་སཉྩྨ་ཌ་ཀི་ནཱིྎ མ་མ་ཁ་ཁ་ལ་ལ་ལི་ལི་ཏཱ་ཏཱ་ཏི་ཏིྎ རྡོ་རྗེ་འབར་བ་ཨ་ཛི་ལིྎ བཛྭ་མ་མ་ལ་ལ་ལི་ལི། སོགས། སྲིཥྚི་ཝི་ཊིྎ ཏི་པ་རཱ་ཙྎ སརྦ་སུཾ་ཏྲི་རི་ཏྲི་ནི་ཁ་རེ་བྷྲུྃྎ དྷརྨ་པཱ་ལ་རཱ་ཛྎ མ་ཧཱ་ཡཀྵྎ བཛྭ་སཱ་དྷུ་ས་མ་ཛཿ རཱ་ལི་པྲ་མ་ཡ་ཛྎ དུ་ཏྲི་པ་ཤ་མེ་ཀི་ན་ས་པ་རིྎ ཁ་ཧི། ཨོཾ་ཨཱ་ཀ་རོ་ལན་གསུམ་གྱིས་ཕུལ། དམ་ཅན་རྒྱ་མཚོ་འཁོར་དང་བཅས་པ་ཁྱེད་རྣམས་ལ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ལོ། ཚིམ་ཞིང་དགྱེས་པར་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུང་། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོང་ཁྱད་པར་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ། ཉིན་གྱི་བྱ་ར། མཚན་གྱི་མེལ་ཚེ་མཛོད། འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ཚེ་དབང་བསོད་ནམས་དཔལ་འབྱོར་སྙན་གྲགས་ལེགས་པའི་ཡོན་ཏན་འཕེལ་ཞིང་། ཇི་ལྟར་འདོད་པའི་དོན་མ་ལུས་པར་མྱུར་དུ་འགྲུབ་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། བདག་སོགས་སྒྲུབ་པ་པོ་རྣམས་ཀྱི། །དགྲ་བགེགས་ནག་པོའི་ཕྱོགས་འཇོམས་ཤིང་། །ཞི་སོགས་ཕྲིན་ལས་ཐམས་ཅད་ཀྱི། །དངོས་གྲུབ་མ་ལུས་སྩལ་དུ་གསོལ།། ཞེས་འདོད་དོན་གསོལ་མགོན་པོའི་བསྟོད་པ་ཉུང་ངུ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཚེ༑ ཁམས་གསུམ་བསྲེག་པའི་མེ་ཆེན་ནང་། །རྟེན་འབྲེལ་རྣམ་དག་ཕྱག་རྒྱ་ཆེ། །འཁོར་ལོས་བསྒྱུར་བ་ཁྱོད་ལ་བསྟོད། །རྡོ་རྗེའི་གར་བརྒྱ་མཛད་པའི་ཚེ། །སྐུ་མདོག་མཐིང་ནག་ཁྲོ་བོའི་བྱིན༑ །གདུག་པའི་མཚོན་ཆ་སྣ་ཚོགས་འཛིན། ཟ་བྱེད་ཆེན་པོ་ཁྱེད་ལ་བསྟོད། །རྣལ་འབྱོར་དགྲ་ལྷ་མཛད་པའི་ཚེ། །ཞི་སོགས་ལས་ཀྱི་དབང་འཛིན་པའི། །དངོས་གྲུབ་ཐོགས་མེད་ཅི་ཡང་སྩོལ། །དབང་ཕྱུག་ཆེན་པོ་ཁྱེད་ལ་བསྟོད། །གདུག་པ་མ་རུངས་འདུལ་བའི་ཚེ། །སྣ་ཚོགས་རྫུ་འཕྲུལ་ཆེན་པོ་ཡིས། །སྟོང་གསུམ་གདུག་པའི་དམག་གིས་འགེངས། །དཔའ་བོ་ཆེན་པོ་ཁྱོད་ལ་བསྟོད། །སངས་རྒྱས་སྤྱན་སྔར་ཞལ་བཞེས་པའི། །ཐུགས་དམ་གཉེན་པོ་བརྩེར་དགོངས་ལ། །རྣལ་འབྱོར་བདག་ཅག་དཔོན་སློབ་ཀྱི། །བཞེད་དགུ་ལྷུན་གྱིས་གྲུབ་པར་མཛོད།། སྒེར་གསོལ་བསྟོད་པ་ནི། ཧཱུྃ་བྷྱོཿ རང་བཞིན་གནས་ཞིང་ཐམས་ཅད་ནས། །དཔལ་ལྡན་ཡེ་ཤེས་ལྷ་མོ་མཆོག །མཁའ་འགྲོ་ནག་མོ་དུད་སོལ་མ། །འཁོར་དང་བཅས་ལ་བདག་བསྟོད་དོ། །པད་ཉི་རོ་གདན་གཡས་བསྐུམ་ཚུལ། །གཡོན་བརྐྱང་ནག་པོ་དབུ་སྐྲ་ཁམས། །ལྷ་མཆོག་ཞལ་བཞི་ཞིང་སྐྱོང་དང་། །བྲམ་གཟུགས་ཡུམ་བཞི་འཁོར་བཅས་བསྟོད། །འོག་མིན་ལྷུན་གྲུབ་དུར་ཁྲོད་འཇིགས། །དཔལ་མགོན་མཐིང་ནག་ཞལ་གཅིག་པ། །སྐུ་གསུམ་སྤྱན་གསུམ་བྱིན་མཐུ་གཟིགས། །མ་ནིང་མཆེད་གསུམ་སྐུ་ལ་བསྟོད། །རྫོགས་པའི་སངས་རྒྱས་རིན་ཆེན་མང་། །འགྲོ་ལ་ཐུགས་བསྐྱེད་རྒྱལ་ཆེན་ཚུལ། །ས་གསུམ་དབུལ་སེལ་ཡིད་བཞིན་ནོར། །ཡུམ་བློན་འཁོར་ཚོགས་བཅས་ལ་བསྟོད། །བཅོམ་ལྡན་མཐུ་སྟོབས་རྡོ་རྗེའི་འཛིན། །རྒྱལ་བསྟན་བསྲུང་ཕྱིར་སྲིན་མགོན་ཚུལ། །གཟའ་བདུད་ཆེན་པོ་རཱ་ཧུ་ལ། །ཡབ་ཡུམ་འཁོར་དང་བཅས་ལ་བསྟོད། །ཧེ་རུ་ཀ་དཔལ་ཆེ་བའི་མཆོག །མ་རུངས་འཇོམས་ཕྱིར་བདུད་མགོན་ཚུལ། །ཤ་ཟ་ནག་པོ་སེང་གེའི་གདོང་། །ཡུམ་སྤྲུལ་སྡེ་འཁོར་བཅས་ལ་བསྟོད། །རིགས་ཀྱི་ཡེ་ཤེས་ཌ་ཀྐི་ནི། །གང་འདུལ་བོད་ཁམས་སྐྱོང་མའི་ཚུལ། །ལྷ་སྨན་བཀྲ་ཤིས་ཚེ་རིང་མ། །མཆེད་ལྔ་འཁོར་དང་བཅས་ལ་བསྟོད། །ཆོས་དབྱིངས་སྐྱེ་བ་མེད་པ་ལས། །ཐུགས་རྗེའི་གཟུགས་ཀྱི་སྐུ་སྤྲུལ་པ། །བརྟན་མ་ཆེན་མོ་བཅུ་གཉིས་ནི། །བཀའ་སྡོད་བྲན་གཡོག་བཅས་ལ་བསྟོད། །མི་བསྐྱོད་རྡོ་རྗེ་བཅོམ་ལྡན་འདས། །བསྟན་པ་བསྲུང་ཕྱིར་སེམས་དཔའི་ཚུལ། །སྟོན་མཛད་དགེ་བསྙེན་སྤྲག་གི་བཙན། །ཡུམ་སྲས་བློན་འབངས་བཅས་ལ་བསྟོད། །རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོ་མ། །བར་ཆད་སེལ་ཕྱིར་སྨན་བཙུན་ཚུལ། །རྡོ་རྗེ་གཡུ་སྒྲོན་དམ་ཚིག་ཅན། །རང་རང་རིགས་སྡེ་བཅས་ལ་བསྟོད། །བཅོམ་ལྡན་པདྨ་ཧེ་རུ་ཀཿ ཕྲིན་ལས་མཛད་ཕྱིར་བཙན་རྒོད་ཚུལ། །ཅིག་ཆར་དམར་པོ་མཐུ་སྟོབས་ཅན། །འཁོར་ཚོགས་སྡེ་དཔུང་བཅས་ལ་བསྟོད། །འཕགས་མཆོག་སྙིང་རྗེའི་བདག་ཉིད་ཅན༑ །ལས་རྣམས་བསྒྲུབ་ཕྱིར་ཀླུ་ཡི་མགོན། །སྨྱོན་ཁའི་རྗེ་བཙུན་མཐུ་བོ་ཆེ། །ཡུམ་འཁོར་སྡེ་ཚོགས་བཅས་ལ་བསྟོད། །བཅོམ་ལྡན་འཇམ་དབྱངས་མགོན་པོ་མཆོག །རྣལ་འབྱོར་སྐྱོང་ཕྱིར་གནས་སྲུང་ཚུལ། །དགེ་བསྙེན་རྡོ་རྗེའི་དགྲ་འདུལ་ཆེ། །མཆེད་གསུམ་ཡུམ་འཁོར་བཅས་ལ་བསྟོད། །འཁོར་ལོ་དྲྭ་བ་སྡོམ་པ་ཆེ། །བསྟན་འགྲོ་སྐྱོང་ཕྱིར་སྲིད་པའི་བདག །ཆོས་ཀྱི་རྒྱལ་པོ་སྐུ་ལྔ་དང་། །ཡུམ་སྤྲུལ་འཁོར་དང་བཅས་ལ་བསྟོད། །དབང་གི་རྒྱལ་པོ་རྟ་མཆོག་དཔལ། །ལས་རྣམས་སྒྲུབ་མཛད་གནོད་སྦྱིན་ཚུལ། །འཇིག་རྟེན་ལྷ་སྲིན་ཡོངས་ཀྱི་རྗེ། །ཡ་བ་རྐྱ་བདུན་བཅས་ལ་བསྟོད། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །རྣལ་འབྱོར་སྐྱོང་ཕྱིར་གཏེར་བདག་ཚུལ། །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས། །མཆེད་འཁོར་བཅས་ལ་བདག་བསྟོད་དོ། །དབྱིངས་ཀྱི་ཡུམ་ཆེན་ཝ་ར་ཧི། །དུར་ཁྲོད་མ་མོ་རྣམས་སྤྲུལ་པའི། །བདག་ཅག་འཁོར་བཅས་བསྲུང་བ་ཡི། །དཀོར་སྲུང་ཆེན་མོའི་འཁོར་བཅས་བསྟོད། །དྲེགས་པ་ཕྲིན་ལས་ཚོགས་ཀྱི་སྡེ། །བསྟན་སྲུང་དཔའ་ཞིང་ཁྲོས་པའི་གཟུགས། །མཐིང་ནག་བེར་སྤྲུལ་ཐོད་རློན་བརྒྱན། །བསྟན་དགྲ་འཇོམས་མཛད་བཅས་ལ་བསྟོད། ཁྱེད་རྣམས་སྲུང་མ་དམ་ཚིག་ཅན༑ །བདག་ནི་བརྒྱུད་འཛིན་སྒྲུབ་པ་པོ། །ལས་དམ་གཉེན་པོ་གཅིག་པས་ན། །ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས། འཇིག་རྟེན་བདེ་ཞིང་ཆོས་ལ་སྤྱོད། །རྒྱལ་བསྟན་སྤྱི་དང་བྱེ་བྲག་རྒྱས། །བསྟན་འཛིན་ཞབས་བརྟན་ཕྲིན་ལས་སྤེལ། །དགེ་འདུན་བཤད་སྒྲུབ་དར་བར་མཛོད། །དམ་ཆོས་བསྒྲུབ་པའི་རྐྱེན་སོལ་ལ། །ཉམས་རྟོགས་གཞན་ཕན་རྒྱས་པར་མཛོད། །མདོར་ན་བདག་ཅག་བསམ་པའི་དོན། །མ་ལུས་ལྷུན་གྲུབ་ཉིད་དུ་མཛོད། །མདུན་བསྐྱེད་དམ་ཚིག་རྟེན་ལ་ཐིམ། །ཡེ་ཤེས་པ་རྣམས་རང་ལ་བསྡུས། །བདག་ལྷ་རིམ་བསྡུ་མི་དམིགས་ངང་། །སྟོང་ཉིད་སླར་ཡང་ལས་ལྷར་གྱུར། །དགེ་བ་འདི་ཡིས་མྱུར་དུ་སོགས་དགེ་བསྔོ་སྨོན་ལམ་ཤིས་བརྗོད་བྱའོ། །རིགས་འདུས་མགོན་པོའི་དཀྱིལ་འཁོར་ཚོགས། །པུ་སྟ་ཀ་ཡི་ཚད་ལང་པའི༑ །དོན་ཀུན་ཉུང་ངུ་འདིར་འདུས་པའི། །སྙིང་པོ་ཁྱེར་བདེ་ངོ་མཚར་རྨད། །མནོ་སེམས་གཞིག་ཅིང་ཡང་ཡང་བཅོས། །འདི་ཡིས་དཀའ་ཚིག་དགོས་པ་ཅི། །གང་དྲན་བཀོད་མེད་མྱུར་བྲིས་པ། །འགྲོ་གདོང་དུས་ཐུག་ག་ལ་འོང་། །ཅེས་པའང་མཁྱེན་མཆོག་གི་བདག་ཉིད་རིག་པ་འཛིན་པའི་སྡེ་རིན་ཆེན་བཀྲ་ཤིས་རྣམ་རྒྱལ་གྱིས་གསུང་ངོར། སྙོམ་ལས་པ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་ལམ་ཐོག་ཏུ་སྤེལ་བ་ཕྲིན་ལས་འགྲུབ་པའི་རྒྱུར་གྱུར་ཅིག། །།སརྦ་མངྒ་ལམ།། །།


previousདཔལ་ཡེ་ཤེས་མགོན་པོའི་གཏོར་བསྔོས་བསྡུས་པ་སྒེར་གསོལ་རྣམས་ཀྱི་གསོལ་ཁ་ཉུང་ངུར་དྲིལ་བ་ཕྲིན་ལས་འདོད་འཇོ།next