Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཅན་མཉེས་པའི་མཆོད་སྤྲིན།
   
   
   
   
   
   
   
   


 
previousདམ་ཅན་མཉེས་པའི་མཆོད་སྤྲིན།next

དམ་ཅན་མཉེས་པའི་མཆོད་སྤྲིན།

དམ་ཅན་མཉེས་པའི་མཆོད་སྤྲིན་བཞུགས་སོ། །དཔལ་འབྲུག་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དམ་པའི་ལུགས་ཡང་དོགས་འགག་འཐུག་པོའི་རི། །ནག་པོ་ཆེན་པོ་སྤྲིན་དྲག་གནག་པ་ཡིས། །མངོན་སྤྱོད་གནམ་ལྕགས་ཕབ་ནས་རྡུལ་བཏགས་པས། །ཕྱིན་ཆད་གོང་བུའི་ང་རྒྱལ་སུས་འཆའ་ནུས། །དེ་ཕྱིར་དེ་གཉིས་བྱེད་པའི་པདྨོའི་སྡེ། །ལེགས་བཤད་ཉི་མའི་འོད་ཀྱིས་རྒྱས་བྱེད་འདི། །ས་སྤྱོད་དཔལ་བཟང་དད་པའི་སྐྱེད་ཚལ་གྱི། །རྒྱན་དུ་འོས་ཞེས་འབྲུག་པའི་དཔྱིད་ཀྱིས་བརྩམས། །དམ་ཅན་མཉེས་པའི་མཆོད་སྤྲིན་གེ་སར་ནས། །མདུན་གྱི་ནམ་མཁར་དཔལ་ཡེ་ཤེས་ཀྱིས་མགོན་པོ། སྙིང་རྗེས་བདུད་ལ་ཁྲོ་བ། མུན་པ་མུན་ནག་ཏུ་འཐིབས་པ། བསྐལ་པའི་མེ་ལྟར་དུ་འབར་བ། དཔལ་གྱི་ཆས་སུ་ཞུགས་པ། ཕྱག་བཞིས་བེ་ཏ་ཐོད་ཁྲག རལ་གྲི་ཁ་ཊྶཱཾ་བསྣམས་པ། ཧ་ཧ་ཧི་ཧིས་གནམ་འགེངས་པ། སྐུའི་ལྷུན་གྱིས་བར་སྣང་ཁྱབ་པ། དཔའ་བོའི་སྟབས་ཀྱིས་ས་གཞི་གནོན་པ། བམ་བརྩེགས་པའི་ཁྲི་ལ་འགྱིང་བ། ཡུམ་ཙ་ཎྜྻི་ཀ་དང་སྦྱོར་བ། ལྷ་མོ་བརྒྱད་ཀྱིས་སྐྱོ་བ་བསངས་པ། ལེགས་ལྡན་བྱར་གདོང་བློན་པོར་བཞུགས་པ། རོ་ལངས་བརྒྱ་འབོད་སྐད་སྒྲོག་པ། ནག་པོ་སྟོང་ལས་ལ་ཞུགས་པ། ཤ་ཟ་འབུམ་ཀླད་བཤུལ་འབྲང་བ། མ་མོ་ས་ཡས་གར་བསྒྱུར་བ། གནོད་སྦྱིན་ཁྲི་མངག་གཞུག་ལ་ཆས་པ། ཞིང་སྐྱོང་མཁའ་འགྲོ་ཕོ་ཉར་འགྱེད་པ། དཔལ་མགོན་བདུན་ཅུས་མདུན་བདར་བ། དྲེགས་པ་ཅན་ཐམས་ཅད་འཁོར་དུ་སྤུང་པ། དཔལ་ལྷ་མོ་ཆེན་མོ། ཆར་གྱི་སྤྲིན་ལྟར་ནག་ལ། རི་རབ་ལྟར་བོངས་ཆེ་བ། སྤྱན་གསུམ་དམར་པོ་འཁྱུག་པ། ཁྲག་གི་རྒྱ་མཚོ་ཧུབ་ཀྱིས་འདེབས་པ། མི་རོ་རེངས་པ་ཁྱུར་མིད་དུ་ཟ་བ། རྒྱན་དང་གོས་སྲིད་པའི་བདག་པོ་དང་མ་མོ་རྣམས་ཀྱིས་བསྟབས་པ། ས་གསུམ་གྱི་དབང་པོ་ཐམས་ཅད་ཕྱག་འཚལ་བ། རལ་གྲི་བྷཉྫྱ། ཤཀྟི་རྩེ་གསུམ་འཛིན་པ། ལངྐའི་བདག་པོའི་དུང་མཁན་ལ་ཞོན་པ། འཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པ། ནད་དང་གདོན་གྱི་བདག་མོ། གཅེར་བུ་རལ་པ་ཅན་གསུམ་ནང་མིར་སྣང་བ། རིགས་བཞིའི་མཁའ་འགྲོས་བློན་མོར་མཛད་པ། ཕྲ་མེན་བརྒྱད་དང་སྒོ་མ་བཞི་ལས་ལ་འགྱེད་པ། སྲིད་པ་མོ་རྒྱུད་ཐམས་ཅད་བྲན་མོར་ཧབ་ཤ་བ། གནོད་སྦྱིན་ཆེན་པོ་རྣམ་ཐོས་སྲས། གསེར་ལྟར་སེར་བ། ཟླ་ལྟར་རྒྱས་པ། ཉི་ལྟར་འབར་བ། རི་ལྟར་བརྗིད་པ། རྡོ་རྗེའི་གོ་སྤྲས་པ། འཕྲོག་བྱེད་སྔོན་པོ་ལ་འགྱིང་བ། རྒྱལ་མཚན་འཕྱར་ཞིང་ནེའུ་ལེ་འཛིན་པ། འཛམ་བུ་གླིང་པ་ལ་ཉིན་བཞིན་འདོད་དགུའི་ཆར་ཐེངས་གསུམ་དུ་འབེབས་པ། རྟ་བདག་ཆེན་པོ་བརྒྱད་དཔའ་ཞིང་རཏལ་ཕོད་པ། བདུད་དང་དགྲ་ལ་སྡང་བ། དམ་ཚིག་ཅན་ལ་དུང་བས་བཀའ་ཉན་པ། ཡན་ལག་བཞི་པའི་སྡེ་དཔུང་ཆེན་པོ་བཅས་པ། སུས་ཀྱང་མི་ཐུབ་པའི་སྙེམས་འཆང་བ། གྱད་ཆེན་པོའི་རྩལ་ངོམ་པ། རྒྱལ་བའི་ཡས་གམ་ལ་གནས་པ། བསྟན་པ་སྤྱིའི་བྱ་ར་བགྱིད་པ། ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། དུད་པའི་ཁུ་བ་ལྟ་བུ། སྟོད་སྲིན་པོའི་གཟུགས་ཀྱིས་བར་སྣང་ཁྱབ་པ། སྨད་སྦྲུལ་མཇུག་འཁྱིལ་བས་རྒྱ་མཚོ་གང་བ། ལུས་ཐམས་ཅད་མིག་གིས་གཏམས་པ། ཞལ་དགུས་དགྲ་སྲོག་ཧུར་ཐུམས་སུ་ཟ་བ། ཞགས་པ་དང་མདའ་འཕང་བ། སྲིང་མོ་བཞི་དང་རོལ་བ། གཟའ་ཆེན་བརྒྱད་དུ་སྤྲུལ་པ། དུས་དང་ཚོད་ལ་དབང་བྱེད་པ། ལྷ་སྲིན་སྡེ་བརྒྱད་བསྡོངས་ཟླར་བསྐུལ་ཞིང་འདེད་པ། སྔོན་གྱི་སྣ་ཐོག་སེར་གློག་གིས་འདྲེན་པ། རྗེས་ཀྱི་ཤུལ་མེ་དཔུང་དུད་པས་མཚོན་པ། དུག་གི་རླངས་པ་འཐུལ་བ། ཕོག་འགྱེལ་དུ་གསོད་པ། ཞིང་སྐྱོང་ཆེན་པོ་མིའི་ལུས་ལ་སེང་གེའི་དབུ། རལ་པ་གསིག་པས་སེང་ཆུང་སྐར་ལྟར་རྒྱུག་པ། ཟ་འོག་བེར་གྱོན་ཅིང་སྟག་ཆས་གྱིས་སྐེད་བཅིངས་པ། མདུང་དང་ཐོད་པ་འཛིན་པ། ཡིད་ལྟར་མགྱོགས་པའི་བདུད་ཀྱི་རྟ་ལ་ཞོན་པ། ཁ་རག་གླིང་དགུའི་བདག་མཛད་པ། སེང་གདོང་དམར་མོ་གཟུངས་མར་བསྟེན་པ། འཇིགས་བྱེད་དུས་མཚན་ཕོ་ཉར་བཀོལ་བ། སྡེ་བརྒྱད་ཐམས་ཅད་འཁོར་དུ་ཁྲིད་པ། དགྲ་ལ་ཆས་ནས་བཟློག་པར་དཀའ་བ། རྫུ་འཕྲུལ་གྱི་རྩལ་ཆེ་བ། དྲག་ཤུལ་གྱི་རྔམས་མི་བཟད་པ། གཞན་གྱིས་མི་ཐུབ་པས་ཐུབ་དཀའི་མཚན་འཛིན་པ། ཇོ་མོ་བཀྲ་ཤིས་ཚེ་རིང་མ། མཛེས་པ་དང་རྒྱན་གོས་བདེ་སོགས་བརྒྱ་བྱིན་གྱི་མཆོད་པར་གསར་པ་དང་མི་ཕྱེད་པ། རྡོ་རྗེ་དང་ཚེ་བུམ་ཕྱག་ཏུ་བསྲེལ་བ་སེང་གེ་དཀར་མོ་སྲབ་མེད་དུ་འཕྱོ་བ་ལ་ཞོན་པ། སྲིང་མོ་བཞི་ཞབས་འབྲིང་བགྱིད་པ། སྡེ་བརྒྱད་ཀྱི་བུ་མོ་རང་རང་གི་ཟློས་གར་འབུལ་བའི་དགུང་ན་བཞུགས་པ། བོད་སྐྱོང་རྡོ་རྗེ་གཡུའི་སྒྲོན་མ། གསང་བའི་མཚན་ལྷན་ཅིག་སྐྱེས་མ། ཞི་ཞིང་ཞི་བ། དཀར་ཞིང་དཀར་བ། མཛེས་ཤིང་མཛེས་པ། རྒྱན་གྱིས་བརྒྱན་པ། ལྟ་བའི་མིག་སྦྲིད་པ། སྙན་གྲགས་ཀྱི་རྔ་བོ་ཆེ་ཕྱག་གིས་བསྐུལ་བ། རང་དང་ཕན་ཚུན་ཕྱེད་དཀའ་བའི་འབངས་མོ་འབུམ་གྱིས་བསྐོར་བ། གཤིན་རྗེ་ཁྲག་མདོག་ཡབ་ཡུམ། སྲིན་གླང་སྨྱོན་པ་ལ་ཞོན་པ། དྲག་པོའི་འཕོང་ལ་བྱང་བ། མ་ར་ཁྲག་སྐྱུག་གི་དམག་ཚོགས་བསགས་པ། གསོད་པར་རིངས་པ། ཟ་བའི་ཁ་གདངས་པ། ཉམས་པའི་གཤེད་དུ་འབབ་པ། དམ་ཚིག་ཅན་གྱི་སྟངས་འཛིན་པ། ལས་ཀྱི་གཤན་པ་དམར་པོ། གོ་ཆ་བགོས་པ། ཞུབ་ཅན་གྱི་རྟ་ལ་དཔའ་སྐྱེན་གྱི་རྩལ། གློག་ལྟར་འཁྱུག་པ་རླུང་ལྟར་འཕྱོ་བ། ཐོག་ལྟར་འབབ་པ། ཁྲ་ལྟར་གཞུང་བ། སྲོག་གཅོད་ཀྱི་གཤན་པ་ཐམས་ཅད་འཁོར་དུ་སྡུད་པ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་རང་རང་གནས་པའི་ས་ནས་བཛྭ་ས་མཱ་ཛཿཧཱུྃ། དག་པའི་ཞིང་ཁམས་ཆེན་པོ་ན། །ཞི་བ་ཉག་གཅིག་མིན་མི་སྣང་། །མི་མཇེད་ལ་སོགས་འཇིག་རྟེན་ན། །ཞི་ཆགས་ཁྲོ་དང་ཆེར་ཁྲོས་ཀུན། །དེ་བས་དད་དང་གདུང་ཤུགས་ཀྱིས། །བར་གཅོད་བདུད་དགྲ་བགེགས་བྱེད་དང་། །ལོག་པར་འདྲེན་རྣམས་ཚར་གཅོད་པའི། །དམག་དཔུང་ཆེན་པོར་སྤྱན་འདྲེན་ནོ། །མཐུ་རྩལ་ཆེན་པོའི་ནུས་སྟོབས་ཀྱིས། །ཕུན་སུམ་ཚོགས་པ་མ་ལུས་པ། །བདག་ཅག་རྣམས་ཀྱི་ལག་པའི་རྩེར། །འགུགས་པའི་ལྕགས་ཀྱུར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དམ་ཅན་རྣམས་ཀྱི་དཀྱིལ་འཁོར་དུ་མཆོད་པའི་སྤྲིན་རབ་འབྱམས་རྣམས་བདག་གི་སྨོན་ལམ་དང་བསོད་ནམས་ཀྱི་སྟོབས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་ཀྱིས་འབྱུང་བར་གྱུར་ཅིག ན་མཿསརྦ་བུདྡྷ་བོ་དྷི་སཧྶུ་ནཱཾ། སརྦ་ཐཱ་ཁཾ་ཨཱུུ་ཏེ་ཀྵྨྱ་ར་ཎ་ཧི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། འཇིག་རྟེན་ཕན་པར་བཞེད་པ་ཡིས། །འཇིག་རྟེན་ཚུལ་གཟུང་ཁྱོད་རྣམས་ལ། །འཇིག་རྟེན་འཇིག་རྟེན་འདས་པའི་ཕྱིར། །འཇིག་རྟེན་གསུམ་བཏུད་ཕྱག་བགྱིའོ། །ལྷ་དབང་རྣམས་ཀྱང་ཕྱག་འགུལ་ཞིང་། །མཐོང་བ་ཐམས་ཅད་ཧ་འགལ་བའི། །སྤྱན་གཟིགས་རྒྱ་མཚོའི་རྦ་རླབས་ནི། །གྱེན་དུ་འཕྱུར་བས་ཁྱེད་དྲུང་བཀང་། །འཆིང་སྣོམ་གཟིགས་སྐུད་མྱང་བའི་ཆེད། །ལྷ་རྫས་མེ་ཏོག་སྤོས་དང་ནི། །མར་མེ་བྱུག་པ་ཞལ་ཟས་ཀྱི། །འཕྲེང་བ་ཁོར་ཡུག་བཞིན་དུ་བསྐོར། །གསེར་སྐྱོགས་གསེར་གྱི་རི་བོའི་ཁོངས། །མདངས་དྲི་རོ་བཅུད་བསམ་ཡས་པའི། །དཔའ་བོའི་སྨན་ཕུད་རོལ་པའི་མཚོ། །གསེར་ཁ་གཡུ་ཡིས་བརྒྱན་པས་མཆོད། །གཡུལ་ངོར་མཚོན་ཕོག་འཆིར་གཏུགས་པའི། །ལུས་ལ་ལང་ལོང་སྐྱེས་ནས་སུ། །འབབ་སར་ལྦུ་བ་གསོབ་ཆགས་ཀླུང་། །དམར་གྱི་ཨརྒྷཾ་ཆེན་པོར་སྦྲེང་། །ཞིམ་ཞིམ་ལྷ་ཀླུ་མི་ཡི་ཟས། །བདའ་བདའ་བལྡག་གཞིབ་བཅའ་བའི་སྡེས། །བརྒྱན་བརྒྱན་བྱིན་རླབས་བ་ལིང་ཏ། །ཁ་ཁ་ཁཱ་ཧི་དམ་ཅན་ཚོགས། །ཨོཾ་བཛྭ་ཀ་ཝུ་བ་མ་ཧཱ་ཀཱ་ལ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མཧཱ་ཀཱ་ལི་ཨི་དཾ་སོགས། ཨོཾ་བཻ་ཤྲ་ཝ་ཎ་ཨི། ཨོཾ་རཱ་ཧུ་ལ་པཀྵ་མེ་ཀེ་ན་ཨི། ཨོཾ་མཧཱ་ཀཱ་ལ་སིདྷ་མུ་ཁ་ཨི། ཨོཾ་པཉྩྨ་ཌཱ་ཀ྄ི་ནཱི་ཨི་དཾ། ཨོཾ་བཛྭ་ལ་ལ་ལི་ལི་ཨི། ཨོཾ་ཡ་མ་རཀྟ་ཨི། ཨོཾ་ཌོཾ་བྷི་རཀྟ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨ་ཀཱ་རོ་མུ་ཁཾས་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་སོགས་བདུན་བདུན་གྱིས་འབུལ། རྒྱས་པར་སྤྲོ་ན་མངོན་རྟོགས་རེའི་མཐར། ཁྱེད་ལ་གསེར་ཀྱི་སྐྱེམས། དམར་གྱི་ཆོལ། བ་ལིང་གཏོར་མ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་གིས་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛད་དུ་གསོལ། ཅེས་བཏགས་པས་མཆོད། །ཧཱུྃ། དྲག་པོ་ཇི་བཞིན་ཚེ་ཡི་རིག་འཛིན་དང་། །གདོང་བཞི་ཇི་བཞིན་ལེགས་ཕྱོགས་དྲན་སྐྱེན་པ། །འདོད་ལྷ་ཇི་བཞིན་ཐམས་ཅད་ལས་རྒྱལ་དང་། །ཁྱབ་འཇུག་ཇི་བཞིན་སྐྱུ་འཕྲུལ་རྩལ་ཆེ་བ། །བརྒྱ་བྱིན་ཇི་བཞིན་ཅི་འདོད་མོད་ལ་འགྲུབ། །རྣམ་སྲས་ཇི་བཞིན་བང་མཛོད་ཕྱུག་པ་དང་། །མི་དབང་ཇི་བཞིན་ས་གཞི་བདག་བྱེད་པའི། །ཕུན་སུམ་ཚོགས་པ་ཐམས་ཅད་བདག་ལ་སྩོལ། །ཅེས་དངོས་གྲུབ་བླངས་ཏེ། དམ་ཅན་རྒྱ་མཚོ་རྣམས་ལ། ཡོན་ཏན་བསྔགས་པ་རྒྱ་མཚོ་སྒྲོག་པའི་དབྱངས་རབ་འབྱམས་སེམས་ཅན་གྱི་ཁམས་ཐམས་ཅད་དང་། ཆོས་ཀྱི་དབྱིངས་སུ་གྲགས་པ་འཇུག་པར་གྱུར་ཅིག ན་མཿསརྦ་བུདྡྷ་བོ་དྷི་སཧྶུ་ནཱཾ། སརྦ་ཏཱ་སཾ་ཀུ་སུ་མི་ཏ། ཨ་དྷི་ཛྙྱཱ་ར་ཤི་ར་ནི། ན་མོ་སྟུ་ཏེ་སྭཱ་ཧཱ། རྐང་པ་བརྒྱད་པ་དང་། ཏིལ་མར་མ་འདོན། དེ་ནས། ཧཱུྃ། སངས་རྒྱས་ཀུན་གྱི་འཁོར་ལོ་གསུམ། །བདེ་དངོས་གཅིག་པུར་སྡོམ་མཛད་པ། །ཧེ་རུ་ཀ་དཔལ་ཐུགས་རྗེའི་གར། །ཡེ་ཤེས་མགོན་པོ་ཁྱོད་ལ་བསྟོད། །སྐུ་མཐོང་ཁྲོ་རྒྱལ་རྣམས་བྲེད་པས། །འདུལ་འོས་བདུད་དགྲ་བགེགས་ཐམས་ཅད། །སྙིང་ནི་ཤུབས་སོན་ལྐོག་མར་འཚངས། །སྔགས་པའི་མོད་གསོད་ཁྱོད་ལ་བསྟོད། །གསུང་ངག་གསང་སྔགས་ཡིད་སྐྱོབ་པ། །མ་རུངས་སེམས་ལ་རང་ལས་ཀྱིས། །ཤུབ་བུར་བཟླས་པའང་དམོད་པའི་མཚོན། །རྣོན་པོར་ལྷུང་བ་ཁྱོད་ལ་བསྟོད། །སྙིང་རྗེའི་རོལ་མོ་སྒྱུ་སྟབས་ལ། །སྦྱོར་དང་སྒྲོལ་བའི་སྟངས་ཀ་འབུལ། །ཕ་རོལ་འཇོམས་ལ་གཏུམ་ཆེ་བའི། །ཟློས་གར་མཛད་པ་ཁྱོད་ལ་བསྟོད། །བྷྱོ། གསང་བའི་གནས་ཀྱི་ཨེ་གྲུ་གསུམ། །འབྱུང་ལྔ་བསྐྱེད་དང་སྡུད་པའི་གཞིས། །དང་པོའི་མར་ཤེས་ལྷ་དབང་རྣམས། །ཕྱག་འཚལ་མཆོད་པ་ཁྱོད་ལ་བསྟོད། །ཁྱོད་ཚུལ་གཏིང་ཟབ་རྒྱ་མཚོ་ཐུགས། །ཁྱོད་བརྟན་བརླིང་ལ་རི་རབ་གཡོ། །ཁྱོད་མཐུ་ཀུན་སྟེར་ནོར་བུ་འཛངས། །དེ་བས་རྟག་ཏུ་ཁྱོད་ལ་བསྟོད། །འཁོར་གསུམ་རྟོག་པའི་ཕ་རོལ་གྱི། །ཤེས་རབ་གཟུགས་འཛིན་མངལ་གང་དུ། །རྣམ་པར་ཐར་པའི་སྒོ་གསུམ་ནས། །འཇུག་པའི་རེ་བས་ཁྱོད་ལ་བསྟོད། །མི་བསུན་བདུད་ཕྱོགས་གཡག་རྒོད་སྡེ། །འཕོང་གིས་རོར་སྒྱུར་རྔན་ཆས་པ། །གྱིམ་ཤཾ་ཧོར་གྱི་གྱད་ལྟ་བུའི། །རྟ་བརྒྱད་ཀྱིས་བསྐོར་ཁྱོད་ལ་བསྟོད། །མཆེ་བའི་མདུན་ན་ཉི་ཟླའི་དབུགས། །ཐིམ་བཞིན་ཕས་རྒོལ་དགྲ་བོ་ཡི། །སྲོག་དབུགས་ཧུར་ཐུམ་རྦད་གཏོང་བའི། དྲེགས་པའི་དཔོན་པོ་ཁྱོད་ལ་བསྟོད། །སེང་གེའི་སྒྲ་ཡིས་གནམ་འཕྲོགས་ཞིང་། །བདུད་རྟ་བརྒྱུགས་པས་ས་གཡོ་བ། །ཕྱག་གིས་མཚོན་བསྣུན་སྲོག་བཅད་རོས། །མདུན་འཇིག་སྐྱི་བུང་ཁྱོད་ལ་བསྟོད། །མཛེས་མ་ཟླ་བའི་མེ་ལོང་ལ། །སྒྲིབ་བྱེད་ལྷ་རྫས་རྟགས་ཀྱིས་ཅི། །འདོད་དབང་སོང་དོགས་གྲུབ་པ་ཡི། །བརྒྱ་བྱིན་གྱིས་བསྒྲིབས་ཁྱོད་ལ་བསྟོད། །ལྷན་ཅིག་སྐྱེས་ཞལ་པདྨའི་དཔལ། །སྤྱན་འབྲས་མཐིང་ཁའི་ཨུཏྤལ་ལ། །ཆགས་པའི་ཞགས་པས་སྲིད་པ་གསུམ། །དམ་པོར་འཆིང་བ་ཁྱོད་ལ་བསྟོད། །ལངྐའི་མགྲིན་པ་གཅིག་གཏུབས་པས། །རཱ་མ་ཎ་ཁེངས་གནམ་ལྕགས་མདས། །ཉམས་པའི་མགྲིན་པ་ཀུན་བཅད་ཀྱང་། ཁེངས་པ་མེད་པ་ཁྱོད་ལ་བསྟོད། །ཞུབ་ཅན་གཤན་པའི་སྡེ་དཔུང་རྣམས། །བསྟན་ལ་གནོད་པ་གར་འདུག་པར། །ཇག་པར་ཆས་ཏེ་སྲོག་དབུགས་ནི། །མེ་ལྟར་ལེན་པ་ཁྱོད་ལ་བསྟོད། །དུས་བཟང་པོ་ལ་ཙཱ་རུའི་སྟོན་མོས་ཀྱང་མཆོད་པར་བྱའོ།། །།སརྦ་མདྒ་ལཾ།། །།


previousདམ་ཅན་མཉེས་པའི་མཆོད་སྤྲིན།next