Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་བསྔོ་བསྡུས་པ་པདྨ་དཀར་པོས་མཛད་པ།
   
   
   
   
   
   
   
   
   


 
previousཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་བསྔོ་བསྡུས་པ་པདྨ་དཀར་པོས་མཛད་པ།next

ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་བསྔོ་བསྡུས་པ་པདྨ་དཀར་པོས་མཛད་པ།

ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་བསྔོ་བསྡུས་པ་པདྨ་དཀར་པོས་མཛད་པའོ། །དཔལ་འཁོར་ལོ་སྡོམ་པ་དང་རྡོ་རྗེ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དམ་ཚིག་དང་ལྡན་པའི་སྒྲུབ་པ་པོས། །ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །ཞེས་པའི་སྐྱབས་སུ་འགྲོ་བ་དང་། །ཇི་ལྟར་དུས་གསུམ་མགོན་པོ་རྣམས་ཞེས་པའི་སེམས་བསྐྱེད་པ་གཉིས་སྔོན་དུ་འགྲོ་བས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། སེམས་ཅན་ཐམས་ཅད་བདེ་བ་དེའང་རྒྱུད་བརྟན་ད་ཅི་མ་རུང་སྙམ་པའི་དགའ་བ་དང་། སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་ལ་གནས་ན་ཅི་མ་རུང་སྙམ་པའི་བཏང་སྙོམས་གནས་པར་བྱའོ། །ཞེས་ཚར་མེད་པ་བཞི་བསྒོམས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོ་ད་ཧཱུཾ། བདག་དང་དངོས་པོའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། རང་ཉིད་སྐད་ཅིག་གིས་དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་མོའི་སྙིང་ག་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། ཕྱག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། མཆེ་བ་ཅུང་ཟད་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། ནོར་བུ་དང་། སྣ་ཚོགས་རྡོ་རྗེ་དང་། ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོང་ཅོག་ཅན། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། སྟག་གི་པགས་པའི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པའོ། །དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཅེར་བུ་སྐྲ་གྲོལ་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། ༼༢ན༣༽རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཁ་ཊྶཱཾ་ག་དང་ཐོད་པས་མཚན་པའི་ཕྱག་གཡོན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁར་འཕྱར་བ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་། གཡོན་ཡབ་དང་ལྷན་ཅིག་ཏུ་བརྐྱང་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར་པའི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་མི་བསྐྱོད་པའི་གཟུགས་ཅན་གྱིས་དབུ་བརྒྱན་ཅིང་། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། འགྲོ་བ་མ་ལུས་པའི་དོན་བྱས། ཚུར་འདུས། ཧཱུཾ་ལ་ཐིམ་པས། ཧཱུཾ་ལ་སྔགས་ཀྱིས་བསྐོར་བར་གྱུར། དེ་ལྟ་བུའི་འཁོར་ལོ་སྡོམ་པའི་སྐུ་ལ་དམིགས་ཏེ་རྒྱུན་ཅི་རིང་གི་བར་བསྒོམ། དེ་ལས་སྐྱོན་ས་བོན་གྱི་མཐར། ཨོཾ་སྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊཿ ཅེས་པའི་སྔགས་ཀྱིས་བསྐོར་བར་དམིགས་ནས་བྷཱུ་ཏཱིའི་བཟླས་པ་ལ་འབད། དེ་ལས་སྐྱོ་ན་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་བཅོམ་ལྡན་འདས་ལ་ཐིམ། དེ་བདག་ལ། དེ་སྙིང་གའི་ཉི་མ་སྔགས་འཕྲེང་དང་བཅས་པ་ལ། དེ་ས་བོན་ལ། དེའང་རིམ་པས་ཐིག་ལེ་ལ། དེ་ནཱ་ད་ལ་ཐིམ། དེ་ཅི་ཡང་མི་དམིགས་པ་འོད་གསལ་བའི་ངང་དུ་གཞག་གོ། །དེ་ལས་སྐྱོན་སྐད་ཅིག་གིས་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྐུར་ལངས་པར་བྱའོ། །དེའི་མདུན་དུ། དུར་ཁྲོད་ཀྱི་ས་གཞི་འཇིགས་སུ་རུང་བའི་དབུས་སུ། པདྨ་དང་ཉི་མ་རོ་སྐམ་རློན་གྱི་གདན་ལ་སྐད་ཅིག་གིས། དཔལ་རྡོ་རྗེ་ནག་པོ་ཡེ་ཤེས་ཀྱི་མགོན་པོ་ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་མཐིང་ནག་རྔམ་ཞིང་འཚོར་བ། བ་སྤུའི་བུ་ག་ནས་རྡོ་རྗེའི་རྡུལ་ཕྲ་མོ་དང་སྤྲུལ་པའི་ཁྲོ་ཆུང་མཚོན་ཆ་སྣ་ཚོགས་ཐོགས་པ་འཕྲོ་བ། ཁྲོས་པའི་སྤྱན་གསུམ་མེ་སྟག་གི་ཕུང་པོ་ལྟར་དམར་བ། ཞལ་གདངས་ཤིང་ཧ་ཧཱ་དང་། ཧཱུཾ་ཧཱུཾ་དང་། ཕཊ་ཕཊ་ལ་སོགས་པའི་སྒྲ་སྒྲོག་པ། མཆེ་བ་ཟླ་ཚེས་ལྟ་བུ་རྣམ་པར་གཙིགས་ཤིང་། ལྗགས་རབ་ཏུ་༼༢བ༤༽འདྲིལ་བ། དབུ་སྐྲ་དང་སྨིན་མད་མར་སེར་གྱེན་དུ་འཁྱིལ་བ། ཕྱག་གཡས་ཀྱི་དང་པོ་ན་བཻ་ཙའི་འབྲས་བུ་མདོག་དབྱིབས་སྙིང་འདྲ་བ་འཛིན་ཅིང་། འོག་མན་རོ་ལངས་ཀྱི་ལྕེ་ལས་གྲུབ་པའི་རལ་གྲི་འབར་བ་གདེངས་ནས་འཛིན་པ། གཡོན་གྱི་དང་པོ་ན་ལྷ་མ་སྲིན་གྱི་ཐོད་པ་བདུད་བཞིའི་ཁྲག་གིས་བཀང་ནས་ཐུགས་ཀར་འཛིན་ཅིང་། འོག་མ་ཁ་ཊྶཱཾ་རྩེ་གསུམ་དར་དབྱངས་ཌ་མ་རུ་དང་ལྡན་པ་འཕྱར་སྟབས་སུ་འཛིན་པ། སྟག་ལྤགས་རློན་པའི་ཤམ་ཐབས་ཀྱིས་སྨད་དཀྲིས་ཤིང་། བདུད་བཏུལ་བའི་རུས་པའི་རྒྱན་དྲུག་གིས་མཛེས་པར་བརྒྱན་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། རློན་པ་ཁྲག་འཛེག་པ་ལྔ་བཅུའི་དོ་ཤལ་འཕྱང་བ། སྤྲུལ་དཀར་པོས་དབུ་བརྒྱན། དམར་པོས་སྙན་བརྒྱན། སེར་ཁྲས་མགུལ་བརྒྱན། ནག་པོས་ཞབས་གདུལ། ལྗང་ཁྲས་ཕྱག་གདུག་སྔོ་ཁྲས་མེ་རལ་ཁ། སྨུག་ནག་གིས་སྐ་རགས། ཐལ་སྐྱས་ལྷུ་ཚིགས་བརྒྱན་པ། དར་དཔྱངས་ཀྱི་ཅོད་པན་འཚང་ཞིང་། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་ལ་སོགས་པས་སྤྲས་པ། ཞབས་གཡས་ཅུང་ཟད་བསྐུམ་པས་པད་ཉི་དང་རོ་སྐམ་རློན་གྱི་སྟེང་དུ་འགྱིང་བག་དང་བཅས་ཏེ་བཞུགས་ཤིང་གཟི་བརྗིད་དང་ལྡན་པ། དེའི་གཡས་སུ། ལས་མགོན་བྱ་རོག་གི་གདོང་ཅན། སྐུ་མདོག་ནག་པོ་རབ་ཏུ་རྔམ་པའི་གཟུགས་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཁྲོས་ཤིང་རྒན་སྒྲ་དང་བཅས་པའི་ཞབས་བརྡབས་པས་སྲིད་གསུམ་གཡོ་བ། གཡས་གྲི་གུག་དང་། གཡོན་ཐོད་པ་དགྲ་བགེགས་ཀྱི་སྙིང་གིས་གང་བ་འཛིན་པ། མི་མགོའི་འཕྲེང་བ་དང་སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་རློན་པའི་ཤམ་ཐབ་ཅན། འཇིགས་སུ་རུང་བའི་ཞབས་གཡས་བསྐུམ་གཡོན་བརྐྱང་བས་རོའི་གདན་བཞུགས་པ། གཡོན་དུ་དཔལ་ལྡན་ལྷ་མོ་ནག་མོ་ཞལ་གཅིག་ཕྱག་བཞི། མཆེ་བ་གཙིགས་ཤིང་སྤྱན་གསུམ་དམར་ལ་ཟླུམ་པ། ཁྲོ་གཉེར་དཔྲལ་བར་བསྡུས་ཤིང་ལན་བུ་གྱེན་དུ་༼༣ན༥༽འཁྱིལ་ནས་ས་ལ་འདྲུད་པ། ཐོད་སྐམ་ལྔས་དབུ་ལ་བརྒྱན་ཅིང་། ཐོད་རློན་གྱི་དོ་ཤལ་འཕྱང་བ། ཕྱག་གཡས་རལ་གྲི་དང་ཏྲི་ཤུ་ལ། གཡོན་མདའ་གཞུ་དང་དགྲ་མགོ་འཛིན་པ། སྟག་ལྤགས་ཀྱིས་སྨད་དཀྲིས་ཤིང་། ཞབས་གཉིས་ཕྱེད་སྐྱིལ་གྱིས་དྲེའུའི་སྟེངས་ན་བཞུགས་པ། མཁའ་འགྲོ་བརྒྱད། ཤ་ཟ་སྲིན་པོ་ལ་སོགས་པའི་ལས་མཁན། རོ་ལངས་བརྒྱ། ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི་ལ་སོགས་པས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྲི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་བསྲེས་ནས། ཨོཾ་ཤྲཱི་བཛྭ་མཧཱ་ཀཱ་ལས་རི་ཝཱ་ར་བྷྱ་ཨརྒྷཾ་པྲ་ཏཱིཙྪི་སྭཱཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྟ། རཱུ་པ། ཝི་ནི། རཱ་ཀྵྼ། སྤ་རྴེ། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། དེ་ནས་གཏོར་མ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལམ། ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨ་ཡིག་དཀར་པོ་ལས་བྱུང་བའི་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་རྫས་རྣམས་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཨོཾ་ཨཱཿཧཱུཾ་ཧ་ཧོ་སྲཱིཿཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ནས། ཨོཾ་བཛྭ་ཀ་ཝུ་ཝ་པ་མཧཱ་ཀཱ་ལཱ་ཡ་ཧཱུཾ་ཕཊ། ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་ཡ་དེ་ཝི་ཀཱ་ལི་མཧཱ་ཀཱ་ལི་ཧཱུཾ་བྷྱོ་ཨི་དཾ་་་་་་་་། ཨོཾ་ཀརྨྨ་མཧཱ་ཀཱ་ལ་གུ་ཎ་སྲི་ད་ཨི་དཾ་་་་་་་་་་། ཨོཾ་མཧཱ་ཀཱ་ལ། ཤཱ་ས་ནོ་པ་ཀ་རི་ཎེ། པཤྩི་མ་ཀ་ལོ་ཡ་ཨི་དཾ་རཏྣ་ཏྲ་ཡཱ་པ་ཀཱ་རེ་ཎཾ། ཡ་ཏི་པྲ་ཏཱི་ཛྙྱཱཾ། སྨ་ར་སི་ཏ་དཱ། ཨི་དཾ་བ་ལིཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་དུཥྚ་ས་ཏྭ་ན། །མ་ར་མ་ར། གྲྀ་་གྲྀ་། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུཾ་ཕཊ་ཧཱུཾ། ལན་བདུན་༼༣བ༦༽ནམ། ཉེར་གཅིག་གིས་འབུལ་ལོ། །འདོད་པའི་དོན་ལ་གསོལ་བ་གདབ། རྐང་པ་བརྒྱད་པས་བསྟོད། མན་ངག་ལྟར་བཟླས་ནས། མཆོད་བསྟོད་བསྡུས་པ་ཙམ་བྱས་ནས། མདུན་བསྐྱེད་ཀྱི་གཙོ་འཁོར་རྣམས་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་དུ་གྱུར་པ། རང་གི་ཐུགས་ཀར་བསྟིམ་ལ། དེ་ཁོ་ན་ཉིད་ཀྱི་དོན་ལ་མཉམ་པར་བཞག །དེ་ལས་སྐྱོ་ན། དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་མགོན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཁྱེད་ཀྱིས་ལ་འདོད་པར་ཤོག །ཅེས་སོགས་ཀྱི་བསྔོ་བ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད།། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་བསྔོ་བསྡུས་པ་པདྨ་དཀར་པོས་མཛད་པ།next