Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
དམ་ཅན་རྒྱ་མཚོའི་མཆོད་བསྟོད་ཀྱི་རིམ་པ་ཉི་ཚེ་བ་ནོར་བུ་འོད་ཀྱི་ཕྲེང་བ།
   
   
   
   
   
   
   
   
   
   


 
previousདམ་ཅན་རྒྱ་མཚོའི་མཆོད་བསྟོད་ཀྱི་རིམ་པ་ཉི་ཚེ་བ་ནོར་བུ་འོད་ཀྱི་ཕྲེང་བ།next

དམ་ཅན་རྒྱ་མཚོའི་མཆོད་བསྟོད་ཀྱི་རིམ་པ་ཉི་ཚེ་བ་ནོར་བུ་འོད་ཀྱི་ཕྲེང་བ།

དམ་ཅན་རྒྱ་མཚོའི་མཆོད་བསྟོད་ཀྱི་རིམ་པ་ཉི་ཚེ་བ་ནོར་བུ་འོད་ཀྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །མངོན་རྟོགས་ཧཱུྃ ཀ་ཡིག་གང་དུའང་མི་གནས་ཆོས་དབྱིངས་མདངས། །སྣོད་བཅུད་དཀྱིལ་འཁོར་ཆེན་པོར་གྲུབ་པའི་དབུས། །ཧཱུྃ་དང་གྲི་གུག་ཟེར་གྱིས་གདུག་པ་བསད། །སངས་རྒྱས་མཐུ་སྟོབས་གཅིག་ཏུ་བསྡུས་ལས་སྐུ། །ཁ་དོག་མི་བཟད་མུན་པ་ཆེར་གནག་པ། །འབར་བའི་འཕྲེང་བ་འཁྲུག་པའི་དུ་བས་དཀྲིས། །དྲག་ཤུལ་ཆེར་ཁྲོས་ཞལ་གཅིག་སྤྱན་གསུམ་དམར། །དཔའ་སྒེག་འཇིགས་སོགས་ཉམས་དང་འགྱུར་བའི་གཏེར། །ག་ཤལ་འཛག་པའི་མགོ་བོ་ལྔ་བཅུ་འཕྱང་། །གུག་ཀྱེད་ཅོད་པན་ཕྱག་རྒྱ་དྲུག་གིས་བརྒྱན། །གདུག་པའི་སྦྲུལ་འཁྲིལ་མི་དང་གླང་ཆེན་དང་། །སྟག་གིས་པགས་པ་རློན་པ་གོས་སུ་གྱོན། །ང་རོ་ཧཱུྃ་གིས་བདུད་བཞི་དཔའ་འཁུམས་པའི། །སྟེང་དུ་དཔའ་བོའི་རོལ་པ་ཆེན་པོས་འགྱིང་། །ཕྱག་བཞི་བེ་ཏ་རོ་ལངས་ལྕེའི་རལ་གྲི། །ཐོད་ཁྲག་ཁ་ཊྶཱཾ་དར་དཔྱངས་ལྡན་པ་བསྣམས། །ཅ་རེ་སྐུ་དང་སྐད་ཅིག་མི་འབྲལ་བར། །ཀུན་ཏུ་སྣ་ཚོགས་གཟུགས་སྟོན་ཙཎྜྻིཀ །སྐེམ་ཞིང་སྦེག་པ་མཐིང་ནག་གཏུམ་པའི་བཞིན། །ཕྱག་ན་རལ་གྲི་མདའ་གཞུ་དགྲ་མགོ་འཛིན། །ཆ་བྱད་མིའུ་ཐུང་ཁྲོས་པའི་ཁྲོ་བོ་སྟེ། །སྒྲོལ་བྱེད་གསོད་བྱེད་རྔམ་བྱེད་བདུད་མོ་རྣམས། །དགྲ་ལ་རྔམ་པའི་རྐན་རྡེབ་བྱ་རོག་གདོང་། །ཞབས་བརྡབས་ཁམས་གསུམ་སྲིད་པ་གཡོ་ཞིང་བསྒུལ། །ཇི་ལྟར་སྲེད་སྐྱེད་དུག་གསུམ་ཉོན་མོངས་སྦལ། །གནོད་སྦྱིན་ལྗང་ནག་ཁྲག་གི་རལ་པ་ཅན། །འཇིག་རྟེན་ཕུང་བར་བྱེད་པའི་རཱ་ཧུ་ལ། །ཤ་ཟ་མཐུ་བོ་སེང་གེའི་གདོང་པ་ཅན། །ཉ་ལྟར་གཅེར་མོ་གར་འཁྱུག་སྒོ་མཚམས་མ། །རོ་ལངས་བརྒྱ་དང་ནག་སྟོང་ཤ་ཟ་འབུམ། །མ་མོ་ས་ཡ་གནོད་སྤྱིན་ཁྲི་དང་ནི། །དཔལ་མགོན་བདུན་ཅུ་རྩ་ལྔར་བཅས་པས་བསྐོར།། སྤྱན་འདྲེན་ཧཱུྃ ཏ་ཐཱ་ག་ཏ་རྣམས་ཀྱི་སྐལ་བཟང་ཞིང་། །ཆོས་བཞིན་སྐྱོང་བའི་མགོན་པོ་ཁྱོད་ཡིན་པས། །སྙིགས་མ་ལྔ་བདོ་འཕྲིན་ལས་མཛད་པ་ཡི། །དུས་ལགས་བཏང་སྙོམས་མི་འཚལ་འདིར་གཤེགས་ཤིག །ཐ་མའི་སྲིད་པར་བྱང་ཆུབ་ཤིང་དྲུང་དུ། །མེ་ཏོག་གཞུ་ཅན་གཡུལ་དུ་རླག་བྱེད་པའི། །དཔའ་བོ་རྣམས་ཀྱི་དམག་གི་དཔོན་པོ་ཁྱོད། །ཉམས་པ་བསྒྲལ་ཕྱིར་གནས་འདིར་སྤྱན་འདྲེན་ནོ། །ད་ལྟ་སྲིད་གསུམ་ཁམས་ཀྱི་དྲེགས་པ་ཅན། །ཅི་མཆིས་ཁྱོད་ཀྱི་བྲན་ཚོགས་མདུན་དུ་བདར། །བྱ་གཅན་ཀླད་དང་བཤུལ་དུ་རྗེས་འབྲང་ཅན། །དད་པས་སྤྱན་འདྲེན་མཆོད་ཀྱིས་གཤེགས་སུ་གསོལ།། བཞུགས་གསོལ་ན་རཱ་ཡ་དང་བིཥྞཀྵྭ་ལ་སོགས་པ། །དབང་པོ་སྡེར་བཅས་མཐུན་མནན་ཁྲིར་བཞུགས་ནས།། དམ་བཞག་སྔོན་གྱི་ཞལ་བཞེས་རྗེས་སུ་དགོངས་མཛོད་ཅེས།། ཕྱག་འཚལ་བསྟན་པ་བསྲུང་ཕྱིར་གུས་པས་ཕྱག་འཚལ་ལོ།། དབང་བསྐུར་པ་ར་མི་ཏཱའི་སྲས་མཆོག་རིགས་ལྔ་ཡིས། །བདུད་རྩི་ལྔ་ཡི་བུམ་པས་དབང་བསྐུར་ཏེ། །མཐུ་སྟོབས་ནུས་པ་ཀུན་ལ་མངའ་བསྒྱུར་ཕྱིར།། རྒྱས་གདབ་གཉིས་མེད་བདེ་བ་ཆེན་པོར་རྒྱས་བཏབ་པོ།། མཆོད་པ་ཧཱུྃ ཕ་རོལ་མོ་བརྒྱུད་སྲིད་པའི་རྩ་བཅད་པའི། །དམར་ཆེན་ཁྲག་གི་རྒྱ་མཚོའི་ཨརྒྷཾ་སྒྲེང་། །ཕོ་རྒྱུད་དུང་ཅན་གཏུབ་པའི་ཟླ་བའི་རྒྱུན། །ཞལ་དང་ཞབས་བསིལ་རྐྱེན་དུ་ལེགས་པར་སྦྱར།། ཕྱི་བ་མོས་མ་རེག་མེ་ཏོག་གསུར་ཆེན་སྤོས། །སྣང་གསལ་དྲི་ཆབ་ཞལ་ཟས་རེ་རེ་ཡང་། །འདོད་པའི་ཡོན་ཏན་ཀུན་དང་ལྡན་བཞིན་དུ། །གང་དགྱེས་དེ་དེར་རྫུ་བ་མཆོད་པར་འབུལ།། ནང་མ་རབས་དཀར་བྱང་དུ་བྲིས་དམར་བྱང་བཏབ། །ཏིང་འཛིན་སྔགས་རྒྱ་ཐུན་གྱིས་བསད་བྱས་པའི། །ཤ་རུས་རིར་སྤུངས་ཁྲག་ནི་མཚོར་བསྐྱིལ་བའི། །བ་ལིཾ་མཆོད་པར་འབུལ་ལོ་ཁ་རཾ་ཁ་ཧི།། གསང་བ་ཙ་རུའི་བཟར་འོས་མྱོས་བྱེད་རྣམ་པ་བརྒྱད། །ཤ་ལྔ་བདུད་རྩིའི་རང་བཞིན་ལྔ་ཡི་ཚོགས། །ཨོཾ་གྱིས་རབ་སྦྱངས་ཨཱཿསྦར་ཧཱུྃ་གིས་སྤེལ། །ཧོཿཡིས་བདུད་རྩིར་བཞུ་བའི་ཕུད་འབུལ་ལོ།། དེ་ཁོ་ན་ཚ་བ་ལྟེ་བའི་གཏུམ་མོའི་ཡེ་ཤེས་མེས། །བདེ་བ་ཆེན་པོའི་ཧེ་རུ་ཀ་བསྐུལ་ཏེ། །སྙོམས་ཞུགས་སྦྱོར་བའི་མཚམས་འོང་དགའ་བའི་ཆ། །གཙུག་ཏོར་ནམ་མཁར་གང་བས་མཆོད་པར་བགྱི།། འཛབ་མཆོད་ཛཿཡིས་དཀྱིལ་འཁོར་བཞི་ཡི་ནང་དུ་བཀུག །ཧཱུྃ་གིས་སྨིན་བྱེད་དབང་བཞིའི་ཞགས་པས་བཅིངས། །བཾ་གྱིས་རིམ་གཉིས་ལམ་དུ་ལེགས་བསྡམས་ཏེ། །ཧོཿཡིས་ཐམས་ཅད་རྡོ་རྗེའི་ས་ལ་མཉེད། །ཨོཾ་བཛྭ་ཀཱ་ཝུ་ཝ་ཝ་པ་ཤཱ་ཡ། མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ྄། བསྐང་བཤགས་ཝ་ལེར་ལྷ་གསལ་འཛབ་ཟློས་ཕྱག་རྒྱ་བསྟན། །རྟེན་གསུམ་ཚོགས་ཞིང་མཐུན་པའི་མཆོད་རྫས་མོད། །རྩ་ལྟུང་ཡན་ལག་བཅས་པས་མ་གོས་པས། །ཁྱོད་ཐུགས་བསྐང་ཞིང་ཉམས་པ་མཐོལ་ལོ་བཤགས།། ཕྱི་སྐུའི་བསྟོད་པ་ཧཱུྃ ཞྭ་ལྟར་འཇིག་རྟེན་ཡས་མཐར་མགོན་པོའི་ཚོགས། །ཧ་ཅང་དྲེགས་ནས་གདུལ་དཀའ་འདུལ་བ་ལ། །སངས་རྒྱས་ཀུན་གྱི་ནུས་པས་ཁྱོད་བསྒྲུབས་ཚེ། །དེ་དག་བརྒལ་འབོག་སངས་ནས་བྲན་དུ་གྱུར།། ནང་གསང་བསྟོད་ཟ་པོ་རྟག་སོགས་ཕྱིན་ཅི་ལོག་བཀག་ནས། །རྟེན་ཅིང་འབྲེལ་འབྱུང་དབུ་མའི་བཤུལ་སྟོན་པར། །སྙིང་པོ་གསང་སྔགས་རིག་པ་གཟུངས་ཀྱི་ཚོགས། །ཡན་ལག་དྲུག་ཅུས་ཉེ་བར་ལོངས་སྤྱོད་མཛད།། གསང་བ་ཐུགས་བསྟོད་འ་ལེ་ཙམ་དུ་ཟག་མེད་ཆོས་ཀྱི་སྡེ། །ཇི་སྙེད་ཁྱོད་ཐུགས་རྣམ་པ་ཐམས་ཅད་པས། །ཞིབ་མོར་དཔྱད་པ་སངས་རྒྱས་ཁོ་ནའི་ཡུལ། །འོན་ཀྱང་ཆོས་རྣམས་ཀུན་དང་རོ་མཉམ་མོ།། དེ་ཁོ་ཉིད་རོ་མཉམ་ལ་བསྟོད་པ་ཡ་མཚན་སྤྲོས་མིན་སྤྲོས་པ་ཀུན་ཏུ་སྣང་། །ཞི་མིན་ཞི་དང་འཁོར་མིན་འཁོར་བ་དང་། །ལམ་མིན་ལམ་སོགས་འགལ་བ་གཅིག་འདུ་བས། །བསམ་མི་ཁྱབ་ལ་བདག་ནི་ཕྱག་འཚལ་བསྟོད།། གཟུ་དཔང་རྭ་ལྟར་བསྟོད་ཀྱང་ཚེར་ལྟར་འོག་ཏུ་ཟུག །ཕན་བཏགས་ལན་དུ་བསམ་སྦྱོར་གནོད་ཁོ་ན། །འདི་འདྲ་བདག་གིས་བཟོད་ཀྱང་སྲུངས་མར་བརྙས། །བསྒྲལ་བའི་དུས་ལ་བབ་བོ་མ་གཡེལ་ཞིག། ཆད་རྡོ་ལ་བ་དཀར་འདྲ་ཆོས་བཟང་འདུན་ས་རུ། །དཀར་པོའི་ལྷ་དང་དེ་ཡི་ཕྱོགས་རྣམས་ཀྱིས། །བསྟོད་ཚེ་ཇི་ལྟར་ཁས་བླངས་ད་བསྐུལ་གྱིས། །བཀའ་སྡོད་དམ་ཅན་རྒྱ་མཚོ་ལས་ལ་འཆོས།། བསྐུལ་ཤ་ཟ་གཏུམ་པོ་ཐམས་ཅད་ཤུལ་དུ་འབྲངས། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་གསོ་སྒྲ་ལྡིར། །སྤྲུལ་པ་ཅི་ཡང་རྫུ་བས་གནམ་ས་ཁྱབ། །དེ་འདྲའི་མགོན་པོའི་དམག་ཚོགས་དགྲ་ལ་བྷྱོ།། བཟློག་པ་ས་ལ་མནན་དང་ཆུར་གཏད་མེ་ལ་བསྲེག །རླུང་ལ་འཁོར་ལོར་བསྐོར་དང་འབྱུང་བ་བཞིའི། །རྐྱེན་གྱིས་བྱད་དུ་སྟེམས་པ་ཅི་མཆིས་པ། །བྱད་མཁན་ནག་པོ་རང་ལ་བཟློག་ཅིག་བསྒྱུར།། གཏོར་མནན་ཧ་ཧ་བགེགས་སུ་བདུད་རྩི་མཉམ་པ་ཉིད། །སྣང་ཚད་མགོན་པོའི་སྐུ་ལ་གྲགས་པ་གསུང་། དྲན་ཚད་ཡེ་ཤེས་ཆེན་པོའི་རོལ་པ་ཡིན། །དེ་ཕྱིར་རྡོ་རྗེའི་གླུ་ལེན་བྲོ་བརྡུང་ངོ་།། མངའ་གསོལ་ཨ་ལ་ལ་ཞེས་སངས་རྒྱས་ཐམས་ཅད་ཀྱིས། །བསྟོད་ཅིང་བཀུར་དང་བསྔགས་པ་ཅི་ཡང་མཛད། །སྲིད་གསུམ་འགྲོ་བ་ཡོངས་ཀྱི་དད་ཤུགས་ལ། །འཕྲིན་ལས་རྣམ་བཞི་འཇུག་པའི་མངའ་ཡང་གསོལ།། རྗེས་ཆོག་འདི་ལྟར་མཆོད་ལ་ལྷག་ཆད་བྱུང་བ་བསྐོང་། །དུས་འདི་ནས་གཟུང་བྱང་ཆུབ་བར་དུ་སྐྱོབས། །དེང་ནས་བདག་དང་འགྲོ་བ་ཐམས་ཅད་ལ། །མགོན་པོ་འཁོར་བཅས་གཉིས་མེད་ཐིམ་གྱུར་ཅིག། བློ་བཟང་དགའ་བོས་བསྐུལ་བ་ལྟར་དུ། པདྨ་དཀར་པོས་བགྱིས་པའོ།། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨྨུཿསྭ་བྷཱ་ཝ་ཤུདྡྷཱོ་ཧཾ། ཧཱུྃ དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བརྒྱན་པའི་གཞིར། །ཁྲག་ཞག་ཀླད་མཚོ་རྦ་རླབས་གཡོ་བའི་ཀློང་། །གནམ་ལྕགས་ཞུན་སྦྱར་ཀེང་རུས་ལྷུན་པོའི་སྤོར། །སྣ་ཚོགས་རྡོ་རྗེ་ལས་འཕྲོས་རྭ་གུར་དབུས། །གྲུ་བཞི་སྒོ་བཞི་རྟ་བབས་བཞི་ལྡན་ཞིང་། །འདོད་སྣམ་རྩིག་པ་ཕ་གུ་དྲ་བ་དང་། །ཤར་བུ་བྱ་འདབ་པུ་ཤུས་དབུས་འཕྱུར་བུ། །ཏོག་བཅས་རིན་ཆེན་ལས་གྲུབ་དེའི་ནང་དུ། །ཐོད་པ་སྐམ་རློན་ཁྲག་ཞག་གིས་བརྩིགས་པ། །གྲུ་བཞི་སྒོ་དང་ལྟ་བབས་དུར་ཁྲོད་བརྒྱད། །ཆོས་འབྱུང་འདབ་བཞིའི་ལྟེ་བར་ཉི་བདན་ལ། ཧཱུྃ་ལས་རྡོ་རྗེ་སྲིན་པོ་ཁྲོས་པའི་གཟུགས། །སྦོམ་ཐུང་གསུས་འཕྱང་ཡན་ལག་གེལ་ལ་རགས། །མཆེ་གཙིགས་ལྗགས་འདྲིལ་ཧཱུྃ་སྒྲོག་སྤྱན་གསུམ་དམར། །སྨིན་མ་ཨག་ཚོམ་སྐྲ་སེར་ཐོད་པས་བརྒྱན། །ཕྱག་བཞི་གཡས་ན་བེ་འབྲས་རལ་གྲི་དང་། །གཡོན་པ་ཐོད་ཁྲག་ཁ་ཊྶཱཾ་སྦྲུལ་གྱིས་སྤྲས། །མི་མགོའི་དོ་ཤལ་གླང་ལྤགས་སྟོད་དུ་གསོལ། །སྟག་ཤམ་ཕྱག་རྒྱ་དྲུག་ལྡན་སྒེག་པའི་ཉམས། །རོ་སྟེང་དཔའ་བོའི་འདུག་སྟངས་མེ་རིར་བཅས། །གཡོན་དུ་ཙཎྜྻི་ཀ་ནི་ཕྱག་བཞི་མ། །རལ་གྲི་དགྲ་མགོ་མདའ་གཞུ་མདུང་བཟུང་ནས། །བཙན་འཁྱིལ་འདབ་བཞིར་རྐན་རྡེབ་བྱ་རོག་གདོང་། །མིའུ་ཐུང་ཁྲོས་གཟུགས་གྲི་གུག་ཐོད་ཁྲག་འཛིན། །རྐང་གཡས་རྡེབ་ཅིང་མདུན་ཟུར་མདོག་ལྗང་བའི། །གནོད་སྦྱིན་བྱ་གདོང་གྲི་ཐོད་ནོར་བུས་བཀང་། གཡོན་པའི་བྲང་དང་པུས་བཙུགས་རཱ་ཧུ་ལ། །དུད་ཁ་མགོ་བཅུ་ཆུ་སྲིན་ཞགས་པ་དང་། །མདའ་གཞུ་སྐུ་སྨད་སྦྲུལ་མཇུག་འཁྱིལ་བ་གཡས། །གཡོན་དུ་གྲི་ཐོད་འཛིན་པ་ཤ་ཟའི་གཙོ། །སེང་གེའི་གདོང་ཅན་མཐིང་ནག་གར་གྱིས་རོལ། །བྱ་རྒོད་ཁྱུང་དང་ཁྭ་ཏ་འུག་གདོང་སྒོ། །མཚམས་སུ་ཕག་ཁྱི་སྤྱང་ཀི་སྟག་མགོ་མ། །གྲི་གུག་ཐོད་འཛིན་མཐིང་ནག་ཐམས་ཅད་ཀྱང་། །མི་མགོ་ག་ཤལ་ཞིང་གོས་སྟག་ཤམ་ཅན། །ཕྱོགས་མཚམས་རྒྱུག་པའི་རོ་ལངས་བརྒྱ་པོ་དང་། །ཕྱི་སྣམ་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་དང་སྒོར། །རྒྱལ་པོ་སྡེ་བཞི་བཙན་པའི་གོ་གྱོན་ཞིང་། །ཕྱི་རོལ་ཁོར་ཡུག་ཕྱོགས་སྐྱོང་ལྷ་ཆེན་དང་། །ཀླུ་དང་གནོད་སྦྱིན་གཟའ་དང་རྒྱུ་སྐར་དང་། །འཇིགས་བྱེད་མ་བདུན་སྲིང་བཞི་འབར་མ་བརྒྱད། །ཐམས་ཅད་ཁྲོས་པ་མཚོན་ཆ་སྣ་ཚོགས་འཛིན། །ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །ཧཱུྃ བཅོམ་ལྡན་འཁོར་ལོ་སྡོམ་པ་ཆེར་ཁྲོས་པ། །འཇིགས་བྱེད་ཆེན་པོ་མ་ཧཱ་ཀཱ་ལ་ཁྱོད། །སྤྲུལ་པའི་ཞིང་དུ་བསྟན་བསྲུང་ཀུན་གྱི་གཙོར། །ཕྱོགས་བཅུའི་རྒྱལ་བ་ཀུན་གྱིས་མངའ་གསོལ་བས། །བསྟན་པ་བསྲུང་ཕྱིར་དེང་འདིར་སྤྱན་འདྲེན་ན། །དྲེགས་པའི་བཀའ་སྡོད་འཁོར་བཅས་སྐུ་བསྐྱོད་ལ། །བསིལ་བའི་ཚལ་ནས་མྱུར་བར་འདིར་གཤེགས་ཞེས། །མཚན་ནས་བོས་སོ་ནག་པོ་བྱ་རོག་མིང་། །ཛཿཧཱུྃ་བཾ་ཧོཿཨོཾ་བཛྭ་མ་ཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཨོཾ་བཛྭ་ཨ་བྷི་ཥིཉྩྨ་མཱཾ། སྡོམ་གསུམ་གཙང་མའི་མཆོད་ཡོན་ཀུན་ནས་འཁྱིལ། །མང་ཐོས་མེ་ཏོག་རྣམ་དཔྱོད་གེ་སར་ཅན། །བརྟག་དཔྱད་མཁར་རྒྱུ་བསམ་པ་སྤོས་ཀྱི་སྤྲིན། །སྒོམ་བྱུང་ཤེས་རབ་མཆོག་གི་སྒྲོན་མེ་སྦར། །དྲན་པའི་གཟུངས་གཟུང་ཚིག་དོན་སྤོས་ཀྱི་ཆབ། །མ་སྨད་ཏིང་ངེ་འཛིན་གྱི་ཁ་ཟས་སྦྱར། །མདོ་སྡེ་འདུལ་བའི་དོན་རྣམས་ཆོས་མངོན་ལ། །བདར་བའི་སྒྲ་དབྱངས་སྲིད་པའི་མཐར་གྲགས་ཤིང་། །སྙན་ངག་གདངས་བཟང་སྡེབ་སྦྱོར་རྒྱུན་གྱིས་སྦྲེལ། །མངོན་བརྗོད་སྣ་ཚོགས་དར་གྱི་ཕང་ཕུང་ཅན། །བརྡ་སྤྲོད་ཡ་ལད་ཟློས་གར་ཕུབ་ལྡན་ཞིང་། །ཡིད་ཆེས་གྲགས་དང་དངོས་སྟོབས་ལས་གྲུབ་པའི། །བསྒྲུབ་དང་སུན་འབྱིན་རྣོ་བའི་མཚོན་ཆ་དང་། །ཐུབ་དབང་བཞེད་དོན་ཚིག་རྒྱན་དུ་སྤེལ་བའི། །རྩོམ་པའི་སྤྱན་གཟིགས་རྒྱ་མཚོས་དམ་ཅན་རྣམས། །མཆོད་པས་ཐུགས་དམ་གཉན་པོ་སྐོངས་གྱུར་ཅིག །ཨོཾ་ལས་ནམ་མཁའ་དང་མཉམ་ཐོད་པའི་སྣོད། །ཨཱཿལས་གཏོར་རྫས་ཤ་ལྔ་བདུད་རྩི་ལྔ། །རི་རབ་དང་མཉམ་ཞུ་བ་རྒྱ་མཚོ་ཙམ། །ཧཱུྃ་ལས་བབས་པས་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་བཛྭ་ཀཱ་ཝུ་ཝ་ཝ་པ་ཤཱ་ཡ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཤཱ་ས་ན་ཨུ་པ་ཧཱ་རི་ཎི་ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ་ཨ་པ་ཀཱ་རི་ནཾ། ཡ་དི་པྲ་དཱི་ཛྙྱཱ་སྨ་ར་སིཏ་དཱ་ཨི་དཾ་དུཥྚ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲཱི་གྲཱི། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ྄་ཧཱུྃ། ཧཱུྃ ཧེ་རུ་ཀ་ཁྱོད་ཟླ་བ་བདུད་རྩིར་བསྙེན། །གཞོམ་དཀའི་འཆི་བདག་གཡུལ་ལས་རྣམ་པར་རྒྱལ། །གསེར་སྦྱངས་འདྲར་དྲན་བློ་གྲོས་གཏེར་ཀུན་འབྱེད། །བནྡྷུ་ཛི་ཝ་ཀ་ལྟར་ཡང་དག་བསྒྲུབས། །ཁམས་གསུམ་དབང་པོར་བཅས་པ་བྲན་དུ་འདུ། །འཁྲུགས་པའི་ཆར་སྤྲིན་འདྲར་ཤེས་ཕས་རྒོལ་སྒྲོལ། །ཡང་ན་བདུད་བཞིའི་གཤེད་མ་ཉིད་དུ་འགྱུར། །དེ་ལྟར་བསྟོད་པས་བདག་གི་འགལ་རྐྱེན་སོལ། །ལེགས་བཤད་གྲྭ་འདིར་བློས་གསལ་རྒྱ་མཚོའི་ཚོགས། །གཉིས་འཐུང་ཆེ་ལ་བུང་བ་ལྟར་འདུས་ནས། །རྒྱལ་བའི་གཞུང་ལུགས་ཀུན་ལ་མཁས་སྦྱངས་པས། །དཔལ་ལྡན་འབྲུག་པའི་བསྟན་པར་རྒྱས་པར་མཛོད།། དཔལ་བཀྲ་ཤིས་མཐོང་སྨོན་གྱི་མཚན་ཉིད་གྲྭ་ཚང་པའི་ངག་འདོན་དུ་པདྨ་དཀར་པོས་སྦྱར་བའོ།། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོ་ཧཾ། སྟོང་པའི་ངང་ལས་ཨེ་ཡཾ་ཝཾ་རཾ་ལཾ། སུཾ་བྷྲཱུཾ་ཞུ་བས་ཆོས་འབྱུང་འབྱུང་ཞིའི་དལ། །རི་རབ་རྭ་གུར་རིན་ཆེན་གཞལ་མེད་ཁང་། །མཚན་ཉིད་རྫོགས་པའི་ནང་དུ་ཐོད་པའི་མཁར། །གྲུ་གསུམ་མེ་རླུང་འཁྲུག་པའི་ཁྲག་མཚོའི་དབུས། །མཐིང་ནག་ཧཱུྃ་ལས་བཅོམ་ལྡན་དུད་སོལ་མ། །ནག་པོ་སྤྲིན་འདྲ་ཁྲོ་གཏུམ་སྦེག་པའི་གཟུགས། །མཆེ་གཙིགས་ལྗགས་འདྲིལ་མི་རོ་རེངས་པ་གསོལ། །དམར་བའི་སྤྱན་གསུམ་བཟློག་གཟིགས་ཟུར་ཕུད་ཅན། །ལན་བུ་གཡོན་འཁྱིལ་ཐོད་པ་སྦྲུལ་གྱིས་བརྒྱན། །སྙན་གོང་དར་ནག་ཨུཏྤལ་རོ་ཉེ་དང་། །སྦྲུལ་དང་སེང་གེའི་རྣ་རྒྱན་གླང་ལྤགས་གསོལ། །ཕྱག་བཞི་གཡས་གཉིས་རལ་གྲི་ཐོད་ཁྲག་གཡོན། །ཤཀྟི་ཏྲི་ཤུ་བཟུང་ཞིང་ཕྱག་རྒྱ་དྲུག །ཁྲག་ཞག་ལྷ་མིན་མགོ་ཡི་དོ་ཤལ་ཅན། །བ་ལང་ཀོ་རློན་རེ་ལྡེས་སྨད་དཀྲིས་ནས། །ཀླུ་དབང་སྐ་རགས་ཙན་འཁྱིལ་ལྕགས་སྒྲོག་འཆང་། །གྭ་དམར་བོང་བུའི་སྟེང་དུ་འགྱིང་ཞིང་སྒེག །ཟུར་གསུམ་གཅེར་བུ་རལ་ཅན་སྙིང་ཁྲག་འཛིན། །ཕྱི་སྣམ་ནང་ཕྱོགས་དཀར་སེར་དམར་ལྗང་བཞི། །གྲི་ཐོད་འཛིན་མ་བདུན་ཡང་བོང་བུ་ཞོན། །ཕྱོགས་བཞིར་སེང་གེ་སྟག་སྤྱང་ཕག་དང་མཚམས། །བྱ་རྒོད་སྐྱུང་ཀ་དུར་བྱ་བྱ་གདོང་མ། །དྲེའུ་བཅིབས་ཤིང་གྲི་ཐོད་འཛིན་དང་སྒོར། །ཀཾ་ཀའི་གདོང་ཅན་མདའ་གཞུ་སྤུ་གྲིའི་སྦྲུལ། །ནད་རྐྱལ་གཡོན་པ་ཐོད་ཁྲག་སྟག་སྤྱང་སྤྲེའུ། །དྲེད་ཞོན་ཁོར་ཡུག་མ་མོ་འབུམ་གྱི་སྡེ། །དུར་ཁྲོད་ཆས་བརྒྱན་ཨོཾ་ཨཱཿཧཱུྃ་གིས་མཚན། །ཧཱུྃ སུམ་ཅུ་རྩ་བདུན་གནས་ཀྱིས་ཕོ་ཉ་མོའི། །ཚོགས་ཀྱི་དབང་ཕྱུག་རིགས་ལྡན་དུད་སོལ་མ། །དད་དང་གདུང་བས་སྤྱན་འདྲེན་འདིར་གཤེགས་ལ། །དྲག་ཤུལ་ཆེན་པོའི་དགྲ་བགེགས་འཇོམས་པར་མཛོད། །དྲྀ་ཥྱ་ཛཿཧཱུྃ་བཾ་ཧོ། ཨོཾ་བཛྭ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ྄། སྨིན་བྱེད་དབང་གི་ཆུ་བོའི་ཨརྒྷཾ་སྦྲེང་། །དམ་ཚིག་མེ་ཏོག་བསྐྱེད་རིམ་སྤོས་ཀྱི་དུད། །རྫོགས་པའི་མར་མེ་སྤྱོད་པའི་དྲི་ཆབ་དང་། །འབྲས་བུའི་ཞལ་ཟས་མཆོག་གིས་མཆོད་པར་བགྱི། །ཧ་ལས་ཐོད་པའི་གཏོར་མ་གསེར་ཞུན་ལྟར། །ཧོཿལས་དྲི་བཟང་ཀུན་གྱི་འབྱུང་ཁུང་དང་། །སྲཱིཿལས་རོ་བཅུད་ལྷ་རྫས་ལས་འདས་པའི། །ཡེ་ཤེས་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཨི་དཾ་བ་ལིཾ་ཏ་གྲཱི་གྲཱི་ས་མ་ཡ་ཧཱུྃ་ཕཊ྄། ཧཱུྃ དྷུ་ཡིག་གིས་བརྗོད་བདག་ཉིད་ཐབས་ཀྱི་ལྷས། །ཤེས་རབ་ཡུམ་ལ་རྗེས་སུ་ཆགས་བཞིན་པས། །བསྙེན་པའི་ཚུལ་ཤེས་ཞི་སོགས་གང་འདོད་དེར། །མོད་ལ་བརྗོད་འདི་འོལ་ཕྱིར་མི་སྤོབས་མཐུ། །མཾ་ཡིག་ནཱ་ཌིར་ཉི་མའི་སྡེ་འཆིངས་པས། །ནང་གི་ལྷ་མོ་ཁྱོད་གཉིས་ཉམས་བརྒྱའི་གར། །ནཱ་དའི་དབྱངས་སྦྱར་ཁམས་གསུམ་དུ་བསྒྱུར་ཚེ། །ཕུང་ཁམས་འཇའ་ཚོན་སྟོན་པའང་སྒྱུ་མའི་ཟོལ། །གཱ་ཡིག་ཉི་ཟླ་སྦྱར་བ་སྒྲ་གཅན་ཁར། །ཟོས་དུས་གསང་བའི་མ་མོ་ཁྱོད་ཞབས་དྲན། །སྒོ་གསུམ་དྷུ་ཏཱིའི་དབྱིངས་སུ་ཐིམ་གྱུར་པའི། །མངོན་པར་བྱང་ཆུབ་ཡུད་ཀྱིས་དེ་ལ་ཤར། རྀ་ཡིག་སྒྱུ་མའི་ཁམས་བཞིའི་ལྷ་མོའི་གླུས། །སྟོང་བཞིའི་མཐའ་ལས་སད་པའི་ཡེ་ཤེས་ལུས། །སླད་ནས་ཡང་དག་མཐའ་དང་ནམ་གཞར་ཡང་། །མི་ཕྱེད་འདོད་པའི་དངོས་གྲུབ་སྦྱིན་ཁྱོད་ཀྱིས། །བཤད་པ་པདྨོའི་འབྱུང་གནས་འདི་ཉིད་དུ། །མཁས་པ་ངང་པའི་དེད་དཔོན་ཀུན་བསྡུས་ནས། །པད་དཀར་བཞེད་པའི་དྲི་བསུང་གིས་སིམ་པའི། །དམ་ཆོས་མགྲིན་རྔ་བརྡུང་བས་རྟག་འགེངས་མཛོད།། འདི་ཡང་གྲྭ་ཚང་བའི་ཁ་ཏོན་དུའོ།། །། དགེ་བསྙེན་ཆེན་པོ་སྨྱོ་ཁ་མཆོད་པར་འདོད་པས། ཀྱཻ། གདོང་དམར་ཡུལ་གྱི་ཕ་རོལ་ན། །ཁ་ཁྲ་མོན་གྱི་ཚུ་རོལ་ན། །མནྟྲ་གཉྫྱ་ལྷ་མོའི་མཁར། །ཞིང་སྐྱོང་མ་མོའི་གནས་མཆོག་ནས། །འཇིག་རྟེན་ཕུང་བྱེད་རཱ་ཧུ་ལ། །ལྷག་པ་ཁྲོས་པའི་མཐུ་རྩལ་ཅན། །འཆི་བདག་བདུད་པོ་མངོན་སུམ་པ། །ནག་པོ་ཏི་པ་ར་ཙ་སྟེ། །སྨྱོ་ཁའི་རྗེ་བཙན་ཁྱེད་ལ་བདག །གསང་བའི་མཚན་ནས་འབོད་ལགས་ན། །བཀའ་ཉན་ལྷ་འདྲེ་གཉན་པོ་ཚོས། །མདུན་བདར་མཆོད་པའི་གནས་འདིར་གཤེགས། །ནག་པོ་ཏི་རཱ་ཙ་ཨཱ་ཀརྵ་ཡ་ཛཿ ཀྱཻ། དང་པོ་ཀུན་བཟང་ཧེ་རུ་ཀ །དྲེགས་མཛད་ཕྱག་ན་རྡོ་རྗེས་ཁྱོད། །ངན་སྤྱོད་སྡིག་ལས་བཟློག་བྱས་ཏེ། །སངས་རྒྱས་བསྟན་པ་བསྲུང་བར་བསྐོས། །བར་དུ་པདྨ་ནམ་སྙིང་དང་། །རས་ཆུང་རིག་འཛིན་གཉན་གྱི་བཀས། །དམ་པའི་ཟབ་རྒྱས་གཉེར་གཏད་ནས། །ཆོས་བདག་ཆེན་པོར་དབང་ཡང་བསྐུར། །ཐ་མར་མཚུངས་མེད་འབྲུག་པ་རྗེ། །སློབ་མར་བཅས་པས་དམ་ཚིག་ཆུ། །བྱིན་ནས་རྣལ་འབྱོར་དཔོན་སློབ་ཀྱི། །དགྲ་ལྷ་གཉན་པོ་མངའ་ཡང་གསོལ། །ད་ལྟ་སྔགས་འཆང་སྒྲུབ་པ་པོ། །འཁོར་དང་བཅས་པའི་མཆོད་བཤམས་ནས། །བཅོལ་བའི་ལས་རྣམས་སྒྲུབ་བྱེད་པའི། །ཕོ་ཉར་མངའ་གསོལ་ས་མ་ཡ་ཛཿ ཀྱཻ། མི་གཙང་ཐབ་སོགས་རྐྱེན་གང་གིས། །ཁྱེད་ཀྱི་སྐུ་གསུང་ཐུགས་རྙོག་པའི། །གྲིབ་སེལ་དམ་པའི་བསང་འདི་འབུལ། །ཕྱིན་ཆད་འཁོར་འདིར་གནོད་མ་མཛད། །དགྲ་མགོ་དབང་པོ་དོན་དང་སྣོད། །ལྷབ་ལྷུབ་ལྡ་ལྡིའི་མཆོག་ཏུ་སྦྲེལ། །གསུར་ཆེན་དུད་པ་གདུགས་སུ་ཕུབ། །ཞུན་ཆེན་སྒྲོན་མེའི་རྒྱལ་མཚན་བསྒྲེང་། །ཁོང་ཁྲག་དམར་པོའི་བ་དན་འཕྱར། །སྲོག་དབུགས་བླ་ཚེའི་ཟས་ཀྱིས་བདར། །མཛང་མས་མཛོད་དུ་སོགས་པའི་ནོར། །དཔའ་བོ་གཡུལ་ངོར་ཆས་པའི་རྒྱན། །སྟག་ཤར་དགྲ་ལ་འཕེན་པའི་མཚོན། །སྔགས་ནག་བསྔོ་བའི་གཏོར་མ་གླུད། །བོན་པོ་ཡས་གྱེར་གླུ་མ་དབྱངས། །སྐྱེས་བྲན་ན་ཆུང་རྩེ་བའི་དཔྱིད། །ས་དང་གནམ་ལ་སྤྱོད་དགུའི་འགྲོ། །དངུལ་སྐྱོགས་མཛེས་པའི་གསེར་གྱི་སྐྱེམས། །འཕྱར་བའི་དར་ཀུན་རྔན་དུ་འབུལ།། གཏོར་མ་བསངས་སྦྱངས་ཏེ་དགྲ་བོའི་ཤ་ཁྲག་ཏུ་དམིགས་ནས། ཨོཾ་ནག་པོ་ཏི་པ་ར་ཙ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བསྔོས། བདག་དང་སྦྱིན་བདག་གི་འགལ་རྐྱེན་སེལ་བ་དང་། མཐུན་རྐྱེན་སྒྲུབ་པའི་གྲོགས་བཅོལ་ལོ། །ཀྱཻ། མེ་དཔུང་ནང་ནས་ཁྱོད་བཞེངས་ཚེ། །ཁྲོ་བོ་སྡིག་པའི་རྭ་རུ་ཅན། །ངམས་གནག་ལུས་པོ་མིག་གིས་ཁེངས། །ཟེར་གྱིས་ཕོག་ཤི་མོད་ལ་འགྱེལ། །གནམ་ལྕགས་ཐོག་འཕང་སེར་བ་འབེབས། །གསེར་གྱི་འཁོར་ལོ་དུག་སྦྲུལ་བསྣམས། །བདུད་རྟ་བཅིབས་ནས་འཛམ་གླིང་མྱུལ། །སྐྱེ་དགུའི་སྲོག་ལ་རྔམ་ཟས་བྱེད། །མཐུ་རྩལ་ཆེན་པོ་ཁྱོད་ཀྱི་དཔུང་། །དྲེགས་པའི་ལྷ་སྲིན་བཅོ་བརྒྱད་ལགས། །དོ་ནུབ་སྡང་བའི་དགྲ་ལ་རྦད། །དོ་ནུབ་གནོད་པའི་བགེགས་ལ་བྷྱོ། །དུག་མཚོའི་རྦ་ནས་ལོངས་པའི་དུས། །སྟོད་ནི་སྲིན་པོ་སྨད་ལྟོ་འཕྱེ། །སྦྲུལ་ནག་དགུ་ཡི་གདེངས་ཀ་གཡོ། །ཁ་རླངས་དུག་གི་སྤྲིན་དུ་གཏིབས། །མཛེ་རིགས་བཅོ་བརྒྱད་དགྲ་ལ་འགྱེད། །འཁོར་ཡང་ཀླུ་གདོལ་ནག་པའི་ཚོགས། །དོ་ནུབ་སྡང་བའི་དགྲ་ལ་རྦད། །དོ་ནུབ་གནོད་པའི་བགེགས་ལ་བྷྱོ། །རི་ནག་དབུས་ནས་བསྐྱོད་ཙ་ན། །སྦལ་མགོ་ཁྲག་གི་མིག་དགུ་ཅན། །སྡོམ་སྡིག་སྦལ་སྦྲུལ་རྟ་ཟེར་འཕྲོ། །མེ་དང་དུག་གི་སྨེ་བས་བརྒྱན། །དགྲ་བོ་འཛིན་ཤེས་གཏོང་མི་ཤེས། །གཉན་དང་ས་བདག་ཁྱོད་ཀྱི་བྲན། །དོ་ནུབ་སྡང་བའི་དགྲ་ལ་རྦད། །དོ་ནུབ་གནོད་པའི་བགེགས་ལ་བྷྱོ།། ཞེས་བརྗོད་ནས། གཙྪས་རང་གནས་སུ་གཤེགས་པར་གསོལ་ལོ།། ཀྱཻ། དུར་ཁྲོད་མ་མོའི་ཚོགས་དབུས་ནས། །ཕོ་ཉ་འདྲེ་མོ་ངན་ནེ་མོ། །རྡོ་རྗེ་སྣ་ཡོན་དཔལ་གྱི་ཡུམ། །མཆེད་འཁོར་བཅས་པ་ཚུར་གཤེགས་ཤིག །ཛ་གད་ཕུད་དང་དམར་གྱི་ཆོལ། །ཤ་རུས་ནང་ཁྲོལ་གཏོར་ཚོགས་དང་། །དགྱེས་པའི་མཐུན་རྫས་ཐམས་ཅད་ཀྱིས། །གསོལ་ལོ་མཆོད་དོ་བཅོལ་བ་སྒྲུབས། །སྲིན་མོ་ཁྲོས་གཟུགས་རི་རབ་དང་། །དམར་བ་སྲིད་གསུམ་ཟ་བའི་མེ། །མཆེ་གཙིགས་རྔམ་པ་གངས་རིའི་བྱིན། །སྤྱན་གསུམ་གཟིར་བ་ཉི་མ་མཚུངས། །ཕྱག་མཚན་མ་ངེས་སྣ་ཚོགས་འཛིན། །སྒྲོ་ཐུལ་དར་དང་གཡང་གཞི་གྱོན། །ལུས་ཅན་སྒྲོལ་བའི་གིང་གཅིག་མ། །ཆེ་ཞེ་ཆེན་མོ་དགྲ་ལ་བྷྱོ། །ཀྱཻ། སྲིད་པའི་བདག་པོ་ཆེན་པོ་པ། །སྐུ་ལྔ་ཆོ་འཕྲུལ་ཆེར་སྟོན་པས། །གདུག་པའི་ལྷ་འདྲེ་ཚོགས་པའི་རྗེ། །པེ་དཀར་འདིར་གཤེགས་གཏོར་མ་བཞེས། །ཞིམ་དགུའི་ཆང་ཕུད་རྒྱ་མཚོར་བསྐྱིལ། །བདའ་དགུའི་ཟས་ཀྱི་རི་རབ་བརྩིགས། །མཁོ་དགུའི་གསེར་གྱི་རི་བོས་བསྐོར། །ཡོད་དགུའི་འཇིག་རྟེན་ཁམས་སུ་འབུལ། །ལི་ཡུལ་ལྕང་ར་སྨུག་པོར་ཁྱོད། །བྷ་ཏ་ཧོར་གྱི་དགྲ་ལྷར་བཀུར། །དེ་ནས་བྲག་དམར་ཟན་གཡང་དུ། །ཆོས་སྐྱོང་ཆེན་པོར་མངའ་ཡང་གསོལ། གཙུག་ལག་ཁང་རྣམས་ཁྱོད་ལ་གཏད། །ཆོས་མཛད་ཡོངས་ཀྱི་འབངས་སུ་བྱས། །བསྟན་པ་སྤེལ་བའི་ཕོ་ཉར་མངགས། །དམ་ཉམས་སྒྲོལ་བའི་གཤན་པར་བསྐོས། །རྣལ་འབྱོར་དཔོན་སློབ་ཐམས་ཅད་དང་། །སྦྱིན་པའི་བདག་པོའི་རེ་བ་སྐོངས། །བསམ་པ་བསྒྲུབ་ལ་བཅོལ་བ་མཛོད། །བར་གཅོད་དགྲ་བགེགས་སྟེང་དུ་ཟློག། ཅེས་བརྗོད་ཅིང་གཙྪས་གཤེགས་པར་བྱའོ། །དེ་ལྟར་གཞི་བདག་གསུམ་གྱི་ཆོ་ག་ཡང་པདྨ་དཀར་པོས་སྦྱར་བའོ།། །། ཆོས་སྐྱོང་དགྱེས་པ་སྐྱེད་པའི་མཆོད་སྤྲིན་བཞུགས་སོ།།སློབ་དཔོན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ།། ཀྱཻ། ཀ་དག་དབྱིངས་ནས་སྐུ་བསྐྱོད་ནས། །དུར་ཁྲོད་མ་མོའི་ཚོགས་རྗེ་མཛད། །དཀར་པོ་ལྷ་ཡི་དམག་དྲངས་ནས། །གྲོང་ཁྱེར་སུམ་བརྩེགས་ཐལ་བར་བཏགས། །ཁ་ཤ་ལི་ཡི་རྒྱལ་ཁམས་བྱོན། །སྐུ་ལྔ་ཆོ་འཕྲུལ་དཔག་མེད་བསྟན། །བྷ་ཏ་ཧོར་གྱི་དགྲ་ལྷར་ཞུས། །ལྕང་ར་སྨུག་པོའི་སྒོམ་གྲྭར་མཆོད། །ག་ལའང་མཐུ་རྩལ་འདོན་གཟིགས་ནས། །མི་རྗེ་སྲོང་ལྡེ་བཙན་གྱིས། །སྤྲུལ་པའི་དམག་གིས་ཟན་གཡང་བཀུག །བོད་ཁམས་གནམ་ས་ཁྱོད་ལ་གཏད། །ང་རྒྱལ་དྲེགས་པ་ཁྱོད་ཀྱི་འཕྲུལ། །རྒྱལ་སྲས་པདྨས་ཟིལ་མནན་ཏེ། །གཞན་ལ་གནོད་འགྱུར་གདུག་རྩུབ་བཀག །ཆོས་སྐྱོང་རྒྱལ་པོར་དབང་བསྐུར་ནས། །ཅ་ཅོས་སྲིད་པ་བསྒུལ་ནུས་པའི། །གནོད་སྦྱིན་ཆེན་པོ་རྩེ་མ་ར། །སྣ་ཚོགས་ལས་མཁན་བློན་པོར་བསྐོས། །ལྷ་སྲིན་ཐམས་ཅད་འབངས་སུ་བཞག །ཆ་བྱད་ཅིར་ཡང་བརྫུས་ནས་སུ། །དམ་པའི་གཙུག་ལག་ཁང་སྐྱོང་ཞིང་། །བཙུན་པ་བསྲུང་སླད་རྗེས་འབྲངས་ནས། །དད་པས་འབོད་ཀྱིས་འདིར་གཤེགས་ཤིག །ཧཱུྃ ཇ་འདི་ཡོངས་འདུའི་དཔག་བསམ་དབང་། །དགྱེས་དགུ་མཆོད་པར་འོང་འདོད་ནས། །དྲི་ལེན་དང་འགྲོགས་ཟིལ་དངར་བཅུད། ཁྱོད་མདུན་དང་པོའི་ཕོ་ཉར་བརྫངས། །ཉ་གང་ཟླ་བའི་དཀྱིལ་འཁོར་ནས། །གསར་དུ་འཛག་པའི་བདུད་རྩི་བཞིན། །རྩ་བརྒྱད་སྟོང་སྦྱར་ཆང་གི་ཕུད། །གསེར་ཕྱེས་ཁེབས་པ་སྐྱེམས་སུ་འབུལ། ཏ་ལེར་དགྲ་སྙིང་ནས་འོང་དང་། །ལིང་ག་འབྱུང་བ་ཆེན་པོའི་རྩི། །ཁྲག་མཚོ་རྦ་རླབས་འཁྲུགས་པའི་རྔམས། །འཇིགས་པའི་ལྦུ་འཕྲེང་འཛིན་པ་བཤམས། །ཐ་དད་མདོག་གི་རྣམ་བཀྲ་བའི། །མེ་ཏོག་སྤོས་ཀྱི་དུད་པ་དང་། །མར་མེའི་བླ་རེ་ཇི་སྙེད་པ། །ལོགས་ལ་འོད་མཛེས་དྲ་བ་རྩོམ། །ད་ལྟ་ཚངས་པས་དག་བྱེད་ཆུ། །ག་པུར་ཉག་མ་འཐོར་བ་གང་། །འཆི་མེད་རི་བོ་ནས་ཕབ་སྟེ། །ཁྱེད་ཐུགས་བསིལ་བྱེད་རྐྱེན་དུ་སྦྱར། །ན་བ་གསོ་ཞིང་འཆི་བ་སློང་། །ཆད་པ་སྦྱོར་བ་ལྷ་ཡི་བཤོས། །འདོད་ཡོན་ལྔ་ལྡན་རི་རབ་ནི། །དཀར་དམར་ཉི་ཟླའི་རྣ་ཆ་གཡོ། །པ་ཏྲ་མེ་ཏོག་སྤྲིན་རིས་དང་། །ཅིར་ཡང་སྣང་བའི་ཟ་འོག་དང་། །རིན་ཆེན་འདོད་དགུའི་ཆར་ཅི་ཡང་། །ཀུན་བཟང་མཆོད་པའི་སྤྲིན་ལས་ཕབ། །ཕ་རོལ་སྲོག་གི་གཤེད་མ་གྲི། །མདུང་དང་དགྲ་སྟ་མདའ་བོ་ཆེ། །རྣོ་བའི་མཚོན་ཆ་ཞུགས་ཀྱི་རིགས། །ཅི་དགའ་དབྱར་དུས་སྤྲིན་བཞིན་བསྙེར། །བ་ལང་ཐལ་དཀར་མཆེ་བ་དྲུག །འགྱིང་བའི་སྟབས་ཀྱིས་འགྲོ་རྣམས་དང་། །རྨ་བྱའི་མགྲིན་ལྟར་འཚེར་བའི་རྟ། །སྤྲིན་གྱི་ཤུགས་ལྡན་ཀུན་གྱིས་མཆོད། །མ་རུངས་དུག་གི་མཆེ་བ་ཅན། །སེང་གེ་སྟག་གཟིགས་ཅེ་སྤྱང་དང་། །གནམ་ལྕགས་མཆུ་སྡེར་འབར་བའི་བྱ། །མཁའ་ལ་ལྡིང་ཞིང་གཞུངས་རྣམས་འབུལ། །ཧཱུྃ ཙ་ཀོ་ར་ནི་ནགས་ནང་ན། །ཟླ་འོད་བདུད་རྩི་འཐུང་བར་འདོད། །དེ་བཞིན་བདག་ཀྱང་ཁྱོད་མཐུ་ལས། །བསམ་པ་བསྒྲུབ་ལ་བསྒུག་ཅིང་སྡོད། །ཚ་བའི་མེ་ལྟར་ཁྲོས་པའི་སྤྱན། །དམར་པོ་དགྲ་ལ་གཟིགས་མཛད་ན། །དེ་ཡུལ་ཁང་ནོར་ལུས་དང་སྲོག །ཐ་མའི་དུས་བཞིན་རྗེས་མེད་སྲེག །ཛཿཞེས་འབོད་པ་བྱེ་བ་སྙེད། །མོད་ལ་གསན་ནས་མདུན་ཉིལ་བས། །སྤྲུལ་པའི་ཆོ་འཕྲུལ་མི་བཟད་པའི། །ངོ་མཚར་ཤེས་ནས་བདག་གིས་བསྟོད། །ཝ་ལེར་བསམས་པའི་སྐད་ཅིག་རེར། །ཁྱོད་སྐུས་ཞིང་ཁམས་ཀུན་བཀང་ནས། །རྒྱལ་བ་མཉེས་པའི་མཆོད་སྤྲིན་འགོད། །སེམས་དཔའ་ཆེན་པོར་དེ་ཡིས་ངེས། །ཧཱུྃ ཞྭ་ནི་ཐིབ་ཞུ་དོམ་སླག་གསོལ། །ཞགས་པ་སྤུ་གྲི་ཕྱག་ན་འཛིན། །མོན་བུས་སྣ་ཁྲིད་གླང་ཆེན་བཅིབས། །ཐོག་སེར་གློག་འགྱེད་བརྒྱ་བྱིན་ལགས། །ཟ་བྱེད་ཤཱནྟི་རོ་གཟན་ཡུམ། །དགེ་བསྙེན་ཤེལ་འཕྲེང་སྤྲུལ་པར་སྟོན། །སྲོག་བདག་བཀའ་ཡི་བྱ་ར་བ། །གཡར་དམ་སྐངས་སོ་འཕྲིན་ལས་སྒྲུབས། །འ་ཞྭ་ཡུལ་གྱི་བེར་ཞྭ་གྱོན། །རྡོ་རྗེ་གསོར་ཞིང་གསེག་ཤང་ཐོགས། །སྟག་གཟིག་དོམ་དྲེད་རོལ་དུ་འདུར། །མདོག་ནག་སེང་ཞོན་པུ་ཏྲ་ཆེ། །ཡ་མ་རོ་ལངས་མ་དང་རོལ། །དགེ་སློང་དགྲ་བཅོམ་སྤྲུལ་པར་སྟོན། །གཤན་པ་བྱ་ཁྲིད་བཀའ་སྡོད་དེ། །གཡར་དམ་སྐོངས་སོ་འཕྲིན་ལས་སྒྲུབས། །རཀྵའི་གཡང་གཞི་སྟག་ཤམ་གྱོན། །སྦྲུལ་རྒྱན་དགྲ་སྟ་ཞགས་པ་ཁྱེར། །ནག་པོ་ཁྱུང་མགོ་གཡུ་འབྲུག་ཁྲིད། །སྤྲ་སྤྲེ་སྤྲོ་བའི་ཤིང་བྱ་ཅན། །ལ་ལར་གསེར་གྱི་སྤུ་གྲིས་འཁྱུད། །སྔོ་སྐྱ་འབར་བ་སྤྲུལ་པར་སྟོན། །མཐིང་ནག་རྡོ་རྗེ་ལེགས་པ་བློན། །གཡར་དམ་སྐོངས་སོ་འཕྲིན་ལས་སྒྲུབས། །ཤ་གོས་བེར་ནག་སྨྱུག་ཞུ་ཅན། །སྦ་མཁར་ཙན་དན་བེང་ཆེན་བསྒྲེང་། །སྤྱང་ཀི་ཁྲས་བསྐོར་དྲེའུ་ཞོན། །དམར་པོ་དགྲ་ལྷ་སྐྱེས་གཅིག་པུ། །ས་ལ་པདྨ་སྐྱེས་དང་དགྱེས། །མཐིང་ནག་རལ་བརྫེས་སྤྲུལ་པར་སྟོན། །རྡོ་རྗེ་གྲགས་ལྡན་ཁ་ལོ་པ། །གཡར་དམ་སྐོངས་སོ་འཕྲིན་ལས་སྒྲུབས། །ཧ་རི་ལ་ཞོན་ཞལ་གསུམ་པ། །ཕྱག་དྲུག་མཚོན་བསྣམས་ཐོད་སྟེང་ཞྭ། །དར་དཀར་ཞིང་ལྤགས་སྟག་ཆས་ཅན། །ཚུབ་མ་ཁྲིད་པ་པེ་དཀར་ཏེ། །ཨ་ཕྱི་བདུད་གཟའ་སྨིན་དཀར་ཡུམ། །ནག་པོ་ལྤགས་གྱོན་སྤྲུལ་པར་སྟོན། །བློན་པོ་པུ་ཏྲ་ནག་པོ་སྟེ། །གཡར་དམ་སྐོངས་སོ་འཕྲིན་ལས་སྒྲུབས། །འཕྲིན་ལས་མཛད་པའི་རུ་འདྲེན་དང་། །དུས་གསུམ་གདུག་པའི་ལྷ་མ་སྲིན། །དེ་དག་ཀུན་ཀྱང་མཆོད་ལགས་ཀྱིས། །དགོས་པའི་དོན་འདིར་མྱུར་དུ་སྒྲུབས།། ཞེས་པ་ཡི་གེའི་ཕྱི་མོ་ཤླཽ་ཀ་དང་པོར་བྱས་ནས། ཆོས་སྐྱོང་འཁོར་བཅས་མཆོད་པའི་ཆོ་ག་འདི་ཡང་། དཔལ་འབྲུག་པ་པདྨ་དཀར་པོས། ཟན་ཡངས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་དང་། ཉེ་བའི་ཕོ་བྲང་དུ་སྦྱར་བའོ།། །། འཇིག་རྟེན་ཀླུ་དབང་གཙུག་ན་ནོར་བུའི་མཆོག །བསམ་པའི་རེ་བ་ཐམས་ཅད་སྐོང་མཛད་པ། །མཚུངས་མེད་བླ་མ་མཆོག་གསུམ་ཡི་དམ་ལྷ། །ཆོས་སྐྱོང་རྗེ་བློན་འཁོར་བཅས་འདིར་གཤེགས་ཤིག །ཕུན་ཚོགས་བསོད་ནམས་སྟོབས་ལས་གྲུབ་པའི་བཅུད། །རྒྱ་ཇ་དྲི་བཟང་མདོག་མཛེས་རོ་བརྒྱ་པ། །མོས་བློས་མཁའ་ཁྱབ་བདུད་རྩིའི་མཚོར་དམིགས་ནས། །མཆོད་དོ་གྲུབ་པ་བརྒྱད་ཀྱི་དངོས་གྲུབ་སྩོལ། །རྩ་ཚོགས་དྷཱུ་ཏཱིར་དག་པའི་བདེ་སྐྱོང་མར། །ནཱ་དའི་སྔགས་རྒྱས་ཕུང་ཁམས་སྐྱེ་མཆེད་ཆོས། །དྭངས་མའི་ཁམས་བཞུ་ཟག་མེད་བདུད་རྩིར་འབུལ། །མཆོག་གི་གོ་འཕང་ཐོབ་པའི་དགེ་ལེགས་སྩོལ། །སྒྱུ་འཕྲུལ་སྣང་བས་མཛེས་པའི་སྟོང་ཉིད་ལ། །མི་འགྱུར་སྙིང་རྗེའི་གང་བ་ཆགས་པའི་རོ། །ཟུང་འཇུག་ཡེ་ཤེས་བདུད་རྩིའི་ལོངས་སྤྱོད་ཀྱིས། །མཆོད་བྱ་མཆོད་བྱེད་མཉམ་པ་ཉིད་དུ་མཆོད།། ཆོས་སྐྱོང་ཆེན་པོའི་བཀས་བསྐུལ་ནས་བཙུན་པ་པདྨ་དཀར་པོས་སྦྱར་བའོ།། །། དུར་ཁྲོད་བདག་མོ་སྒྲུབ་པར་འདོད་པས། ཧཱུྃ ཀུན་བཟང་དགའ་བ་བསྐྱེད་པའི་ཡུམ། །ཁྲོས་མ་ནག་མོའི་རྫུ་འཕྲུལ་མཐུ། །ལས་ཀྱི་མ་མོར་ཤར་བ་གང་། །མཚན་དུ་འདྲེ་མོ་ངན་ནེ་མ། །དུར་ཁྲོད་ཀུན་གྱི་བདག་མོ་སྟེ། །རྡོ་རྗེའི་ཕོ་ཉ་སྣ་ཡོན་མ། །ཆོས་འཁོར་སྐྱོང་བའི་གཞི་བ་སྟེ། །དགེ་འདུན་འདུ་བའི་དཀོར་གཉེར་མ། །བར་ཆད་བཟློག་པའི་མཐུ་མོ་ཆེ། །འཕྲིན་ལས་སྒྲུབ་པའི་ཤུགས་རྩལ་ཅན། །སྡེ་བརྒྱད་འཁོལ་བའི་དབང་ཕྱུག་མ། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོ་ཨ་ར་ལི་ཊ་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿ དང་པོར་རྒྱལ་བ་སྲས་བཅས་ཀྱིས། །དབང་བསྐུར་དུས་ཀྱི་དམ་ཚིག་སྒྲོན། །བར་དུ་བརྒྱུད་པ་བཞི་ལྡན་གྱི། །བླ་མས་བཀའ་ལ་བཏགས་པ་དགོངས། །ཐ་མར་ངེད་ཅག་རྣལ་འབྱོར་པས། །མཆོད་བསྟོད་བསྐུལ་བའི་འཕྲིན་ལས་མཛོད། །ཨོཾ་མཧཱ་པདྨ་ཧུ་རུ་ཧུ་རུ་ཀྲོ་དྷ་ནི་ཧུར། ཀྱཻ། མི་ཤ་ཁྲག་གི་དྲི་ཚོར་ཚེ། །རྐན་རྡེབ་བཟོད་པའི་གླགས་མེད་མ། །གསར་དུ་བསད་པའི་ཁྲག་གི་མཚོ། །ལྦུ་བའི་འཕྲེང་བ་འཆང་བ་འབུལ། །དོན་ལྔ་སྣོད་དྲུག་ཤ་དང་རུས། །ཚིལ་བུ་མདངས་བཀྲག་དབུགས་སྲོག་ཟས། །དབང་པོ་ལྔ་པོ་བརྗིད་པའི་བརྒྱན། །པགས་རློན་ན་བཟའ་རྐང་གི་གླིང་། །ཡིད་འོང་དཀོར་ནོར་གསེར་སྐྱེམས་དང་། །གཡུ་སྐྱེམས་ཡ་ལད་མཚོན་ཆ་དང་། །གཞོན་པ་མདོས་གླུད་ཡས་བཏགས་དང་། །དམར་ཆེན་གཏོར་མ་འབུལ་གྱིས་བཞེས། །ཨོཾ་ར་ལི་ཊ་མ་ཡ་ཛ་ས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ ཡབ་ནི་འོད་ཟེར་འོད་པོ་ཆེ། །གཟའ་བདུད་ཀུན་གྱི་རྒྱལ་པོ་སྟེ། །དགྲ་བོ་འཕོག་འགྱེལ་མོད་ལ་གསོད། །ཡུམ་ནི་ལྷ་ས་བ་མོ་ལྕམ། །ཀླུ་མོ་ཀུན་གྱི་བདག་མོ་ཡིན། །ཉམས་པ་མཛེ་ཤུ་ཞ་བར་བྱེད། །མིང་པོ་གནོད་སྦྱིན་བསེ་མདུང་དམར། །བདུད་ནག་ཟོ་ར་ར་སྐྱེས་དང་། །གཤན་པ་ར་མགོ་མི་སྲེང་དམར། །ཕོ་རྒྱུད་ཀུན་གྱི་སྡེ་དཔོན་ཏེ། །གདུག་པ་འཆིང་གཟེར་མྱོ་འབོག་གཏོང་། །ལྷ་མོ་ངན་ནེ་ཀླུ་མོ་བདུད། །མཆེད་ཟླ་ལགས་ཏེ་མ་མོའི་དཔོན། །ནད་རིགས་བཞི་བརྒྱ་རྩ་བཞི་འགྱེད། །ཆུང་བ་ཁྱོད་ཉིད་ཉི་མའི་མདོག །རྩ་ཞལ་ཁྲོ་ལ་སྤྱན་གསུམ་དམར། །སྟེང་མ་བྱ་ནག་སྐྱུང་ཀའི་མདོག །མཐོང་ན་བྲེད་ལ་ཕྲད་ན་འཇིགས། །གནོད་ན་བླུ་བའི་ཐབས་གཞན་མེད། །ནལ་བུའི་རྒྱལ་མཚན་མེ་ལོང་དང་། །རེས་འགའ་མ་ངེས་ཅི་ཡང་འཛིན། །རལ་གུ་ཞིང་ཆེན་སྒྲོ་ཐུལ་གྱོན། །གར་འོངས་མེ་རླུང་དུ་བར་འཚུབས། །འུར་འུར་ཆེམ་ཆེམ་ས་གཞི་གཡོ། །རི་བོ་བསྙིལ་ཞིང་སྐར་མདའ་ལྟུང་། །གནམ་ལྕགས་སེར་བ་ཅི་ཡང་འབབ། །ཅེ་སྤྱང་གཏུམ་པོ་ངུར་སྒྲ་འབྱིན། །བྱ་གཅན་ཀླད་ལ་ལྡིང་ཞིང་འབྲང་། །ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད། །དེ་རིང་བསྐུལ་ལོ་དམ་ཚིག་ཅན། །བཅོལ་བའི་འཕྲིན་ལས་ཐམས་ཅད་སྒྲུབས། །དོ་ནུབ་རྦད་དོ་གདུག་པ་ཅན། །གནོད་པའི་བསམ་སྦྱོར་བྱེད་ཀུན་སྒྲོལ།། པདྨ་དཀར་པོས་སྦྱར་བའོ།། ཧཱུྃ མཐོ་བ་སྲིད་པའི་ཡས་སྟེང་གི །རྩུབ་འགྱུར་ཚལ་དུ་རུ་མཚོན་ཅན། །དཀར་པོ་ལྷ་ཡི་དབང་ཕྱུག་གི །དམག་དཔོན་ཆེན་པོ་གཤེགས་སུ་གསོལ། །ཧཱུྃ དམའ་བ་ས་འོག་རིམ་པ་དགུའི། །གྲོང་ཁྱེར་མཆོག་ན་སྲོག་བདག་དམར། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཡི། །ལས་མཁན་ཆེན་པོ་གཤེགས་སུ་གསོལ། །ཧཱུྃ བར་གྱི་བདུད་ཡུལ་ཁ་རག་གླིང་། །གདོང་དམར་ཡུལ་ནས་ཨབ་བསེ་རྒྱལ། །ཞང་ཞུང་བོན་གྱི་སྐྱོང་བ་ཆེ། །དགྲ་ལྷའི་རྒྱལ་པོ་གཤེགས་སུ་གསོལ། །ཧཱུྃ ལྷག་པ་མོན་ཁམས་ཐིངས་པོ་ཡི། །བདེ་ཆེན་གནས་ནས་བཙན་རྒོད་བརྒྱད། །རིག་འཛིན་བླ་མའི་བཀའ་ཉན་མཆོག །ཇག་པ་མེ་ལེན་གཤེགས་སུ་གསོལ།། མཆོད་པ། ཧཱུྃ བསད་པའི་དམར་ཆོལ་ལྦུ་གསར་ཅན། །དགྲ་བོའི་སྙིང་རྩ་ནས་བབས་དང་། །སྣ་ཚོགས་འབྲུ་ཡི་ཛ་གད་ནི། །གསེར་ག་གཡུ་གས་བརྒྱན་ཏེ་འབུལ། །ཧཱུྃ དགྲ་མགོ་བྲེགས་པའི་འཕྲེང་བ་གཏིབས། །ཤ་དྲི་གསར་པའི་ན་བུན་འཐུལ། །རྒྱལ་བའི་རུ་མཚོན་སྣང་བ་སྦར། །དཔའ་བའི་འབྲུག་སྒྲ་ལྡིར་བ་འབུལ། །ཧཱུྃ ཡི་གར་འོང་བ་བསྒྲུབ་པའི་རྒྱན། །སྡང་བ་དགྲ་བོ་འཇོམས་པའི་ཆས། །མནའ་འོས་འཁྱིལ་གྱི་གནངས་ཆེན་ནོར། །ཕྱུགས་ཀྱི་འགྲོ་བ་ཀུན་ཀྱང་འབུལ། །ཧཱུྃ རྟ་དམར་གླང་དམར་ར་དག་གི །ཤ་ནི་ངར་བཅས་བ་ལིང་ཏ། །སྙིང་དང་ནང་ཁྲོལ་སྣ་ཚོགས་ཀྱིས། །རྒྱལ་མཚོ་ཆེན་པོར་བྱས་པ་འབུལ།། བསྟོད་པ་ནི། ཧཱུྃ གདུག་པ་ཁྱོད་ཀྱི་གཟུགས་ཀྱི་བྱིན། །མ་རུངས་ཇག་པའི་ཚ་ངད་ཀྱིས། །བར་ཆད་བགེགས་ཀྱི་ཕྱེ་མ་ལེབ། །ཐམས་ཅད་གཞོབ་ཀྱང་མེད་པར་སྲེག །ཧཱུྃ གཟིར་བའི་སྤྱན་གྱིས་མ་ནོན་བགེགས། །ཁྲོས་པའི་ཞལ་གྱི་མཆེ་བའི་རྩེར། །མེ་ལེན་དམ་ཚིག་ཉམས་པའི་སྲོག །འཇིག་རྟེན་ཁམས་ན་ཅང་མེད་དོ། །ཧཱུྃ རྡོ་རྗེའི་རྨོག་ཞུ་ཁྲབ་ཆེན་ཕུབ། །མདུང་དམར་ཞགས་བཟུང་མདོ་དྲུག་ཆས། །ཞུད་ཅན་རྟར་ཞོན་དཔའ་སྐྱེན་གདོང་། །སུས་ཀྱང་ཚུགས་པར་མི་ནུས་སོ། །ཧཱུྃ སྲིན་བྱ་ཁུས་འདེབས་འཕར་ཁྱི་ངར། །བཙན་དམག་ཅོ་སྒྲས་ཁོལ་བ་རྣམས། །མེ་རུ་འབར་ཞིང་རླུང་དུ་འཚུབས། །དགྲ་བོའི་སྲོག་ལ་དུག་ཏུ་འགྱུར།། བསྐུལ་ནི། ཧཱུྃ སྲིད་གསུམ་འཇོམས་པའི་ཇག་པ་ནི། །ཞེ་སྡང་མེ་ལྟར་འབར་བ་རྣམས། །དགྲ་བོའི་སྲོག་རྩ་ལེན་ལ་སོང་། །སྲོག་དང་དབུགས་ལ་རྔམ་ཟས་ཀྱིས། །ཧཱུྃ མི་སྡུག་གཟུགས་དགུའི་རྫུ་འཕྲུལ་ཇག །དགྲ་དང་བགེགས་ཀྱི་སྟེང་དུ་སྒྱུར། །མི་སྙན་ངག་གི་དམོད་པའི་མེ། །ལེན་མཁན་དགྲ་འདི་ཡིན་པས་སྒྱུར། །ཧཱུྃ ལྷ་སྲིན་དྲེགས་པའི་ཇག་དཔོན་ཁྱོད། །ཐུབ་པའི་ལྷ་འདྲེ་གར་ཡང་མེད། །མི་བོ་ཟས་སྐལ་ཡིན་པའི་ཕྱིར། །དགྲ་བོས་མེ་འདྲ་སྲོག་ལེན་མཛོད། །ཧཱུྃ ཇག་དམར་རལ་གུ་བརྡབས་ནས་ཁྱོད་རྦད་དོ། །དམ་བསྐུལ་མེ་དཔུང་སྦར་ནས་ཁྱོད་རྦད་དོ། །ལེན་རྩའི་རྩ་བ་བཤད་ནས་ཁྱོད་རྦད་དོ། །དགྲ་བོ་ཚར་གཅོད་ལས་འདི་མྱུར་དུ་སྒྲུབས།། དམ་ཅན་ཇག་པ་མེ་ལེན་ཞེས། །གྲུབ་པའི་བཀའ་ཉན་དེ་མཆོད་པའི། །ཆོ་ག་ཧཱུྃ་སྒྲ་བཅུ་དྲུག་པ། །པདྨ་དཀར་པོ་བདག་གིས་སྦྱར།། །། གདན་ས་ར་ལུང་གི་གཞིའི་བདག་པོའི་གསོལ་ཁ་བཞུགས། །དཔལ་ངག་དབང་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་གཙང་བའི་བཤོས་བུ་ཇི་ལྟར་དགྱེས་པ་བཤམས་ནས། སི་ལ་སོགས་པའི་སྤོས་བསྲེགས་ཏེ། འདི་སྐད་གྱེར་པར་བྱའོ།། །། ཧཱུྃ འཛམ་གླིང་བྱང་ཕྱོགས་གདོང་དམར་ཅན་གྱི་ཡུལ། །བཀྲ་ཤིས་གཡང་ཆགས་དབུས་གཙང་གཉིས་ཀྱི་མདུད། །གྲུབ་པའི་མཆོད་སྡོང་དཔལ་ལྡན་ར་ལུང་ཐིལ། །ལེགས་པར་སྐྱོང་ཞིང་མི་མཐུན་ལས་བསྲུང་བ། །དཔལ་བརྗིད་ལྷུན་ཆགས་གངས་རིའི་ལྷུན་པོ་ནས། །དཔལ་གྱི་དབང་ཕྱུག་ཀུན་ལ་དབང་བསྒྱུར་བ། །སྲིད་པའི་ལྷ་ཆེན་གནོད་སྦྱིན་དབང་པོ་ནི། །གང་བ་བཟང་པོ་འཁོར་བཅས་གནས་འདིར་སྤྱོན། །གྲུབ་པའི་རི་བོ་སྤོས་ངད་ལྡན་པ་ནས། །ཕུན་ཚོགས་འབྱོར་པ་མང་པོས་ཀུན་ཕྱུག་པ། །སྟོབས་ལྡན་དགེ་བསྙེན་བཙན་རྒོད་ཆེན་པོ་ནི། །མི་སྔོན་རྟ་སྔོན་འཁོར་བཅས་གནས་འདིར་སྤྱོན། །འཇིགས་ཤིང་རྔམ་པའི་ལུང་པ་སྒོ་མོ་ནས། །དགྲ་བགེགས་ཀུན་གྱི་གཤེད་མ་མཐུ་རྩལ་ཅན། །དྲེགས་པའི་མི་བསྲུན་ཡོངས་ཀྱི་རྗེ་བོ་ནི། །གཟའ་བདུད་མིང་སྲིང་འཁོར་བཅས་གནས་འདིར་སྤྱོན། །གཞན་ཡང་གཙུག་ལག་ཁང་དང་ཡུལ་འཁོར་དང་། །ས་དང་རི་བོ་ཀུན་ལ་གནས་པ་ཡི། །ལྷ་སྲིན་སྡེ་བརྒྱད་དྲེགས་པའི་ཚོགས་ཐམས་ཅད། །རང་རང་འཁོར་དང་བཅས་པ་གནས་འདིར་སྤྱོན།། ཏིང་ངེ་འཛིན་དང་ཕྱག་རྒྱས། ཨོཾ་བཛྭ་ཨངྐུ་ཤ་ཛཿགཞིའི་བདག་པོ་མ་ལུས་པ་འཁོར་བཅས་ཁྲ་ཕུང་གིས་བྱོན་པར་བསམ། བསངས་ཤིང་ཅི་ཚོགས་པ་སྦར་ཏེ། འདི་སྐད་གྱེར་བར་བྱའོ།། ཧཱུྃ ཧ་རི་ཙན་དན་ཕུང་པོ་སྤྲིན་ལྟར་ཕུབ། །ཨ་ཀར་ནག་པོའི་དོག་པའི་ར་བས་བསྐོར། །སི་ན་ཁཱི་སྦྱར་བའི་ཀ་བ་སྒྲེང་། །དུ་རུ་ཀ་ཡི་འཕྲེང་བས་བརྒྱན་པའི་ཁང་། །ལོ་མ་ལྗང་སྣུམ་རྒྱས་པའི་ལྗོན་པ་དང་། །མེ་ཏོག་བསུང་ཞིམ་སྡོང་པོ་ངད་བཟང་བ། །རྩ་བ་དྲི་མཆོག་ལྡན་རྣམས་ཁོར་ཡུག་ཏུ། །བསྐོར་བས་གཙང་མའི་མེ་ལྕེས་ལེགས་སྦར་བའི། །སྔོ་བསངས་དུད་སྤྲིན་གཞོན་ནུས་ནམ་མཁའ་ཡང་། །ཁེབས་པར་བྱས་ཤིང་སྤོས་ངད་ཀུན་ཁྱབ་པས། །བསངས་སོ་བསངས་སོ་གཞི་ཡི་བདག་པོ་རྣམས། །སྦྱིན་བདག་ནད་དང་གྲིབ་ལས་ཐར་བར་མཛོད།། དེ་ནས་དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་རྫས་ཇི་སྙེད་འབུལ་བར་བྱ་སྟེ། ཐོག་མར་གཙང་མའི་ཆང་ཕུད་འབྲུ་དང་སྦྱར་བ་རིན་པོ་ཆེའི་སྣོད་ཀྱིས་གཏོར་ཞིང་འདི་སྐད་དོ།། ཧཱུྃ མཐོང་བས་ཡིད་འཕྲོག་ཁ་དོག་བཟང་པོ་ལྡན། །ཚོར་བས་སྐོམ་སེལ་དྲི་ངད་ཞིམ་པོ་ལྡན། །མྱངས་ན་ལུས་སེམས་ཚིམ་བྱེད་ཛ་གད་ཕུད། །གཙང་མའི་འབྲུ་དང་སྦྱར་བ་འདིས་མཆོད་དོ། །མཛེས་སྡུག་དྲི་བཟང་ཡིད་འོང་ལྷ་རྫས་སུ། །བྱིན་གྱིས་བརླབས་པ་མེ་ཏོག་བདུག་པའི་སྤོས། །སྣང་གསལ་དྲི་ཆབ་རོ་བརྒྱ་ལྡན་པའི་ཟས། །དཀར་གསུམ་མངར་གསུམ་སྒྲ་སྙན་དཀོར་ཆ་དབྱིག །འདོད་དགུའི་ཚོགས་རྣམས་གཙང་མ་ལ་དགྱེས་པའི། །དགེ་བསྙེན་ལྷ་ཀླུ་སྨན་སོགས་དགྱེས་པར་རོལ། །དགྲ་བོའི་སྣ་ལྔ་མེ་ཏོག་གསུར་ཆེན་སྤོས། །སྣང་གསལ་མར་མེ་ཁྲག་སྣའི་ཡོན་ཆབ་དང་། །སྙིང་སྣའི་ཞལ་ཟས་རྐང་གླིང་དྲག་པོའི་རྫས། །མ་ཚང་མེད་པར་ཏིང་འཛིན་གྱིས་སྤྲུལ་པར། །གདུག་པའི་སྡེ་བརྒྱད་ཐམས་ཅད་དགྱེས་པར་རོལ།། གཏོར་མ་ཐམས་ཅད་སྭ་བྷཱ་ཝས་སྟོང་པར་སྦྱངས། ལག་པ་གཡས་པ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྙིང་གར་བཟུང་། གཡོན་མཆོག་སྦྱིན་རྡེབ་པ་ལྟར་བྱས་ལ། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ། ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ་གྱིས་གཏོར་རྫས་རང་རང་གི་ཡིད་དང་མཐུན་པས་ནམ་མཁའ་གང་བར་བསམས་ནས། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ནས། གནོད་སྦྱིན་གྱི་སྡེ་དཔོན་གང་བ་བཟང་པོ། ནོར་བུ་བཟང་པོ། བཙན་རྒོད་དགེ་བསྙེན་ཆེན་པོ་མི་སྔོན་རྟ་སྔོན། དྲེགས་པ་ཅན་སྒོ་མོའི་གཟའ་བདུད་མིང་སྲིང་ལ་སོགས་པ་གདན་ས་རིན་པོ་ཆེ་ར་ལུང་གི་ཆབ་འོག་གནས་པའི་ལྷ་སྲིན་སྡེ་བརྒྱད་ཀྱི་རིགས་སུ་གཏོགས་པ་ལ་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ལོ། །གསོལ་ལོ། །མཆོད་དོ། །བསྔོའོ། །འདྲེན་ནོ། །སྦྱིན་ནོ། །ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོ་སོའི་ཡིད་དང་མཐུན་པའི་དམ་ཚིག་གི་རྫས་ཀྱིས་ངོམས་ཤིང་ཚིམ་པར་བསམས་ལ་བསྟོད་པ་བྱ་སྟེ། ཧཱུྃ འདོད་དགུའི་ཆར་གྱིས་དབུལ་འཕོངས་ཉེར་སེལ་ཞིང་། །འཇིག་རྟེན་བཀྲ་ཤིས་བདེ་ལེགས་རྒྱས་བྱེད་པ། །གནོད་སྦྱིན་སྡེ་དཔོན་ཆེན་པོ་གང་བ་བཟང་། །སངས་རྒྱས་བསྟན་སྐྱོང་འཁོར་བཅས་བསྔགས་པར་བགྱི། །སྐྱེ་འགྲོ་ཀུན་གྱི་མགོན་སྐྱབས་ལེགས་བྱེད་ཅིང་། །ཆོས་དང་མཐུན་པའི་རྐྱེན་རྣམས་དབང་མེད་སྒྲུབ། །རྟག་ཏུ་མི་ནོར་དབང་དུ་སྡུད་པ་ཡི། །བཙན་རྒོད་ཆེན་པོ་འཁོར་བཅས་བསྔགས་པར་བགྱི། །ཉམས་པའི་སྲོག་དབུགས་སྐད་ཅིག་ཁོ་ནར་ལེན། །དམ་ཅན་ཀུན་གྱི་བསམ་པའི་རེ་བ་སྐོངས། །སྡེ་བརྒྱད་ཀུན་གྱི་རྗེ་བོ་དྲག་རྩལ་ཅན། །གཟའ་བདུད་མིང་སྲིང་འཁོར་བཅས་བསྔགས་པར་བགྱི། །མི་སྡུག་གཟུགས་འཆང་ཁྲོ་གཏུམ་རྔམ་པའི་ཚོགས། །རང་རང་དཔུང་དང་མཐུ་ཡི་རྩལ་བཏོན་ནས། །དབེན་གནས་གཉན་པོ་སྐྱོང་བའི་མི་མ་ཡིན། །ལྷ་སྲིན་འཇིགས་བྱེད་ཐམས་ཅད་བསྔགས་པར་བགྱི། །དེ་ལྟར་བསྟོད་ནས་འདོད་པའི་དོན་གསོལ་བ། །སློབ་དཔོན་ཆེན་པོ་པདྨ་ཀཱ་ར་དང་། །གྲུབ་པའི་གཙུག་རྒྱན་ཆོས་རྗེ་ཁུ་དབོན་ཞབས། །སློབ་མར་བཅས་པའི་སྤྱན་སྔར་ཁས་བླངས་བཞིན། །གདན་ས་ཆེན་པོ་དར་ཞིང་རྒྱས་པ་དང་། །ཆོས་ལྡན་སྒྲུབ་པ་པོ་ཡི་བསམ་དོན་སྒྲུབ། །ཡུལ་འཁོར་བཀྲ་ཤིས་འབྱོར་པས་གང་བར་གྱིས། །མི་མཐུན་གནོད་ཅིང་འཚེ་བ་ཚར་ཆོད་ལ། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བར་མཛོད།། བསྐུལ་བར་འདོད་ན་གཏོར་མ་ཁོ་རང་སོ་སོར་མོས་ཤིང་ཐིམ་པར་བསམ་ལ་འདི་སྐད་དོ།། ཧཱུྃ བསྟན་པ་བསྲུང་བ་ལྷ་སྲིན་དྲག་པོའི་དཔུང་། །ཁ་ཅིག་མདོག་ནག་གོ་མཚོན་ནག་པོ་ཅན། །ལྷུན་པོ་པང་དུ་བཏེག་ནས་དགྲ་ལ་འཕེན། །ལ་ལ་ཁྲག་གི་ཕུང་པོ་ལྟར་དམར་བས། །ཉམས་པའི་མགོ་བཅད་ཁྲག་འཐུང་ནང་ཁྲོལ་འཇིབ། །འགའ་ཞིག་དུས་མཐའི་སྤྲིན་བཞིན་ཆེར་གནག་པ། །གནམ་ལྕགས་མེ་དང་རྡོ་རྗེ་སེར་བ་འབེབས། །ལྗང་དང་སེར་བའི་གཟུགས་ལྡན་འཇིགས་བྱེད་དགའ། །རྐང་པ་ས་ལ་བརྡབ་པས་དབང་ཆེན་ཡང་། །རྡུལ་དུ་འཐག་ཅིང་ཉམས་པ་ཞེ་ལ་གནོན། །སྨན་བཙུན་མཛེས་མའི་གཟུགས་ཀྱིས་བློ་འཁྲིད་ཅིང་། །ཁྲམ་ཤིང་འདེབས་དང་ཤོ་རྡེ་དཀར་ནག་སྤུང་། །གསོ་སྒྲས་གནམ་ས་འདར་ཞིང་ཁོལ་བྱེད་དམག །མང་པོའི་སྡེ་དཔོན་གང་བཟང་ནོར་བུ་བཟང་། །མི་སྔོན་གཟའ་བདུད་སེང་གེ་སྟག་དང་རྟ། །ཕག་རྒོད་ཞོན་ནས་འཛམ་གླིང་མྱུལ་བ་རྣམས། །གསོན་ཅིག་སྡང་བའི་དགྲ་བོ་ཆེ་གེ་མོས། །བསྟན་པ་བཤིག་ཅིང་བླ་མའི་སྐུ་ལ་བསྡོ། །བདག་གི་དམ་པའི་ཆོས་ལ་བར་ཆད་བྱས། །དཀོན་མཆོག་དབུ་འཕངས་སྨོད་འདི་ཁྱེད་རྣམས་ཀྱིས། །བྲང་ཞོལ་ཕྲོལ་ལ་སྲོག་བརྔུབས་ཞལ་དུ་ཐོབ། །ཡུལ་མཁར་ཁྱིམ་བཤིག་ནོར་རྫས་བརླགས་པ་དང་། །བདུན་བརྒྱུད་རྩད་ནས་ཆོད་ཅིག་དམ་ཅན་ཚོགས།། ཞེས་བསྐུལ་ནས་གཏོར་མ་འཕངས་པས་དགྲ་བོ་རྨེག་མེད་བཅོམ་པར་བསམ་མོ། །དགེ་སློང་པདྨ་དཀར་པོས་སྤོས་སྐྱའི་ཡང་དབེན་དུ་སྦྱར་བའོ།། །། དུད་སོལ་མའི་གསོལ་བསྡུས། ཨ་ཡིག་རྣམ་འགྱུར་ཁང་བརྩེགས་མཛེས་པའི་མཁའ། །ཧ་ཧར་རྒོད་དབུས་ཐོད་མཁར་བརྩིགས་པའི་ཀློང་། །ས་གསུམ་གོམ་རེས་འགེངས་པའི་བོང་བུའི་སྟེང་། །ཤ་ཟ་ཆེན་མོ་དུད་སོལ་དགྲ་བགེགས་རྣམས། །ལ་འུར་རལ་གྲིས་བསད་ཁྲག་བྷཉྫྱར་འཐུངས། །རྭ་ལྟར་ཤཀྟི་གཏོད་ཅིང་རྩེ་གསུམ་འཕྱར། །ཡ་མཚན་བཅས་སུ་འདོད་དབང་ཀུན་གྱིས་བཅུག །འ་འུར་གསོད་འཆིངས་འགུགས་བྱེད་རིགས་བཞི་མ། །ཟ་བྱེད་ཕྲ་མེན་བརྒྱད་དང་སྒོ་མ་བཞི། །ཞྭ་ལྟར་ཀླད་ལྡིང་རོལ་འདུར་ཤུལ་འབྲང་རྣམས། །ཝ་ལེར་དྲན་པའི་དད་དང་དམ་ཚིག་གིས། །ཛཿཞེས་ག་ན་བཞུགས་ཀྱང་སྤྱན་འདྲེན་ནོ། །ཚ་བའི་ངད་ཀྱིས་དགྲ་བོ་ཕྱེ་མ་ལེབ། །ཙ་ར་མཛད་དུ་འདིར་གཤེགས་འཁོར་བཅས་རྣམས། །མ་ཅིག་དབང་བསྐུར་དམ་སྦྱིན་སྦྲན་པ་བདག །བ་ནི་འདོད་འཇོར་བསྔགས་པ་བཞིན་གྱིས་སྐྱོངས། །ཕ་མཐའ་མེད་པའི་ནམ་མཁའ་སྲིད་གསུམ་གྱི། །པ་ཏི་འབྱོར་པའི་སྤྲིན་གྱིས་བཀབ་པ་དང་། །ན་རག་དམྱལ་སྲུངས་མགུ་བའི་རཀྟ་དང་། །ད་དགྲ་དངོས་བྱེད་བསད་པའི་སྙིང་ཁྲག་རྦ། །ཐ་མར་སྦྱངས་རྟོགས་འབར་བཞུའི་བ་ལིཾ་ཏ། །ཏ་ན་བསྒྲལ་དང་ག་ན་སྦྱོར་བའི་ཆས། །ཉ་རྒྱས་ཟླ་ལྟར་འཇིག་རྟེན་གང་བས་མཆོད། །ཇ་ལྟར་མ་ལུས་དགའ་བ་ཁྱོད་ཀྱི་གཟུགས། །ཆ་ཤས་རེ་རེར་འགྱུར་བ་རྟེན་བཞིན་དུ། ཅ་རེ་ཆོས་ཉིད་ཀློང་ལས་མི་འདའ་བ། །ང་མེད་དོན་རྟོགས་སྤྱོད་ཡུལ་ལགས་ཞེས་བསྟོད། །ག་ནའང་ཁྱོད་བསྒོམ་སྙིང་པོ་བཟླས་པ་དང་། །ཁ་ཙམ་མིན་པར་དམ་རྫས་ཀྱིས་བསྐངས་ཞིང་། །ཀ་དག་དབྱིངས་སུ་སྡིག་ཀུན་མཐོལ་བཤགས་སོ། །གཉིས་སུ་མེད་ལས་གཉིས་སུ་བྱེ་ནས་སུ། །མཐུ་རྩལ་ཆེན་པོས་དགྲ་བགེགས་བདུད་ཀྱི་སྡེ། །རེ་རེ་ཙམ་མིན་མ་ལུས་སྐད་ཅིག་ལ། །སོད་ཅིག་ཐུལ་ཅིག་བཅོམ་ལྡན་དུད་སོལ་མ།། གཡུ་སྒྲོན་མའི། ཀྱཻ། ཁྲག་འཐུང་ཆེན་པོའི་གྲོང་ཁྱེར་ཙ་རི་ཏྲའི། །ཙིཏྟིའི་དབྱིབས་འཆང་རྡོ་བའི་ཕུག་ནང་ནས། །ཞིང་སྐྱོང་མ་མོའི་གཙོ་མོ་གཡུ་སྒྲོན་མ། །འཁོར་བཅས་དད་པས་སྤྱན་འདྲེན་གཤེགས་སུ་གསོལ། །ཀྱཻ། དམ་ཚིག་གཙང་མའི་རྒྱུ་རྐྱེན་ལས་གྲུབ་པའི། །སྨན་ཕུད་རྒྱ་ཇ་སྐོལ་དང་བ་ལིཾ་རྣམས། །ཁ་དོག་དྲི་བཟང་རོ་བརྒྱ་ལྡན་པའི་བཅུད། །འཆི་མེད་བདུད་རྩིར་བཞུ་བས་དགྱེས་པར་འཚལ། །ཀྱཻ། འཇིགས་བྱེད་ཆེན་མོའི་གཟུགས་འཆང་ཝཱ་རཱ་ཧཱི། །བཀའ་ཉན་ཆེན་མོ་ཞི་ཚེ་ལྷ་མོའི་གཟུགས། །བོད་ཁམས་བསྟན་མ་ཀུན་གྱི་རྗེ་མོ་མཛད། །ཞིང་སྐྱོང་ལྷན་ཅིག་སྐྱེས་མ་གསང་བའི་མཚན། །ལྷག་པར་ཁྲོས་པ་མགོ་དགུ་སྲིན་མོའི་བྱིན། །ལྷ་སྲིན་སྡེ་བརྒྱད་དབུས་ཀྱི་གཙོ་མོ་སྟེ། །ཟ་བྱེད་མཁའ་འགྲོ་ཞེས་པ་གསང་བའི་མཚན། །ཁྱོད་ལ་བསྟོད་ཅིང་ཕྱག་འཚལ་བདག་ཅག་གི །ཡིད་ཀྱི་རེ་བ་ཐམས་ཅད་གྲུབ་པར་མཛོད།། ཅིག་ཅར་དམར་པོའི། ཀྱཻ། ལྷོ་ཕྱོགས་ཙ་རི་ཏྲ་དང་ས་འོག་དགུའི། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ཆེན་པོ་ནས། །ལས་ཀྱིས་གཤིན་རྗེ་འཁོར་བཅས་སྤྱན་འདྲེན་གྱིས། །དམ་ཅན་ཆོས་ཀྱི་རྒྱལ་པོ་གཤེགས་སུ་གསོལ། །ཀྱཻ། བསད་པའི་དམར་ཆོལ་ཛ་གད་ཕུད་ཀྱི་སྐོམ། །ཤ་རུས་སྙིང་གི་གཏོར་མ་ཆེན་པོ་གང་། །དགྲ་བགེགས་བླ་ཚེ་སྲོག་དབུགས་ཁ་རྗེ་དང་། །དབང་ཐང་རླུང་རྟར་བཅས་པ་ཟས་སུ་འབུལ། །ཀྱཻ། འཇིག་རྟེན་ལྷོ་ཡི་ཕྱོགས་སྐྱོང་བ། །སྡེ་བརྒྱད་ཀུན་གྱི་དམག་དཔོན་མཛད། །སྲིད་པའི་དགེ་སྡིག་ཤན་ཐང་འབྱེད། །ཆོས་ཀྱི་རྗེ་ནས་ད་ལྟའི་བར། །བསྟན་པ་བསྲུང་བའི་གཙོ་བོར་བཀུར། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ཆེ། །དོ་ནུབ་བདག་གིས་བསྟོད་ལགས་ཀྱིས། །བཅོལ་བའི་འཕྲིན་ལས་མཛད་དུ་གསོལ། །སྲཱིཿ རྡོ་རྗེ་བཙུན་མོའི་སྙིང་རྗེའི་པདྨའི་སྦུབས། །བརྡོལ་དེར་བཅུ་དྲུག་ལང་ཚོའི་གཡུ་སྒྲོན་མ། །མཛེས་སྡུག་ཡིད་རིས་རྫོགས་པས་མཚར་དེ་མིག །ཀུན་ལ་རྔམ་བརྗིད་འོས་པའི་བདུད་རྩིར་འཁྲུངས། །དེ་ཚེ་ཆགས་བྲལ་འཁོར་ལོའི་མགོན་པོ་ཡང་། །དེ་ཡི་ཕྱོགས་ལྷུང་ངེས་ནས་ཙ་རི་ཏྲའི། །ཌཱ་ཀ྄ི་མ་རྣམས་གཙུག་གི་ནོར་བུའི་ཆུས། །ཞབས་མཐིལ་བཀྲུ་ལ་ཧབ་བཤར་བྱེད་པ་དེའི། །མཐིང་སྔོན་སྐྲ་ཡི་ཟུར་ཕུད་རི་བོའི་རྩེར། །འཛེགས་པ་ནོར་བུའི་བྱིན་ལ་ཉི་མ་ཡིས། །ཤར་གྱི་ཐོར་ཅོག་འཆར་ཀའི་འོད་ཟེར་གྱིས། །པ་ཏྲས་བཅིངས་པ་སྟོང་གི་འོལ་ཕྱིར་མིན། །ཚངས་སྐུད་རྩེ་ཕྲན་རིན་ཆེན་ལྔའི་རང་བཞིན། །སྙན་གོང་ཨུཏྤལ་དར་དཔྱངས་དང་བཅས་བཟོ། །འདྲེན་བྱེད་རྣམས་འཆིང་བསོད་ནམས་ལས་རང་གར། །གྲུབ་པས་བི་ཤྭའི་འདུ་བྱེད་བྱིས་པའི་རྩལ། །རབ་དཀར་བཞིན་གྱི་ཤངས་རྒྱུད་རི་བོའི་འདབ། །སེམས་འཆིངས་མིག་ཟུར་བསྐྱོད་པའི་བསིར་བུ་དེས། །སྨིན་མའི་འཁྲི་ཤིང་གར་གྱིས་རོལ་བ་དང་། །རེག་བྱས་ཆགས་ལྡན་གདོང་ལ་རྒྱ་སྐྱེགས་བྱུགས། །སླར་ཡང་མཁུར་ཚོས་དཀར་དམར་མདངས་བཀྲག་པོས། །ཁོར་ཡུག་སྣང་བས་མཛེས་པ་བརྒྱ་བྱིན་གཞུར། །བགྱིས་ལ་འགྲན་འདོད་མཆུ་ཡི་པདྨའི་འཛུམ། །སོ་ཡི་གེ་སར་བྱེ་དེས་མུན་པའང་བཅོམ། །འགྲམ་པར་འོད་ཀྱི་རྦ་རླབས་ཆེར་སྤྲོ་བའི། །རྣ་ཆ་དེ་གཉིས་ཉི་ཟླར་རབ་འཁྲུལ་ནས། །གོ་ལ་རྒྱུ་སྐར་ཕྲ་ཚོམས་ཅན་དེ་ཡང་། །མགུལ་གྱི་ཕྱོགས་དེར་ལྷུན་པོ་ལ་བཞིན་འཁོར། ལྷ་རྫས་དར་དཀར་ཡུག་དེའི་ལྷུབ་གོན་དང་། །ལྷན་ཅིག་གཡུ་ཡི་དོ་ཤལ་འཛིན་པ་གང་། །སྤྲིན་གྱི་གོས་ཅན་སྔོ་བསངས་ཁྱོད་ལ་སེམས། །ཤོར་བའི་གྱུ་ཡིན་སྲིད་པའི་ཁོང་པ་མནོ། །སྐེད་པའི་འཁྲི་ཞིང་ཧ་ཅང་ཕྲ་བས་ན། །ནུ་འབུར་འབྲས་རྒྱས་གཡུར་ཟ་མི་ཐེག་ཅེས། །འཛམ་བུའི་གསེར་སྐེད་དྲ་བ་ཅན་འདར་ནས། །སྨད་དུ་ཟ་འོག་དིང་ཕོན་འཇའ་ཚོན་བྲན། །གདུ་བུའི་སིལ་སྙན་འཁྲོལ་བ་འཇམ་པའི་ཕྱག །གྲགས་པའི་རྔ་བོ་དལ་བུར་བསྐུལ་བ་དེས། །དྲི་ཟའི་དགའ་མ་རྣམས་ལ་རྒྱུད་མངས་ཀྱི། །སྙན་ཆ་ཤོར་བར་གྱུར་སྙམ་སེམས་ལས་སྐྱེས། །བརླ་རྒྱས་མཁྲང་བར་ཕྱེད་ཀྱི་སྐྱིལ་མོ་ཀྲུང་། །བཅས་ནས་འགྱིང་བའི་བག་དེ་མེ་ན་ཀ །རྩེད་འཇོས་དྲན་བསླང་འདོད་པ་སྤྱད་པའི་ཆེད། །འདུག་བསམ་ལྷ་ཡི་དབང་པོ་འཁྱུད་ལ་ཁད། །གནས་གསུམ་པདྨོའི་ཚལ་གྱི་ངང་མོའི་གཙོ། །ལྷན་ཅིག་སྐྱེས་མར་གྲགས་པའི་ཡོན་ཏན་གྱི། །དར་ཟབ་སྙན་ཚིག་མེ་ཏོག་གིས་བརྒྱན་ནས། །བསྟོད་པའི་ལྡ་ལྡིར་བྱས་ལྷག་སྤྱན་གཟིགས་ཅི། །ཀུན་རྟོག་རྐང་འཐུང་ཡལ་འདབ་མ་ལུས་པ། སོ་སོ་རང་རིག་ཞུགས་སུ་ཞེན་པའི་རྟགས། སྟོང་ཉིད་མཁའ་ལ་འཁྱུད་པའི་དུད་པའི་སྤྲིན། །གཉིས་སྣང་སངས་འདི་སྒྱུ་འཕྲུལ་བདུག་པའི་སྤོས། །ཡོན་པོའི་ལམ་བཀག་གཏུམ་མོས་སྦར་བ་ལས། །བསིལ་བའི་འོད་དཀར་བྱེ་བ་འཛག་པའི་གཟི། །འཕོ་མེད་མཁའ་ལ་བཅུག་པའི་སྣང་བྱེད་རྫུ། །སྙིགས་མའི་ཁམས་རྣམས་འཁྲུད་པའི་ཆབ་ཏུའང་སྤྲུལ། །སྲིད་གསུམ་སྒྱུ་མ་ཙམ་གྱི་ཁ་ཟས་ལ། །མགྲོན་གཉེར་ནཱ་དའི་རོལ་མོས་བསྐུལ་བའི་རྗེས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འདོད་ཡོན་ལ། །སྐད་རྣམས་ཀུན་གྱིས་རོལ་པའི་བརྡ་ཡང་སྤྲད། །དུང་ཅན་གཡུང་མོ་སྦྱར་བའི་བདེ་སྐྱོང་དུ། །ཉི་ཟླའི་བདུད་རྩི་ཡེ་ཤེས་སྒྲ་གཅན་གྱིས། །བཟུང་ནས་དྷཱུ་ཏཱིའི་འདབ་མའི་རྩེར་སྤེལ་བའི། །ཚོགས་འདི་མ་མོ་དགྱེས་པའི་དཔྱིད་ཅིས་མིན། །རྩ་འཁོར་ལྟོ་འཕྱེའི་བདག་པོ་བགྲང་ཡས་ཀྱི། །གདེངས་ཀས་དྲངས་པ་འོད་ལྔ་ནོར་བུའི་དཔྱས། །གཙུག་ཏོར་བང་མཛོད་གང་མཐུས་དངོས་ནོར་རྣམས། །ཆོས་ཉིད་རང་ཁྱིམ་བསྡུ་འདི་ཁྱོད་ཀྱི་ཁང་། །རྩེ་གཅིག་རྭ་ཅོས་རྟོག་དགྲའི་སྙིང་ཕུག་ཅིང་། །འཁྲུལ་པས་ནགས་མིན་ཆོས་ཀྱི་དབྱིངས་གང་དུ། །དཔའ་བར་འཇུག་ལ་རྡོ་རྗེའི་ཤུགས་ལྡན་པའི། །སྤྲིན་དུམ་ཆད་འདྲ་ཏིང་འཛིན་གཡག་རྒོད་སྡེ། །ཟུང་འཇུག་ལུས་གྲིམས་གཞན་དོན་རྔོག་མ་ནི། །སྤྲུགས་ཀྱང་མི་གཡོ་གནམ་མཁའི་གདངས་གང་ལ། །བསྙེངས་པའི་རྡུལ་མེད་ཅང་ཤེས་མཆོག་གི་ཁྱུ། །མྱང་འདས་ནོར་འཛིན་གཞི་ལ་འཁྱམས་རྣམས་དང་། །ཕུང་ཁམས་སྐྱེ་མཆེད་ཅི་དགའི་གཏོར་མང་གི །རྣམ་པར་བསྒྱུར་ཡང་མཁའ་ཁྱབ་མཁའ་ཡི་རོ། །ངོ་བོ་མི་གཏོང་གཅིག་ཏུ་བསྡོམས་བྱས་པའི། །བདུད་རྩིའི་ཉིང་ཁུས་ཐུགས་དམ་སྐོང་གྱུར་ཅིག །བསྐངས་ནས་འཁོར་བར་བསླུ་བའི་བག་ལ་ཞ། །དུག་གསུམ་གཡུལ་ངོར་བཅས་ལས་རྒྱལ་བའི་སར། །ཚེ་འདིས་ཕོ་ཉ་ལྟ་བུར་བགྲོད་པའི་རྟེན། །གཞན་ན་མ་མཆིས་ཁྱོད་ཉིད་ཁོ་ནར་རག། བཅོམ་ལྡན་འདས་མ་ལྷན་ཅིག་སྐྱེས་མའི་བསྐང་བ་པདྨ་དཀར་པོས་སྦྱར་བའོ།། །། ཧཱུྃ འཇིགས་བྱེད་ཆེ་རྣམས་ལྷག་པར་ཁྲོས་པའི་ཤུགས། །སྲིད་གསུམ་སྲོག་གི་ཟས་ཅན་གཤིན་རྗེ་ཡི། །ཕོ་ཉའི་གཙུག་དེར་བཀའ་བཏགས་མི་མགོའི་འཕྲེང་། །འཆིང་བར་སྤྲུལ་པ་ཅིག་ཅར་དམར་པོའི་སྐུ། །ཉི་མ་འཆར་ཀའི་ལང་ཚོར་ཞུགས་པའི་ཚེ། །རྒྱ་མཚོ་མ་ལུས་འཐུང་བ་རྟ་གདོང་མེ། །ཆགས་ཏེ་འཁྲིལ་བས་ཕས་ཀྱི་བྱད་མའི་མཐུ། །ཕྱེ་མ་ལེབ་བཞིན་གཞོབ་ཀྱང་མེད་པར་སྲེག །དཀར་ཞིང་དབྱིབས་ཟླུམ་མཐོ་བའི་གངས་ཅན་རི། །ཡུངས་འབྲུ་ལྟ་བུར་བསྒྱུར་བའི་མཆེ་བ་བཞིས། །བསྣུན་པའི་ཁྲག་གིས་སྦངས་བའི་སྨ་ར་ཡི། །ཚོམ་བུ་དེ་ཡང་དྲེགས་པ་རྣམས་ལ་ངོམ། །སྤྱན་གཉིས་བསྐྱོད་པས་ཉི་མ་ཟླ་བའི་བྱིན། །མ་ལུས་ཕྲོགས་ནས་སྨིན་མ་འཁྱོག་པའི་ཕུག །ངལ་བསོ་རྟེན་དེར་གསེར་གྱི་རི་བོ་རྣམས། །པ་ཏྲའི་ཟོལ་གྱིས་སྟེང་ནས་འགེབས་པར་རྩོམ། །ཁྲོ་གཉེར་གྱིས་བཅིངས་ཤངས་ཀྱི་བུ་ག་ནས། །ལྷུན་པོ་ཐལ་བར་འཐོར་བའི་རླུང་སྤྲོས་ཏེ། །རྒོལ་བའི་ཚོགས་རྣམས་ཤིང་གི་ལོ་མ་བཞིན། །རྒྱ་མཚོའི་ཕ་རོལ་བསྐྲད་ཀྱང་བསྙེངས་མ་མཆིས། །བདུད་དང་དགྲ་བོ་བསྒྲལ་བའི་རྒྱུ་མའི་འཕྲེང་། །ཁྲག་གིས་བཀང་ཏེ་རལ་པར་བྱས་ནས་སུ། །སྤྲུགས་པའི་ཁྲོད་དེར་གདུག་པའི་སྦྲུལ་མང་གི །ཁ་རླངས་དུད་ལས་ཕྱོགས་བཅུར་མུན་པ་སྦྱིན། །ཏ་ཧུན་ཟ་འོག་བེར་གྱིས་བསྒྲིབས་བྱས་ཀྱང་། །དབྱིག་གི་རྣ་ཤལ་མགུལ་རྒྱན་གདུ་བུའི་གཟི། །བལྟ་བར་མི་བཟོད་ལྷག་པར་ལྟོ་འགྲོའི་རྒྱན། །སྒྲ་གཅན་འདུད་པར་བྱས་པ་ལྟ་བུས་འཇིགས། ཕྱག་གཉིས་ལྕགས་གཞུ་བདུངས་ནས་མི་བཟད་མདའ། །འཕངས་ཚེ་གནམ་ལྕགས་བྱེ་བ་བབས་སོ་ཞེས། །ཉམས་པ་ཡུལ་འཁོར་བརླག་པའི་ཆོ་ངེས་སྒྲ། །འབུམ་ཕྲག་འབྲུག་སྒྲ་ཅིག་ཅར་ལྡིར་ཞིང་གྲགས། །རྨིག་པའི་འདེགས་འཇོག་རེ་ལ་གླིང་བཞིའི་མཐའ། །གནོན་པའི་ཆུ་གླང་དམར་པོ་ལ་བཅིབས་ནས། །སྲིད་གསུམ་མྱུལ་བའི་མགྱོགས་པའི་ཁྱད་པར་ལ། །དུས་མཐའི་རླུང་ཤུགས་དེ་ཡང་དག་པ་སྟེར། །རྣོ་བས་དགུང་དབྲལ་རུ་དར་གྱིས་བཀབ་ནས། །མཚོན་ཆས་དྲུབས་པའི་གནམ་སའི་ཚོགས་བུ་པ། །གཤིན་རྗེ་གཤམ་པ་སྟོང་དང་དྲུག་བརྒྱ་སོགས། །སྡེ་བརྒྱད་འཁོར་ཚོགས་བསྟོད་པས་ཐུགས་དམ་བསྐང་། །འབྲུ་ཡི་ཆང་གི་ཆུ་ཀླུང་སྟོང་འབབ་ཅིང་། །སྦྱར་བའི་རོ་ཡི་གཏེར་གྱུར་དྲི་མདངས་ཀྱི། །རྦ་ཀློང་ཅི་ཡང་འཁྲུག་པའི་གསེར་གྱི་སྐྱེམས། །རྒྱ་མཚོ་ཆེན་པོའི་ཕུད་ཀྱིས་ཐུགས་དམ་བསྐང་། །དག་བྱེད་བསངས་ཀྱི་དུད་སྤྲིན་འཐིབས་པའི་རུམ། །ལེ་བརྒན་དར་འཕྱར་བསྐྱོད་པའི་གློག་འགྱུར་ཞིང་། །རྔ་སིལ་དུང་དབྱངས་དབྱར་སྐྱེས་སྒྲ་ལྡན་པའི། །མཆོད་བསྟོད་མི་ཟད་ཆར་གྱིས་ཐུགས་དམ་བསྐང་། །སྣ་ཚོགས་དར་དཔྱངས་མདའ་རྣོན་ལྷབ་ལྷུབ་ཀྱི། །ལྡ་ལྡིར་བྱས་པ་ནམ་མཁའི་དུར་ཁྲོད་རྣམས། །དབང་པོའི་མཚོན་ཆ་བསད་བའི་རོ་ཚོགས་ཀྱིས། །གང་བ་བྱས་པ་ལྟ་བུས་ཐུགས་དམ་བསྐང་། །བསད་པའི་ཁྲག་གིས་གཤེར་བའི་དགྲ་བོའི་སྙིང་། །དོན་དང་ནང་ཁྲོལ་སྦྲེང་བ་གསར་པའི་དྲིར། །ལས་བྱེད་ཕོ་ཉའི་མཁའ་ལྡིང་མ་ལུས་པ། །རྔམ་རྔམ་ཐིབ་ཐིབ་བགྱིད་པས་ཐུགས་དམ་བསྐང་། །མ་རུངས་སྲིན་པོའི་ཐོད་པ་ཡ་ཚལ་ནང་། །བསད་པའི་ཁྲག་ལ་སྦྲུས་པའི་བཤོས་བུ་འདི། །ལྷ་ཆེན་བསྒྲལ་བའི་སྙིང་དང་དྲི་རོ་ནུས། །མཚུངས་པར་བྱིན་གྱིས་བརླབས་པས་ཐུགས་དམ་བསྐང་། །སྦྱངས་རྟོགས་འབར་བས་སྒྲོན་མ་ལྔ་ཡི་གནམ། །ཞུ་བར་དོགས་ནས་ཡེ་ཤེས་ཟླ་ཉི་ཡིས། །ནུས་པའི་བདུད་རྩི་དེ་ལ་བསྟིམ་བྱས་པའི། །ཚོགས་ཀྱི་མཆོད་པ་ཆེན་པོས་ཐུགས་དམ་བསྐང་། །རྭ་དང་རྨིག་པ་སྔོ་བསངས་མིག་དམར་ཞིང་། །ཁམ་པའི་སྤུ་སྟུག་རི་ལྟར་བརྗིད་པའི་གཡག །གླང་དམར་སྨྱོན་པ་སྤྲིན་གྱི་ཤུགས་ལྡན་རྟ། །སྟོབས་ཀྱི་ངར་སྐད་འབྱིན་པས་ཐུགས་དམ་བསྐང་། །མི་ཡི་ཚིལ་ཞག་གིས་བགོས་མདའ་དང་མདུང་། །རྣོ་བའི་རལ་གྲི་དགྲ་སྟ་ཐོ་བ་དང་། །བེ་ཅོན་འཁོར་ལོ་ལ་སོགས་འཆི་བདག་གི །མཆེ་བ་སྒྲིགས་པ་འདྲ་བས་ཐུགས་དམ་བསྐང་། །རྒོད་ཐུལ་དར་ཚོན་གྱིས་སྤུད་རིན་ཆེན་རྨོག །སྲ་མཁྲེགས་ནོར་བུའི་ཁྲབ་དང་རྔ་མ་ཡིས། །དབང་པོའི་གཞུ་རིས་འདྲར་བགྱིས་ཕུབ་ཆེན་དང་། །པིར་ཕུབ་ཡ་ལད་ཀུན་གྱིས་ཐུགས་དམ་བསྐང་། །མཐུན་པའི་དམ་ཚིག་གཙང་ཞིང་ཆད་བཞིན་དུ། །བསྒྲུབས་པའི་ཡུས་ལྡན་ཚུལ་དུ་བསྙེན་པ་ལ། །མི་གཡེལ་ཉམས་ཆག་མེད་པའི་ལྷག་བསམ་གྱིས། །རལ་པ་ཚར་དགུ་ཁྱོད་ཐུགས་སྐོངས་གྱུར་ཅིག །ལུས་སྲོག་འབེན་དུ་བཙུགས་ནས་བདག་ཅག་ལ། །བསྡོ་བའི་དགྲ་བོའི་སྲོག་དབུགས་བཞེས་མཛོད་ལ། །ཡུལ་མཁར་ཁྱིམ་ཡང་མིང་ཙམ་ལྷག་མ་རུ། །བཞག་པའི་འཕྲིན་ལས་འཚལ་ལོ་མ་གཡེལ་ཅིག། ཅིག་ཅར་དམར་པོའི་བསྐང་བ་པདྨ་དཀར་པོས་སྦྱར་བའོ།། །། ཧཱུྃ སྨུག་ནག་བྷྱོ་ལས་རྡོ་རྗེ་རབ་བརྟན་མ། །ཁྲོ་གཏུམ་སྒེག་ལ་འབར་བའི་རལ་གྲི་འཕྱར། །དམར་ཆེན་ཐོད་པར་འཐུང་ཞིང་ནེའུ་ལེ་བསྣམས། །སྐད་ཅིག་དྲེའུ་ཞོན་ནས་འཛམ་གླིང་མྱུལ། །ཀླུ་དར་བདུད་ཀྱི་བཀའ་ཉན་མ་མོའི་ཚོགས། །མཐུན་པའི་རྫས་ལ་སྤྱན་འདྲེན་འདིར་གཤེགས་ཤིག །ཨོཾ་ལས་ཐོད་པ་འབར་བ་སྟོང་གསུམ་ཙམ། །ཨཱཿལས་དགྲ་བོའི་དོན་ལྔ་སྣོད་དང་ཁྲག །ཧཱུྃ་ལས་འཆི་མེད་བདུད་རྩི་ལྔར་སྦྱངས་པ། །ལྷ་མོ་འཁོར་བཅས་ཞལ་དུ་ཁ་རཾ་ཁའི། །ཁྱོད་ཐུགས་དགྱེས་པ་སྐྱེད་པའི་མཆོད་པའི་སྤྲིན། །རེ་རེའང་འདོད་པའི་ཡོན་ཏན་ལྔ་ཚང་བ། །རབ་འབྱམས་ནམ་མཁའ་ཁྱབ་པར་བློས་སྤྲུལ་ནས། །ཐུགས་དམ་གཉན་པོ་བསྐང་ངོ་དམ་ཅན་ལ། །སྲིད་པ་གསུམ་ན་དབང་མོ་ཆེ། །དགྲ་བགེགས་སྒྲོལ་བའི་མཐུ་མོ་ཆེ། །བསྟན་པ་བསྲུང་བའི་རྩལ་མོ་ཆེ། །བསམ་པ་སྒྲུབ་པའི་སྟོབས་མོ་ཆེ། །བདག་དང་སྦྱིན་པའི་བདག་པོ་ཡི། །གནོད་པའི་རྐྱེན་ངན་བཟློག་ཏུ་གསོལ།། གད་སེར་གྱི་སྒྲུབ་པ་བ་རྣམས་ཀྱི་ཁ་ཏོན་དུ་སྦྱར་བའོ།། །། དགེ་བསྙེན་ཇོ་དམག་མཆོད་པའི་ཆོ་ག་བཞུགས། དཔལ་འབྲུག་པ་ཡབ་སྲས་ལ་ཕྱག་འཚལ་ལོ། །ཇོ་བོ་དམག་དཔོན་ནམ་རོང་ལྷ་རྒྱལ་མཚན་མཆོད་པར་འདོད་པས། དགྱེས་པའི་མཆོད་རྫས་དམར་གྱི་གཏོར་མ། མཁོ་དགུའི་སྤྱན་གཟིགས་ཇི་སྙེད་པ་བཀྲམ་སྟེ། སྙན་པའི་དབྱངས་ཀྱིས་འདི་སྐད་གྱེར་བར་བྱའོ།། ཧཱུྃ བདུད་དང་སྲིན་པོ་གནོད་སྦྱིན་དང་། །འཇིགས་བྱེད་མ་མོ་ལ་སོགས་པ། །མ་རུངས་སྡེ་བརྒྱད་འདུ་བའི་གླིང་། །ལྕགས་མཁར་རྩེ་དགུའི་ཕོ་བྲང་ནས། །འཇིགས་སུ་རུང་བའི་དྲེགས་པ་ཅན། །སངས་རྒྱས་བསྟན་བསྲུང་ཁྱེད་འབོད་དོ། །ཚུར་གཤེགས་བཀའ་ཡི་ཕོ་ཉ་ཆེ། །ཇོ་བོ་དམག་དཔོན་འདིར་སྤྱོན་ཅིག །ས་མ་ཡ་ཛཿཛཿ ཧཱུྃ ཕྱོགས་རྣམས་བསུང་ཞིམ་ངད་པས་རྣམ་འགེངས་པའི། །སྤོས་དང་འཁན་ཤུག་ཤིང་སྣ་ཇི་སྙེད་པའི། །དུང་སྤྲིན་ཡིད་འོང་མཁའ་ལ་འཁྲིགས་པ་འདིས། །དམག་དཔོན་ཆེན་པོ་འཁོར་དང་བཅས་པ་བསངས། །མཐོང་ཚད་སེམས་འཆོར་ཚོར་ཚད་ཡིད་སིམ་ཞིང་། །མྱངས་ཚད་ངོམས་པ་མེད་པའི་དགའ་སྟོན་མཆོག །ལྷ་ཡི་བདུད་རྩིའི་རྒྱ་མཚོར་བྱིན་བརླབས་པའི། །གསེར་སྐྱེམས་ཛ་གད་ཕུད་ཀྱི་མཆོད་པ་འབུལ། །ཡིད་ལྟར་མགྱོགས་པའི་རྟ་ནག་རྟིང་དཀར་དང་། །རྔམ་པའི་གཡག་རོག་ལུག་ནག་སྤྱི་དཀར་དང་། །ཁྱི་ནག་དོམ་བུ་སྙིང་དཀར་ལ་སོགས་པ། །གནམ་ལ་འཕུར་དང་ས་ལ་འཛུལ་དགུས་མཆོད། །རིན་ཐང་ཅན་གྱི་རིན་ཆེན་རི་བོར་སྤུངས། །དཔའ་བརྗིད་རྣོ་བའི་གོ་མཚོན་མདུན་དུ་བདར། །དར་ཟབ་ཡིད་འོང་སྤྲིན་བཞིན་མཁའ་ལ་འཁྲིགས། །དགྱེས་པའི་མཆོད་རྫས་ཐམས་ཅད་ཁྱོད་ལ་འབུལ། །བསད་ཤ་དོན་སྙིང་ནང་ཁྲོལ་ཇི་སྙེད་དང་། །མཆོད་རྫས་མི་རྐང་གླིང་བུའི་སྒྲ་སྙན་དང་། །གསུམ་གྱི་དྲི་དང་ཁྲག་གི་རྒྱ་མཚོ་དང་། །དམར་ཆེན་གཏོར་མས་མཆོད་དོ་ལས་འདི་སྒྲུབ།། གཏོར་མ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བསྔོས་ལ། ལྷ་མ་སྲིན་དྲེགས་པའི་སྡེ་དཔོན། མཐུ་དང་རྩལ་གྱི་མངའ་བདག དགྲ་དང་བགེགས་ཀྱི་གཤེད་མ། ཇོ་བོ་དམག་དཔོན་འཁོར་དང་བཅས་པ་ལ། མཆོད་སྦྱིན་གྱི་གཏོར་མ་འདི་འབུལ་ལོ། །གསོལ་ལོ། །མཆོད་དོ། །དགྱེས་རབ་ཀྱི་མཆོག མཉེས་རབ་ཀྱི་ཕུལ་དུ་ཕྱིན་པར་གྱུར་ཅིག དེ་ནས་བསྟོད་པར་བྱ་སྟེ། ཧཱུྃ མི་བཟད་གློག་གི་འོད་ཀྱིས་རབ་བརྗིད་པའི། ཆར་སྤྲིན་ནག་པོའི་མདོག་མཚུངས་གདངས་བའི་ཞལ། །གངས་རི་ལྟ་བུའི་མཚེ་གཙིགས་ལྗགས་འདྲིལ་ཞིང་། །ཉིན་བྱེད་འོད་སྟོང་འཁྲུགས་འདྲ་ཁྲོས་པའི་སྤྱན། །དུ་བའི་ཀློང་ལྟར་དབུ་སྐྲ་གྱེན་དུ་འཁྱིལ། །སྙན་དང་ཕྱག་ཞབས་སྦྲུལ་གྱི་འཕྲེང་བས་མཛེས། །རྡོ་རྗེ་སྲིན་པོ་ཁྲོས་པའི་གཟུགས་འཛིན་པའི། །ཕྱག་གཡས་མདུང་དམར་བ་དན་མཁའ་ལ་འཕྱར། །གཡོན་པ་དམར་གྱི་གཏོར་མ་ཐུགས་ཀར་བཟུང་། །དར་ནག་བེར་ཆེན་བརྩེགས་མ་སྐུ་ལ་གསོལ། །ཁྲག་འཛག་མི་མགོའི་དོ་ཤལ་མགུལ་དུ་བཅངས། །སྟག་རལ་གཡས་དང་གཟིག་ཤུབས་གཡོན་ན་བཏགས། །རླུང་ལྟར་མགྱོགས་པའི་རྟ་ནག་རྟིང་དཀར་བཅིབས། །སྟོང་གསུམ་སྐད་ཅིག་རེ་རེས་མྱུལ་མཛད་ཁྱོད། །ཡིད་འོང་ལྷ་དམག་འབུམ་ནི་ཕོ་ཉར་འགྱེད། །མ་རུངས་བདུད་ནག་འབུམ་སྡེ་བྲན་དུ་འཁོལ། །ཁྲག་འཐུང་མ་མོ་འབུམ་དང་རྟག་པར་རྩེ། །མི་བསྲུན་གཤན་པ་བྱེ་བ་ལས་ལ་འགྱེད། །སངས་རྒྱས་བསྟན་པ་བསྲུང་བའི་དགེ་བསྙེན་ཁྱོད། །འཁོར་དང་བཅས་པ་བཅོལ་བའི་ལས་འདི་སྒྲུབ།། འཕྲིན་ལས་ཀྱི་བྱ་བ་ཇི་ལྟར་བསྒྲུབ་དགོས་པ་བྱུང་ན་བསྐུལ་འདི་བྱའོ།། དང་པོར་སློབ་དཔོན་གཉན་གྱི་བཀའ། །བར་དུ་ཆོས་མཛད་དམ་པའི་གསུང་། །ཐ་མར་རྣལ་འབྱོར་བདག་གི་ཚིག །ཇི་སྲིད་སྒྲུབ་པར་མ་ཆད་དམ། །ད་ལྟ་རྣལ་འབྱོར་བརྗེད་བསྐུལ་གྱིས། །ལྷ་སྲིན་དྲེགས་པའི་དཔུང་སྐྱོད་ལ། །གནམ་ལྕགས་ཐོག་དང་སེར་བ་ཕོབ། །ཡུལ་འཁོར་ལོ་ཏོག་རླག་པར་གྱིས། །གདུག་པའི་དགྲ་བོ་འདི་ཞེས་པའི། །བླ་ཚེ་སྲོག་དབུགས་ཞལ་དུ་ཐོབ། །ཤ་ཁྲག་སྡེ་བརྒྱད་ཡོངས་ལ་ཁྱེ། །རྦད་པའི་དུས་འདིར་མཐུ་མ་ཆུང་། །མངགས་པའི་དུས་འདིར་ལས་མ་འགྱངས། །བསྒོ་བའི་དུས་འདིར་བཀའ་མ་བཅག །ཞག་དང་ཟ་མའི་ལོང་མེད་པས། །ད་ལྟ་ཉིད་དུ་རྟགས་ཕྱུང་ཞིག། ཅེས་བཅོལ་བས་གང་བཅོལ་སྒྲུབ་པར་ངེས་སོ། །ཁོ་བོའི་དགེ་བསྙེན་དམ་ཚིགས་ལྡན་པ་དེའི། །མཆོད་སྤྲིན་ཉུང་ངུར་བསྡུས་པ་འདི་ན་ཡོད། །བཀའ་འབངས་རྣམས་ལ་ལས་བྱེད་དགོས་སྲིད་ན། །རིམས་ནས་མཆོད་དང་དགོས་འདོད་འགྲུབ་ངེས་ཡིན། །པདྨ་དཀར་པོས་སྦྱར་བའོ།། །། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ།། ཀྱཻ། མདུན་དུ་རིན་ཆེན་སྐྱེད་མོས་ཚལ། །ནོར་བུའི་མེ་ཏོག་མདངས་བཀྲ་བར། །གཡུ་ཡི་བུང་བ་ལྡིང་ཞིང་འབབ། །ཙན་དན་སྤོས་ཀྱི་ནགས་གསེབ་ན། །མཛེས་པའི་བྱ་ཚོགས་སྐད་སྙན་བསྒྱུར། །བདུད་རྩི་ཆུ་ཡི་ཀླུང་ངོགས་ན། །ཡིད་འོང་རི་དྭགས་བག་ཕེབས་རྩེ། །པདྨོས་ཁྱབ་པ་དབབ་པའི་མཚོར། །ཆུ་བྱ་གཞོན་ནུ་མགྲིན་རྔ་འཁྲོལ། གསེར་གྱི་བྱེ་མ་བརྡལ་བའི་འགྲམ། །མཐོན་ཀའི་ནེའུ་གསིང་ཡིད་འོང་ལ། །ཕྲ་མཛེས་གཡུ་ཡི་གུར་ཁང་ཕུབ། །གསེར་ཁྲི་ཟླ་ཤེལ་འབོལ་གདན་དང་། །ལྷ་རྫས་ཡོལ་བ་བླ་རེ་བྲེས། །དེ་ན་སྲིད་པའི་སྨན་ཆེན་མོ། །རྡོ་རྗེ་ཀུན་བཟང་ཀུན་གྲགས་མ། །ཡ་མ་སྐྱོང་དང་བགེགས་ཀྱི་གཙོ། །སྤྱན་གཅིག་ཀླུ་མོ་དཔལ་གྱི་ཡུམ། །གྲགས་མོ་རྒྱལ་དང་བོད་ཁམས་སྐྱོང་། །སྨན་གཅིག་ཟུ་ལེ་གཡར་མོ་བསིལ། སྒེག་ཅིང་འགྱིང་བག་ལྡན་པར་བཞུགས། །དིང་ཕོན་རལ་གུ་ལྷབ་ལྷུབ་གྱོན། །མཛེས་པའི་རྒྱན་ཆ་སིལ་སིལ་བཏགས། །འབུམ་ཕྲག་འཁོར་གྱིས་མདུན་དུ་བདར། །ཀྱཻ། ཕྱི་ལྟར་བརྟན་མ་བཅུ་གཉིས་ཏེ། །གནམ་གྱི་མོ་བཙུན་སྨན་མོ་འཕྲུལ། །གནས་ནི་བོད་ཁམས་ཁ་བའི་ཡུལ། །མུ་སྟེགས་བཟློག་ཅིང་དམ་ཆོས་སྐྱོང་། །ནང་ལྟར་འཕགས་མ་སྒྲོལ་མའི་རྫུ། །སྤྱན་རས་གཟིགས་ཀྱི་འབངས་མོ་མཛད། །འདུག་པའི་ཕོ་བྲང་གཡུ་ལོ་བཀོད། །སེམས་ཅན་འདུལ་ཞིང་རྒྱལ་བ་མཆོད། །གསང་བར་དེ་ཉིད་མཁའ་འགྲོ་མ། །རྡོ་རྗེ་ཕག་མོའི་རིགས་ལས་བྱུང་། །ཧེ་རུ་ཀ་དང་གཉིས་མེད་འཁྱུད། །གསང་བ་སྔགས་ཀྱི་དཀྱིལ་འཁོར་བཞུགས། །དེ་རིང་ཁྱེད་རྣམས་སྤྱན་འདྲེན་པའི། །ཚིག་སྙན་དབྱངས་རྟ་ཀྱུ་རུ་རུ། །མོས་ཤིང་གུས་པས་ཆེར་གདུངས་པའི། །མཆི་མའི་རྒྱུན་ནི་ཤ་ར་ར། །དགྱེས་པ་སྐྱེད་པའི་དམ་ཚིག་ཏུ། །རྔ་སིལ་གླིང་བུ་ཀྱུ་རུ་རུ། །གྲིབ་སེལ་དྲི་བཟང་མི་དམན་པའི། །སྤོས་དཀར་དུད་པ་ཐུ་ལུ་ལུ། །དར་ཟབ་རྣམ་པ་ལྔ་དབྱངས་པའི། །སྒྲོ་ལྡན་གཡབ་མོའི་ལིང་སེ་ལིངས། །ཡིད་ལྟར་མགྱོགས་པའི་རྫུ་འཕྲུལ་གྱིས། །མ་ཐོགས་གནས་འདིར་གཤེགས་སུ་གསོལ། །ཀྱཻ། པོ་ཊ་ལ་ཡི་ཕོ་བྲང་དུ། །འཇིག་རྟེན་མགོན་པོས་དབང་བསྐུར་ནས། །ནག་པོའི་ཕྱོགས་ཀྱི་གཤེད་མར་བསྐོས། །དཀར་པོའི་ཕྱོགས་ཀྱི་རྗེ་མོར་བསྔགས། །དེ་ནས་རྡོ་རྗེ་ཐོད་འཕྲེང་གིས། །བལ་ཡུལ་ཡང་ལེ་ཤོད་སོགས་སུ། །གནད་ལ་གཟིར་ནས་བོད་ཁམས་ཀྱི། །སངས་རྒྱས་བསྟན་པའི་གཉེར་ཁ་གཏད། །སྒྲ་བསྒྱུར་མར་པ་ཡབ་སྲས་ཀྱིས། །སྒྲུབ་པ་པོ་ཡི་ལྷ་རུ་བསྐོས། །བཀའ་རྒྱུད་བསྟན་པ་སྤེལ་བར་མངགས། །ད་ལྟ་བསྐུལ་གྱིས་དམ་མ་འདའ། །ཀྱཻ། ནས་དང་འབྲས་དང་རྒུན་ཆང་གི །གསེར་སྐྱེམས་རྦ་རླབས་མཁའ་ལ་སྙོག །ཡར་མོ་ཀླུང་གི་ལྷ་མིན་ཁྲག །གཡུ་སྐྱེམས་ལགས་ཏེ་འཚོ་བཞིན་འཁྱིལ། །པདྨ་ཨུཏྤལ་ཀུ་མུ་ཏའི། །མེ་ཏོག་གཞལ་མེད་ཁང་དུ་ཆགས། །སྤོས་དཀར་ཤིང་སྣ་ཆེར་ཚོགས་ཀྱིས། །དུད་པ་གདུགས་དང་བླ་རེར་བྲེས། །སྣང་གསལ་མར་མེའི་འོད་དམར་གྱི། །ཡོལ་བས་ཕྱོགས་རྣམས་མཛེས་པར་སྦྲེལ། །དྲི་བཟང་ཆབ་ཀྱི་བ་དན་ནི། །བར་སྣང་ཡིད་འོང་ཁྱབ་པར་བཀྲམ། །དཔག་བསམ་ཤིང་ལས་འོངས་གྱུར་པའི། །ལྷ་རྫས་བཟའ་བཏུང་མཆོད་པར་བཤམས། །འཆི་མེད་རོལ་མོ་ཡན་ལག་འབུམ། །རྔ་སིལ་གླིང་བུ་དབྱངས་ཀྱིས་བསྒྲག །པཉྩྨ་ལི་ཀའི་གོས་སོགས་དང་། །རིན་ཆེན་འདོད་དགུའི་ཆར་རྣམས་ཀྱིས། །བཅོམ་ལྡན་མ་ཀུན་མཆོད་ལགས་ཀྱིས། །བདག་གི་བསམ་པའི་རེ་བ་སྒྲུབས།། གཏོར་མ་སྭ་བྷཱ་ཝས་སྦྱངས། ཨོཾ་ལས་གཏོར་སྣོད་ཨཱཿལས་འདོད་ཡོན་ལྔ་དང་ལྡན་པའི་བདུད་རྩིའི་རང་བཞིན། ཧཱུྃ་གིས་ཟག་པ་མེད་པའི་ཡེ་ཤེས་སུ་དམིགས་ཏེ། མ་མ། ཁ་ཁ། ལེ་ལེ། ཏ་ཏ། ཏེ་ཏེ། ཨེ་ཨ། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་ཀྱིས་བསྔོས། ཀྱཻ། དཔལ་མོ་བཅུ་དྲུག་ལང་ཚོ་ཅན། །ཤིན་ཏུ་ཞི་བ་ཆུ་ཤེལ་མདོག །མཚར་སྡུག་ལྡན་ཏེ་བྲིས་པ་འདྲ། །རིན་ཆེན་དཔག་བསམ་རྒྱན་གོས་འཆང་། །ཕྱག་ན་བདུད་རྩིའི་བུམ་པ་ཐོགས། །བཞི་བརྒྱ་རྩ་བཞིའི་ནད་སེལ་མ། །འཁོར་ཡང་ཡིད་འོང་ལྷ་མོ་ལགས། །ཐུགས་དམ་བསྐངས་སོ་བསམ་དོན་སྒྲུབས། །རྒྱས་པའི་ལས་མཛད་གསེར་གྱི་འོད། །དཔའ་ཞིང་སྒེག་པ་གཏེར་གྱི་བདག །གནོད་སྦྱིན་སྲས་མོ་བརྗིད་པའི་བྱིན། །ཨུཏྤལ་འཕྲེང་བ་གོས་སེར་མནབས། །ཡིད་བཞིན་ནོར་བུ་ལག་ན་ཁྱེར། །ཚེ་དང་བསོད་ནམས་དཔལ་སྐྱེད་མ། །བྲན་གཡོག་ནོར་སྦྱིན་བུ་མོའི་སྡེ། །ཐུགས་དམ་བསྐངས་སོ་བསམ་དོན་སྒྲུབས། །དགུག་ཅིང་དབང་གི་ལས་མཛད་ཚེ། །རིན་ཆེན་བྱི་རུའི་མདོག་ཏུ་སྟོན། །ཞི་མ་ཁྲོ་ལ་སྤྱན་གསུམ་མངའ། །འགྲོ་ལ་རབ་ཆགས་སྒེག་མོའི་འགྱིང་། །འགུགས་བྱེད་ལྕགས་ཀྱུ་ཞགས་པ་བསྣམས། །ཁམས་གསུམ་སྲིད་པའི་ཡིད་བསྒུལ་མ། །འབངས་ཀྱང་ཞིང་སྐྱོང་མཁའ་འགྲོའི་ཚོགས། །ཐུགས་དམ་བསྐངས་སོ་བསམ་དོན་སྒྲུབ། །མངོན་སྤྱོད་དྲག་པོའི་ལས་མཛད་ཚེ། །མཐིང་ནག་སྲིན་མོ་ཁྲོས་པའི་གཟི། །རྡོ་རྗེའི་མཆེ་བ་རྣོན་པོ་གཙིགས། །མི་བཟད་རྔམ་པའི་ཤུགས་གླུ་ལེན། །རལ་པ་ཁམ་ནག་ས་ལ་འདྲུད། །ནུ་མ་སྨུག་ནག་ཕྲག་པར་བཀལ། །ཕྱག་སོར་བསྒྲད་ནས་མགྱོགས་པའི་བང་། །དམ་ཉམས་དགྲ་བོའི་སྟེང་དུ་རྒྱུག །བླ་ཚེ་སྲོག་དབུགས་ཞལ་དུ་འགམ། །ཤ་རྒྱུས་རུས་པ་ཆེམ་ཆེམ་ཟ། །ཁྲག་རྒྱུན་དམར་པོའི་རྦ་ལ་འཇིབ། །བསད་དབྱེ་བསྐྲད་པའི་མཐུ་རྩལ་མ། །བཀའ་སྡོད་སྡེ་དཔོན་སུམ་ཅུས་མཛད། །ཐུགས་དམ་བསྐངས་སོ་བསམ་དོན་སྒྲུབས།། བརྟན་མ་བཅུ་གཉིས་ཀྱི་གསོལ་ཁ་འདི་ཡང་དཔལ་གྱི་ཟན་ཡང་དུ་དཔལ་འབྲུག་པ་པདྨ་དཀར་པོས་སྦྱར་བའོ།། །། ཧཱུྃ དྲག་པོ་ཨེ་ཡི་གཞལ་མེད་ཁང་། །གྲུ་གསུམ་མུན་པ་ཆེན་པོའི་དཀྱིལ། །མི་བཟད་མཚོན་ཆ་འབར་བའི་ཀློང་། །སྲེགས་པའི་མེ་དུད་འཁྲུགས་པའི་ནང་། །དཔལ་མགོན་བསྐལ་བཟང་སངས་རྒྱས་ཀྱིས། །བསྟན་པ་རིས་མེད་བསྲུང་མཛད་པ། །བྱ་རོག་མིང་ཅན་ཁྲོ་བོའི་རྒྱལ། །རྡོ་རྗེ་འཇིགས་བྱེད་ནག་པོ་ཆེ། །ཡུམ་ཆེན་སྲས་དང་བཀའ་སྡོད་དང་། །ལས་མཛད་སྡེ་བརྒྱད་དྲེགས་པའི་སྡེ། །ཕྱོགས་བཅུ་འཇིག་རྟེན་སྐྱོང་བ་ཀུན། །སྙིང་རྗེས་ཁྲོས་ཤིང་གཏུམ་པའི་ཤུགས། །རང་གི་ཤ་ལ་ཟ་བ་ཙམ། །མི་བཟད་དྲག་ཤུལ་འཆང་བའི་ལུས། །མཐོང་བའི་མོད་ལ་ཁྲག་སྐྱུག་པ། །སྣ་ཚོགས་བཞིན་དང་སྐད་ཀྱི་བྱིན། །དྲེད་སྡིགས་སྡངས་པ་ཀུན་ཕུང་བ། །རཏལ་ཕོད་ལས་ལ་རྔམ་རྒོད་ལ། །སྟོང་གསུམ་མྱུལ་ཞིང་གླིང་བཞི་འཇིག །སྲིད་པ་གསུམ་པོའི་དབང་པོ་ཀུན། །རང་སྡེར་བཅས་པ་བྲན་དུ་ཁོལ། །སུས་ཀྱང་མི་ཐུབ་རྡོ་རྗེར་མཚུངས། །སྟོབས་ཀྱིས་ང་རྒྱལ་དྲེགས་པ་རྣམས། །ཐམས་ཅད་བདག་ལ་སྙན་གསོན་ཅིག །སྔོན་བྱོན་རྒྱལ་བ་ཐམས་ཅད་ལ། །བསྟན་པ་བསྲུང་བའི་ཆད་མཛད་དོ། །རྣལ་འབྱོར་སྐྱོང་བར་དམ་བཅས་སོ། །ཐུགས་དམ་གཉན་པོའི་དུས་ལ་བབ། །དོ་ནུབ་སྡང་བའི་དགྲ་གསོད་ཅིག །དོ་ནུབ་གནོད་པའི་བགེགས་ཆོམས་ཤིག །སྡིག་ཅན་དགྲ་བོ་འདི་ཞེས་པ། །བྱམས་པའི་གཉེན་གྱིས་རྒྱང་དུ་བྲིམས། ཉམ་ཐག་ངལ་བ་ཀུན་བྱུང་བ། །དེ་དུས་སྐྱོབ་མཁན་བདག་མིན་སུ། །བདེན་པ་ཁྱད་བསད་བདག་ལ་འཚེ། གནོད་པའི་དུག་སྦལ་ཐམས་ཅད་འགྱེད། །འདི་ལ་མངོན་སྤྱོད་མི་མཛད་ན། །དམ་ཅན་སྲུངས་མས་ཅི་ཞིག་བྱ། །བསྟེན་བསྟེན་མཆོད་མཆོད་དོན་རེ་ཆུང་། །རིག་འཛིན་རྣལ་འབྱོར་ཡི་ཡང་ཆད། །བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །མཐུ་རྩལ་འབྱིན་པའི་དམག་དཔུང་འཆོས། །གཤེགས་ཤིག་དགྲ་བོ་གནས་པའི་སར། །ཡུལ་མཁར་ཁྱིམ་བཤིག་ཕོ་བརྒྱུད་ཆོད། །མོ་བརྒྱུད་མངལ་སྒོ་སྐེམ་པར་གྱིས། །དགྲ་བོ་འཁོར་བཅས་ཐམས་ཅད་ལ། །ངུ་འབོད་དམྱལ་བ་མ་ལུས་སྦྱིན། །འདི་ཡི་ཆོས་ཀྱི་དམ་ཚིག་རལ། །བླ་མ་དཀོན་མཆོག་གསུམ་ལ་གནོད། །ཆོས་གཞི་ཕྲོགས་ཤིང་དཀོར་ལ་ཟ། །དམ་པའི་གཙུག་ལག་ཁང་འཇིག་རྩོམ། །སེམས་ཅན་ཡོངས་ཀྱི་བདེ་སྐྱིད་འཕྲོག །ནག་པོའི་ལས་ལ་ཧབ་བཤར་བྱེད། །བཞག་ཀྱང་མི་ཚེ་བདུད་ལས་སྤྱོད། །དགེ་བ་སུ་སྤྱོད་སུན་འབྱིན་པ། །འདི་འདྲ་བསྒྲལ་བའི་འོས་ལགས་སོ། །རྣམ་ཤེས་གཤིན་རྗེའི་འདུན་སར་བོར། །ཤ་རུས་སྙིང་ལ་རྔམ་ཟས་ཀྱིས། །ཁྲག་གསར་རྦ་ཀློང་ཞལ་དུ་འཇིབས། ལོ་དང་ཟླ་བར་བཞག་མི་འཚལ། །ཞག་དང་ཟ་མ་ཉིད་དུ་སྒྲོལ། །བསྐུལ་བའི་དུས་སུ་མཐུ་མ་ཆུང་། །རྦད་པའི་ཚེ་ན་རྩལ་མ་ཞན། །བཅོལ་བའི་ལས་གཡེལ་མ་མཛད་དང་། །མྱུར་དུ་གསོད་ཅིག་ཐུལ་ཅིག་ཡ།། ཅིག་ཅར་དམར་པོའི། གཏུམ་པོ་གཤིན་རྗེའི་སྡེ་དཔོན་ཁྱོད། །ཁྲོས་པའི་མེ་ཆེན་ད་སྤོར་ལ། །དམ་ཉམས་འཁོར་བཅས་བསོད་ནམས་ཀྱི། །བུད་ཤིང་ཐམས་ཅད་མེད་པར་མཛོད། །རལ་པ་གསིགས་པའི་ཁྲོད་དེ་ཡི། །སྦྲུལ་གྱི་ཁ་རླངས་དུག་གི་མཐུས། །བརྒྱལ་ཞིང་འབོག་པས་རང་བྱས་རྣམས། །རང་ལ་བསྐོར་བའི་འཕྲིན་ལས་རན། །ཤངས་ཀྱི་དུས་མཐའི་རླུང་གི་ཤུགས། །སྤོས་ནས་དམག་སྡེ་ནང་དབྱེ་ཞིང་། །གཏོར་ནས་གཞན་ནས་སྐྲོད་པར་མཛོད། །ལྕགས་ཀྱི་གནམ་རུ་བདུངས་པ་ཡིས། །འབྲུག་སྒྲ་བསྒྲགས་ནས་གནམ་ལྕགས་མདས། །འཁོར་བཅས་བསད་པའི་ཤ་ཁྲག་གི །དམར་དྲིས་ལུང་པ་གང་བར་མཛོད། །གླང་དམར་སྨྱོན་པའི་རྨིག་པ་ཡིས། །ཁང་ཁྱིམ་བརྫིས་ལ་རྣོ་བའི་རྭས། །ས་ཞིང་རོལ་སུལ་ལྟ་བུར་གྱིས། །རྟ་གདོང་མེ་ལྕེ་ལྟར་རྔམ་པའི། །གཤིན་རྗེའི་གཤན་པ་སྟོང་དྲུག་བརྒྱ། །བརྗིད་པའི་གོ་མཚོན་ཅན་རྣམས་ཀྱི། །སྒར་ཆེན་དགྲ་བོའི་ཡུལ་དུ་ཕོབ། །མ་མོའི་ནང་སྤྲིན་དེ་རུ་གཏིབས། །བདུད་སྡེའི་ཁྲམ་ཁ་དེ་ལ་ཐོབ། །བཙན་གྱི་ཤོ་རྡེ་དེ་རུ་རྩེས། །ཀླུ་ཡི་ནད་ཀྱིས་དེ་དག་གཟུང་། །རྒྱལ་པོའི་སྨྱོ་འབོག་དེ་ལ་སྦྱོར། །གཟའ་ཡི་ཕོག་འགྱེལ་དེ་ལ་རན། །སྲིན་པོའི་རྔམ་ཟས་དུས་ལ་བབ། །བསྐུལ་ལོ་དམ་ཚིག་ཅན་ཁྱོད་བསྐུལ། །རྦད་དོ་དམིགས་པའི་ས་དེར་རྦད། །བཅོལ་ལོ་དགྲ་བོ་འཇོམས་པ་བཅོལ། །བརྫངས་སོ་ལོ་ཟླ་ལོང་མེད་སོང་།། ཀོང་བཙུན་དེ་མོའི་བསྟོད་པ། སྨན་བཙུན་མོ་རྡོ་རྗེ་དེ་མོའི་མཚན། །ལྗོངས་ཁ་བ་ཅན་པའི་ཡུལ་བདག་མོ། །ཤར་ཀོང་པོའི་ཡུལ་གྱི་ལྷ་སྲུངས་ཆེ། །བཀའ་བསྟན་པ་སྤྱི་ཡི་བྱ་ར་བ། །ཁྱེད་དགྱེས་པའི་དོང་ཁྱིམ་ཟླ་བ་ལ། །མཁུར་དཀར་ལ་དམར་བའི་རྟགས་བྲིས་ནས། །ཞལ་འཛུམ་པའི་འོད་བརྒྱ་བཀྱེ་བ་འདི། །མིག་བལྟ་བའི་བཞིན་ལ་མཚར་ཤོས་ཡིན། །སྐུ་ཤ་བདོ་ཁྲག་རྒྱས་སྐེམ་སྦེག་རན། །ཁྲོམ་ལྷ་མི་དགའ་བའི་རྒྱན་གྱིས་ཀླུབས། །གདན་འབོལ་བའི་ཟབ་ལ་འགྱིང་བཅས་པ། །དཔལ་ནོར་རྒྱུན་མ་ཡི་གཟི་བྱིན་དཔེ། །ཟིལ་ཆེན་པོ་ཁྱོད་མདུན་མི་འདར་གང་། །ཅི་བསྒོ་བ་མི་བྱེད་ལྷ་སྲིན་གར། །ལས་མཛད་པ་སྐྱེས་བུའི་གྲོགས་མིན་ཅི། །མཐུ་མཚུངས་པ་མེད་པས་འགྲོན་རོགས་སུ། །ཁོང་མ་རུངས་པ་ལ་རྡོ་རྗེའི་སྤྲིན། །ལས་དབྱེ་དགུག་བཅིང་བ་གློག་བརྒྱའི་མཐར། །དོན་མངོན་སྤྱོད་ཐོག་གི་ཆར་འབེབས་པས། །རི་མ་ལ་ཡ་རྩེའི་དཔལ་འཕྲོགས་སོ། །ཁྱོད་དགྱེས་དགུ་འབྱོར་པའི་སྐྱེད་ཚལ་འདིར། །རོ་བརྒྱ་ལྡན་རྒྱ་ཇའི་སྐྱེམས་ཀྱིས་མཆོད། །དཔའ་ཛ་གད་ཆང་དང་དམར་ཆོལ་བཅས། །ཟས་ཞིམ་པའི་བ་ལིང་མགྲོན་དུ་སྟབས། །ཐུགས་དགྱེས་པའི་མདངས་དང་ལྡན་གྱུར་པས། །སྤྱིར་བོད་ཡུལ་ཁྱད་པར་ཀོང་པོའི་ལྗོངས། །ལོ་ལེགས་ཤིང་སྐྱ་རྒྱལ་དུས་འཁྲུགས་ཞི། །ཆོས་དཀར་པོ་སྤྱོད་པས་ཁེངས་པར་མཛོད། །མི་བདག་གི་འདོད་པའི་སྨྲེང་གསོལ་བ། །འདི་ཆོས་དང་ལྡན་པས་སྒྲུབ་པར་ཞུ། །དུས་དེ་རིང་མཆོད་པའི་རྒྱུ་སྦྱོར་ལ། །དཔལ་ཕྱྭ་གཡང་འགུགས་པའི་འཕྲིན་ལས་འཚལ།། །། སྒོ་སྲུངས་སྒོ་བདུད་ནག་པོའི་གསོལ་ཁ་ཧཱུྃ་ཡིག་བཅུ་གཉིས་མ་ཞེས་བྱ་བ་བཞུགས་སོ། །ཆོས་ཀྱི་རྗེ་གཙང་པ་རྒྱ་རས་ལ་ཕྱག་འཚལ་ལོ།། ཧཱུྃ རྡོ་རྗེ་ལྷུན་པོའི་ཟོམ་ཆེན་པོར། །གཟའ་རྒོད་ནག་པོའི་མཚན་ཡང་འཛིན། །ཕྱག་བརྙན་ལྷ་མིན་ཚོགས་ཆེན་པོས། །བསྐོར་ནས་འདིར་གཤེགས་ཀི་ཀང་ཁྱོད། །ཧཱུྃ ལྕགས་མཁར་སྒོ་མེད་བཅུ་དྲུག་ན། །འཆི་བདུད་ནག་པོའི་མཚན་ཡང་འཛིན། །བཀའ་ཉན་དམྱལ་སྲུང་གཏུམ་པོའི་སྡེས། །བསྐོར་ནས་འདིར་གཤེགས་ལས་གཤིན་ཁྱོད། །ཧཱུྃ སྤྲུལ་པའི་ཞིང་གི་ལྷོ་ཕྱོགས་སུ། །སྒོ་བདུད་ནག་པོའི་མཚན་ཡང་འཛིན། །ལས་མཛད་སྡེ་བརྒྱད་གཤན་པའི་ཚོགས། །བསྐོར་ནས་འདིར་གཤེགས་གནས་སྲུངས་ཁྱོད།། སྤྱན་འདྲེན་ནོ།། ཧཱུྃ དཔའ་བོའི་ཆང་ཕུད་རྒྱ་མཚོར་བསྐྱིལ། །དམར་ཆེམ་ཁྲག་སྣའི་ཨརྒྷཾ་སྦྲེང་། །མཐུན་རྫས་བཤོས་བུའི་རི་དབང་རྩེར། །དཀར་དམར་ཟླ་ཉིས་མཛེས་པ་འབུལ། །ཧཱུྃ དམིགས་པའི་དགྲ་བོ་འདི་ཞེས་པའི། །སྲོག་དང་དབུགས་དང་བླ་དང་ཚེ། །ཤ་ཁྲག་རུས་པའི་བ་ལིཾ་ཏ། །དམར་གྱི་ངད་དྲི་ཆིལ་བས་མཆོད། །ཧཱུྃ ནག་པོ་དར་ལ་བདུད་ཀྱི་མཁར། །དགྱེས་དགུ་ཡས་དང་ཐགས་ལ་བསྒྲུབས། །མི་ཟད་ནམ་མཁའི་མཛོད་ངོ་མར། །བྱིན་གྱིས་བརླབས་པས་ཐུགས་དམ་བསྐང་།། མཆོད་པའོ།། ཧཱུྃ མཐོང་བའི་དུག་རླངས་སྤྲིན་ནག་གིས། །མུན་པར་འཐིབས་གཟུགས་ལྟ་བྱེད་གློག །སྟོང་ཕྲག་གཡོ་ལས་ཁྲག་རལ་ཆར། །ཅི་ཡང་འབེབས་ལ་ཕྱག་འཚལ་བསྟོད། །ཧཱུྃ ཟ་བར་བྱེད་པའི་ཁ་བོ་ཆེ། །མཚོན་ཆའི་ངར་ཀུན་དྲིལ་བའི་སོས། །དགྲ་སྲོག་གཏུབས་པའི་རཀྟའི་རྒྱུན། །མ་ཕམ་འགྲམ་པར་འཛག་ལ་བསྟོད། །ཧཱུྃ རྒྱལ་བའི་དམ་ཚིག་ཆང་འཐུངས་པ། །མྱོས་པའི་གད་རྒྱངས་མི་བཟད་པའི། །རྣམ་པར་རོལ་པ་བརྒྱ་ཕྲག་གིས། །མ་རུངས་འཇོམས་ལ་ཕྱག་འཚལ་བསྟོད།། བསྟོད་པའོ།། ཧཱུྃ སྔོན་གྱི་བསྐལ་པའི་དང་པོ་ལ། །གྲུབ་ཐོབ་རྣམས་ལ་དམ་བཅས་པ། །ད་ལྟ་རྣལ་འབྱོར་ང་བསྐུལ་གྱིས། ནག་པོ་འཛུམ་མེད་ལས་ལ་བྷྱོ། །ཧཱུྃ་ཧཱུྃ་དྲག་ཤུལ་ཆེན་པོའི་ཤུགས། །ཕཊ྄་ཕཊ྄་དགྲ་བོའི་མགོ་བཀས་ནས། །ཧ་ཧ་ག་ཤ་ཆེར་སྒྲོགས་པའི། །ཧི་ཧི་ངོ་མཚར་མྱུར་དུ་སྟོན། །ཧཱུྃ འུར་འུར་ཆེམ་ཆེམ་དམག་གི་དཔུང་། །ཧབ་ཧབ་རྔམ་རྔམ་དགྲ་ཡུལ་རྣམས། །ཆམ་ཆམ་ཆོམ་ཆོམ་ཟོས་ནས་འདིར། །དུང་དུང་ཤམ་ཤམ་གཏང་རག་ལོང་།། བསྐུལ་ལོ། །ཞེས་དབོན་རིན་པོ་ཆེས་བཀའ་ཕེབས་ནས་གནས་སྲུངས་སྒོ་བདུད་ནག་པོའི་གསོལ་ཁ་ཧཱུྃ་ཡིག་བཅུ་གཉིས་མ་འདི་ཡང་། གཉལ་ཡངས་པ་ཅན་གྱི་རྒྱལ་པོའི་ཁབ་ཏུ་པདྨ་དཀར་པོས་སྦྱར་བའོ།། །།རྡོ་རྗེ་ལེགས་པའི་གསོལ་ཁ་བཞུགས་སོ།། སྤྱན་འདྲེན་ནི། ཀྱཻ། དབང་ཕྱུག་ཆེན་པོའི་ཞིང་ཁམས་ནས། །རྡོ་རྗེ་འཆང་དབང་སྲས་ཀྱི་གཙོ། །སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས། །དོ་ནུབ་བདག་གི་གནས་འདིར་བྱོན། །འཇིག་རཏེན་ལས་ཀྱི་སྣང་བ་ནས། །གནམ་ཐེ་དགྲ་ལྷའི་རྒྱལ་པོ་སྟེ། །བདུད་རྗེ་མགར་བ་ནག་པོ་ཁྱོད། །དམ་ཅན་ཆེན་པོ་གནས་འདིར་བྱོན།། མཆོད་པ་ནི། ཀྱཻ། དམ་ཚིག་གཙང་ཞིང་ཡིད་འོང་བའི། །ཛ་གད་ཕུད་ཀྱི་གསེར་སྐྱེམས་དང་། །མཐུན་པའི་མཆོད་པ་བཞོན་པའི་ར། །བརྗིད་ཆགས་རྟེན་རྫས་ཐམས་ཅད་འབུལ། །ལྷག་པར་མ་རུངས་དགྲ་བསྒྲལ་བའི། །དམར་ཆོལ་ཤ་གསར་ནང་ཁྲོལ་དང་། །གློ་སྙིང་འབྲུ་ནག་བ་ལིང་ཏ། །འཇིག་རྟེན་ཁམས་ཀུན་བཀང་སྟེ་འབུལ།། བསྟོད་པ་ནི། ཀྱཻ། ཞི་བ་དཀར་པོའི་ཆོས་སྐྱོང་ཆེ། །ལྷ་ཆེན་རྣམས་ཀྱི་གཙོ་བོ་མཛད། །ཁམས་གསུམ་སྲིད་པའི་ཡིད་བསྒུལ་ནས། །རྣལ་འབྱོར་སྒྲུབ་པའི་རེ་བ་སྐོངས། །ཤིན་ཏུ་ཁྲོས་གཟུགས་བེར་ནག་གྱོན། །གནམ་ལྕགས་ཐོ་བ་འཕྱར་ཞིང་བརྡེག །སྦུད་པ་ནག་པོ་དྲག་བུས་ནས། །དགྲ་བོ་ཚར་གཅོད་ཁྱོད་ལ་བསྟོད།། ཐང་པེ་ཧ་རའི་གསོལ་ཁ་བཞུགས་སོ།། ཀྱཻ། རིག་འཛིན་པདྨའི་དམ་ཚིག་ཅན། །དྲག་ཤུལ་མི་བཟད་ཉམས་པའི་གཤེད། །ཆོས་མཛད་སྐྱོང་བའི་བསྟན་བསྲུང་ཆེ། །རྣལ་འབྱོར་དགྲ་ལྷ་གཤེགས་སུ་གསོལ།། མཆོད་པ་ནི། ཀྱཻ། རོ་བརྒྱ་ལྡན་པའི་རྒྱ་ཇ་དང་། །མདངས་རོ་བཅུད་ལྡན་ལྷའི་བདུད་རྩིར། །ས་ཡི་སྙིང་པོར་སྦྱར་བའི་སྐྱེམས། །ཁྲག་གི་རྒྱ་མཚོ་ཆེན་པོས་མཆོད། །ཡིད་ལ་བརྣགས་པའི་སྤྱན་གཟིགས་དང་། །རི་ལྟར་སྤུངས་པའི་བ་ལིང་ཏ། །མཆོད་རྫས་རྟེན་རྫས་མཐུན་པའི་རྫས། །མ་ཚང་མེད་པ་བརྔན་དུ་འབུལ། །བདག་ཅག་འཁོར་དང་བཅས་པ་ཡི། །ཉེར་འཚེའི་རྒུད་པར་རྒྱང་བསྲིངས་ནས། །ཡིད་ལ་རེ་བའི་དོན་ཐམས་ཅད། །མྱུར་དུ་འགྲུབ་པའི་འཕྲིན་ལས་མཛོད།། བསྟོད་པ་ནི། ཀྱཻ། འཆར་ཀའི་མདོག་མཚུངས་དམར་བའི་བཞིན། །ཁྲོ་གཉེར་བརྗིད་ཆགས་རྔམས་པའི་ཞལ། །མི་བཟད་མཆེ་གཙིགས་ལྗགས་འདྲིལ་རྩེར། །དགྲ་བོའི་ཙིཏྟ་བཞེས་དེར་བསྟོད། །བསེ་ཡི་ཡ་ལད་རབ་བསྒོས་ཤིང་། །རུ་མཚོན་མདུང་དང་ཞགས་དམར་བཟུང་། །མྱུར་མགྱོགས་རྟ་རྒོད་ལ་ཆིབས་ནས། །སྲིད་གསུམ་སྐད་ཅིག་རྒྱུད་དེར་བསྟོད། །ཆོས་ཀྱི་རྒྱལ་པོའི་མངག་གཞུག་ཆེ། །དྲེགས་པའི་སྡེ་དཔོན་ཡོངས་ཀྱི་དཔོན། །མཐུ་རྩལ་གཞན་གྱིས་བཟོད་དཀའ་བའི། །དཔའ་བོ་ལས་མཁན་བཅས་དེར་བསྟོད། །རྣལ་འབྱོར་བདག་གི་སྐྱོབ་པའི་ལྷ། །དཔུང་དང་བཅས་པར་བསྟོད་བགྱིད་ན། །བསྟན་དགྲ་སྒྲོལ་བའི་གར་རྩེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད།། གྲུ་ལུང་བྲག་བཙན་གྱི་གསོལ་ཁ་བཞུགས་སོ།། ཀྱཻ། ཉི་འོད་འབུམ་ཕྲག་གཅིག་ཏུ་འཁྱིལ་འདྲའི་སྐུ། །གྱད་ཆེན་གཡུལ་ངོར་འཇུག་འདྲའི་ཆས་ཞུགས་ནས། །སྡང་བའི་དགྲ་ལ་ཐོག་ལྟར་འབེབས་མཛད་པའི། །བཙན་རྒོད་ཆེན་པོ་གནས་འདིར་གཤེགས་སུ་གསོལ།། མཆོད་པ་ནི། ཀྱཻ། ཁྱོད་དགྱེས་སྲིན་མོ་ཆང་གི་ཕུད་མང་བཤམས། །ལྷག་པར་བསད་པའི་སྙིང་ཁྲག་ལྦུ་འཕྲེང་ཅན། །ཤ་རུས་འབྲུ་སྣ་ལས་བྱས་གཏོར་མ་དང་། །སྤྱན་གཟིགས་རྒྱ་མཚོ་ཁྱོད་ལ་མཆོད་པར་འབུལ། །བདག་གི་འགོ་བའི་དགྲ་ལྷ་གཉན་པོ་དང་། །འཕྱར་བའི་དར་གྱིས་དཔའ་བའི་དཔུང་གྲོགས་དང་། །མི་ཟད་གཏེར་མཛོད་སྐྱོང་བའི་གཉེར་ལ་སོགས། །གང་བཅོལ་འཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །ཀྱཻ། ཡབ་ནི་ཇོ་བོ་གསལ་རྗེ་སྟེ། །ཡུམ་ནི་དམུ་རྒྱལ་ཤེལ་དཀར་ལྕམ། །དེ་གཉིས་བཤོས་པའི་ལྕམ་སྲིང་གཉིས། །མཐུ་རྩལ་དྲེགས་པ་སྡེ་བརྒྱད་ཀྱིས། །དམག་དཔོན་ཆེན་པོར་ཁྱོད་གྱུར་པས། །ཁྱོད་མདུན་བརྡོ་བར་སྡོད་ཚུགས་པ། །འཇིག་རྟེན་ཁམས་ན་ཅང་མ་མཆིས། །དེ་བས་བདག་གིས་ཁྱོད་ལ་བསྟོད། །འཁོར་འབངས་ཐམས་ཅད་རྒྱས་པ་དང་། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཤུབྷཾ།། །།


previousདམ་ཅན་རྒྱ་མཚོའི་མཆོད་བསྟོད་ཀྱི་རིམ་པ་ཉི་ཚེ་བ་ནོར་བུ་འོད་ཀྱི་ཕྲེང་བ།next