Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེ་མཆོག་རྩ་བའི་རྒྱུད་ཀྱི་འཕྲུལ་འཁོར་གྱི་བརྗེད་བྱང།
   
   
   
   
   
   


 
previousབདེ་མཆོག་རྩ་བའི་རྒྱུད་ཀྱི་འཕྲུལ་འཁོར་གྱི་བརྗེད་བྱང།next

བདེ་མཆོག་རྩ་བའི་རྒྱུད་ཀྱི་འཕྲུལ་འཁོར་གྱི་བརྗེད་བྱང།

བདེ་མཆོག་རྩ་བའི་རྒྱུད་ཀྱི་འཕྲུལ་འཁོར་གྱི་བརྗེད་བྱང་བཞུགས་སོ། །ཀུན་ཏུ་བཟང་བ་སྟོན་པའི་ངག །གླེགས་བམ་དུ་བཀོད་གསང་དབང་འདིས། །སྐལ་བཟང་ཆོས་ཀྱི་བློ་གྲོས་ཀྱིས། །རྒྱས་པར་མཛད་ཕྱིར་ཕྱག་འཚལ་ལོ། །རྒྱུད་རྒྱལ་ཨུ་དུམ་ཝ་རའི་ནགས་ཚལ་གྱི། །བརྗོད་དོན་མེ་ཏོག་འབར་མཐོང་བདག་གི་བ། །ཆོས་རྗེ་བླ་མས་ཡོངས་གཟུང་མཐུར་ཐོས་པས། །ཁེངས་བྲལ་རབ་བཟང་དད་པས་དེ་ཞབས་བཏུད། །རྒྱལ་ཚབ་འདྲི་བའི་གྲྭར་འཁོར་ཚེ། །སྲེད་པས་སྔོན་གྱི་ཡི་གེ་རྣམས། །བྱོན་པ་རྒན་པོས་མ་བཟོད་དེ། །འདུས་བྱས་མཚན་ཉིད་དག་ལ་འཁུ། །འདིར་རྩ་བའི་རྒྱུ་ལས། ས་སྟེང་ན་ནི་རིན་ཆེན་བཞི། །ཞེས་སྙིང་པོ་ཉེ་སྙིང་གོ་ཆ་འཕྲེང་ནཱ་རོ་རྐང་བརྒྱད་རྐང་པ་ཉེར་བཞི་བསྡོམས་པ། སྔགས་སུ་བཞེད་པས། བཞི་དང་། ཁམས་གསུམ་རྣམ་རྒྱལ་གྱི་སྔགས་ཏེ་ལྔ་གསུངས་པ་དེ་དག་འཕྲུལ་དུ་བསྐོར་བས་སྔགས་བསྒྲུབས་པ་རྣམས་ལས་རབ་འབྱམས་ལ་རྨོངས་པ་མེད་པ། གསང་སྔགས་ནི་ཐེ་ཚོམ་མེད་པས་འགྲུབ་པའི་ཕྱིར་མདོ་དང་སྦྱར་རོ། །དེ་ལ་ཡབ་ཀྱི་སྙིང་པོའི་འཕྲུལ་འཁོར་ནི། རྡོ་རྗེ་མཁའ་འགྲོར། དེ་ནས་ཡང་དག་བཤད་པར་བྱ། ལས་ཀྱི་ཆོ་ག་མཐོང་བ་ཡིས།སྟེ་བ་དེའི་ཕྱིར་པད་འདབ་བརྒྱད། དེའི་ཕྱིར་བཅུ་དྲུག །དེའི་ཕྱི་རྡོ་རྗེ་རྭ། འོད་ཀྱི་འཕྲེང་བ། ལྟེ་བ་ལ་སྭཱ། མིང་སྤེལ་ལི་ཚག་ཧཱ། བརྒྱད་པའི་ཕྱོགས་ལ་རཾ་ཧཱུཾ་ཧཱུཾ་ཕཊ། མཚམས་བཞིར་བུམ་པ་ལ་ཐོད་པ་གནས་པ་བྲི། བཅུ་དྲུག་ལ་ཤར་ནས་གཡོན་སྐོར་དུ། །སེམས་ཅན་ཀུན་གྱི་དོན་བྱེད་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་ལྟ་བུ་ཡི། །འཁོར་ལོ་དཀྱིལ་འཁོར་ལྟ་བུར་བསམ། །དེ་དབུས་པདྨ་བྲི་བར་བྱ། །བཅུ་དྲུག་འདབ་མས་རྣམ་པར་བརྒྱན། །དེ་དབུས་པད་ཆེན་འདབ་བརྒྱད་པ། རྡོ་རྗེ་རྩེ་ལྔ་པ་ཡི་མཆོག །ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་ཀཾ་ཌཱ་ཀི་ནཱི་ཛྷ་ལ་སམྦ་བཀོད། འོད་ཟེར་དཀར་པོས་ཤིན་ཏུ་མཛེས། །སྒྲུབ་པོས་འཁོར་ལོའི་ཕྱི་རོལ་བྲི། །པདྨའི་ལྟེ་བར་སྭཱཧཱ་བྲི། དངོས་གྲུབ་ཐམས་ཅད་སྟེར་བའོ། །དང་། འོག་ཏུ། ཆོ་གའི་བྱ་བ་འདི་ཡིས་ནི། ཡི་གེ་ཉི་ཤུ་གཉིས་འགོད་ཅེས། ཞེས་གསུངས། དེའི་སྒྲུབ་པ། མ་མོའི་ཁྱིམ་ནི་ཉམས་༼༢ན༣༽དགའ་བར། ཙན་དན་བཟང་པོས་བྱུགས་ནས་ནི། འབོལ་ཞིང་ཤིན་ཏུ་འཇམ་པ་ཡི། །སྟན་ལ་འདུག་ནས་ཕྱག་རྒྱ་རྡོ་རྗེ་བསྡམས་པ་བྱས་ནས་གུང་མོ་གཉིས་ཀྱི་ཁས་མཐེ་བོང་གཉིས་ཀྱི་ཁ་ལ་སྦྱར་ནས་སྡིགས་མཛུབ་གཉིས་བསྒྲེང་སྟེ་ཕན་ཚུན་རྩེ་མོ་སྦྱར་ཏེ་སྐྱེ་གནས་ཀྱི་ཕྱག་རྒྱའོ། བཅིངས། །སྔགས་པས་བསྒྲུབ་བྱ་མངོན་ཕྱོགས་ཏེ། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ།བསྙེན་པ། །ཡན་ལག་རུས་པས་བརྒྱན་བསམ་ཞིང་། འདྲི་མཁན།་་་་་།གཅེར་བུར་གྱུར་པས་རང་གིས་བྲི། །ཡི་དགས་བྲི་གཞི། གོས་སམ་རོ་ཡི་ནི། །བུམ་པ་སྐམ་པོ་དག་ལ་ཡང་། །ཡི་དགས་སེན་རྩི་སྣག་ཚ། ཁྲག་དང་ནི། །དེ་བཞིན་ཙན་དན་དམར་པོས་བྲི། །འཁོར་སྒྲུབ་ཚུལ། ལོ་དེ་ཡི་ལྟོར་བསྒྲུབ་བྱའི་གཟུགས་བརྙན་བྱས་དེའི་ལྟོ་བར་རབ་ཏུ་གནས་ཟིན་པའི་འཁོར་ལོ་དེ་བཅུག །དེའི་སྐུད་པའི་སྣ་མོ་གཅིག་སྐྱེ་གནས་ནས་མར་བཏོན། གཅིག་སྣ་བུག་ཕྱོགས་ནས་བཏོན་ལ་དེ་ནས་སྦྱོར་བའི་ཕྱག་རྒྱ་དང་ལྡན་པས་མཐེ་ཆུང་གཉིས་ཀྱིས་སྐུད་པའི་སྣ་མོ་གཉིས་བཟུང་སྔགས་ཀྱི་མཐུན་མཚམས་གསུམ་དུ་བསྐུལ། སྐུད་པས་སྙིང་བསྐུལ་ལས་སྦྱོར་མི་རུས་ལས་བྱས་པའི་ཕུར་པ་སོར་བརྒྱད་པ་ལ་སྔགས་བཏབ་སྟེ་གཟུགས་བརྙན་དེའི་ལྐོག་མར་བཏབ་ན་ཚིག་འཕྲོག །མིག་ཏུ་བཏབ་ན་ལོང་། རྣ་བ་ལ་འོན། སྣ་ལ་ཞོམ། ལྕེ་ལ་ལྐུགས་པར་འགྱུར་རོ། །གནས་ཏེ། །ཇི་སྲིད་འདོད་བཞིན་ཐུན་གསུམ་དུ། བློ་ལྡན་མཐེའུ་བསྐྱོད་ནས་ནི། །ཚངས་བ་གསོད་པའང་ཉིན་བདུན་འགྲུབ། །ཙན་དན་དམར་པོའི་རྡུལ་ལས་ནི། བྱེད་ཁྱེར་སྔ་མ་འདྲ།་་་་་།བསྒྲུབ་པར་བྱ་བའི་གཟུགས་བྱས་ལ། །ཚ་བ་གསུམ་གྱིས་ལུས་བྱུག་ནས། །སྤྲ་ཚིལ་གྱིས་ཀྱང་བྱུག་པར་བྱ། །ཟངས་མའི་ཁབ་ཀྱིས་སྐྱེ་གནས་དབུག །སེང་ལྡེང་འདག་མེ་དུ་མེད་ལ། །བློ་དང་ལྡན་པས་ཉིན་བདུན་བསྲོ། །སྒྲུབ་པ་པོ་ཡིས་བརྒྱ་བཟླས་ན། །རྒྱལ་པོ་བློན་པོ་འདུན་ན་འདོན། །བཙུན་མོ་འཁོར་དང་བཅས་པ་ནི། །མྱུར་དུ་འགུགས་པར་བྱེད་པ་ཡིན། །དང་། གྲོ་ག་ཡི་ནི་འདབ་མ་ལ། །རོ་ཡི་སེན་རྩི་རོ་ཙ་ནས། །མི་ཡི་བདག་པོ་འཁོར་བཅས་ལ། །མིང་དང་སྤེལ་ཏེ་བྲི་བར་བྱ། །མངོན་པར་ཕྱོགས་ཏེ་ཟློས་བཞིན་དུ། །སེང་ལྡེང་༼༢བ༤༽དང་ནི་དུར་ཁྲོད་མེར། །ཇི་སྲིད་སྤྲ་ཚིལ་མ་ཞུ་བ། །མེ་ཡི་སྟེང་དུ་གདུང་བར་བྱ། །བསྒྲུབ་བྱ་མངོན་པར་གདུངས་ཙམ་གྱིས། །ལྷ་དང་ལྷ་མིན་འོང་འགྱུར་ན། །ས་སྟེང་སྐྱེ་བོ་སྨོས་ཅི་དགོས། །དང་། ཡི་དགས་སེན་རྩི་སྐྱེས་པ་ཡི། །ཁྲག་དང་གི་ཝང་བཅས་པ་ཡིས། །བསྒྲུབ་གྲོ་ག་ལ། རྒྱལ་པོ་ལ་སོགས་རོའི་སེན་རྩི་དང་གི་ཝང་གིས་མིང་སྤེལ་ཚིག་དང་བཅས་པ་བྲི། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་། ཙན་དན་དམར་པོའི་རྡུལ་དང་། དུར་ཁྲོད་ཀྱི་ཐལ་བ་རྣམས་གཅིག་ཏུ་བྱས་ཏེ་ལག་མཐིལ་གཉིས་སུ་བཞག་སྔགས་བཟླས་ཏེ་ཕུར་པ་སེང་ལྡིང་གི་མེ་དུ་བ་མེད་པ་ལ་སྦྱིན་སྲེག་བྱ། དེའི་ཐལ་བ་བླངས་ལ་བསྒྲུབ་བྱའི་གཟུགས་བརྙན་པ། སྙིང་གར་འཁོར་ལོ་བཅུག་ལ། སྤྲ་ཚིལ་གཡོགས་ཏེ་ཟློས་བཞིན་དུ་ཐིགས་རེ་ཞུ་བ་ཙམ་དུ་བསྲོ། །དབུགས་ཕྱིར་མཐོན་པར་སྤས་ན། རྨོངས་ཏེ་བདག་གི་དྲུང་དུ་རླུང་གི་ཤུགས་ཀྱིས་འོང་བར་འགྱུར་རོ། །བྱའི་མིང་སྤེལ་གྲོ་གར་བྲི། །མཉེས་ནས་སྦྱིན་སྲེག་བྱས་པ་ཡི། །ཐལ་བ་དེ་ཉིད་བཟུང་ནས་སུ། །བསྒྲུབ་པར་བྱ་བའི་གཟུགས་བྱས་ཏེ། །སྙིང་ཁར་འཕྲུལ་འཁོར་བྱས་ནས་ནི། །ཟློས་བཞིན་དུ་ནི་མེར་གདུངས་ན། །བརྒྱལ་ཞིང་སེམས་དང་བྲལ་འགྱུར་ལ། །རྨོངས་ཤིང་རབ་ཏུ་མྱོས་ནས་ནི། །རླུང་གི་ཤུགས་ཀྱིས་འོང་བར་འགྱུར། །འདི་རྩ་རྒྱུད་ལེའུ་ཞེ་ལྔ་པར། །དེ་ནས་སྐྱེ་གནས་རྒྱ་བཅིངས་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །སོགས་ཀྱིས་གསུངས་ལ་རྡོ་རྗེ་མཁའ་འགྲོར་རྒྱས་པས་དེ་བཤད་དོ། །ཉེ་སྙིང་གི་འཕྲུལ་འཁོར། རྩ་རྒྱུད་ལས། ཡི་གེ་བདུན་པའི་ཆོ་ག་ཡིས། །རྣལ་འབྱོར་མ་དྲུག་རྣམ་པར་འགོད། །འཁོར་ལོ་ལེགས་པར་གནས་པ་དྲུག །རྣམ་པ་དེ་ལྟའི་ཆོ་ག་ཡིས། །གཡོན་པ་ཉིད་དུ་བསྐུལ་དང་བཅས། སོགས་གསུངས་ལ། དེ་རྒྱས་པར་རྡོ་རྗེ་མཁའ་འགྲོ་ལས། དེ་༼༣ན༥༽ནས་བཅོམ་ལྡན་ཀུན་མཁྱེན་པས། །ཡེ་ཤེས་མངོན་པར་ཤེས་པ་ཡིས། །འཁོར་ལོ་ཞེས་བྱ་བཀའ་སྩལ་བ། །གེ་སར་ལྟེ་བར་ལྡན་པ་ཡི། །པདྨ་འདབ་མ་དྲུག་པ་བྲི། །ཟླ་བ་བཟང་པོས་ཉེ་བར་བརྒྱན། །རྡོ་རྗེ་འཕྲེང་བས་རྣམ་པར་ཀླུབས། །དེ་ནི་ཕྱི་ལྟེ་བ། དེའི་ཕྱིར་རྩིབས་དྲུག །དེའི་ཕྱིར་པད་འདབ་དྲུག །རྡོར་ར་འོད། རོལ་འཁོར་ལོ་སྟེ། སྟོན་ཀའི་ཟླ་ལྟར་དྲི་མ་མེད། །ཡི་གེའི་མཆོག་ནི་རྣམ་པར་དྲུག །ལྷ་མོ་ཆེན་པོ་ཕྲན་པ་གཅིག །ཧཱུཾ། བདུད་ཐམས་ཅད་ཀྱི་ལས་འཇོམས་པར་བྱེད་པ། འཁོར་ལོའི་རྒྱལ་པོ་ཞེས་བྱ་བའོ། །ཙན་དན་དཀར་ཧཱུཾ་དང་རོ་ཅན། གྲོ་ག་ལ་ནི་བྲིས་ནས་ནི། །འཁོར་ལོ་ལག་པ་གཡོན་པར་བཅངས། །འཁོར་ལོ་འདི་ནི་ལྷ་མོ་ཆེ། །ལས་ཀྱི་འོད་ཀྱིས་བརྒྱན་པ་ཡིན། །དེ་ནས་བསྒྲུབ་བྱ་ཉིད་དབུས་སུ། །བསམས་ཏེ་སྟོང་དུ་བཟླས་ན་ནི། གང་ལ་ལག་པ་དེ་བསྟན། །དེ་ནི་ངེས་པར་འགུགས་པར་འགྱུར། །ཡི་གེ་ཤེལ་གྱི་རྣམ་པ་ལྟར། །བསམས་ཏེ་ནད་ཀྱིས་གདུངས་ལ་བསྟན། །མཐོང་བ་ཙམ་གྱི་མོད་ལ་ནི། །ནད་རྣམས་ཀུན་ལས་རྣམ་གྲོལ་བར། །འགྱུར་བ་ཉིད་དུ་ཐེ་ཚོམ་མེད། །ལག་པ་གཡོན་པར་འཁོར་ལོ་འདི། །ཟླ་བའི་དབུས་སུ་རྣམ་བཀོད་ན། །སྟོན་ཀ་ཡི་ནི་ཟླ་ལྟར་འགྱུར། །འཁོར་ལོ་འདི་ནི་ལྷ་མོ་ཆེ། །ལས་ཀྱི་འོད་ཀྱིས་རབ་བརྒྱན་ན། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །དུར་ཁྲོད་རས་སམ་ཐོད་པའམ། །ཨརྒྷ་ཡི་ནི་འདབ་མ་ལ། །སྔར་བསྟན་པ་ཡི་སོལ་བ་དང་། །སྐྱེས་པའི་ཁྲག་གི་སྣག་ཚས་ནི། །སྒྲུབ་པོས་མིང་རུས་སྨྱུ་གུས་བྲི། །ཉི་མའི་དབུས་ཀྱང་ཁྲོ་སེམས་ཀྱིས། །གཟུགས་བརྙན་བྱས་ལ་བསྒྲུབ་བྱ་ཡི། །དབུས་སུ་དེ་ནི་བཅུག་ནས་སུ། །སྐྱེ་ཚེ་ཡིས་ནི་བྱུག་ནས་ནི། །ཡང་དང་ཡང་དུ་བསྲོ་བར་བྱ། །སྔགས་ཀྱི་རྒྱལ་པོ་བསྐུལ་བ་ཡིས། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །འདི་ཡིས་ནད་རྣམས་ཐམས་ཅད་ནི། །འཕེལ་དར་དེ་བཞིན་སྐྱེད་བྱེད་པའོ། །རིམས་ལ་ཡི་དགས་སྙིང་ཁར་ནི། །འགའ་རེ་ཡི་༼༣བ༦༽དགས་ཀླད་པ་སྟེ། །བརྗེད་བྱེད་རླུང་དང་སྤྲིན་ལ་བྲི། །གཟེར་བར་བྱ་བ་གདུང་ལས་ཏེ། །དུག་དང་མཛེ་ནད་ལྟོ་འཕྱེ་ལ། །གདོན་ལ་གདོན་གྱི་མཚན་མར་བྲི། །མདོར་བསྡུས་ནས་ནི་འཁོར་ལོ་འགོད། །ཤེལ་དང་ཟླ་བའི་མདོག་འདྲ་བའི། །ཡི་གེ་བདུད་རྩིའི་རྒྱུན་འབབ་པ། །སྟོན་ཀའི་ཟླ་ཟེར་ལྟ་བུར་ནི། །བསམ་གཏན་བསམས་པ་ཙམ་གྱིས་ནི། །འཆི་བའང་ངེས་པར་སློང་བར་བྱེད། །སྦྲུལ་ཆེན་རྒྱ་ཡིས་ཟིན་ནས་ནི། །འཆི་བའང་མྱུར་དུ་སློང་བར་བྱེད། །དུག་གིས་བརྒྱལ་བར་གྱུར་པ་དག །བསྟན་པ་ཙམ་གྱིས་སློང་བར་འགྱུར། །རིམས་དང་གདོན་དང་རྗེད་བྱེད་དང་། །ལག་པ་མཐོང་བས་རླག་པར་བྱེད། །གྲིབ་མ་ལའང་མི་འགོད་ན། །དེ་ཡི་ལུས་ལྟ་སྨོས་ཅི་དགོས། །ཟངས་མི་ཡིན་འདབ་མ་ལའམ། ལག་པ་གཡོན་པར་འཁོར་ལོ་འདི། །བ་བླང་དང་ནི་ཡུང་བས་བྲིས། །དེ་ནས་ཆུ་ཡི་ནང་བཞག་ལ། །ཇི་ལྟར་འབྱུང་བཞིན་འབད་དེ་མཆོད། །མཚམས་ཀྱི་དུས་སུ་མཉམ་གཞག་པས། །དེ་བཞིན་དུ་ནི་སྔགས་བཟླ་བྱ། །ཆུ་ཡི་ནང་ནས་བཏོན་ནས་སུ། །འོ་མས་བཀྲུས་ལ་རྒྱ་མཚོར་གཞུག །གཡུལ་དུ་ཁུ་ཚུར་བཅིངས་ནས་ནི། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཡིད་ལ་རྟག་ཏུ་ཟློས་བྱེད་ན། །དེ་སྲིད་ཁུ་ཚུར་མ་བཀྲོལ་བ། །མྱུར་དུ་ཐམས་ཅད་རེངས་འགྱུར་ཏེ། །དགྲ་བོ་གལ་ཏེ་ལག་ན་ནི། །མཚོན་ཆ་ཕྱར་ཏེ་ཐོགས་པ་ཡང་། །ཇི་སྲིད་ཁུ་ཚུར་མ་བཀྲོལ་བར། །མཚོན་ཆ་གཏོང་བར་མི་ནུས་སོ། །ཡི་གེ་གཞན་དང་རྣལ་འབྱོར་མ། །དྲུག་གི་ཡི་གེ་འདི་དག་ནི། །འཁོར་ལོ་དྲུག་ལ་གནས་པར་ནི། །ལག་པའི་དབུས་སུ་བཀོད་ནས་སུ། །ཆོ་ག་རིག་པས་བཅང་བར་བྱ། །ཁ་ནས་གསང་སྔགས་རྒྱལ་པོ་ཟློས། །དེ་ཡི་གཟུགས་བསྒྱུར་བཟུང་ནས་ནི། །དེ་ནི་འགུགས་འགྱུར་ཐེ་ཚོམ་མེད། །ཙན་དན་དམར་པོའི་རྡུལ་དང་ནི། །ལན་ཚྭ་སྐེ་ཚེ་དེ་བཞིན་དེ། །བསྒྲུབ་བྱའི་རྐང་རྗེས་རྡུལ་དང་ནི། །གཅིག་ཏུ་བྱས་ནས་བཏགས་པར་བྱ། །ལན་བརྒྱར་བྱས་ཏེ་རབ་བསྒོམས་ན། །ས་བདག་སྐྱེ་བོ་༼༤ན༧༽ནོར་དང་ནི། །བཅས་ཏེ་དབང་དུ་གྱུར་པའམ། །དེ་ནི་འགུགས་པར་ཐེ་ཚོམ་མེད། །སྦྱོར་བ་འདི་ནི་གྲུབ་པ་སྟེ། །གཞན་དག་ཏུ་ནི་ང་མི་སྨྲ། །རྡུལ་དེ་ཉིད་ནི་བཟུང་ནས་སུ། །ལྕགས་ཕྱེ་དང་ནི་བསྲེ་བར་བྱ། །དུར་ཁྲོད་རས་ལ་གཏུམས་ནས་སུ། །ལན་བདུན་དུ་ནི་བཟླས་པར་བྱ། །ལམ་གྱི་བཞི་མདོར་སོར་བརྒྱད་ཙམ། །བརྐོས་ཏེ་དགྲ་ཡི་མིང་ནས་ནི། །གཟུང་ནས་ས་ཡིས་དགབ་པར་བྱ། །གང་གི་མིང་གཟུང་དེ་བཅིངས་འགྱུར། །ཕྱི་མ་དེ་ཉིད་བཟུང་ནས་ནི། །འོ་མ་ཡིས་ནི་འབད་དེ་བཀྲུ། །སླར་ཡང་གྲོལ་འགྱུར་ཐེ་ཚོམ་མེད། །ཕྱི་མ་དེ་ཉིད་བཟུང་ནས་སུ། །སྨྱོ་བྱེད་ལྔ་རྩ་བ་སྡོང་པོ། འདབ་མ། མེ་ཏོག །འབྲས་བུའོ། དང་ལྡན་པར་བྱ། །རོ་ཡི་གོས་ལ་བསྒྲུབ་བྱ་ཡི། །མིང་བྲིས་ནས་ནི་གཏུམ་པར་བྱ། །ལན་བརྒྱ་བཟླས་ཏེ་དུར་ཁྲོད་དུ། །སྦས་ན་སྐྱེས་བུ་འཕྲལ་དུ་ནི། །སྨྱོ་འགྱུར་འདི་ལ་ཐེ་ཚོམ་མེད། །ཕྱུང་ནས་བ་ཡི་འོ་མ་ཡིས། །འབད་དེ་སླར་ཡང་བཀྲུས་ནས་ནི། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་ལ། སྡོམ་འབྱུང་ལས། འཁོར་ལོ་རྩིབས་དྲུག་བྲིས་ནས་ནི། །ཡི་གེ་བདུན་པའི་སྔགས་སྦྱར་ཞིང་། །ཕྱི་རོལ་རྡོ་རྗེའི་འཕྲེང་བས་བསྐོར། །དབུས་སུ་མིང་ནི་རྣམ་སྤེལ་བའོ། །ཞེས་ཕྱིའི་པདྨ་མེད་པ་གཅིག་གསུངས་པ་རྒྱས་བསྡུས་སུ་བཞེད། འདི་ཀས་ལས་ཐམས་ཅད་བསྒྲུབ་པ་དང་ཞི་རྒྱས་དབང་ངམ་དྲག་པོའི་ཏིང་ངེ་འཛིན་སོགས་བཤད་པས་དེ་ནི་སྤྱི་ལ་འཇུག་པས་འོག་ཏུ་སྟོན་ནོ། །ཡུམ་གྱི་སྙིང་པོའི་འཕྲུལ་འཁོར་ནི། །རྡོ་རྗེ་མཁའ་འགྲོ་ལས། མཁའ་འགྲོ་མ་ཡི་སྙིང་པོའི་སྔགས། དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས། ནམ་མཁའི་དབྱིངས་གྱུར་ས་བོན་ནི། ཀུན་ཏུ་འོད་ཟེར་རབ་འཕྲོ་བ། །སྟོན་ཀའི་ཟླ་གསལ་དྲི་མེད་པའི། །འཁོར་ལོ་རྩིབས་ནི་བཅུ་གཉིས་ལྟེ་བ། རྩིབས་བཅུ་གཉིས་འོད་འཕྲེང་། བྱ། །རྩིབས་དེ་རྣམས་ལ་ས་བོན་གྱི། །ཡི་གེ་མཆོག་ཏུ་ཕན་པ་དགོད། །དེ་ཡི་ལྟེ་བར་འགོད་བྱ་བ། །རིག་ཨོཾ་སརྦ་བུདྡྷ་སོགས་སྙིང་པོ། པ་ཆེན་མོའི་ཡི་གེ་ཆེ། །༼༤བ༨༽བསྲུང་བ་རྡོ་རྗེའི་མཆོག་རིག་པས། །མཁའ་འགྲོ་མ་ཀུན་གོ་ཆ་བྱ། །སྔགས་ཀྱི་རྒྱལ་པོ་བསྐུལ་བ་ཡི། །དབུས་སུ་བསྒྲུབ་བྱའི་མིང་བྲི་བྱ། །རྣམ་པའི་མཆོག་ཀུན་ལྡན་པ་རུ། །སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ། །གུར་གུམ་དང་ནི་རོ་ཙ་ནས། །གྲོ་ག་དང་ནི་ངས་དཀར་ལ། །སྙིང་སྟོབས་ཅན་གྱིས་བྲི་བར་བྱ། །ལས་ཀྱི་ཆོ་ག་མཐོང་བ་ཡི། །སྒྲུབ་པ་པོ་ཡིས་སྔར་བསྟན་བཞིན། །གདུག་པ་རྣམས་ན་ཚིར་གཅོད་བྱེད། །ཉེ་སྙིང་གི་འཕྲུལ་འཁོར་ནི། །མཁའ་དབྱིངས་དབུས་གྱུར་བསམས་པ་ནི། །ཟླ་བའི་ལྟེ་བར་པད་འདབ་བརྒྱད། རྡོ་རྗེ་ཁ་དྲུག་འོད་འཕྲེང་། གོ་ཆའི་ལྷ་མོ། དཀྱིལ་འཁོར་དམ་པ་སྟེ། རྡོ་རྗེ་རྩེ་གསུམ་ཁ་དྲུག་པ། །དེར་ནི་དེ་ནས་བྲི་བར་བྱ། །དེ་དབུས་པདྨ་འདབ་བརྒྱད་པ། །ཤིན་ཏུ་མཛེས་པ་བྲིས་ནས་སུ། །བཻ་རོ་ཙ་ནའི་རིག་པ་ཆེ། །སེམས་ཅན་ཀུན་སྐྱེད་སྡུད་པ་ལྟེ་བར་མིང་སྤལ། མོ། །ཞེས་སོ། །དཔའ་བོའི་གོ་ཆ་འཕྲུལ་འཁོར་ནི། །དེ་ནས་བཅོམ་ལྡན་དེ་བཞིན་གཤེགས། རྡོ་རྗེ་དཔའ་བོའི་འཁོར་ལོར་གསུངས། །ཟླ་བའི་དབུས་གྱུར་རྡོ་རྗེ་ནི། །རྩེ་གསུམ་དེ་བཞིན་ཁ་དྲུག་པ། ཨོཾ། ན་མཿབྷ། བཽཥ་ཊ། ཕཊ་ཧཾ། སླར་ཡང་ལྟ་བ་འདབ་དྲུག །མུ་ཁྱུད། རྡོ་རྗེ་ཁ་དྲུག་འོད་འཕྲེང་དང་བཅས། ཟླ་བར་པདྨ་ནི། འདབ་དྲུག་ལེགས་པར་གནས་པར་བྲི། །དེ་ཡི་དབུས་སུ་ས་བོན་ནི། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པ། །སྔགས་པས་ལྟེ་བར་བྲི་བྱ་བ། །བསྒྲུབ་བྱའི་མིང་དང་སྤེལ་བར་བྱ། །རྡོ་རྗེ་སེམས་སོགས་ལྷ་རྣམས་ནི། །ཐམས་ཅད་སྣ་ཚོགས་བླ་ན་མེད། །སངས་རྒྱས་ཀུན་གྱི་གོ་ཆ་སྟེ། །མཛེས་མའི་གདོང་ཅན་ཁྱོད་ལ་བཤད། །དེ་ནས་ལྔ་པའི་ཧོ་ཧོ་ཧོ་ཧེ་ཧ། གསང་སྔགས་བྲི། །པདྨ་འདབ་མར་དེ་བཞིན་གཞན། །རིང་པོ་དྲུག་ནི་ཡོངས་ཧ་ཧི་ཧུ་ཧེ་ཧོ་ཧཾ། སྤོངས་དང་། །རྡོ་རྗེ་ཡི་ནི་ལྟེ་བར་བྲི། །གུར་ཀུམ་སེན་རྩིར། ཁྲག་དང་། རོ་ཙ་ན་ཡིས་གྲོ་ག་ལ། །ཆོ་ག་བཞིན་དུ་བྲིས་ནས་ནི། དུས་གསུམ་དུ་ནི་བཟླས་བྱས་ལ། །མཆོད་རྟེན་བྱས་ནས་བཟུང་བར་བྱ། །ལན་བདུན་དུ་ནི་མངོན་བཟླས་ཏེ། །གོས་ཀྱི་ཐ་མར་བཅིང་བར་བྱ། །ལམ་དུ་འགྲོ་ན་༼༥ན༩༽ཆོམ་རྐུན་དང་། །སྟག་སོགས་འཇིགས་པར་མི་འགྱུར་རོ། །ཐམས་ཅད་དུ་ནི་བསྲུང་འགྱུར་བ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ལྟེ་བ་དེར་ནི་ཐིག་ལེ་ཡིས། །བསྐོར་བའི་ཐིག་ལེ་དག་ཀྱང་བྱ། །ཨ་རི་ཙ་ཏ་ཀ་བཅུད་དེ། །ཡུང་བ་དག་གིས་ཁྱད་པར་དུ། །ཨ་ཤོ་ཀ་ཡི་མྱུ་གུ་ཡིས། །དཔའ་བོ་ཡི་ནི་རས་མར་བྲི། །བསྒྲུབ་བྱའི་མིང་དང་སྤེལ་བ་ཡི། །སྔགས་ནི་སྟོང་དུ་དེ་ནས་བཟླས། །བསྒྲུབ་བྱའི་རྐང་རྗེས་ས་དང་ནི། །གླང་པོ་ཆེ་ཡི་རྐང་རྗེས་རྡུལ། །དུར་ཁྲོད་ཐལ་བར་བཅས་པ་ལས། །སྒྲུབ་པོས་གཟུགས་བརྙན་བྱས་ནས་སུ། །བཅིང་བས་བཅིངས་ནས་དེ་ཡི་ནི། །སྙིང་ག་རུ་ནི་གཞུག་པར་བྱ། །མེ་ཏོག་སེར་པོས་མཆོད་ནས་སུ། །གསང་བའི་གནས་སུ་སྦས་གྱུར་ན། །དགྲ་རྣམས་ཐམས་ཅད་འཆིར་འགྱུར་ཞིང་། །རླག་པར་བྱེད་པ་མི་བཟད་པར། །དཔའ་མོའི་གོ་ཆའི་འཕྲུལ་འཁོར་ནི། །དེ་ནས་ཡང་དག་བཤད་བྱ་བ། །ཟླ་བའི་དབུས་སུ་རྡོ་རྗེ་སྟེ། །དེ་བཞིན་གཞན་ཡང་པདྨའོ། །ཀུན་ནས་རྣམ་པར་སྤོ་བ་ཡི། །མཁའ་འགྲོ་མ་ཡི་ས་བོན་བཀོད། །དབུས་སུ་རྡོ་རྗེ་ཕག་མོ་ནི། །ཨོཾ། ཤིན་ཏུ་དྲག་ཅིང་གསལ་བའི་གཟུགས། །ཡི་གེ་དགོད་པས་དགོད་པར་བྱ། །རིམ་པ་དེ་ལྟར་བརྗོད་པ་ལས། །ཡུམ་གྱི་སྙིང་པོ་དང་ཉེ་སྙིང་གོ་ཆ་གསུམ་ག་ལ་བསྙེག །ཞི་ལ་ཞི་བའི་ཡིད་ཀྱིས་སུ། །རོ་ཙ་ན་ཡིས་གྲོ་གར་བྲི། །མ་མོའི་གནས་དང་དུར་ཁྲོད་དུ། །གོས་ཆེན་དེ་བཞིན་ཁྲོ་དང་བཅས། །ཆགས་པ་ལ་ནི་དམར་པོའི་གོས། །རྒྱས་ལ་གོས་སེར་དེ་བཞིན་ཏེ། །དེ་དང་དེར་ནི་བསྒོམས་བྱས་ན། །ཅི་རིགས་པར་ནི་སྤྲུལ་པར་བྱ། །བུ་མོ་གཞོན་ནུའི་རོ་ཡི་ནི། །གོས་ནི་འབད་དེ་བླངས་ནས་སུ། །ཚེས་བརྒྱད་དང་ནི་བཅུ་བཞི་ལ། །དེ་ཉིད་ལས་བྱུང་སོལ་བ་ཡིས། །སྣ་ཚོགས་རྡོ་རྗེ་ཁ་བཞི་ལ། །སྔགས་དང་སྤེལ་བར་བྲིས་ནས་ནི། །ལན་བདུན་དུ་ནི་བཟླས་ནས་སུ། །གང་གི་ཁྱིམ་དུ་སྦས་གྱུར་ན། །དེ་ནི་གཤིན་རྗེའི་༼༥བ༡༠༽གྲོང་ཁྱེར་དུ། ཉི་མ་བདུན་གྱིས་འགྲོ་བར་འགྱུར། དེ་ཡི་རྐང་པའི་རྐང་སྤུབས་དང་། །བུམ་པ་ལ་སོགས་དག་ཀྱང་རུང་། །རུས་པའི་ཕུར་པའི་སྦུ་གུར་ནི། །འཕྲུལ་འཁོར་འདི་ནི་བཅུག་སྟེ་སྦ། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །འཆི་འགྱུར་འདི་ནི་གདོན་མི་ཟ། །ལས་རྣམས་ཀུན་ལ་སྒྲུབ་པ་པོས། །ཆོ་ག་དང་ནི་ལྡན་པར་བྱ། །རང་གར་གཟུང་བའི་སྔགས་ཀྱིས་ནི། །བསྐལ་པ་བྱ་བ་བརྒྱས་མི་འགྲུབ། །དང་། ཡང་། གང་དང་གང་གི་བསམ་གཏན་གྱིས། །སྒྲུབ་པོས་བཟླས་པ་བརྩམ་པར་བྱ། །སྦྱོར་བ་དེ་དང་དེ་དག་གིས། །འདོད་པའི་འབྲས་བུ་ཐོབ་པར་འགྱུར། །ཇི་ལྟར་ནོར་བུ་དག་ལ་ནི། །རྫས་གང་ལ་བརྟན་གཟུགས་འཛིན་པ། །དེ་བཞིན་རྡོ་རྗེ་མཁའ་འགྲོ་ཡང་། །ཡང་དག་མཆོག་འཛིན་བསམ་གཏན་འགྱུར། །བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ན་ཡང་དག་སྦྱོར། །དེ་དང་དེ་ཡི་དངོས་འགྱུར་ཏོ། །སྣ་ཚོགས་གཟུགས་བརྙན་ནོར་བུ་བཞིན། །ཞེས་གསུངས། རྩ་བའི་སྔགས་ཀྱི་འཕྲུལ་འཁོར་ནི། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་དམ་པ་སྟེ། །འོད་ཟེར་ཚོགས་ནི་གསལ་བའི་གདངས། །འཁོར་ལོའི་འཕྲེང་བས་རྣམ་པར་ཀླུབས། །དེ་དབུས་འཁོར་ལོ་རྩིབས་བརྒྱད་དང་། །པདྨའི་འཕྲོད་པས་ཤིན་ཏུ་མཛེས། །སླར་ཡང་འཁོར་ལོ་བྲི་བར་བྱ། །རྡོ་རྗེའི་འཕྲེང་བ་རྣམ་པར་འཕྲོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །འཁོར་ལོ་དཀྱིལ་ནང་དུ་པད་འདབ་བརྒྱད་གྲི་གུག་འཕྲེང་། ཕྱིར་གྲུ་བཞི་སྒོ་འདི་མོད་པས་། འཁོར་ལྟ་བུ་ཡིན། །ནམ་མཁའ་ཐམས་ཅད་གཡོག་བྱེད་པ། །རང་གི་ལུས་ལས་སྤྲོ་བར་བྱ། །དཀར་དང་དམར་དང་སྔོན་པོ་སྟེ། །ཁ་དོག་མཆོག་གི་བྱེ་བྲག་བྱ། །བྱ་བའི་ཆོ་ག་འདི་ཡིས་ནི། །དཔའ་བོའི་དབང་ཕྱུག་དེ་བཞིན་བྲི། །དབུས་སུ་བསྒྲུབ་པར་བྱ་བའི་མིང་། །ཇི་ལྟར་འདོད་བཞིན་སྦྱར་བར་བྱ། །ཕྱི་རོལ་རྡོ་རྗེའི་འཕྲེང་མིན། །འོད་ཟེར་འབར་བའི་འཕྲེང་འཁྲུག་བྲི། །འདི་ནི་བསྲུང་བ་ཆེན་པོ་སྟེ། །ཐམས་ཅད་བསྲུང་པ་བླ་ན་མེད། །རིམས་དང་ནད་དང་དུག་དང་ནི། །མཁའ་འགྲོ་མ་ཡིས་འཚེ་བ་༼༦ན༡༡༽དང་། གདོན་དང་བདུད་དང་ལོག་འདྲེན་དང་། །གང་ཡང་ལུས་སྲུལ་ལ་སོགས་པས། །གྲིབ་མ་ཡང་ནི་མི་འགོང་ན། །དེ་ཡི་ལུས་ལྟ་སྨོས་ཅི་དགོས། །ཟླ་གཟུགས་ལྟ་བུའི་ཡི་གེ་ལྟ། །ཕྱོགས་བཅུར་རྣམ་པར་བཀྱེ་བར་བྱེད། །དཀར་པོ་ཡིས་ནི་ཞི་འགྱུར་ཏེ། ནག་པོས་སྐད་ཅིག་དག་གིས་གསོད། །དམར་པོ་ཡིས་ནི་དབང་བྱེད་དོ། །དེ་ཉིད་ཀྱིས་ནི་ངེས་པར་འགུགས། །སེར་པོས་ངེས་པར་འཆིང་འགྱུར་ཏེ། །དམག་གི་དཔུང་ནི་འཆིང་བར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་ལས་ཐམས་ཅད་འབྱུང་བ་ཞེས་བྱ་བའི་བསྲུང་བའི་འཁོར་ལོའོ། །ཡང་། རིག་པའི་རྒྱལ་པོ་སྒྲུབ་པའི་ཐབས། འཁོར་ལོ་ཆེན་པོ་རྨད་བྱུང་བ། གདེངས་ཀའི་དབང་ཕྱུག་ཅེས་བྱ་བ། །ཐོས་པ་ཙམ་གྱིས་སྲེག་བྱེད་ན། །མིང་དང་ལྡན་པ་བྲིས་པ་ཡིས། །གདེངས་ཀ་ཐམས་ཅད་སྨོས་ཅི་དགོས། །དབང་ལྡན་ནས་ནི་བརྩམས་ནས་སུ། །ཀླུ་ཆེན་བརྒྱད་གཟུགས། སྙིང་གར་རྐང་པ་བརྒྱད་པ་ཕྲལ་བ་བྲི། རྣམས་ས་བོན་ལས་བྱུང་བ། །རིན་ཆེན་དང་ལྡན་གདེངས་གསུམ་མཐོ། །གཞན་ཡང་ཕྱོགས་བསམ་ཅན། ནི་ཀུན་ཏུ་བསམ། །དེ་ནས་འགྱུར་ནི་འདི་བཞེས་ཏེ། །ཤར་དུ་ཾ་བར་དུ་བྲི། །ནུབ་ཏུ་ཧི་སྟེ་བྱང་དུ་ཧཾ། གཤིན་རྗེར་ཧཱུཾ་ཞེས་བྱ་བ་བྲི། །ཀི་ལི་ཀི་ལི་ཡི་དགས་སུ། །སྲིན་པོར་ཅི་ལི་ཇི་སྙེད་པ། །རླུང་དུ་མི་ལི་མི་རྩིབས་ཀླུ་གཟུགས། །ལི་པྲི། མེ་ཡི་ཕྱོགས་སུ་དྷི་ལི་ཉིད། དང་པོར་རབ་གཏུམ་མ་ནས་ནི། །བརྩོན་ཆེན་མ་ཡི་མཐར་ཐུག་པས། །སྔགས་འདི་དག་ནི་བྱིན་གྱིས་བརླབས། །འཁོར་ལོ་འདི་ནི་སྐལ་ཆེན་ལྡན། །དགྲ་རྣམས་ཀྱི་ནི་གནད་གཅོད་པ། །ཧཱུཾ་ཕཊ་ཅེས་བྱ་སྤེལ་བ་ཡི། །བསྒྲུབ་བདེ་ཡི་དབུས་སུ་བྲི། །ལན་གཅིག་བཟླས་པས་གུ་གུལ་གྱིས། །བདུག་པ་ཉིད་དུ་སྦྱར་བྱས་ལ། །ཀླུ་རྣམས་ཐམས་ཅད་འབེབས་པར་འགྱུར། །ལག་པ་གཡོན་པ་ལ་འཁོར་ལོ་འདི་དངོས་སུའམ་ཡིད་ཀྱིས་བྲིས་ལ། སྔགས་ལན་གཅིག་བཟླས་པས་བྱས་པ་ན། འཆི་བས་དུས་སུ་ཟིན་པ་༼༦བ༡༢༽སློང་བར་བྱེད་དོ། །ཀ་ར་བི་རའི་འདབ་མུའི་ཁུ་བས་ཀ་ར་བི་རའི་སྨྱུ་གུས་བྲིས་ལ། ལན་ཅིག་བཟླས་པས་རེག་ན་མངལ་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ། །དུག་དང་ལན་ཚྭ་དང་། སྐེ་ཚེས་བྲིས་ཏེ་ཁྲོས་ན་གསོད་པར་འགྱུར་རོ། །རོ་བསྲེགས་པའི་མགལ་པས་དྷ་དྷུ་རའི་ཁུ་བས་མེ་བསད་དེ་འབྱུང་པོའི་ཉི་མ་དེ་ཉིད་ཀྱི་འཁོར་ལོར་བྲིས་ཏེ་ལན་གཅིག་བཟླས་པ་དེ་གང་ལ་བསྣུན་ན་དེ་ལྟུང་བར་འགྱུར། པད་ཀོ་ཏའི་སྨྱུ་གུས་སྔགས་ཆོ་ག་སྔ་མ་བཞིན་བྲིས་ལ་ཐལ་བ་ལ་མངོན་པར་བསྔགས་ཏེ། གང་ལ་བསྣུན་པ་དེ་ཤ་ཟས་བཟུང་བར་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བས་ཤིང་ལེབ་བམ་རྩིག་ལོགས་ངོས་ལ་འབྱུང་པོའི་མཚན་མོ་གང་གི་སྙིང་གར་མིང་བྲིས་པ་དེ། གདོན་ཆེན་པོས་བཟུང་བར་འགྱུར་རོ། །བསྒྲུབ་བྱའི་གཟུགས་བྱས་ལ་དེའི་སྙིང་གར་འཕྲུལ་འཁོར་བཅུག་སྟེ་ཞག་བདུན་གྱི་བར་དུ་དྲི་ཆུའི་ནང་དུ་བཞག་ནས་ཨ་ཏི་མུག་ཏའི་ལྕུགས་མ་ལ་ལན་བདུན་བསྔགས་ཏེ། དེ་ལ་བསྣུན་ན་ཞག་བདུན་གྱི་མཐར་རླུང་གི་ཤུགས་ཀྱིས་འོང་བར་འགྱུར་རོ། །འཁོར་ལོ་དེ་ཉིད་བྱེ་བྲག་ཏུ་དུར་ཁྲོད་ཀྱི་རས་ལ་ཕོ་ཉའི་ཁ་དོག་གིས་བྱེ་བྲག་ཏུ་གྱུར་པ་བྲིས་ལ། །ལས་ཀྱི་ཕོ་ཉ་དང་ལྷན་ཅིག་ཏུ་བསྒྲུབ་པར་བྱའོ། །་་་རིབ་རའི་ལྕགས་མ་ཁྲུ་ཕྱེད་དང་གཉིས་ཀྱི་ཚད་དང་ལྡན་པ་ལ། གང་ལ་མངོན་པར་ཕྱོགས་པས་བྲིས་ཏེ་སྔགས་ཁྲི་བཟླས་ནས། རོ་བསྲེགས་པའི་མེ་འབར་བ་ལ་དོར་ཏེ་ཇི་སྲིད་མ་ཚིག་པ་དང་མྱུར་དུ་བླངས་ལ། རིག་པའི་རྒྱལ་པོ་ལན་བདུན་བཟླས་ནས། གང་ཞིག་དྲན་ཏེ་ཀླད་ལ་ཀོར་ན། དེ་དེའི་མོད་ལ་རླུང་གི་ཤུགས་ཀྱིས་འོང་བར་འགྱུར་རོ། །སྐྱེས་པའི་རོའམ་ཁམ་ཕོར་ལ་བ་བླ་དང་ཡུང་བའི་ཁུ་བས་གང་གི་མིང་བྲིས་པ་དེ་དེའི་མོད་ལ་བཅིངས་པར་འགྱུར་རོ། །དུར་ཁྲོད་ཀྱི་རས་སམ། ཟླ་མཚན་གྱི་ར་ས་ལ་ཤིང་ཨ་ཤོ་ཀའི་སྨྱུ་གུས་ཀླུ་རྣམས་སྤངས་པའི་འཁོར་ལོ་འདི་བྲིས་ལ། དེའི་དབུས་སུ་སྔགས་པས་ཆོ་ག་བཞིན། ༼༧ན༡༣༽དུ་ཡི་གེ་ཨེ་དང་སྤེལ་བ་བྲིས་ལ་ཁྲོ་བོའི་ཁྱད་པར་ཐམས་ཅད་དང་ལུས་སྲུལ་པོ་ཐམས་ཅད་བཅིངས་པར་འགྱུར་རོ། །ཐོད་པ་ལ་སྐྱེས་པའི་ཁྲག་གིས་གང་མིང་བྲིས་ལ་སྔགས་པས་ཁྲོ་བ་དང་བཅས་པས་སྔགས་བཟླས་ན་དེའི་ཁྲག་འགུགས་པར་བྱེད་ལ། ཡིད་ཞི་བ་དང་ལྡན་པས་ཞི་བའི་སྔགས་བཟླས་ན་སླར་གཏོང་བར་འགྱུར་རོ། །འཁོར་ལོ་དེ་ཉིད་ཟླ་བས་བརྒྱན་ཅིང་གསལ་བ་གོ་རོ་ཙ་ན་གྲོ་ག་སྐར་མ་རྒྱལ་གྱི་ཉིན་པར་བྲིས་ཏེ་བུད་མེད་གང་གིས་རྟག་ཏུ་བཅིངས་ན་རིག་པའི་རྒྱལ་པོ་དེ་ཉིད་དེའི་ལྟུམས་སུ་འཇུག་པར་འགྱུར་རོ། །འདིར་མཁའ་འགྲོ་མའི་སྔགས་ལ། དེ་ཉིད་ཀྱི་གོང་དུ། མཁའ་འགྲོ་མ་ནི་ཉི་ཤུ་བཞི། དེ་དག་སྔོན་གྱི་གྲུབ་པ་ཡིན། །རང་མིང་བརྗོད་པའི་སྔགས་ལ་ནི། །མཐར་ནི་ཧཱུཾ་ཧཱུཾ་ཕཊ་དང་སྦྱར། ཨོཾ་ནི་ཐམས་ཅད་གསལ་བྱེད་དེ། གྲུབ་སྩོལ་འདོད་པ་ཐམས་ཅད་པ། །ཞེས་གསུངས་པས། མདོ་སྔགས་ཁོ་ན་རིགས་པ་ཡིན་ལ་གྲུབ་ན་ཀ་ར་ཀ་ར་ལ་དེ་སྦྱར་རོ། །ཁམས་གསུམ་རྣམ་རྒྱལ་གྱི་སྔགས་ཀྱི་འཕྲུལ་འཁོར་ལ་རྒྱས་པ་མཁའ་འགྲོ་རྒྱ་མཚོར་བཅུ་གཉིས་གསུངས་པ་ནི། ལྷ་མིན་འཕྲུལ་འཁོར་དྲི་བྱ་སྟེ། གཅིག་དམོན་ལྔ་བཅུའི་དུམ་བུ་ལ། །ཇི་ལྟར་ལྷ་ལྔ་ལ་ལྷ་མོ་ལྔ། རྣམས་ཀྱི་ནི་སྔགས། བསྒྲུབ་བྱའི་མིང་ནང་བཅུག་པ་ཡི། །ཕག་མོ་ཡི་ནི་སྙིང་པོ་ཡང་། །དུམ་བུ་སོ་སོ་ལ་བྲིའོ། །ཕྱི་རོལ་དུ་ནི་སྔགས་ཐུགས་དམ་བསྐུལ། ཀུན་གྱིས། འདི་ནི་རྟག་ཏུ་བསྐོར་བར་བྱ། །གཡུལ་ངོ་ཡི་ནི་རྫས་ཀུན་གྱིས། །དེ་ནི་ལེགས་པར་ཡོངས་བྲིས་ལ། །འཕྲུལ་འཁོར་ལས་ནི་ཐམས་ཅད་པ། །ལྷ་མ་ཕག་མོ། ཡིན་གྱི་ཁར་སྦྱིན་བྱ་དང་། །ཚར་བཅད་རྗེས་གཟུང་ཐམས་ཅད་ནི། །ཆོས་བྱ་ཆོས་ཅན་ཐམས་ཅད་བྱེད། །སྒྲོལ་སོགས་རྣལ་འབྱོར་མ་མཆོག་རྣམས། །རང་དག་གཟུགས་ཅན་ཤེས་བྱ་ཉིད། །འདི་རྣམས་ཀུན་བསྡུས་གཟུགས་ཉིད་པས། །༼༧བ༡༤༽འཁོར་ལོས་བསྒྱུར་མ་སྒོམ་པར་གྱིས། །སྣ་ཚོགས་པ་ཡི་གཟུགས་འཛིན་ཏེ། །དེ་རྣམས་ཀྱིས་ནི་འཁོར་སྒྱུར་མ། །ཨོཾ་ཏཱ་རེ་ཏུཏཱ་རེ་ཏུ་རེ་སྭཱཧཱ། ཨོཾ་ཙུནྡེ་སྭཱཧཱ། ཨོཾ་མ་རི་ཙྱཻ་སྭཱཧཱ། ཨོཾ་བྷྀ་ཀུ་ཊི་སྭཱཧཱ། ཨོཾ་པརྞ་ཤ་ཝ་རི་སྭཱཧཱ། དེ་ལྟར་ཀུན་གྱི་འཕྲུལ་འཁོར་ཀྱང་། །སྔགས་ཀྱི་ཡི་གེ་རྣམས་ཀྱིས་བྱ། །དང་པོའོ། །གྲུ་བཞི་ཟླུམ་པོ་སྒོ་བཞི། དང་སུམ་རིལ། བཅས་པའི། །བྱང་ཆུབ་འཕྲུལ་འཁོར་རྟག་བྲི་སྟེ། །བཞི་བཅུ་རྩ་དགུ་ལ། །གསང་སྔགས་བཞི་པོ་ཡང་དག་པར། །དུམ་བུ་རེ་རེར་བྲི་བར་བྱ། །དུམ་བུ་ལྔ་རུ་བསྒྲུབ་བྱ་སྟེ། །གྷ་ཕུར་སྔགས། གྷ་ལ་སོགས་ནང་བཅུག་པ། །བྱང་ཆུབ་སེམས་དཔའི་སྤྱན་རས་གཟིགས། ཕྱི་རོལ། །ཕྱག་ཏུ་ནི། གྷིང་འམ་ནི་ཡང་ན་ནི། གི་ཧཾ་ཆེན་པོས་བྲི་བར་བྱ། གྲོ་གར་འཕྲུལ་འཁོར་ཐམས་ཅད་ནི། ལས་ཀྱི་ཁྱད་པར་གྱིས་བྲིས་ཏེ། །གཡུལ་ངོ་ཆེན་པོའི་རས་ལ་ནི། །ལས་ཐམས་ཅད་པ་ནི་བྱ་བ་ཡིན། །གཉིས་པའོ། །རྡོ་རྗེའི་འཕྲུལ་འཁོར་རབ་བྱ་སྟེ། །དེ་ནས་གཅིག་གིས་དམན་ལྔ་བཅུ། །རེ་མིག་ས་ལ་བཞག་པར་བྱ། །སྔགས་པས་གནོད་མཛེས་རྒྱལ་བའི་སྔགས། །དེ་ལ་ཐོག་མར་སྣང་མཛད་ནས། །བཞི་བཅུ་གཉིས་པར་ཧཱུཾ་སྦྱིན་བྱ། །རྡོ་རྗེའི་འཕྲུལ་འཁོར་བསྡུས་པའོ། །དུམ་བུ་བཅུ་གཉིས་རྣམས་ལ་ནི། །བསྒྲུབ་པར་བྱ་བའི་མིང་གཞུག་བྱ། །ཧཱུཾ་ཡིག་དུམ་བུ་ཐམས་ཅད་ཀྱིས། །བསྒྲུབ་བྱ་རྣམས་ནི་དབུས་སུ་སྦྱིན། །རྩ་བའི་སྔགས་ཀྱིས་ཡོངས་སུ་བསྐོར། །རྡོ་རྗེ་ཡི་ནི་འཕྲེང་བ་བྱ། །འཁོར་ལོ་ཟུད་ནི་བྲི་བྱ་སྟེ། །དབང་ལ་ཁམ་ཕོར་ས་སྟོང་པའི། །མཐིལ་ལ། འཕྲུལ་འཁོར་རྡོ་རྗེ་ལས་བྱུང་བ། །དབང་གི་རྫས་མིང་གི་སྔོན་མཐར། །ཀྱིས་ཡང་དག་བྲི། སངས་རྒྱས་རྡོ་རྗེ་འཆང་བ་ཡང་། །ཕྱི་རོལ། །དེ་ཚེ་མྱུར་དུ་འབྱོན་པར་འགྱུར། །བདུད་རྩི་ལྔ་རྣམས་ཕབ་པ་ལས། །དམ་ཚིག་དེ་ནི་བྱ་བ་ཡིན། །གསུམ་པའོ། །འཕྲུལ་འཁོར་རྟའི་འགྲོས་དེ་བཞིན། །རབ་ཏུ་དགའ་བའི་སྦྱོར་བས་ཞུགས། །དང་། འཁོར་ལོ་སྔོན་མའི་གཟུགས་ཅ་ནི། །བྱས་ནས་གསང་སྔགས་འདི་བཀོད་བྱ། །ནས། བཞི་༼༨ན༡༥༽བཅུ་རྩ་དགུ་པ་ལའོ། །ལྷག་མ་ལ་ནི་སྔགས་བྲི། སྟོང་གྲྭའི། པ་བཞི་རུ་བསྒྲུབ་བྱའོ། །ཀུན་ནས་ཡོངས་སུ་འཁོར་བར་ནི། །སྔགས་མཐའ་སྐོར་དུ། པས་རྟ་མགྲིན་བྲི་བར་བྱ། །གཉིས་པ་གཡོན་དུ་བསྐོར་བ་སྟེང་། །འཕྲུལ་འཁོར་ཁ་སྦྱར་འཕྲུལ་འཁོར་བྱ། །དང་། ཀླུ་དགུག་པ་དང་དབང་དང་ནི། །ལྷ་ལ་སོགས་པ་བསད་པ་ཡིན། །བཞི་པའོ། །སུམ་ཅུ་རྩ་བདུན་བདག་ཉིད་དགུག །གསོད་པའི་ལས་ལ་བརྩོན་པར་བྱ། །གང་གང་གསོད་པའི་ལས་རྣམས་ཀྱིས། །བླ་མ་གསོད་པར་བྱེད་པར་འགྱུར། །བསྟན་པ་ལ་ནི་གནོད་བྱེད་པ། །དེ་བཞིན་མཚམས་མེད་ལྔ་བྱེད་ལ། །དུག་དང་ཀེ་ཚེ་ལན་ཚ་དང་། དུ་ར་དུར་ཁྲོད་སློལ་བ་དང་། །རང་གི་སྡིགས་མཛུབ་ཁྲག་གིས་ནི། །འཁོར་ལོ་འབད་པས་བྲི་བར་བྱ། །གཤིན་རྗེའི་འཕྲུལ་འཁོར་རྟག་ཏུ་དེའི། བྱེད་འགྱུར་གཞན་གྱི་མ་ཡིན་ནོ། །སྔོན་བཤད་རེ་མིག་ཤེས་བྱ་ལ། །ནས། བཞི་བཅུ་རྩ་དགུ་པ་ལའོ། །ལྷག་མ་རྣམས་ལ་གོ་ཆའི་སྔགས། བསྒྲུབ་བྱའི་མིང་ནི་ནང་བཅུག་ལ། །གཤིན་རྗེའི་གདོན་ནི་སྟེང་གདོང་། གྲ་ཀུན་ཏུ། །ལག་པ་རྐང་པ་ཕྱོགས་སུ་བཀོད། །སྙིང་ག་གཤིན་རྗེའི་ས་གཞི་ཡིན། །དེ་ཡི་དབུས་སུ་བསྒོམ་དུར་ཁྲོད་དུ་སྦ། པར་བྱ། །ལྔ་པའོ། །ཇི་ལྟ་བ་ནི་སྔོན་གྱི་བཞིན། འཕྲུལ་འཁོར་འཁོར་ལོ་བཤད་པར་བྱ། །ཡི་དགས་འཁོར་ལོ་རྟག་ཏུ་ནི། །སྔགས་ཀྱི་འཕྲེང་བ་འདི་འགོད་བྱ། །ནས། བཞི་བཅུ་རྩ་དགུ་པ་ལ་ཕཊ། སྟོང་པར་སྙིང་ཡབ་ཀྱི། པོ་ཡི་ནི་སྔགས། བསྒྲུབ་བྱའི་མིང་ནང་བཅུག་པའོ། །ཁ་ཡི་འཕྲུལ་འཁོར་ལ་འཛིན་པའི། །ཐམས་ཅད་དུ་ནི་ཡི་དགས་བྲི། །དུར་ཁྲོད་ཀྱི་རས་ལའོ། །ཁ་སྦྱར་རྣམ་པར་སྦྱར་བ་ཡིན། །དྲུག་པའོ། །ཡུང་བ་རྒྱ་སྐྱེགས་བསྲེས་པ་ཡི། །འཁོར་ལོ་ཐོད་པ་ལ་བྲི་བྱ། །དང་། གཅིག་གིས་དམན་པའི་ལྔ་བཅུའི་བདག །ནས། གཅིག་དམན་ལྔ་བཅུ་པར་། དེ་ལྟར་འཕྲུལ་འཁོར་འཁོར་ལོ་ནི། མགྲིན་དབུས་སུ་ཉེ་སྙིང་མིང་སྤེལ། པ་ལས་སྐྱེས་རྟག་འགོད་བྱ།རི་རྩ་ར་སྦ། ༼༨བ༡༦༽རེངས་པ་ཐམས་ཅད་ལུས་ཆེན་ལས། སྲོག་ནི་རྡོ་རྗེའི་རང་བཞིན་ཚེ། །སྦྱོར་བ་བྱས་པས་གང་དེ་ལྟར། །སེམས་ཅན་གནོད་བྱེད་རེངས་པའོ། །བདུན་པའོ། །བསྐྲད་པའི་ལས་ནི་བསྒྲུབ་པར་བྱ། །དང་། འཕྲུལ་འཁོར་སྔོན་བདག་ཉིད་དངོས་ནས། མྦྷ་ཡིག་བཞི་བཅུ་དགུ་པར་ཏེ། འཕྲུལ་འཁོར་སྟག་གམ། རོ་ལངས་སུ་གཞུག་བྱ། །ལི་ཚེ་ལྔ་རུ་བསྒྲུབ་བྱའི་སྤེལ་དང་བཅས་པ། མིང་། །རྣལ་འབྱོར་མ་དྲུག་གོ་ཆེའི་མཁར། ཆར་བཅས།བྱ་རོག་ག་ཚིང་དུ་སྦ་བའམ་ཆུ་བོ་ལ་བསྐྱུར། །བརྒྱད་པའོ། །སྡང་བྱེད་འཕྲུལ་འཁོར་དེ་བཞིན་དུ། །དང་། དུར་ཁྲོད་གསོལ་བའི་སྣག་ཚ་ཡིས། །མི་ཡི་རུས་པས་བྲི་བར་བྱ། །ནས། འཕྲུལ་འཁོར་ཆེན་པོའི་ཆེན་པོའོ། །དབུས་ཀྱི་དུམ་བུ་ལྔ་རྣམས་དང་། དེ་བཞིན་དུ་ནི་སྒོ་བཞི་རུ། །བསྒྲུབ་བྱའི་མིང་ནང་བཅུག་པ་ཡི། །རྐང་པ་བརྒྱད་པའི་སྔགས་བཅས་པས། །རོ་ལངས་འཐབ་པར་འགྱུར་བ་ནི། །མཁས་པ་ཡིས་ནི་གཟུང་བྱ་སྟེ། །དེ་དག་ལྟོ་བར་འཕྲུལ་འཁོར་ཏེ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དགུ་པའོ། །སྲིན་པོའི་རྣམ་པའི་འཕྲུལ་འཁོར་ཏེ། །དང་། ལྐུགས་པའི་རྣམ་ཤེས་བསྒྲུབ་པར་བྱ། །སྔོན་གྱི་འཕྲུལ་འཁོར་བྲིས་ནས་ནི། །ནས། ཐམས་ཅད་ཇི་ལྟའི་རིམ་པའོ། །དུམ་བུ་དབུས་མར་བསྒྲུབ་བྱའི་མིང་། །ཀ་ར་ཀ་ར་སོགས་ནང་བཅུག །ཐམས་ཅད་བསྡུས་ནས་ཤེས་བྱས་ལ། །ལྐུགས་པར་བཅིངས་པར་བྱ་བ་ནི། །བྱི་བའི་སྟེང་དུ་འགྲོ་བས་བསྐོར། །འཁོར་ལོ་གླང་རྨིག་བཅས་པར་སྦ། །བཅུ་པའོ། །ལྷ་ཡི་འཁོར་ལོ་རྫུ་འཕྲུལ་ཆེར། །དང་། དུམ་བུ་བཞི་བཅུ་རྩ་དགུ་རུ། །སྔགས་ཀྱི་འཕྲེང་བ་འདི་འགོད་བྱ། །དུམ་དབུས་ཕྱི་རོལ་བརྒྱད་རྣམས་སུ། །ཕྱོགས་མཚམས་ཇི་ལྟའི་རིམ་པ་ཡིས། །རྣམ་པར་སྣང་མཛད་ས་བོན་བཞི། །ཧཱུཾ་གི་ཡི་གེ་བཞི་རྣམས་སོ། །དེ་ཕྱིར་དུམ་བུ་བཅུ་དྲུག་ཏུ། །ཕྱོགས་མཚམས་རིམ་པ་ཇི་ལྟ་བས། །ཧཱུཾ་ཡིག་བརྒྱད་ནི་འགོད་བྱ་ཞིང་། །དེ་ནས་༼༩ན༡༧༽གྲྀ་གྲྀའི་ཚིག །ནས། ཕཊ་ཡིག་དེ་ནས་བྲི་བར་བྱ། དབུས་མའི་དུམ་བུར་བསྒྲུབ་བྱ་ནི། གནོད་མིང་། མཛེས་སྔགས་ཀྱི་ནང་བཅུག་པ། ལྷ་ཡི་གཟུགས་ཀྱི་ཁར་གུར་ཀུམ་གི་ཝ་ང་ཙན་དན་ཁུ་བས། བྲི་བྱ། །དེ་ལྟར་ལྷ་ཡི་འཁོར་ལོ་ནི། ལིང་གའི་གནས་སུ་བཞག་པར་བྱ། །བཅུ་གཅིག་པའོ། །འཕྲུལ་འཁོར་འཁོར་ལོ་ལི་ཚེ་ནི། རེ་མིག་དམན་པ་ལྔ་བཅུ་སྟེ། ཁ་ཆེས་ཡང་དག་བྲི་བྱས་ནས། །གསང་སྔགས་འདྲེང་བ་འདི་འགོད་བྱ། །ལུགས་ལས་བཟློག་པའི་གནོད་མཛེས་སྔགས། །ཇི་ལྟའི་རིམ་པས་དགོད་པར་བྱ། །དེ་ཕྱི་མེ་ཡི་གཟུགས་བྱས་ནས། སླར་ཡང་ཟླུམ་པོ་སྦྱིན་པར་བྱ། །དེ་ལ་རྩ་བའི་སྔགས་བྲིས་ནས། །བསྒྲུབ་བྱའི་མིང་ནི་ནང་བཅུག་པ། །དབུས་ཀྱི་དུམ་བུར་བསྒྲུབ་བྱ་ནི། །དེ་ཡི་སྔགས་ཀྱི་ནང་བཅུག་པ། །གྲོ་ག་སོགས་སུ་སྔགས་པས་བྲི། །བཅུ་གཉིས་པའོ། །འབྲིང་པོ་རྡོ་རྗེ་མཁའ་འགྲོ་ལས་སྔགས་འགོད་ལུགས་བཞིར་བསྡུས་མིང་སྤེལ་ཚིག་བསྒྱུར་བས་ལས་བཅུ་གཉིས་བཤད་དེ། རིགས་ལྡན་དང་ནི་རྟ་ཡི་འགྲོས། །གཤིན་རྗེ་ཡི་དགས་དེ་བཞིན་དུ། །གཞན་ཡང་རོ་ལངས་ཟུང་དང་ནི། །སྲིན་པོ་ཡི་ནི་ཁྱད་པར་གྱིས། །དེ་ནས་རིམ་དང་ཕྱི་རོལ་རིམ། །ངེས་འཇོམས་སྒོ་དང་སྟོད་པ་དང་། །གྲྭ་ཡི་མཐར་ནི་རྡོ་རྗེ་ལྡན། །འཕྲུལ་འཁོར་ཆེན་པོ་བཅུ་གཉིས་ནི། །སྔགས་ཀྱི་འཕྲེང་བས་ཁྱད་པར་བྱས། །རིམ་པ་འདི་བཞིན་བརྗེད་པ་ཡིན། །གྲུ་བཞི་ཤིན་ཏུ་ཚད་ལྡན་ཞིང་། །རེ་མིག་བཞི་བཅུ་དགུང་ལྡན་པ། །སྔགས་པས་མཉམ་པར་གཞག་སྟེ་བྱ། །ཞེས་སོ། །དེ་ཡང་། སྔགས་ཀྱི་རྒྱལ་པོ་དེ་ནས་འགོད། །འགུགས་པ་རྨི་ལམ་ཟླ་ཕྱེད་ལྡན། །ནས། ལྷོ་ཡི་མཐའ་ཡི་སྟན་བཞུགས་པ། བཞི་བཅུ་རྩ་དགུ་པ་ལ་འགོད། དགྲ་རྣམས་ཐམས་ཅད་བཅིངས་པ་དང་། ཁྱད་པར་གྱིས་ཞེས་བྷ་བ་བྷ་དྲ་ཞི་བ་སོགས་ཀྱང་འགྲུབ་པར་དང་། ནཱ་རོ་ཏ་པ་དགུག་དབང་དབྱེ་གསུམ་ཡང་། ནི་རྨོངས་པ་དང་། །སྒྲོལ་བའི་ཆོ་གའི་སྦྱོར་བ་འདི། །བཞིན་མཛེས་མ་ནི་ཁྱོད་ལ་བཤད། །དང་པོའོ། །སླར་ཡང་རེ་མིག་དང་པོ་ལ། །འབུགས་པ་རྨི་ལམ་ཟླ་བ་ཡིས། །ནས། བཞི་བཅུ་དགུ་ལ་གནས་པར་ཡང་། །འབུགས་པ་རྨི་ལམ་ཟླ་བས་བརྒྱན། །༼༩བ༡༨༽འདི་ནི་རྣལ་འབྱོར་ལྡན་པ་ཡིས། །རྨུགས་ནཱ་རོ་པ་རེངས་འོན་ལོང་འགྲུབ་གསུངས། དང་དེ་བཞིན་ལྟུང་བ་དག །སྔགས་ཀྱི་རྒྱལ་པོས་བསྐུལ་བ་ན། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །རྨུགས་པར་བྱེད་དང་གནོད་པ་དག །ལྷ་མོ་ཁྱོད་ལ་བཤད་པ་སྟེ། །མ་ཀ་རར་ནི་དྲི་མ་མོད། །རྨི་ལམ་ཟླ་བར་ཡང་དག་ལྡན། །རྡོ་རྗེ་ཡི་ནི་སྟེང་ན་གནས། །འབར་བའི་ཕྲེང་བས་བརྒྱན་པ་སྟེ། །ཕྱོགས་ཀུན་ཏུ་ནི་རྣམ་འཕྲོ་བར། །བསྒོམས་ནས་དེ་ཡི་དབུས་སུ་ནི། །ཇི་ལྟར་འབྱུང་བཞིན་བསྒྲུབ་བྱའི་མིང་། །སྔགས་པས་དེ་ནི་སྤངས་ནས་སུ། །ཕཊ་ཀྱི་གནས་སུ་སྦྱར་བར་བྱ། །རེ་མིག་དེ་དག་དབུས་སུ་ནི། །མྱོས་པར་འགྱུར་བའི་བསྒྲུབ་བྱ་སྟེ། །བསྒྲུབ་པ་པོ་ཡིས་འདི་རུ་བཞག །ཡེ་ཤེས་རྡོ་རྗེས་གཞོམ་པར་བྱ། །གྲིབ་མའམ་ནི་བརླག་པར་བསམ། དཔའ་བོས་འཕྲལ་གྱི་བུམ་པའམ། །བྲམ་ཟེའི་བུམ་པ་སྐམ་པོར་ནི། །འཁོར་ལོ་གཉིས་ནི་བཅུག་ནས་སུ། །ཆོ་ག་བཞིན་དུ་བྲི་བྱ་སྟེ། །འབྱུང་པོ་ཀུན་ལ་གཏོར་མ་སྦྱིན། །སྒྲུབ་པོས་དེ་ལྟར་བྱས་ནས་ནི། །ཕྱི་ནས་ལས་འདི་བརྩམས་བྱས་ན། །རྡོ་རྗེ་ཐུགས་ཀྱི་བཀའ་བཞིན་དུ། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །གཉིས་པའོ། །སླར་ཡང་རེ་མིག་དང་པོ་ལ། །འབུགས་པ་རྨི་ལམ་ཟླ་བས་བརྒྱན། །ནས། མཛེས་པ་མཆོག་ཏུ་གནས་པར་འགོད། །ལྷ་མོ་འདི་ནི་སྡང་གྱུར་ནས། །ཁྱད་པར་དུ་ནི་གཡུལ་འགྱེད་བྱེད། །རྟ་དང་མ་ཧེ་བུམ་པར་ནི། །ཆོ་ག་འཁོར་ལོ་གཉིས་དགེ་སློང་བྲམ་ཟེའི་གོས་ལ་བྱ་རོག་དང་འུག་པའི་ཁྲག་གིས་བྲི། ཇི་བཞིན་བཞག་པར་བྱ། །གསུམ་པའོ། །འབུགས་པ་རྨི་ལམ་བཟླས་བརྒྱན་བཞིན། །ནས། རེ་མིག་བཞི་བཅུ་དགུ་པ་ལ། །བརྒྱན་པ་མཆོག་ཏུ་ཕན་པ་ཡིན། །འཁོར་ལོ་འདི་ནི་ལྷ་མོ་ཚེ། །མཆོག་ཏུ་རྣོ་དེ་རླག་པར་བྱེད། །ཅེས་བཞི་པའོ། །རྣམ་པར་འགྱུར་བ། འོག་ཏུ། རྟ་དང་མ་ཧེའི་ཁྲག་བྱུག །གཅིག་རྟ། ཅིག་ཤོས་མ་ཧེའི་ལུས་ལ། རེ་མིག་སྟོང་པར་ཆེ་གེ་མོས་ཆེ་གེ་མོ་ལ་སྡང་བར་གྱིས་ཤིག །བྱ་རོག་འུག་སྒྲོ་དང་ལྷན་ཅིག་བསྡམས། །དགེ་སློང་དང་བྲམ་ཟེའི་སྐྲ་ལས་བྱས་པའི་སྲད་བུས་དཀྲིས་རྟ་དང་མ་ཧེའི་ཐོད་པར་བཅུག་བཞི་མདོ་འམ་དུར་ཁྲོད་དུ་༼༡༠ན༡༩༽སྦས། བསམ་གཏན་བསྒྲུབ་བྱ་ཕན་ཚུན་འཐབས་པ་རླུང་ཆེན་པོས་བསྐོར་བ་དང་རོ་ལངས་ཀྱིས་མགོ་བོ་ནས་གཟིར་བས་བདེན་བྲལ་ཕྱོགས་སུ་འགྲོ་བར་བསམ་མོ། །ནཱ་རོ་པ་འདིས་བསད་བསྐྲད་ཀྱང་འགྲུབ་པར་བཞེད། །དེ་ལྟར་ན། རོ་རས་སམ། ཤིང་ལོ་རླུང་ཁྱེར་ལ་བྱ་རོག་གི་སྒྲོའི་སྨྱུ་གུས་བསྒྲུབ་བྱ་རྔ་མོ་ལ་ཞོན་པའི་སྙིང་ཁར་མི་ཨུཙྪ་ཊ་ཡ་ཕཊ། མཐའ་རླུང་རིས་ཀྱིས་བསྐོར། དེའི་ཕྱིར་རྔ་མོ་བྲི་ཐོད་པ་ཁ་སྦྱར་དུ་བཞག །རོ་སྲེག་པའི་སར་སྦའོ། །བསད་ལ་གཤིན་རྗེའི་རྒྱལ་པོ་སྟེ། ཡི་དགས་ལ་ནི་ཡིད་དགས་གཟུགས། །རོ་ལངས་ལ་ནི་རོ་ལངས་དང་། སྲིན་པོ་སྲིན་པོས་གནོན་པར་བྱ། སྟོང་ལ་སྟོང་པའི་པདྨ་སྟེ། ངེས་པར་འཇོམས་པའི་གྲྭ་འདིར་རོ་རས་ལ་དུག་ཁྲག་དང་གཏུམ་པའི་ས་བོན་བསྲེས་པའམ། རུ་ནི། ཡང་ན། སྐེ་ཚེ་དང་ལན་ཚྭ་དང་། མར་ཁུ་དང་ནིམ་པའི་ལོ་མ་དང་། དུག་དང་དྷ་རུ་ར་དང་སོལ་དང་། རང་གི་སྡིགས་མཛུབ་ཀྱི་ཁྲག་རྣམས་པ་སྲེས་པ་ཐོད་པའི་ནང་དུ་བཞག་ལ། མི་རུས་ཀྱི་སྨྱུ་གུས་བྲིས། རེ་མིག་སྟོང་པར་ཆེ་གོ་མོ་མཱ་ར་ཡ་ཕཊ། བྲི། འཕྲུལ་འཁོར་གཤིན་རྗེའི་ལྟོ་བར་ཆུག་པ་བྱས་ཁ་སྦྱར་ཏེ་རོ་སྐྲའི་སྲད་བུས་དཀྲིས་ལ་དཔའ་བོ་གྲིར་ཤི་བའི་ཐོད་པར་བཅུག་དུར་ཁྲོད་དུ་སྦ། སྔགས་འཕྲེང་དེ་བཞིན་འཕྲེང་བ་ཡི། །རིམ་པ་དེ་ལྟར་བརྗོད་པ་ཡིན། །འདི་ནི་ཁམས་གསུམ་རྒྱལ་ཞེས་པ། །སྔགས་ཚིག་བཞི་ཡིས་རྣམ་བརྒྱན་པ། །རིག་རྒྱལ་འཁོར་ལོས་བསྒྱུར་བའི་སྔགས། །མ་བྱུང་འབྱུང་བར་མི་འགྱུར་རོ། །འཕྲུལ་འཁོར་ཆེན་པོ་བཅུ་གཉིས་ནི། །དེ་བཞིན་མཛེས་མ་ཁྱོད་ལ་བཤད། །བསྡུས་པ་སྡོམ་འབྱུང་ལས། །སྔགས་འགོད་ཚུལ་གཅིག་ལ། །ལྟེ་བ་མིང་སྤེལ་བསྒྱུར་བས་ལས་ཐམས་ཅད་བྱ་བར་གསུངས་ཏེ། དེ་ནས་གཞན་ཡང་མནན་པ་ཡི། ཆོ་ག་བླ་མེད་བཤད་པར་བྱ། །རི་མོ་བརྒྱད་མཉམ་སྦྱར་བས། རེ་མིག་བཞི་བཅུ་རྩ་དགུ་སྟེ། མཁས་པས་དེ་ཡི་བར་གྱི་ནི། རེ་མིག་བཅུ་གསུམ་སྟོང་པར་བྱ། །ཟུར་དང་ཟུར་དུ་རེ་མིག་དགུ། །གྲ་བཞི་ལ་ནི་ཡང་དག་གནས། །གྲ་བཞི་ཀུན་གྱི་དབུས་ཀྱི་ནི། རེ་མིག་སྟོང་པ་༼༡༠བ༢༠༽ཉིད་བྱས་ལ། དུར་ཁྲོད་རས་ལ་ཞལ་བཞི་པའི། །སྔགས་ནི་ཡང་དག་སྦྱར་ཏེ་བྲི། །ཞེས་སྤྱིར་བཤད། དགྲ་མནན་པ་ལ། ཡུང་བ་ལྡོང་རོས་བསྲེས་པའི་ཆུས། འཁོར་ལོ་གཉིས་ལ་བསྒྲུབ་བྱའི་མིང་། ཡི་གེ་ལཾ་དང་སྤེལ་ཏེ་བྲི། །རི་རབ་ཟུར་བརྒྱད་གནས་བྲིས་པའི། །ཁམ་ཐོར་ཁ་སྦྱར་ཉིད་དུ་བྱ། རི་རབ་སྟེང་དུ་དབང་ཆེན་གྱི། །དཀྱིལ་འཁོར་དབུས་སུ་ལམ་གྱིས་ནི། མཚན་ཅིང་སྣ་ཚོགས་རྡོ་རྗེ་ཡིས། །དེ་ཡི་སྟེང་ནས་མནན་པར་བསྒོམ། །སྲད་བུ་སེར་པོས་རྣམ་པར་དཀྲི། །ཆོ་ག །ཧེ་རུ་ཀ་ནི་ཕྱག་གཉིས་པའི། །རྣམ་པར་བདག་ལུས་ཡང་དག་བསྒོམ། །རྣལ་འབྱོར་པས་ནི་ལྷོར་བལྟས་ཏེ། ཁ་དོག་དམར་སེར་རི་དབུས་གནས། །རི་རབ་ཀྱིས་ནི་མནན་པར་བསྒོམ། །དེ་སྟེང་སྣ་ཚོགས་རྡོ་རྗེ་ཡིས། །ཡོངས་སུ་མནན་པར་རྣམ་པར་བསྒོམ། །རང་གི་གནས་སུ་དེ་བྱས་ན། །དགྲ་ཡི་ཁ་ནི་གནོན་པ་དང་། །དཔུང་རྣམས་ཀུན་ཀྱང་གནོན་པར་བྱེད། །དགྲ་ཡི་སྙིང་ཡང་གནོན་པའོ། །ཨོཾ་སུཾ་སོགས་ལམ་སྤེལ་ཚིག །ལྷས་བྱིན་སཱམ་བྷ་ཡ། ཨོཾ་གྲི་སོགས་་་་་་་། ལམ་ལྷ་སྦྱིན་་་་་་་་་། ཨོཾ་གི་སོགས་་་་་་་་་་། ཨོཾ་ཨཱ་སོགས་་་་་། ལམ་བྷ་་་་་་་་་་་་། ངག་གནོན་ན། སྔར་བཤད་རིམ་བཞིན་འཁོར་ལོ་ནི། དེ་ཉིད་ཀྱིས་ནི་ངེས་པར་བྲི། །མེ་ཏོག་སེར་པོས་མཆོད་བྱ་སྟེ། །ངག་གནོན་པ་ཡི་མིང་མཆོག་ཡིན་ནོ། །རྟག་ཏུ་དུར་ཁྲོད་རས་ལ་ནི། །འཁོར་ལོ་གཉིས་ནི་མངོན་བྲིས་ཏེ། །ཡི་གེ་བཾ་ནི་བསྒྲུབ་བྱ་ཡི། །མིང་དང་སྤེལ་བས་ཁ་བཅིངས་པ། །དབང་ཆེན་དཀྱིལ་འཁོར་དབུས་སུ་ནི། །གའུ་ཁ་སྦྱར་བྱས་པ་ཡི། །ལུག་གི་སྙིང་གར་བསྒྲུབ་བྱ་ནི། །རབ་ཏུ་ཞུགས་པ་རྣམ་པར་བསམ། །སྔགས་ནི་རྒྱུན་མི་འཆད་པར་བཟླ། །ངེས་པར་ལྐུགས་པ་ཉིད་དུ་འགྱུར། །བསད་ན། ལན་ཚྭ་སྐེ་ཚེ་ཚ་བའི་མར། །ནིམ་པའི་ལོ་མ་དེ་བཞིན་དུག །དུར་ཁྲོད་སོལ་བ་དྷ་དུ་ར། །རང་གི་སྡིག་མཛུབ་ཁྲག་གིས་ཀྱང་། །རྫས་འདི་དག་གི་སྣག་ཚར་བྱ། །ཁྭ་ཡི་གཤོག་པའི་སྨྱུ་གུ་ཡིས། །བསྒྲུབ་བྱ་དེ་ཡི་མིང་༼༡༡ན༢༡༽བཟུང་སྟེ། །ཡི་གེ་ཧཱུཾ་དང་རྣམ་སྤེལ་བའི། །འཁོར་ལོ་གཉིས་ནི་ཡང་དག་བྲི། །ཁྲོ་ཞིང་དྲག་པོའི་ང་རོ་དང་། །དབྱེ་བ། དེ་ནས་ཡི་གེ་ཕཊ་སྤེལ་བའི། །འཁོར་ལོ་གཉིས་ནི་བྲིས་བྱས་ཏེ། །བསྒྲུབ་བྱའི་མིང་ནི་ཡང་དག་བླང་། །སྔགས་ཀྱི་སྦྱར་ཏེ་བྲི་བར་བྱ། །རྟ་དང་མ་ཧེ་མཉམ་ཞོན་པའི། །བསྒྲུབ་བྱ་བལྟས་ཏེ་ཡང་དག་བྲིས། །ཐོད་པ་ཁ་སྦྱར་ནང་བཞག་སྟེ། །སྲད་བུ་སྔོན་པོས་དཀྲི་བར་བྱ། །ཁྲོ་བའི་སེམས་ཀྱིས་ཉིན་ཕྱེད་དམ། །མཚན་མོ་དེ་ཡི་ཁྱད་པར་ལ། །རབ་ཏུ་གཏུམ་པའི་བཞི་མདོའམ། །དུར་ཁྲོད་འཇིགས་པའི་དབུས་སུ་ནི། །གསངས་ནས་བརྐོས་ཏ་གཞུག་པར་བྱ། །སྔར་བཤད་ཆོ་ག་བཞིན་དུ་མཆོད། །རྟ་དང་མ་ཧེ་སྟག་འཐབས་པས། །དེ་ཡི་མོད་ལ་འབྱེད་པར་བྱེད། གཉིས་ཀ་ཁྲོ་ཞིར་ཁྲོ་བས་འཇིགས། །གཡུལ་འགྱེད་པ་ཡི་བདག་ཉིད་ཆེ། །ཕན་ཚུན་རྩོད་པ་བྱེད་པས་ནི། །རྣམ་པར་སྡང་འགྱུར་གཞན་དུ་མིན། །སྐྲོད་པ། ཡི་གེ་ཧཱུཾ་ཕཊ་རྣམ་སྤེལ་བའི། །ཆོ་ག་འདི་ཉིད་ཀྱིས་འདིར་བྲི། །སྔགས་དང་བསྒྲུབ་བྱ་མཉམ་ལྡན་པས། །དུར་ཁྲོད་རས་ལ་བྲིས་ནས་ནི། །ཐོད་པ་ཁ་སྦྱར་ནང་བཞག་སྟེ། །སྲད་བུ་ནག་པོས་དཀྲིས་ནས་ནི། །ཧེ་རུ་ཀ་ར་ནི་བསྒོམས་ནས་སུ། །རོ་བསྲེགས་ས་བརྒོས་སྦ་བར་བྱ། །མདུན་དུ་ཡཾ་ལས་བསྟན་བྱུང་བའི་རླུང་། །གཞུ་ཡི་དབྱིབས་ཅན་དབུས་གནས་ཤིང་། །ཁ་དོག་སྔོན་པོ་རྔ་མོང་ཞོན། །ལྷོ་ཕྱོགས་སུ་ནི་བསྐྱོད་པ་དང་། །ཁྲོ་བོའི་ཚོགས་ཀྱིས་ཁྲིས་པས་ན། །ས་སྟེང་སྨྱོན་པ་བཞིན་དུ་བྱེད། །ཡི་གེ་ཧཱུཾ་ཕཊ་སྦྱར་བ་ཡི། །སྔགས་ནི་རྒྱུན་མི་འཆད་པར་བཟླས། །གང་གི་ཆོ་ག་ཅི་བྱས་པ། །དེ་ཡི་མདོ་ལ་སྐྲོད་པར་འགྱུར། །སྒྲུབ་པོ་ལྷོར་བལྟས་ཁྲོས་པ་ཡིས། །ར་ཁྲག་དུར་ཁྲོད་ཐལ་བ་དང་། །དུག་དང་ལན་ཚ་འབྲུ་མར་ཚ། །མྱོས་བྱེད་འདབ་མའི་ཁུ་བ་ནི། །སྐེ་ཚེ་མཉམ་པར་ཡང་དག་སྦྱར། །དུར་ཁྲོད་རས་ལ་དེ་བཞིན་དུ། །འཁོར་ལོ་གཉིས་པོ་ཉིད་རིམ་བཞིན། །ཆོ་ག་རྫོགས་པར་བྲི་བར་བྱ། །བསད་པ་གཤིན་རྗེའི་ལུས་ལ་གནས། །༼༡༡བ༢༢༽དབྱེ་བ་རྟ་དང་མ་དེ་ལ། །བསྐྲད་པ་རྔ་མོང་ལ་གནས་པ། །ཞི་བ་ཟླ་བའི་དཀྱིལ་འཁོར་ལ། །མི་མོ་རྣམས་ཀྱི་སྙིང་ཁར་དབང་། །རྒྱས་པ་གླང་ཆེན་རྒྱབ་ཏུའོ། །ལྐུགས་པ་ལུག་གི་ལུས་ལ་གནས། །མནན་པ་རི་རབ་དབུས་སུ་བཞུག །ཤ་ར་བྷ་ཡིས་སེང་གེར་གནས། །འདི་ལྟར་ལས་ནི་བརྟག་པར་བྱ། །ལས་འདི་དག་དང་བྲལ་བའི་ལས། །བསྒྲུབས་ཀྱང་དེས་ནི་མི་འགྲུབ་སྟེ། །སྟོང་པ་བཞིན་དུ་འབྲས་མེད་འགྱུར། །ཞེས་གསུངས་སོ། །སོ་སོའི་དབང་དུ་བྱས་ནས་གསུངས་པ་དེ་དག་ཡིན་ལ། །ཐམས་ཅད་ཀྱིས་ཀྱང་ཐམས་ཅད་འགྲུབ་ལ། དེ་ཡང་། ཞི་རྒྱས་དབང་དྲག་པོ་བཞིར་བསྡུས་ཏེ། སྡོམ་འབྱུང་ལས། ཞི་ལ་སོགས་པས་རབ་སྦྱོར་བ། མན་ངག་རབ་ཏུ་བཤད་པར་བྱ། ཞི་བ་ལ་རྒྱུ། གུར་ཀུམ་ཙན་དན་བསྲེས་པས་གང་། །དུས། ཡར་ངོ་ཡི་ནི་ཚེས་ལ་བྲི། །གཞི། དར་རམ་རས་ནི་གཙང་མའམ། །ཡང་ན་ཁམ་ཕོར་ཁ་སྦྱར་ལ། །གསང་སྟེ་ལས་ནི་བྲིས་ནས་ཀྱང་། །སྲད་བུ་དཀར་པོས་དཀྲི་བར་བྱ། །ཁ་དོག་དཀར་པོ་ཤར་བལྟས་ཏེ། །མེ་ཏོག་དཀར་པོས་མཆོད་པར་བྱ། །བསམ་གཏན། མདུན་དུ་ཟླ་བའི་དཀྱིལ་འཁོར་གྱི། །སྟེང་དུ་བསྒྲུབ་བྱ་གནས་བལྟས་ལ། །བུམ་པ་དཀར་པོས་ཟླ་བའི་བདུད་རྩིའི་ཆུས་གང་བས་དབང་བསྐུར་བར་བྱའོ། །ཐེ་ཚོམ་མེད་པས་ཐུན་གསུམ་དུ། །ཡི་གེ་བདུན་པའི་སྔགས་བཟླས་ན། །དེ་མ་ཐག་ཏུ་ཞི་བ་དང་། །བདེ་ལེགས་སྐྱིད་དང་ཚེ་རིང་འགྱུར། །ཡང་། རིམས་ནད་དུག་དང་འཚེ་བ་ལ། །ལག་པ་གཡོན་པར་བསྒོམ་བྱ་སྟེ། །འཁོར་ལོ་བརྩེ་ལྡན་གྱིས་བྲིས་ལ། །མེ་ཏོག་བདུག་བདུག་པས་མཆོད་པར་བྱ། །བསྒྲུབ་བྱ་ཤར་དུ་ཁ་བསྟན་ཏེ། །མཁས་པ་ཡིས་ནི་སྦྱར་བྱ་བ། །གཏོར་མ་ཆུང་དང་དེ་བཞིན་མེ། །དེ་ཡི་དབུས་སུ་དཱུ་རྦ་འམ། །རྨ་བྱའི་སྒྲོ་འམ་ཀུ་ཤའི་ཆུས། །ཁྱད་པར་དུ་ནི་དེ་ལ་བྱ་བ། །གསང་སྔགས་འདི་ནི་གཙོ་བོ་མཆོག །ཞི་སོགས་ཆོ་ག་རིམ་བཞིན་བྱེད། །གུར་ཀུམ་དྲི་བཟང་བསྲེས་པ་ཡིས། །༼༡༢ན༢༣༽རྒྱས་པའི་འཁོར་ལོ་བྲི་བྱ་སྟེ། །སྭཱཧཱའི་ཡི་གེ་དང་སྤེལ་བ། །འཁོར་ལོ་གཉིས་ལ་བྲིས་ནས་ནི། །སྲད་བུ་སེར་པོས་དཀྲིས་བྱས་ལ། །མར་དང་སྦྲང་རྩིའི་ནང་དུ་གཞུག །བྱང་དུ་ཁ་བལྟས་ཐུན་གསུམ་དུ། །ཁ་དོག་སེར་པོ་བསྒོམ་བྱས་ལ། །ཟླ་བའི་དཀྱིལ་འཁོར་སེར་པོ་ལ། །བསྒྲུབ་བྱ་གནས་པར་མཁས་པས་བསམ། །བདུད་རྩི་སེར་པོས་དབང་བསྐུར་ཞིང་། །མེ་ཏོག་སེར་པོས་མཆོད་པར་བྱ། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །རྒྱས་པའི་བསམ་པས་བཟླ་བྱ་སྟེ། །ཆེ་གེ་མོ་པུཥྚིཾ་སཾ་ཀུ་རུ་སྭཱཧཱ། བཽ་ཥ་ཊ་སྔགས་ཀྱིས་སྤེལ་བར་བྱ། །ནོར་དང་འབྲུ་རྣམས་འཕེལ་བ་དང་། །དཔལ་དང་བཀྲ་ཤིས་མཉམ་པར་འཇུག །ལས་ཀྱི་སྦྱོར་བ་འདི་ཡིས་ནི། །རྒྱས་པར་འགྱུར་གྱི་གཞན་དུ་མིན། །ཙན་དན་དམར་དང་སོན་རྩི་དང་། །མིང་མེད་ཀྱི་ནི་ཁྲག་བསྲེས་ཏེ། །རས་སམ་གྲོག་འདབ་མའམ། །ཁམ་ཕོར་སོ་ནི་མ་བཏང་བཟུང་། །ཡི་གེ་ཧོ་དང་སྤེལ་བ་ཡི། །འཁོར་ལོ་གཉིས་ནི་མཉམ་པར་བྲི། །སྲད་བུ་དམར་པོས་བཅིངས་ནས་ནི། །མེ་ཏོག་དམར་པོས་མཆོད་པར་བྱ། །མར་དང་སྤྲ་རྩིའི་དབུས་བཞག་ལ། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ། །ཁ་དོག་དམར་པོ་བསྒོམས་བྱས་ལ། །དཀྱིལ་འཁོར་དམར་པོ་ལ་གནས་པའི། །བསྒྲུབ་བྱ་ཆགས་པ་རྣམ་པར་བསམ། །རྟག་ཏུ་ཡིག་བདུན་འབྱུང་བ་ནི། །རྒྱུན་མི་ཆད་པར་བཟླ་བྱ་སྟེ། །མྱོས་པར་འགྱུར་བས་ཞབས་དྲུང་ལྷུང་། །དེ་ནི་གྲུབ་པ་རྣམ་པར་བསམ། །གལ་ཏེ་དབང་དུ་འོང་བར་མ་གྱུར་ན་མར་དང་སྦྲང་རྩི་དང་བྲལ་བའི་འཕྲུལ་འཁོར་སེང་ལྡེང་གི་མེ་མདག་ལ་གདུང་བར་བྱས་ན། གང་སུ་ཡང་སྐལ་བ་ངན་པའང་སྐལ་བ་བཟང་པོར་འགྱུར་ཏེ་གཞན་དུ་མ་ཡིན་ནོ། །དུར་ཁྲོད་ཀྱི་རས་སམ། ཟླ་མཚན་འཛག་པའི་རས་ལ་རྒྱ་སྐྱེགས་ཀྱི་ཁུ་བ་དང་ལྡན་པས་ཡི་གེ་ཛཿསྲཱི་དང་སྤེལ་བའི་འཕྲུལ་འཁོར་བྲི་བའམ། ཁམ་ཕོར་རམ་བུད་མེད་ཀྱི་ཐོད་པ་ལ་གྲུབ་པའི་༼༡༢བ༢༤༽འཁོར་ལོ་བྲིས་ལ། སྲད་བུ་དམར་པོས་དཀྲིས་ཏེ་མེ་ཏོག་གིས་མཆོད་ལ། བསྒྲུབ་བྱའི་སྙིང་ག་ནས་ལྕགས་ཀྱུས་བཀུག་ཅིང་། །མགྲིན་པ་ནས་ཞགས་པས་བཅིང་བར་བྱའོ། །གང་གིས་དེ་ལྟར་བསམས་ཀྱང་། །བསྒྲུབ་བྱ་དེ་ཡང་འོང་བར་མ་གྱུར་ན། སེང་ལྡེང་གི་ཤིང་ལ་མེ་སྤར་བ་བསྲོས་པས་འཕྲུལ་འཁོར་ཚར་བཅད་པར་བྱ་ཞིང་། ཆེ་གེ་མོ་ཨཱ་ཀ་རྴ་ཡ་སྲཱིཿཛཿཞེས་བྱ་བ་དེས་བསྒྲུབ་བྱ་སྐད་ཅིག་དེ་ཉིད་ལ་འགུགས་པར་བྱེད་དེ། རྐང་པས་དགུག་པ་བླ་ན་མེད་པའོ། །དྲག་པོ་སྤྱིལ་འཇུག་པ། རྡོ་རྗེས་མཁའ་འགྲོར། མར་ངོ་ཡི་ནི་ཚེས་བཅུ་དང་། །དེ་བཞིན་ཡར་ངོ་དེ་ཉིད་དམ། །ཡང་ན་འབྱུང་པོའི་མཚན་མོ་ལ། །ཐོད་པའི་སྟན་ལ་གནས་ནས་སུ། །ལྷོ་ཕྱོགས་སུ་ནི་ཁ་བལྟས་ལ། །དུག་དང་ཁྲག་དང་གཏུམ་པ་ཡི། །ས་བོན་གྱིས་ནི་སྣག་ཚ་བྱ། །བར་སྣང་ལ་ནི་ཐོད་པར་བླུག །མི་ཡི་རུས་པའི་སྨྱུ་གུ་ཡིས། །འཇིགས་བྱེད་འཇིག་པའི་སྔགས་རྣམས་བཏུ། །དང་པོ་ཤ་ཆེན་གཏོར་སྦྱིན་ཏེ། །དེ་ནས་ལས་ནི་རྩོམ་པར་བྱ། །དམར་པོ་ཡི་ནི་སྔོན་པོ་ཡི། །གོས་ནི་ཁྱད་པར་དག་ཏུ་བགོ། །མཆོད་པ་རྡོ་རྗེ་ཆོ་ག་དང་། །དེ་བཞིན་བསམ་གཏན་བཟླས་པ་དག །ཇི་ལྟར་སུས་ཀྱང་མི་རྟོགས་པ། །དེ་ལྟར་སྔགས་པས་རྟག་ཏུ་བྱ། །དང་། སྡོམ་འབྱུང་ལས། ཁྲོ་ཞིང་དྲག་པོའི་ང་རོ་དང་། །གཡོན་བརྐྱང་བ་ཡི་ཞབས་ཀྱིས་ནི། ཉི་མའི་དཀྱིལ་འཁོར་དབུས་གནས་པ། །བསྐལ་པའི་མེ་འདྲ་ཞལ་རྣམས་འགྱུར། །སྔོ་ཞིང་མི་བཟང་ཧཱུཾ་གི་སྒྲས། །མགུར་ནི་གང་བར་རྣམ་པར་བསྒོམ། །གྱོ་མོ་ཁྲོད་ཀྱི་སར་བསམ་པའམ། །དུར་ཁྲོད་སོལ་བ་ཡི་ནི་དབུས། །འདི་ལ་སོགས་པའི་ས་ཕྱོགས་སུ། །བསྒྲུབ་བྱ་གནས་པར་མཁས་པས་བསམ། །རིང་ཅིང་དྲི་མ་དང་བཅས་པ། །གོས་སྲུལ་གྱོན་པར་རྣམ་བསམས་ཏེ། །ཡན་ལག་ཀུན་དང་མགོ་བོ་དང་། །སྙིང་ག་དང་ནི་དཔུང་པར་ཡང་། །སྔགས་ཀྱིས་ཕུག་པ་བསམ་པར་བྱ། །བསྒྲུབ་བྱའི་ལུས་ལ་གནས་པའི་ལྷ། །རང་གི་ལུས་ལ་རབ་ཏུ་༼༡༣ན༢༥༽གཞུག །ཁྱིམ་སྟོང་ལྟ་བུར་བལྟས་ནས་ནི། །ལག་ན་སྣ་ཚོགས་མཚོན་ཆ་ཅན། །ཁྲོ་བོའི་ཚོགས་ནི་སྤྲོས་བྱས་ལ། །མཚོན་ཆས་གསོད་པ་རྣམ་བསམས་ཏེ། །དུམ་བུ་དྲུག་ཏུ་གཏུབས་ནས་ནི། །ཚིལ་དང་རྐང་དང་ཞག་དང་ཤ། །ཟ་དང་འཐུང་བར་བྱེད་པ་དང་། །དེ་བཞིན་དུ་ནི་ཁྲག་ཀྱང་འཐུང་། །རལ་གྲི་དབང་ཕྱུག་ཐོ་གཏུན་ཤིང་དང་། །དགྲ་སྟ་འཁོར་ལོ་ཐོ་བ་ཡིས། །བསྒྲུབ་བྱ་ལ་ནི་བརྡེག་ཅིང་གཏུབ། །དུམ་བུ་བརྒྱར་ནི་གཤོག་པར་བྱེད། །ཁྭ་དང་འུག་པ་བྱ་རྒོད་དང་། །ཅེ་སྤྱང་སྲིན་པོ་མཁའ་འགྲོ་མ། །དེ་རྣམས་ཁྲོས་པའི་ཡིད་ཀྱིས་ནི། །ཟ་བ་དང་ནི་འཐུང་བར་བྱེད། །ཡི་གེ་ཧཱུཾ་ཕཊ་སྤེལ་བ་ཡི། །སྔགས་ཀྱང་དེ་ཡིས་བཟླ་བྱ་སྟེ། །དཀོན་མཆོག་གསུམ་ལ་གནོད་བྱེད་པའི། །དགྲ་བོའི་ཚོགས་རྣམས་བསད་པར་བྱ། །འདིའི་དམིགས་བྱ་དགུག་པ་དེ་ཉིད་དུ། །རླུང་གི་དཀྱིལ་འཁོར་ལ་གནས་པའི། །བསྒྲུབ་བྱ་རྔ་མོའི་སྟེང་དུ་བསྐྱོན། །གཅེར་བུ་མར་ཁུས་བྱུགས་པ་དང་། །སྐྲ་གྲོལ་ཁ་ནི་ལྷོ་རུ་བལྟས། །སྐྱབས་མེད་དུ་ཞིང་བརྒྱལ་བར་བསམ། །མགྲིན་པ་ཞགས་པས་བཅིངས་ནས་སུ། །རྒྱབ་ནས་ཁྲོ་བས་རྡེག་བྱེད་ཅིང་། །ཁམས་གསུམ་གནོན་པའི་བསམ་པ་ཡིས། །མེ་ཡི་མཚམས་སུ་གདོང་བལྟས་ཏེ། །སྔགས་ཀྱི་མཐར་ནི་ཛ་བཟླས་ན། །ཇི་ལྟར་འདོད་བཞིན་འགྲུབ་པར་འགྱུར། །ཞེས་གསུངས། དེ་ལྟར་ལས་སོ་སོ་གནས་ཁ་ལྟ་ཕྱོགས་སོགས་སྦྱིན་སྲེག་གི་ཐུན་མོང་མ་ཡིན་པ་བཞག་གཞན་ཁྱད་པར་མེད། འཁོར་ལོ་ཁ་སྦྱར་བ་རྣམས་སྟེང་འཁོར་ཡིག་མགོན་དུ་བསྟན་ནང་ནས་ཕྱིར་རིམ་པས་གཡོན་སྐོར། །འོག་འཁོར་དཔེའུ་རིས་ལྟར་ཕྱི་ནས་ནང་དུ་གཡས་སྐོར། དེའི་ཡི་གེ་རྣམས་བྱིན་རླབས་ཀྱི་དུས་འཁོར་ལོ་ལ་བསྐོར་བའི་ཡི་གེ་རྣམས་མཁའ་འགྲོ་རྒྱ་མཚོ་ལས། ཡི་གེ་ཐམས་ཅད་ཀྱི་ནི་ཚད། སྡོམ་པ་སོགས་སུ་མཚོན་པར་བྱ། །དང་། མིང་རྣམས། ཡི་གེ་ཡི་ནི་མིང་དང་གཟུགས། ༼༡༣བ༢༦༽དེ་ནི་སེམས་ཅན་གཟུགས་སུ་འདོད། །གསང་སྔགས་དེ་ནི་ཟློས་བཞིན་པ། །དེ་ཉིད་དུ་ནི་རབ་གཞག་བྱ། །ཞེས་པས། དྲག་པོ་ལ་རེ་མིག་བཙོན་ཁང་། སྔགས་ལྷ་བཙོན་བསྲུངས། །བསྒྲུབ་བྱ་བཙོན་ལྟ་བུར་ཤེས་པར་བྱ་དགོས། ཞི་སོགས་ལ། རེ་མིག་གད་ན་སྔགས་ལྷ་དབང་བསྐུར་མཁན། མིང་རིང་ངམ་གང་ལ་བྱ་བའི་བསྒྲུབ་བྱར་ངེས་པས་ཐམས་ཅད་ཀྱི་དབྱེ་བ་ཕྱེད་པར་བྱའོ། །བུ་ཆུ་འབྲུག་ཆོས་སྡིངས་སུ་པདྨ་དཀར་པོས་བརྗེད་དཔྱང་དུ་བཏབ་པ་ཡིན་ནོ།། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།མངྒ་ལཾ། །


previousབདེ་མཆོག་རྩ་བའི་རྒྱུད་ཀྱི་འཕྲུལ་འཁོར་གྱི་བརྗེད་བྱང།next