Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
ཆོས་སྐྱོང་གི་བསྐང་བ་བསྡུས་པ་ཕྱོགས་ལས་རྣམ་པར་རྒྱལ་བ།
   
   
   
   
   
   
   
   
   
   
   


 
previousཆོས་སྐྱོང་གི་བསྐང་བ་བསྡུས་པ་ཕྱོགས་ལས་རྣམ་པར་རྒྱལ་བ།next

ཆོས་སྐྱོང་གི་བསྐང་བ་བསྡུས་པ་ཕྱོགས་ལས་རྣམ་པར་རྒྱལ་བ།

ཆོས་སྐྱོང་གི་བསྐང་བ་བསྡུས་པ་ཕྱོགས་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་བཞུགས་སོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་བསྒྲུབ་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ཕན་ཕྱིར་སངས་རྒྱས་རྒྱས་མྱུར་དུ་ཐོབ་པར་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག ཅེས་བརྗོད་སྙིང་ཐག་པས་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུ་དྡྷཱོ་ཧཾ། སྟོང་པའི་ངང་ལས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྐུར་གྱུར་པའི་མདུན་གྱི་དབུས་སུ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར། གཡས་སུ་མགོན་པོ་བདུད་ཀྱི་སྤུ་གྲི་རྗེ་བློན། གཟའ་བདུད་དུག་གི་སྤུ་གྲི། གཟའ་དང་གདོང་མོ། ལྷ་མ་སྲིན་སྡེ་བརྒྱད་ཀྱི་བཀའ་སྡོད་པ་དང་། ཞིང་སྐྱོང་སེ་གེའི་གདོང་པ་ཅན་ཡབ་ཡུམ་ལས་མཛད་འཁོད་པས་གྲལ་རིམ་པ་བཞིན་འདོད་ཆགས་ཀྱི་མགོན་པོ་ཅིག་ཅར་དམར་པོ་དྲེགས་པའི་ཚོགས་དང་། དགེ་བསྙེན་སྙོ་ཁའི་ཀླུ་བཙན་དུར་ཁྲོད་ཀྱི་བདག་མོ་ལ་སོགས་པའི་འབངས་ཀྱིས་འཁོར་ཡུག་ཏུ་བྱས་པ། གཡོན་ཕྱོགས་སུ་རིམ་པ་ལྟར་འདོད་པ་ཁམས་ཀྱི་དབང་ཕྱུག་དུད་པའི་སོལ་བ་མ། འཁོར་ནག་མོ་འབུམ་སྡེས་བསྐོར་བ་དང་། བཀྲ་ཤིས་ཚེ་རིང་མཆེད་ལྔ་བསྟན་མ་ལ་སོགས་པའི་བྲན་གཡོག་མང་པོ་ཅན་དང་། བོད་ཡུལ་ལྷན་ཅིག་སྐྱེས་མ་རྡོ་རྗེ་གཡུའི་སྒྲོན་མ། ཞིང་སྐྱོང་གི་མཁའ་འགྲོ་མ་འབུམ་གྱིས་བསྐོར་ཞིང་ཤནྟི་རོ་གཟན་མ་གནས་པའི་དམ་ཚིག་གི་འཁོར་ལོ་རྣམས་ཀྱི་མི་ཤིགས་པའི་སྲོག་གི་ས་བོན་ལས་འཕྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལ་བཛྭ་ས་མཱ་ཛཿ སྤོས་སྣ་ཚོགས་ཤ་ཆེན་དང་བསྲེས་པ་བསྲེག རྔ་སིལ་དང་། དབྱངས་ཀྱི་སྒྲས་འདི་ལྟར་གྱེར་རོ། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལ་ཆེ། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ཁྱོད་ལ་གསང་བའི་མཚན་གསོལ་བ། །ནག་པོ་རོ་ལངས་དུར་ཁྲོད་བདག །མཚན་ནས་འབོད་དོ་ད་ཚུར་བྱོན། །བསིལ་བའི་ཚལ་དུ་མཚན་གསོལ་བ། །ནག་པོ་མནའ་གཟན་ཀུན་གྱི་གཤེད། །མཚན་ནས་འབོད་དོ་ད་ཚུར་བྱོན། །སྒྲུབ་པ་པོ་ཡི་གནས་མཆོག་ན། །དམ་རྫས་བདུད་རྩིའི་ཚོགས་ནི་སི་ལི་ལི། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་ཁྱིལ་ལི་ལི། །བྷནྡྷ་རུས་པའི་ཚོགས་ནི་ཁྲ་ལ་ལ། །ཨ་ཀར་དུད་སོགས་སྤོས་ངད་ཐུལ་ལུ་ལུ། །མཐུན་པའི་དམ་རྫས་ཚོགས་སོ་ད་ཚུར་བྱོན། །བྷྱོ། དཔལ་ལྡན་ལྷ་མོ་མི་ཕམ་དུད་སོལ་མ། །ལེགས་ལྡན་ནག་པོ་རྗེ་བློན་འབངས་གསུམ་དང་། །ཁྱབ་འཇུག་དུག་གི་སྤུ་གྲི་ར་ཧུ་ལ། །ཞིང་སྐྱོང་ཆེན་པོ་སེང་གེའི་གདོང་པ་ཅན། །བཀྲ་ཤིས་ཚེ་རིང་མཆེད་ལྔ་བསྟན་མར་བཅས། །བོད་སྐྱོང་དབང་མོ་རྡོ་རྗེའི་གཡུ་སྒྲོན་མ། །དཔལ་གྱི་ལྷ་མོ་ཤནྟི་རོ་གཟན་དང་། །ཀུན་གྱི་བཀའ་སྡོད་དྲེགས་པ་ཅིག་ཅར་དམར། །ཆོས་སྲུངས་སྙོ་ཁའི་ཀླུ་བཙན་སྣ་ཡོན་མ། །རྣལ་འབྱོར་བདག་གི་སྲུང་མ་འཇིགས་བྱེད་ཚོགས། །ཕོ་བརྒྱུད་མོ་བརྒྱུད་འཁོར་བཅས་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿཡེ་ཤེས་པ་རྣམས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པས། མངོན་སུམ་དུ་མཐོང་བ་ལྟ་བུར་བསྒོམ་ལ། ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཅེས་བདུད་རྩི་གཏོར་བས་དམ་བཅས་པ་དྲན་ཏེ་ཕྲིན་ལས་ཅི་བསྒོ་བ་བསྒྲུབ་པར་བསམ་མོ། །དེ་ནས། མཆོད་རྫས་ཧཱུྃ་ལས་ཆོས་སྐྱོང་བསྲུང་མ་ཐམས་ཅད་དགྱེས་པ་བསྐྱེད་པའི་མཆོད་པའི་སྤྲིན་མ་ཚང་བ་མེད་པ་རེ་རེས་ཀྱང་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར། རྔ་སིལ་དབྱངས་དང་བཅས་པས། ཧཱུྃ། རཀྟ་སྐོམ་དུ་འཐུང་བའི་ཕྱིར། །ཁྲག་སྣ་སྟོང་གི་ཡོན་ཆབ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་པ་རྒྱས་པར་མཛོད། །ཨོཾ་བཛྭ་མ་ཧཱ་ཀཱ་ལ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སྤྱན་གཟིགས་ཤ་ལ་མཛད་པའི་ཕྱིར། །ཤ་སྣ་སྟོང་གི་མེ་ཏོག་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་པ་རྒྱས་པར་མཛོད། །ཨོཾ་བཛྭ་མཧཱ་ཀཱ་ལ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཚིལ་ཆེན་དྲི་ལ་སྣོམ་པའི་ཕྱིར། །གསུར་ཆེན་སྤོས་ཀྱི་དུད་སྤྲིན་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་པ་རྒྱས་པར་མཛོད། །ཨོཾ་བཛྭ་མཧཱ་ཀཱ་ལ་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སྲིན་པོའི་གདུག་པ་འཇོམས་པའི་ཕྱིར། །ཞུན་ཆེན་གསལ་བའི་མར་མེ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་པ་རྒྱས་པར་མཛོད། །ཨོཾ་བཛྭ་མཧཱ་ཀཱ་ལ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ནུས་པ་མཆོག་དང་རབ་ལྡན་ཕྱིར། །བདུད་རྩི་ལྔ་ཡི་དྲི་ཆབ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་པ་རྒྱས་པར་མཛོད། །ཨོཾ་བཛྭ་མཧཱ་ཀཱ་ལ་གནྡྷེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ལྗགས་ཀྱི་དབང་པོ་ཚིམ་བྱའི་ཕྱིར། །སྙིང་སྣ་སྟོང་གི་ཞལ་ཟས་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་པ་རྒྱས་པར་མཛོད། །ཨོཾ་བཛྭ་མཧཱ་ཀཱ་ལ་ནཻ་ཝི་དྱེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སྙན་གྱི་དབང་པོ་ཚིམ་བྱའི་ཕྱིར། །རྐང་གླིང་ཐོད་རྔ་ཅང་ཏེའུ་སོགས། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་པ་རྒྱས་པར་མཛོད། །ཨོཾ་བཛྭ་མཧཱ་ཀཱ་ལ་ཤཔྟ་པྲ་ཏཱི་ཙྪ་ཧཱུྃ་སྭཱ་ཧཱ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །བཀའ་སྡོད་ཡེ་ཤེས་མགོན་པོའི་ལྷ་ཚོགས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཨོཾ་བཛྭ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། མགོན་པོ་ལ་ཕུལ། བྷྱོ། ལྷ་མིན་རྣམས་དང་དགྲ་བགེགས་བསྒྲལ་བ་ཡི། །སྙིང་ཁྲག་དང་འདྲེས་དུག་ཆུ་ཁོལ་མའི་རྒྱུན། །རྒྱ་མཚོར་བསྐྱིལ་བའི་མི་བཟད་ཨརྒྷཾ་འདི། །མཁའ་འགྲོའི་དབང་ཕྱུག་འཁོར་དང་བཅས་ལ་འབུལ། །དྲི་མེད་ཡིད་འོང་ལྷ་རྫས་བཟང་པོ་དང་། །དྲག་པོའི་ཆུ་དང་རྡོ་རྗེ་དྲི་ཆུར་བཅས། །གདུག་པའི་དྲི་ལྡང་ཞབས་བཀྲུ་འདི་དག་ཀྱང་། །མཁའ་འགྲོའི་དབང་ཕྱུག་འཁོར་དང་བཅས་ལ་འབུལ། །ཉམས་པ་བསྒྲལ་བའི་དབང་པོ་རྣམ་ལྔ་ནི། །རི་ལྟར་སྤུངས་ཤིང་ཨུཏྤལ་ཆེར་འཛིངས་དུག །མཐུན་པའི་མེ་ཏོག་འཕྲེང་བ་ལྟར་སྤེལ་བ། །མཁའ་འགྲོའི་དབང་ཕྱུག་འཁོར་དང་བཅས་ལ་འབུལ། །སྣ་ཚོགས་སྤོས་མཆོག་བསྲེགས་དང་གསུར་ཆེན་གྱི། །དུད་སྤྲིན་མཁའ་ལ་འཁྲིགས་པ་དྲི་ཞིམ་ངད། །ཕྱོགས་བཅུའི་མཐར་འགྲོ་རྡོ་རྗེ་བདུག་སྤོས་ཀྱང་། །མཁའ་འགྲོའི་དབང་ཕྱུག་འཁོར་དང་བཅས་ལ་འབུལ། །ཙན་དན་ག་བུར་བསིལ་མངར་སྙིང་པོ་དང་། །ཤ་ཁྲག་རུས་པ་དགྲ་བོའི་མཁྲིས་ཞག་དུག །བྱུགས་པར་སྦྱར་བའི་མི་བཟད་དྲི་ལྡང་ཆབ། །མཁའ་འགྲོའི་དབང་ཕྱུག་འཁོར་དང་བཅས་ལ་འབུལ། །བགྲང་ཡས་རོ་དང་བཅུད་ལྡན་ཞལ་ཟས་མཆོག །བཟང་ཞིང་འཚལ་བ་མ་ཚང་མེད་པ་རྣམས། །སྲིད་པའི་འདོད་དགུའི་གཏོས་དང་མཉམ་སྤེལ་བ། །མཁའ་འགྲོའི་དབང་ཕྱུག་འཁོར་དང་བཅས་ལ་འབུལ། །ལྷ་མིའི་སིལ་སྙན་རྔ་དང་མི་རྐང་དུང་། །དཀྲོལ་འབུད་བརྡུང་དང་གླུ་དབྱངས་རྒྱ་མཚོའི་སྒྲས། །ཞིང་རྣམས་ཤིག་ཤིག་གཡོ་བྱེད་འདི་དག་ཀྱང་། །མཁའ་འགྲོའི་དབང་ཕྱུག་འཁོར་དང་བཅས་ལ་འབུལ། །འབྲུ་ཚིག་གཡུལ་དུ་བསད་པའི་ཞུན་ཆེན་ནི། །རོ་རས་གྱིས་སྦར་སྣང་བྱེད་འབར་བའི་མེ། །མ་ལུས་མཆོག་ཏུ་གསལ་བའི་སྒྲོན་མེ་འདི། །མཁའ་འགྲོའི་དབང་ཕྱུག་འཁོར་དང་བཅས་ལ་འབུལ། །དགྲ་བོའི་ཤ་ཆེན་ཤ་སྣ་རི་ལྟར་སྤུངས། །ཉམས་པའི་སྙིང་ཆེན་སྙིང་སྣ་སྲིད་གསུམ་གཏམས། །གདུག་པའི་དམར་ཆེན་དམར་སྣ་རྒྱ་མཚོར་བསྐྱིལ། །ཞིང་བཅུའི་ཀླད་ཆེན་ཀླད་སྣ་སྟོང་གསུམ་བཀང་། །རྒྱུ་ཆེན་འཕྲེང་བར་བརྩེགས་པས་མཁའ་ཁྱབ་ཅིང་། །འདོད་དགུའི་ཡོན་ཏན་རྣམས་ནི་སྤྲིན་བཞིན་གཏིབས། །བ་ལིཾ་གཏོར་མའི་ཚོགས་ནི་སྐར་ལྟར་བཀྲ། །མཁའ་འགྲོའི་དབང་ཕྱུག་འཁོར་དང་བཅས་ལ་འབུལ། །ནམ་མཁའ་ལྟར་ཡངས་ཐོད་པ་རྡོ་རྗེའི་སྣོད། །ཤ་ལྔ་བདུད་རྩི་ལྔ་སྦྱར་རྡོ་རྗེའི་རྫས། །མཆོག་གི་རྒྱལ་བ་རྡོ་རྗེས་བྱིན་བརླབས་པ། །མཁའ་འགྲོའི་དབང་ཕྱུག་འཁོར་དང་བཅས་ལ་འབུལ། །ལྷ་མོ་ལ་ཕུལ། མེ་ཏོག་གདུག་པ་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་རེ་རེའང་ཀུན་བཟང་ཀྱི། །རྣམ་ཐར་ལས་ཐོན་མཆོད་པའི་འཕྲེང་བ་འདི། །ལེགས་ལྡན་རྗེ་བློན་འཁོར་དང་བཅས་ལ་འབུལ། །མགོན་པོ་བདུད་ཀྱི་སྤུ་གྲི་ལ་ཕུལ། ཛ་ཡ། དམ་ཉམས་དགྲ་བོ་ལས་ངན་སྡིག་ཅན་འདིའི། །ཕྱི་ཡི་དབང་པོ་རྣམ་ལྔ་མཆོད་པར་འབུལ་གྱི་བཞེས། །ནང་གི་དོན་སྙིང་རྣམ་ལྔ་མཆོད་པར་འབུལ་གྱི་བཞེས། །གསང་བའི་བླ་ཚེ་སྲོག་གསུམ་མཆོད་པར་འབུལ་གྱི་བཞེས། །ཤ་ཁྲག་དམར་དང་ཚིལ་ཆེན་མཆོད་པར་འབུལ་གྱི་བཞེས། །ཀླད་རུས་རྐང་མར་མཆོད་པར་འབུལ་གྱི་བཞེས། །དམ་ཉམས་དགྲ་བོའི་བླ་ཚེ་སྲོག་དབུགས་འདི། །གཟའ་བདུད་ཆེན་པོ་འཁོར་བཅས་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཞིག་དགོངས་ཤིག་ཁཱ་རཾ་ཁཱ་ཧི། ཁྱབ་འཇུག་རཱ་ཧུ་ལ་ལ་ཕུལ། ཁྱེད་ལ་མཆོད་པར་འབུལ་བ་ནི། །བསད་པའི་ཤ་དང་མྱོས་པའི་ཆང་། །བསྲེགས་པའི་གསུར་དང་བཙོས་པའི་ཞག །ཁུར་བ་ཁྲག་དང་ལྷ་བ་རྐང་། །ནང་ཁྲོལ་གློ་སྙིང་མཁལ་མར་བཅས། །མགོན་པོ་སེང་གདོང་ཐུགས་དམ་བསྐང་། །ཞིང་སྐྱོང་ལ་ཕུལ། བྷྱོ། སྔགས་དང་ཏིང་ངེ་འཛིན་དང་ཕྱག་རྒྱ་ཡིས། །ཡེ་ཤེས་ལྷ་ཡི་བདུད་རྩིར་བྱིན་བརླབས་པ། །ཁ་དོག་དྲི་རོ་ཕུན་ཚོགས་གསེར་སྐྱེམས་འདི། །ལྷ་སྨན་རྒྱལ་མོ་འཁོར་དང་བཅས་ལ་འབུལ། །རབ་འབྱམས་ནམ་མཁའི་ཁྱོན་རྣམས་ཇི་སྙེད་པ། །རྣམ་བཀྲ་ཆེན་རིན་མེ་ཏོག་ཆར་གྱིས་བཀང་། །དྲི་ཞིམ་བདུག་པའི་སྤོས་ཀྱི་སྤྲིན་ཕུང་འཁྲིགས། །ཉི་ཟླའི་སྣང་བ་འཛིན་པའི་སྒྲོན་མས་གཏམས། །དྲི་བཟང་ཆབ་ཀྱི་རྒྱ་མཚོ་རྣམ་པར་འཁྱིལ། །ལྷ་ཡི་བཟའ་བའི་ཚོགས་ནི་རི་ལྟར་སྤུངས། །སྙན་པའི་རོལ་མོ་གནམ་ས་འབིར་བྱེད་ཅིང་། །སེར་གཡུ་མུ་ཏིག་ཕུང་པོ་གཅལ་དུ་བཀྲམ། །ལྷ་མིའི་དཀོར་ནོར་ཇི་སྙེད་ཕྱོགས་བཅུར་བཀོད། །གཙང་མའི་མཆོད་རྫས་མ་ཚང་མེད་པ་འདི། །ལྷ་སྨན་རྒྱལ་མོ་བཀྲ་ཤིས་ཚེ་རིང་མ། །མཆེད་ལྔ་འཁོར་དང་བཅས་ལ་མཆོད་པར་འབུལ། །ཚེ་རིང་མ་ལ་ཕུལ། དམ་ཚིག་གཙང་མར་སྦྱར་བའི་མཆོད་པ་འདི། །རྡོ་རྗེ་གཡུ་སྒྲོན་མ་ལ་མཆོད་པར་འབུལ། །ཐུགས་རྗེས་བརྩེར་དགོངས་རྒྱན་གྱི་མཆོད་པ་བཞེས། །མཆོད་པར་བཞེས་ཤིག་ཨ་ལ་ལ་ཧོ། གཡུ་སྒྲོན་མར་ཕུལ། ཁྱེད་དང་མཐུན་པའི་དམ་རྫས་ནི། །གདེངས་ཅན་གཤོས་བུ་ཟུར་གསུམ་ལ། །གསེར་སྐྱེམས་བདུད་རྩི་ཕུད་ཀྱིས་བྲན། །ལེ་བརྒན་རུ་མཚོན་མཁའ་ལ་འཕྱར། །གླང་ཆེན་དམར་པོ་རོལ་དུ་འདུར། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཅིག་ཅར་དམར་པོར་ཕུལ། རོལ་མོ་དང་བཅས་པས་བསྟོད་པ་ནི། ཧཱུྃ། ཧཱུྃ་ལས་སྐྱེས་པའི་ནག་པོ་ཆེ། །པདྨའི་ཉི་མའི་གདན་ལ་བཞུགས། །གདུག་པ་ཚར་གཅོད་མེད་དཔུང་ནང་། །མཐུ་ཆེན་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། བྱ་རོག་མིང་ཆེན་ནག་པོ་ཆེ། །ཞལ་གཅིག་ཕྱག་བཞི་ཁྲོ་བོའི་གཟུགས། །ཞབས་གཉིས་གྱད་ཀྱི་སྟང་སྟབས་བཞུགས། །སྟོབས་ཆེན་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། ཆ་ལུགས་འཆང་བའི་ནག་པོ་ཆེ། །སྦྲུལ་དང་རིན་ཆེན་ཐོད་པས་བརྒྱན། །སྟག་ལྤགས་ཤམ་ཐབས་སྐུ་ལ་གསོལ། །དཔའ་བོ་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། འཕྲིན་ལས་མཛད་པའི་ནག་པོ་ཆེ། །འབྲས་བུ་ཐོད་ཁྲག་ཞལ་དུ་གསོལ། །གདུག་པའི་མཚོན་ཆ་ཕྱག་ན་བསྣམས། །གསོད་བྱེད་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། གཟི་མདངས་ལྡན་པའི་ནག་པོ་ཆེ། །དབུ་སྐྲ་སེར་པོ་གྱེན་དུ་བརྫེས། །ཨག་ཚོམ་སྨིན་མ་མེ་ལྟར་འབར། །བརྗིད་པ་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། སྙིང་རྗེ་ཁྲོས་པའི་ནག་པོ་ཆེ། །སྤྱན་གསུམ་སྡང་མིག་མེ་ལྟར་འབར། །རབ་ཏུ་འཁྲུག་པའི་ཁྲོ་གཉེར་ཅན། །གཏུམ་ཆེན་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། འཇིགས་པའི་གཟུགས་ཅན་ནག་པོ་ཆེ། །ཞལ་གདངས་དྲག་པོའི་མཆེ་བ་གཙིགས། །ལྗགས་འདྲིལ་ང་རོ་ཧཱུྃ་སྒྲ་སྒྲོག །ཟ་བྱེད་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། བྱང་ཆུབ་སེམས་ལྡན་ནག་པོ་ཆེ། །སངས་རྒྱས་སྤྱན་སྔར་ཁས་བླངས་པ། །བསྟན་པ་བསྲུང་བར་ཞལ་གྱིས་བཞེས། །དམ་ཅན་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། དམ་ལས་མ་འདའ་ནག་པོ་ཆེ། །བསྟན་པ་སྲུངས་ཤིག་ནག་པོ་ཆེ། །རྣལ་འབྱོར་སྐྱོངས་ཤིག་ནག་པོ་ཆེ། །བཀའ་བཞིན་སྒྲུབས་ཤིག་ནག་པོ་ཆེ། །གལ་ཏེ་དམ་ལས་འདས་གྱུར་ན། །དུས་གསུམ་སངས་རྒྱས་ཐུགས་ཁྲོས་ཏེ། །ཁྱོད་ཉིད་ཉམས་པར་འགྱུར་ཏ་རེ། །རང་ཉིད་རླག་པར་གྱུར་ཏ་རེ། །ཨོཾ་བཛྭ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ྄། ཨོཾ་བཛྭ་མ་ཧཱ་ཀཱ་ལ་ས་མ་ཡ་ཧཱུྃ་ཕཊ྄། བྷྱོ། རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམ་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞུགས། །རྫོང་དང་བཀའ་ཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་མིང་ཤེས། །དེ་ལ་འཇིགས་པ་མེད་པར་འགྱུར། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ནད་དོ་ཅོག་གི་བདག་མོ་སྟེ། །སངས་རྒྱས་བསྟན་པ་བསྲུང་བ་ཡི། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད། །ཅེས་དུད་སོལ་མ་ལ་བསྟོད། །ཧཱུྃ། ལྷ་མིན་དམག་གི་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོའི་དབུགས་འབྱིན་པ། །རྡོ་རྗེ་དུར་ཁྲོད་འཁོར་བཅས་ལ། །དང་བའི་སེམས་ཀྱིས་ཕྱག་འཚལ་བསྟོད། །ཅེས་བདུད་ཀྱི་སྤུ་གྲི་ལ་བསྟོད། ཧཱུྃ། ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །འཇིགས་བྱེད་རོག་ཏི་སྤྲུལ་པའི་སྐུ། །ཕ་ནི་སྲིན་ལ་མ་ནི་ཀླུ། །ཀླུ་སྲིན་བསྡོངས་པའི་མཐུ་བོ་ཆེ། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་ལུས་ཐམས་ཅད་མིག་གིས་གང་། །སྐུ་མདོག་འཇིགས་པའི་དུད་ཁ་བོ། །གཡས་ན་ཆུ་སྲིན་ཞགས་པ་བསྣམས། །གཡོན་ན་རྭའི་མདའ་གཞུ་བསྣམས། །སྐུ་སྟོད་སྲིན་ལ་སྐུ་སྨད་སྦྲུལ། །སྐུ་སྟོད་ནམ་མཁའི་མཐོངས་ན་བཞུགས། །སྐུ་སྨད་རྒྱ་མཚོའི་གཏིང་ན་བཞུགས། །གཟའ་བདུད་ཆེན་པོའི་དུས་ལ་བབ། །ལྷོ་ནུབ་མཚམས་ནས་སྐུ་བཞེངས་ལ། །ཟླ་བའི་རྗེས་གཅོད་ཤར་དུ་རྒྱུ། །བྱང་ཤར་མཚམས་ནས་སྐུ་བཞེངས་ལ། །ཉི་མའི་རྗེས་གཅོད་ནུབ་ཏུ་རྒྱུ། །ཉིན་མོ་རྒྱུ་བ་མཚམས་བཞི་འཇོམས། །མཚན་མོ་རྒྱུ་བ་ཕྱོགས་བཞི་འཇོམས། །བར་སྣང་ཁམས་སུ་རྒྱུ་ཙ་ན། །འཇིག་རྟེན་ཁམས་ཀུན་འཁྲུག་ཅིང་བསྲེག །ལོ་ཉེས་འཁྲུག་པ་རིམས་ནད་གཏོང་། །ཐོག་དང་སེར་བ་ས་གཡོས་འབེབས། །ཉི་མ་ཟླ་བ་ལྟོ་རུ་ཟ། །སྔོན་དུ་སུ་ཕྲད་ཁྱུར་མིད་བྱེད། །འཇིགས་བྱེད་ཆེན་པོ་མི་བསྲུན་པ། །མིག་མང་པོ་ལ་ཁ་གདངས་པོ། །དུས་ཚོད་ཚེས་གྲངས་ཀུན་གྱི་བདག །ལྷ་འདྲེ་ཀུན་གྱི་ནད་དཔྱད་མཁན། །འབྱུང་བ་ལྔ་ཡི་བདུད་པོ་ཆེ། །ལྷ་སྲིན་སྡེ་བརྒྱད་དམག་དཔོན་བྱེད། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་རྒྱུ། །ཀི་ཀཾ་སྣ་ཚོགས་འབེབས་པའི་བདག །འཇིག་རྟེན་འདི་ན་མཐུ་ཆེ་བ། །དྲག་རྩལ་ཁྱོད་ལས་ཆེ་བ་མེད། །སངས་རྒྱས་སྔ་རབས་བསྟན་པ་ལ། །འཇིག་རྟེན་ཕུང་བྱེད་དྲག་ཤུལ་ཅན། །ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །ཤ་རུལ་ཁྲག་རུལ་མཆོད་པར་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །སྲཱིཿ ཕྱོགས་བཞི་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །སྦས་ཤིང་གབ་པའི་གདོང་མོ་བཞི་རྣམས་ནི། །ཤར་ནས་སྟག་སྲིན་ཟོར་བའི་གདོང་། །ནམ་མཁའི་དཀྱིལ་ནས་འབྲུག་གི་སྒྲ་སྒྲོག་མ། །ལྷོ་ནས་བཾ་སྲིན་དྲེད་མོའི་གདོང་། །བར་སྣང་ཁམས་ནས་དྲག་པོའི་གློག་འགྱུ་མ། །ནུབ་ནས་ཀོང་སྲིན་བ་ལང་གདོང་། །རི་རབ་རྩེ་ནས་གནམ་ལྕགས་ཐོག་འབེབས་མ། །བྱང་ནས་འབྲོག་སྲིན་ཆུ་སྲིན་གདོང་། །རྒྱ་མཚོའི་གཏིང་ནས་ཁྲག་གི་སེར་འབེབས་མ། །སྲིང་མོ་གདོང་མོ་བཞི་ཡི་ཐུགས་དམ་དུས་ལ་བབ། །རྣལ་འབྱོར་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད། །ཅེས་གཟའ་ལ་བསྟོད། ཧཱུྃ། གཞན་གྱིས་མི་ཐུབ་དཔའ་བོ་ཆེ། །རྫུ་འཕྲུལ་ཆེ་ཞིང་མཐུ་དང་ལྡན། །བཟློག་པར་དཀའ་བའི་དྲག་ཤུལ་ཅན། །རྡོ་རྗེ་འཛིན་པའི་བཀའ་སྡོད་ཁྱོད་ལ་བསྟོད། །ཅེས་ཞིང་སྐྱོང་ལ་བསྟོད། ནུ་ལྡན་ཀུན་གྱི་གཙོ་མོ་བཅོམ་ལྡན་མ། །ཕྱི་ལྟར་དུར་ཁྲོད་འཇིག་རྟེན་ཌཱ་ཀ྄ིའི་ཚུལ། །ནང་ལྟར་རིགས་ལྔའི་མཁའ་འགྲོ་དམ་ཚིག་ཅན། །གསང་བར་རྒྱལ་བ་དགྱེས་མཛད་ཡུམ་ཆེན་ལྔས། །བདག་ལ་འཆི་མེད་ཚེ་ཡི་རིག་འཛིན་དང་། །རིགས་རྒྱུད་དར་ཞིང་རྒྱས་པའི་མཆོག་སྦྱིན་མ། །སྣང་སྲིད་གསལ་བ་འཕྲུལ་གྱི་མངོན་ཤེས་དང་། །ཟས་ནོར་ཕྱུགས་ཀྱི་འགྲོ་བ་ཆེར་འཕེལ་བའི། །དངོས་གྲུབ་སྩལ་ནས་གསང་ཆེན་ལམ་བགྲོད་པའི། །ཉམས་རྟོགས་ཆེས་ཆེར་འཕེལ་བའི་གྲོགས་མཛད་དེ། །རྡོ་རྗེ་འཆང་དབང་ཐོབ་པར་བྱིན་གྱིས་རློབས། །རྣམ་པ་ཀུན་ཏུ་འགལ་རྐྱེན་ཐམས་ཅད་ལས། །ལེགས་པར་བསྲུང་ཞིང་སྐྱོབ་པའི་འཕྲིན་ལས་མཛོད། །ཅེས་ཚེ་རིང་མཆེད་ལྔའི་བསྟོད། རྒྱལ་བའི་ཡུམ་མཆོག་རྡོ་རྗེ་གཡུ་སྒྲོན་མ། །ཆོས་སྐུའི་དབྱིངས་ལ་སྤྲོས་པ་མི་མངའ་ཡང་། །ལོངས་སྐུ་རིགས་ལྔ་མ་དང་མཁའ་འགྲོར་སྟོན། །སྤྲུལ་སྐུ་སྨན་མོས་འགྲོ་དོན་མཛད་ལ་བསྟོད། །ཅེས་གཡུ་སྒྲོན་མ་ལ་བསྟོད། །དྲེགས་པ་སྡེ་བརྒྱད་ཀུན་གྱི་མགོན། །དཔལ་ལྡན་ཞིང་སྐྱོང་དབང་པོ་ཡི། །མཆེད་ཅིག་གནས་ཆེན་བདག་པོ་ནི། །ཅིག་ཅར་དམར་པོ་ཁྱོད་ལ་བསྟོད། །སྤྲོ་ན་མན་ངག་བཞིན་དུ་བཟླས། །དེ་ནས། ཚོགས་ཀྱི་ཡོ་བྱད་བཤམས། ཆང་གིས་བྲན་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོ་ཧཾ། ཨོཾ་ལས་ནམ་མཁའི་དབྱིངས་དང་མཉམ་པའི་ཐོད་པའི་སྣོད་དུ། ཨཱཿལས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་གི་རྫས་ཞུ་ཞིང་ཁོལ་བ། ཧཱུྃ་ཡིག་གི་འོད་ཀྱིས་ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩི་བཀུག་པ་དང་རོ་གཅིག་ཏུ་བསྲེས། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། དེ་ནས་སྒྲ་བརྙན་དབྱངས་སྙན་པོ་དང་ལྡན་པས་བསྐང་བ་འདི་ལྟ་བུར་གྱེར་རོ། །ཧཱུྃ། ལྷ་མིའི་འདོད་ཡོན་མ་ལུས་ཚོགས་པའི་སྤྲིན། །སོ་སོའི་ཐུགས་ལ་དགྱེས་དགུའི་ཆར་འབེབས་པ། །ནམ་མཁའི་ཁམས་རྣམས་ཀུན་ནས་ཁྱབ་པ་འདིས། །དམ་ཅན་སྲུང་མ་རྒྱ་མཚོའི་ཐུགས་དམ་བསྐང་། །གཡག་ལུག་རྟ་ཁྱི་གཅན་གཟན་གཏུམ་པོའི་ཚོགས། །བྱ་ནག་རྟེན་གཏོར་གཡང་གཞི་དཔའ་བོའི་སྙིང་། །སྲོག་གི་འཁོར་ལོས་བསྟེམས་སོགས་རང་རང་གི །རྟེན་རྫས་རྒྱ་ཆེར་སྤེལ་བས་ཐུགས་དམ་བསྐང་། །སྐུ་བརྙན་རྔ་དང་ཅང་ཏེའུ་སིལ་སྙན་དུང་། །བོང་བུ་གྭ་དམར་ནལ་བུའི་རྒྱལ་མཚན་སྙིང་། །མདོང་མཐའ་ཅན་གྱི་གར་དང་འདོད་ཡོན་ལྔ། །དམར་གྱི་ཨརྒྷཾ་སྦྲེང་བས་ཐུགས་དམ་བསྐང་། །རིན་ཆེན་གོ་ཆ་རྣོ་བའི་དགྲ་ཆ་དང་། །འཕྱར་བའི་དར་དང་བསྲ་བའི་ལག་ཆ་དང་། །བལྟ་བས་མི་ངོམས་སྤྱན་གཟིགས་དཀོར་ཆ་དབྱིག །གངྒཱའི་ཞིང་རྡུལ་གྲངས་ཆས་ཐུགས་དམ་བསྐང་། །དྲི་རོ་བཅུད་མདངས་ཕུད་ཀྱི་བཟའ་བཏུང་ནི། །སྲིད་ན་ཅི་མཆིས་དེ་སྙེད་སྤུངས་པ་གང་། །སྔགས་རྒྱས་དམ་ཚིག་རྫས་སུ་ལེགས་བསྙེན་པའི། །ཚོགས་དང་གཏོར་མ་རྒྱ་མཚོས་ཐུགས་དམ་བསྐང་། །དགྱེས་བཞིན་འཁོར་བར་འགལ་རྐྱེན་སེལ་བ་དང་། །གནད་དུ་བསྐུལ་བས་འཕྲིན་ལས་བསྒྲུབ་པའི་རྒྱུ། །མཆོད་དང་ཉེ་བ་བསྒྲུབ་པའི་སྒོམ་བཟླས་སོགས། །མཐུན་པའི་དམ་ཚིག་ཡོངས་ཀྱི་ཐུགས་དམ་བསྐང་། །ལྕམ་དྲལ་ཁྱེད་དང་དམ་ཅན་མ་ལུས་པར། །མཆོག་ཏུ་གདུང་ཤུགས་ལྡན་ཀྱང་མི་མཁས་པས། །ཚུལ་བཞིན་བསྒྲུབ་པའི་དམ་ཚིག་ལས་ཉམས་པ། །དོ་ནུབ་བསྐང་ངོ་བཤགས་སོ་ཐུགས་དམ་ཅན། །དེ་ལྟར་བསྐང་ཞིང་བཤགས་ནས་འདོད་པའི་དོན། །མ་ལུས་བསྒྲུབ་ཅིང་ལྷག་པར་བདག་ཅག་ལ། །ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམས་པ། །གང་མཆིས་དགྲ་བགེགས་ཉིད་ལ་བཟློག་པར་མཛོད། །དེ་ནས། ཚོགས་ཕུད་གཏོར་མ་ལ་གྲངས་བཞིན་བྲན་ནས། ཆ་ལྔ་ལ། ཧཱུྃ། ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི། །རྩ་བ་བརྒྱུད་པའི་བླ་མ་དང་། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །མ་ཧཱ་ཀཱ་ལ་འཁོར་བཅས་དང་། །དཔལ་ལྡན་དུད་སོལ་འཁོར་དང་བཅས། །མགོན་པོ་རྗེ་བློན་འབངས་གསུམ་དང་། །ཁྱབ་འཇུག་ཆེན་པོ་འཁོར་བཅས་དང་། །ཞིང་སྐྱོང་སེང་གདོང་ཡབ་ཡུམ་དང་། །ཚེ་རིང་མཆེད་ལྔ་བསྟན་མར་བཅས། །རྡོ་རྗེ་གཡུ་སྒྲོན་དཔལ་ལྷ་དང་། །གཞི་བདག་དགེ་བསྙེན་མཆེད་གཉིས་སོགས། །དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་བསྔོས་ནས་ནམ་མཁར་དོར། དེ་ནས་གཏོར་མ་རྣམས་ཆང་གིས་བྲན་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོ་ཧཾ། ཨོཾ་ལས་ནམ་མཁའི་དབྱིངས་དང་མཉམ་པའི་ཐོད་པའི་སྣོད་དུ། ཨཱཿལས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་གི་རྫས་ཞུ་ཞིང་ཁོལ་བ། ཧཱུྃ་ཡིག་གི་འོད་ཀྱིས་ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩི་བཀུག་པ་དང་རོ་གཅིག་ཏུ་བསྲེས། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། དེ་ནས། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་བཅས། ཨོཾ་བཛྭ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་གྱིས་མགོན་པོ་ལ་འབུལ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཀཱ་ལི་ཧཱུྃ་བྷྱོ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ལྷ་མོ་ལ་འབུལ། གཞན་རྣམས་ལ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་སྲཱྀ་ད་བིཥྞཀྵྭ་རཱ་ཧུ་ལཀྵེ་ཊ་པཱ་ལ། མཾ་ལཾ་ཨཾ་ཙཾ་ཏཾ་པཉྩྨ་ཌཱ་ཀ྄ི་བཛྭ་ལ་ལ་ལི་ལི། ཏྲཀ་ཤད་སིདྡྷི་ཡ་མ་དུ་ཛ། ནག་པོ་ཏི་པ་རཱ་ཛ། རཱ་ཊིཊ་མ་ཡ་ཛ་ཛཿ ཤིནྟི་ཨ་ཀ་ཊ་བྷཀྵི་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ། ཡང་ན་ཨོཾ་ཨཱ་ཀ་རོ་མུ་ཁཾ་སརྦ་དྷརྨྨ་ཎཱཾ་ཨ་དྱཱ་ནུཏྤནྣ་ཏོཏ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བདུན་གྱིས་ཐམས་ཅད་ལ་བསྔོའོ། །དེ་ནས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྕམ་དྲལ། ལས་ཀྱི་མགོན་པོ་བྱ་རོག་གི་གདོང་པ་ཅན་ལ་སོགས་པ་འཁོར་དང་བཅས་པ་རྣམས་དང་། དུད་པའི་སོལ་བ་མ། མགོན་པོ་བདུད་ཀྱི་སྤུ་གྲི། ཁྱབ་འཇུག་གཟའི་སྤུ་གྲི། ཞིང་སྐྱོང་ཚེ་རིང་མཆེད་ལྔ། རྡོ་རྗེ་གཡུ་སྒྲོན། བསྟན་མ་བཅུ་གཉིས། ཅིག་ཅར་དམར་པོ། སྨྱོ་ཁའི་ཀླུ་བཙན་རྡོ་རྗེ་སྣ་ཡོན་མ་ལ་སོགས་པའི། དཔལ་ལྡན་འབྲུག་པའི་བཀའ་དང་དམ་ལ་བཏགས་པའི་དམ་ཅན་རྒྱ་མཚོ། གནས་བདག་གཞི་བདག་དང་བཅས་པ་རྣམས་ལ། མཆོད་སྦྱིན་གྱི་གཏོར་མ་ཕུལ་བས། དགྱེས་རབ་ཀྱི་མཆོག མཉེས་རབ་ཀྱི་ཕུལ་དུ་གྱུར་ཅིག དེང་འདིར་བདག་ལ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་བ་དང་། མཐུན་པའི་རྐྱེན་ཐམས་ཅད་ཡིད་བཞིན་འགྲུབ་པའི་མཆོག་སྩོལ་བར་མཛད་དུ་གསོལ་ལོ། །ཞེས་བརྗོད། གཏོར་མ་ཧབ་དིར་གྱིས་གསོལ་བར་བསམ་མོ། །ཚོགས་ལ་ལོངས་སྤྱོད་དེ་ནས་ལྷག་བསྡུས་ཁ་ཕྲུ་བཏབ། ཨོཾ་ཨུ་ཙིཥྞཀྵྭ་བྷ་ལིངྟ་བྷཀྵཿསྭཱ་ཧཱས་བསྔོས་ཕྱིར་དོར། །དེ་ནས་དམ་ཚིག་ཡེ་ཤེས་དབྱེར་མེད་པ་བཛྭ་མུས་རྟེན་ལ་བསྡུ། སེ་གོལ་གཏོགས། དགེ་བ་འདི་ཡིས་མྱུར་དུ་བདག །ཆོས་སྐྱོང་སྲུང་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་བསྲུང་ཕྱིར། །འཇིགས་བྱེད་མི་བཟད་དྲག་པོའི་ལུས་དང་ལྡན། །རྔམ་པའི་སྟོབས་ཀྱིས་བདུད་བཞི་ཚར་གཅོད་པའི། །མགོན་པོ་བྱ་རོག་མཚན་གྱི་བཀྲ་ཤིས་ཤོག །ཟབ་མོ་རྒྱུད་ཀྱི་སྲུང་མ་མ་མོ་ནི། །ཞལ་གཅིག་ཕྱག་བཞི་འཕྲིན་ལས་རྣམ་བཞི་བསྒྲུབ། རྫུ་འཕྲུལ་མཐུ་ལྡན་དགྲ་བགེགས་ཚར་གཅོད་པའི། །ཁྲག་འཐུང་དུད་སོལ་ལྷ་མོའི་བཀྲ་ཤིས་ཤོག །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་བྱེད་པའི་གང་ཟག་རྣམས། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་བསྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ས་སྐྱོང་ཚེ་དབང་བསོད་ནམས་དཔལ་འཕེལ་ཞེས། །རྒྱལ་བའི་བསྟན་སྲུང་སྐྱེ་བར་མཆོད་དེ་ཡི། །དྲན་པའི་གསོས་སུ་པདྨ་དཀར་པོ་རུ། །གྲགས་པའི་བ་དན་སྐྱོང་བ་དེས་སྦྱར་རོ། །འདིས་ཀྱང་བསྟན་པ་དར་བར་གྱུར་ཅིག། །།མངྒ་ལཾ།། །།


previousཆོས་སྐྱོང་གི་བསྐང་བ་བསྡུས་པ་ཕྱོགས་ལས་རྣམ་པར་རྒྱལ་བ།next