Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ན་རྒྱུད་ཡིད་བཞིན་ནོར་བུའི་ཁྲིད་ཡིག་རྡོ་རྗེ་འཆང་གི་དགོངས་པ་གསལ་བར་བྱེད་པ་ཟུང་འཇུག་མཆོག་གི་གསེང་ལམ།
   
   
   
   


 
previousན་རྒྱུད་ཡིད་བཞིན་ནོར་བུའི་ཁྲིད་ཡིག་རྡོ་རྗེ་འཆང་གི་དགོངས་པ་གསལ་བར་བྱེད་པ་ཟུང་འཇུག་མཆོག་གི་གསེང་ལམ།next

ན་རྒྱུད་ཡིད་བཞིན་ནོར་བུའི་ཁྲིད་ཡིག་རྡོ་རྗེ་འཆང་གི་དགོངས་པ་གསལ་བར་བྱེད་པ་ཟུང་འཇུག་མཆོག་གི་གསེང་ལམ།

ན་རྒྱུད་ཡིད་བཞིན་ནོར་བུའི་ཁྲིད་ཡིག་རྡོ་རྗེ་འཆང་གི་དགོངས་པ་གསལ་བར་བྱེད་པ་ཟུང་འཇུག་མཆོག་གི་གསེང་ལམ་ཞེས་བྱ་བ་བཞུགས་སོ། །ན་མ་ཤྲི་བཛྭ་དྷ་རཱ་ཡ། ཟབ་ཞིང་སྤྲོས་པའི་རྡུལ་ཕྲེང་ཡོངས་བྲལ་འདུས་མ་བྱས་པ་ཆོས་དབྱིངས་ལྷ་ལམ་ཡངས་པར་གནས། །ལོངས་སྤྱོད་ཡོངས་རྫོགས་ཆ་ཤས་རབ་གང་ལྡན་སྐྱེས་བདེ་ཆེན་རི་དྭགས་གཟུགས་བསྙན་རྣམ་པར་བཀྲ། །སྣ་ཚོགས་སྤྲུལ་པའི་འོད་དཀར་སྣང་བས་སྒྲིབ་པའི་མུན་བཅོམ་ནང་གི་ཟླ་བ་རྡུལ་བྲལ་ཉིད། ཁྱབ་བདག་བླ་མ་རྡོ་རྗེ་སེམས་དཔས་སྙིང་གི་ཀུ་མུད་བདེ་ཆེན་སྦྲང་རྩིས་ལྕི་བར་མཛོད། །གཞོམ་དུ་མེད་པའི་ཐིག་ལེ་དི་ནི་ཨེ་ཝྃ་ལ་སོགས་ཟུང་དུ་འཇུག་པའི་བདག་ཉིད་ཁོ་ན་སྟེ། ཁུ་བ་རྡུལ་དང་མུན་པ་རྣམས་ནི་རྡོ་རྗེ་གསུམ་དུ་རྣམ་པར་དག་པས་སྐུ་གསུམ་རང་བཞིན་ཅན། །གནས་སྐབས་བཞི་ཡི་འཁྲུལ་པ་མཐའ་དག་ཕྱག་རྒྱ་རྣམ་བཞིས་ངེས་པར་བཅིང་ལས་བཅོམ་ལྡན་སྐུ་བཞི་ཉིད། །ཕུང་ལྔ་དག་པས་ཡེ་ཤེས་ལྔ་ལྡན་སྐུ་ལྔའི་བདག་ཉིད་ཤྲི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ཆོས་ཀྱི་དབྱིངས་ཞེས་གཅིག་སྡུ་ཉིད་ནི་དུ་མའི་གར་བསྒྱུར་སྣང་སྲིད་ཀུན་གྱི་ཁྱབ་བདག་སྒྱུ་མའི་དངོས། །དབུ་མའི་རང་བཞིན་གཉུག་མའི་ཡིད་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་གཅིག་པུའི་རང་བཞིན་ཉིད། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མཐར་མངོན་དུ་སྐྱེས་པའི་རྣམ་པ་ཀུན་མཁྱེན་དཔེ་ཡིས་མཚོན་པ་གང་། ཤེས་རབ་ཕར་ཕྱིན་རྣལ་འབྱོར་མ་ཞེས་ལྷ་མོའི་མིང་གི་བོད་པ་དེ་ལ་གུས་པས་ཕྱག་འཚལ་ལོ། །གདུལ་བྱ་སྣ་ཚོགས་འདུལ་བ་མཐའ་ཡས་པའི། །སྐད་ཀྱིས་དམ་ཆོས་རྒྱུན་མི་ཆད་སྟོན་པ། །ཁྱབ་བདག་རྗེ་བཙུན་བླ་མའི་གསུང་རྡོ་རྗེ། །གསང་བ་བསམ་མི་ཁྱབ་དེར་ཕྱག་འཚལ་ལོ། །དེ་ཡི་བཀའ་དྲིན་ཉི་མའི་འོད་ཟེར་གྱིས། །ལེགས་བསྐྱང་བདག་བློ་པུཎྜྻ་རི་ཀའི་ཚལ། །ལེགས་བཤད་ཟིལ་དངར་འཐུལ་འདི་མཐོང་བ་ན། །སྐལ་བཟང་རྐང་དྲུག་དགའ་བའི་གླུ་ལེན་སྙམ། །ཚེ་འདིས་རྡོ་རྗེ་འཆང་བ་ནི། །འགྲུབ་པར་བྱེད་པ་སྙན་རྒྱུད་ཀྱི། །གདམས་པ་ཟབ་མོ་དབྱེ་བ་ལས། །དབྱིངས་ཀྱི་མཁའ་འགྲོས་གནང་བ་མཛོད། །དེ་ཡང་། མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ལས་ཀྱང་ཆེས་སྙིང་པོར་གྱུར་པ་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཆེན་པོ་རྣམས་སུ་སྦས་པའི་ཚུལ་གྱིས་བསྟན་ཅིང་། དཔལ་རྡོ་རྗེ་འཆང་ཆེན་པོས་ལེགས་པར་བཤད་པ། གྲུབ་ཐོབ་ཆེན་པོ་རྣམས་ཀྱིས་གསལ་བར་མཛད་པ། སྐལ་བ་བཟང་པོ་དང་ལྡན་པ་རྣམས་ཀྱིས་ཐོབ་པའི་རྒྱལ་མཚན་གྱི་རྩེ་མོར་ཕྱར་བ་ཙམ་གྱིས་མཆོག་གི་དངོས་གྲུབ་ཆར་དུ་བསྙིལ་བ་ཡིད་བཞིན་ནོར་བུ་རྣམ་གསུམ། སྙན་རྒྱུད་རྡོ་རྗེ་རྣལ་འབྱོར་མ་ཞེས་བྱ་བའི་ཁྲིད་རིམ་འཆད་པ་ལ། ཕྱི་སྒྲོ་འདོགས་གཅོད་པར་བྱེད་པ་སྤྲུལ་སྐུའི་གདམ་པ་བརྒྱུད་པ་ཡིད་བཞིན་ནོར་བུ། ནང་ཉམས་ལེན་ལོངས་སྤྱོད་རྫོགས་སྐུའི་གདམ་པ་སྨིན་ལམ་ཡིད་བཞིན་ནོར་བུ། གསང་བ་ངོ་སྤྲོད་ཆོས་སྐུའི་གདམ་པ་གྲོལ་ལམ་ཡིད་བཞིན་ནོར་བུ་དང་གསུམ་ལས། དང་པོ། ཕྱི་སྒྲོ་འདོགས་གཅོད་པར་བྱེད་པ་སྤྲུལ་སྐུའི་གདམས་པ་བརྒྱུད་པ་ཡིད་བཞིན་ནོར་བུ་ནི། ཨེ་མ་ཧོ། སངས་རྒྱས་ཀུན་གྱི་ཡང་དག་གསང་བ་མཆོག །ནས། མཁའ་འགྲོས་ཉོན། ཞེས་པའི་བར་གྱིས་བསྟན་པ་ལྟར། འོག་མིན་གྱི་གནས་སུ་དཔལ་རྡོ་རྗེ་འཆང་གིས་རྡོ་རྗེ་རྣལ་འབྱོར་མ་ལ་བཤད། དེས་ཏིལླི་པ་ལ་བཤད། དེ་ནས་རིམ་བཞིན་ནཱ་རོ་པ། མར་པ། མི་ལ་རས་ཆུང་པ། ཁྱུང་ཚང་པ། ཀོང་ཇོ། ཞང་ལོ། རྡ་ར་ཤྲི། བསོད་ནམས་རྒྱལ་མཚན། སྲས་མོ་ཀུན་ལྡན་རས་མ། བདེ་ལེགས་རིན་ཆེན། ཆོས་རྗེ་ཀུན་དགའ་དཔལ་ཏེ་བརྒྱུད་པ་བཅུ་གསུམ་གྱི་བར་དུ་ཆིག་བརྒྱུད་དུ་གནང་ཞིང་། དེ་ནས་རྒྱལ་དབང་རྗེ། ངག་དབང་ཆོས་རྒྱལ། པདྨ་དཀར་པོ་ནས་རིམ་བཞིན་བརྒྱུད་དེ། བདག་ཅག་གི་རྩ་བའི་བླ་མ་བཀའ་འདྲིན་འཁོར་མེད་ངག་དབང་མི་ཕམ་བསྟན་པའི་ཉི་མ་ལས་ལེགས་པར་ཐོབ་པའི་སྐལ་བཟང་དུ་གྱུར་པའོ། །གཉིས་པ་ནང་ཉམས་ལེན་ལོངས་སྤྱོད་རྫོགས་སྐུའི་གདམས་པ་སྨིན་ལམ་ཡིད་བཞིན་ནོར་བུ་བཤད་པ་ལ། སྟོན་བྱེད་སློབ་དཔོན་གྱི་མཚན་ཉིད་ནི། བསླབ་གསུམ་བརྒྱུད་ལྡན་ཉམས་མྱོང་བླ་མའི་མཆོག །ཅེས་གསུངས་པའི་མཚན་ཉིད་དང་ལྡན་པའོ། །བསྟན་བྱ་སློབ་མའི་མཚན་ཉིད་ནི། དད་བཙོན་ཤེས་རབ་སྙིང་རྗེའི་སློབ་མ་ནི། ཞེས་པའི་མཚན་ཉིད་རྣམས་ཚང་བ་དགོས་སོ། ཉེས་དམིགས་དྲན་པས་ཚེ་འདིའི་བྱ་བ་བཏངས། ཞེས་པ་ནི། གོང་དུ་བསྟན་པའི་ཡོན་ཏན་དང་ལྡན་པའི་བླ་མས་མཚན་ཉིད་དང་ལྡན་པའི་སློབ་མ་ལ། དལ་འབྱོར་རྙེད་དཀའ་སོགས་བློ་ལྡོག་རྣམ་པ་བཞིའི་ཁྲིད་རིམ་ལེགས་པར་བཤད་དེ་སློབ་མས་ཀྱང་དོན་ཡིད་ལ་བསམ་ནས་རྒྱུད་དང་འདྲེས་ངེས་སུ་བསྒོམས་ནས་ཚེ་འདིའི་བྱ་བ་ཐམས་ཅད་ལིང་གིས་བཏང་བར་བྱའོ། །ཐོག་མར་འཁོར་ལོ་སྡོམ་པ་ལ་བསྟེན་ནས། ཞེས་པ་ནས། སྨིན་པར་བྱས་ནས། ཞེས་པ་ཡབ་བཀའ་རྒྱས་པ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་དང་། འབྲིང་པོ་ལྷ་བཅུ་གསུམ་མ། རིགས་འདུས་ལུས་དཀྱིལ། བསྡུས་པ་ལྷན་སྐྱེས་ཏེ་བཞི་དང་། ཡུམ་བཀའ་རྒྱས་པ་ལྷ་མོ་བཅོ་ལྔ། འབྲིང་པོ་ལྷ་བདུན་མ། བསྡུས་པ་ལྷན་ཅིག་སྐྱེས་མ་དང་གསུམ་སྟེ་བདུན། ཡབ་བཀའ་ལྷན་སྐྱེས་ལ་དབང་མེད་པས། གཞན་དྲུག་པོ་ཡོངས་སུ་རྫོགས་པ་བསྐུར་ནས་རྒྱུད་སྨིན་ངེས་སུ་བྱའོ། །གསུམ་པ་གསང་བ་ངོ་སྤྲོད་ཆོས་སྐུའི་གདམས་པ་གྲོལ་ལམ་ཡིད་བཞིན་ནོར་བུ་ལ་གསུམ་ལས། དང་པོ་བུམ་དབང་དང་འབྲེལ་བ་བསྒོམ་བྱ་གཙོ་བོར་སྟོན་པ་ཐུན་མོང་ཡིད་བཞིན་ནོར་བུ་ནི། ཐབས་ཤེས་ཟུང་དུ་སྒྲོལ། ཞེས་པ་སྟེ། ཐབས་ཡབ་ཀྱི་བསྐྱེད་རིམ་དང་། ཤེས་རབ་ཡུམ་གྱི་བསྐྱེད་རིམ་གཉིས་ཟུང་འཇུག་ཏུ་ཉམས་སུ་ལེན་དགོས་ཚུལ་སྤྱིར་བཤད་ནས། རྒྱལ་པོ་བློན་དམངས་རྣལ་འབྱོར་བདུན་ལ་འབད། ཅེས་པས་སོ་སོར་བཤད་པ་སྟེ། དང་པོ་རྒྱལ་པོ་ཆོས་ཉིད་མི་འགྱུར་བ་བསྐྱེད་རིམ་ལ། ཡབ་བཀའ་རྒྱས་པ་དྲུག་ཅུ་རྩ་གཉིས་པ་དང་། འབྲིང་པོ་བཅུ་གསུམ་མ། རིགས་འདུས་ལུས་དཀྱིལ། ཡུམ་བཀའ་རྒྱས་པ་ལྷ་མོ་བཅོ་ལྔ་མ། འབྲིང་པོ་ལྷ་བདུན་མ། བསྡུས་པ་ལྷན་ཅིག་སྐྱེས་མ་དང་གསུམ་ལས། ཡབ་ཡུམ་གྱི་བསྐྱེད་རིམ་རྒྱས་པ་བསྒོམ་ན་ལེགས་མོད། བརྒྱུད་པ་འདི་ཡི་བླ་མ་གོང་མ་རྣམས་ཀྱིས་ཡབ་བཀའ་ལྷ་བཅུ་གསུམ་མ་བསྒོམ་པ་ཟབ་པར་གསུངས་པས་དེ་དང་། ཡུམ་བཀའ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་བསྒོམ་པ་གཙོ་བོར་བྱའོ། །བློན་པོ་རིགས་གསུམ་ལས་བྱེད་ལ། བླ་མ་མཆོད་པ། རྡོར་སེམས་བསྒོམ་བཟླས། དབང་ལེན་པ་གསུམ་ནི་ཡར་རྒྱལ་པོའི་བྱ་བ་སྒྲུབ་པ་ལྟ་བུ། ཚོགས་ཀྱི་འཁོར་ལོ་དང་། དཔའ་བོ་དཔའ་མོའི་སྟོན་མོ་དང་། རྣལ་འབྱོར་མ་མཆོད་པ་ནི་བར་བློན་པོ་རང་གི་བྱ་བ་ལྟ་བུ། སྦྱིན་བསྲེག་ནི་མར་འབངས་ཀྱི་བྱ་བ་བྱེད་པ་ལྟ་བུ་དེ་རྣམས་ལ་བརྩོན་པའོ། །དམངས་ཕལ་པ་ཕྲིན་ལས་མཐུན་སྦྱོར་ནི། རྣལ་འབྱོར་བདུན་ལ་འབད། ཅེས་པ་སྟེ་ཁྲུས་མཎྜྻལ། ཟབ་གོས། འགྲོ་འདུག གཉིད་དེ་ཐུན་མཚམས་ཀྱི་རྣལ་འབྱོར་བདུན་ལ་འབད་པའོ། །བསྲེ་བ་རོ་སྙོམས། ཞེས་པ་མདོར་དྲིལ་ན། བསྐྱེད་རིམ་གསལ་བ་བུམ་དབང་གི་ཉམས་ལེན། གསལ་བའི་ངོ་བོ་སྟོང་པ་གསང་དབང་། གསལ་སྟོང་གཉིས་མེད་ཀྱི་བདེ་བ་ཤེར་དབང་། གསལ་སྟོང་དབྱེར་མེད་ཀྱི་བདེ་བ་སྐྱེ་འགག་གནས་གསུམ་དང་བྲལ་བ་ཚིག་དབང་གི་ཉམས་ལེན་ཡིན་པས་བསྲེ་བ། །བསྐྱེད་རིམ་རང་ལའང་དབང་བཞིའི་ཉམས་ལེན་རྫོགས་པ་ནི་རོ་སྙོམས་པ་སྟེ་སྨིན་ལམ་དབང་དང་བསྲེ་བའོ། །བསྐྱེད་རིམ་གསལ་བ་བུམ་དབང་གི་དམ་ཚིག གསལ་བའི་ངོ་བོ་སྟོང་པ་གསང་དབང་། གསལ་སྟོང་དབྱེར་མེད་ཀྱི་བདེ་བ་ཤེར་དབང་། གསལ་སྟོང་བདེ་བ་ཟུང་དུ་འཇུག་པ་དབང་བཞི་པའི་དམ་ཚིག་ཡིན་པས་བསྲེ་བ། བསྐྱེད་རིམ་པས་དམ་ཚིག་ཤུགས་ཀྱིས་བསྲུང་བ་ནི་རོ་སྙོམས་ཏེ་དམ་ཚིག་དང་བསྲེ་བའོ། །ཞལ་ཕྱག་གི་རྣམ་པ་ཅན་ལྷ་སྔགས་སུ་གསལ་བ་བསྐྱེད་རིམ་གྱི་ལམ། གསལ་བའི་ངོ་བོ་སྟོང་པ་རྫོགས་རིམ་གསལ་སྟོང་དབྱེར་མེད་ཉམས་མྱོང་གི་བདེ་བ་ཟུང་འཇུག །གསལ་སྟོང་དབྱེར་མེད་ཀྱི་བདེ་བ་སྐྱེ་འགག་གནས་གསུམ་དང་བྲལ་བ་ནི་ཕྱག་རྒྱ་ཆེན་པོའི་ལམ་ཡིན་པས་བསྲེ་བ། བསྐྱེད་རིམ་ལ་ལམ་བཞི་རྫོགས་པ་ནི་རོ་སྙོམས་ཏེ་གྲོལ་བྱེད་ལམ་དང་བསྲེ་བའོ། །བསྐྱེད་རིམ་རྣམ་པ་གསལ་བ་གཟུགས་སྐུ། ངོ་བོ་སྟོང་པ་ཆོས་སྐུ། ཉམས་མྱོང་བདེ་བ་ལོངས་སྐུ། འོད་གསལ་འགྲོ་འོང་མེད་པ་ངོ་བོ་ཉིད་སྐུའམ་ལྷན་ཅིག་སྐྱེས་པའི་སྐུ་ཡིན་པས་བསྲེ་བ། བསྐྱེད་རིམ་བསྒོམ་པས་སྐུ་བཞི་རང་ཤུགས་ཀྱིས་ཐོབ་པ་རོ་སྙོམས་ཏེ་འབྲས་བུ་དང་བསྲེ་བའོ། །གཉིས་པ་སྤྱི་དང་འབྲེལ་བ་བསྲུང་བྱ་གཙོ་བོར་སྟོན་པ་དམ་ཚིག་ཡིད་བཞིན་ནོར་བུ་ནི། དམ་ཚིག་གསུམ་ལ་སྦྱར། ཞེས་པ། བདེ་མཆོག་རྩ་རྒྱུད་ལས་གསུངས་པའི། གྲོལ་བ་ཟབ་པའི་དམ་ཚིག དད་པ་འཕེལ་བར་བྱེད་པ་རྒྱ་ཆེ་བའི་དམ་ཚིག །དངོས་གྲུབ་ཀྱི་རྒྱུ་ཟུང་འཇུག་གི་དམ་ཚིག་གསུམ་སྟེ། ཏིལླི་པའི་གཞུང་ཆུང་གི་འགྲེལ་པར་གསལ་བར་བཤད་པ་ལྟར་མི་འདའ་བར་སྲུང་བའོ། གསུམ་པ་མཆོག་དབང་དང་འབྲེལ་བ་དེ་ཁོ་ན་ཉིད་གཙོ་བོར་སྟོན་པ་གནས་ལུགས་ཡིད་བཞིན་ནོར་བུ་ལ། གསང་དབང་དང་འབྲེལ་བ་རྩ་རླུང་གི་གནད་སྟེང་སྒོ་རྣམ་པར་གྲོལ་བ། ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བ་མཁའ་འགྲོའི་གསང་སྒྲོགས་འོག་སྒོ་བདེ་བ་ཆེན་པོ་ཚིགས་དབང་དང་འབྲེལ་བ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད། ལམ་བློ་ནས་ཆོད་པ་བར་དོ་ལམ་ཁྱེར། ཅིག་ཆར་བས་བྱ་སྤྱོད་ཚོགས་སུ་བསྒྱུར་བའི་གདམ་ངག་དང་ལྔ་ལས། དང་པོ་གསང་དབང་དང་འབྲེལ་བའི་རྫོགས་རིམ་རྩ་རླུང་གི་གནད་སྟེང་སྒོ་རྣམ་པར་གྲོལ་བ་ལ། གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་ཆོས་བརྒྱད་རང་གྲོལ། རྨི་ལམ་འཁྲུལ་པ་རང་སངས། འོད་གསལ་མ་རིག་མུན་བྲལ། འཕོ་བ་གསེར་འགྱུར་གྱི་རྩི། གྲོང་འཇུག་སྦྲུལ་ལྤགས་འདོར་ལེན་དང་དྲུག་ཡོད་ལ། དང་པོ་གཏུམ་མོ་ལའང་། སྟེང་རང་བྱུང་ཡེ་ཤེས་སུ་སྦར་ནས་སྟེང་རླུང་གི་ལས་འདོན། འོག་ཟག་མེད་བདེ་ཆེན་དུ་སྤར་ནས་འོག་སྒོའི་བཅུད་འདོན། བར་འཁོར་འདས་རྒྱུན་གཅོད་དུ་སྤར་ནས་རྩ་རླུང་གི་ཆིང་སྟོན་པ་གསུམ་ལས། དང་པོ་སྟེང་རང་བྱུང་ཡེ་ཤེས་སུ་སྦར་ནས་སྟེང་རླུང་གི་ལས་སྟོན་པ་གཏུམ་མོ་བསྒོམ་པ་ལ། ཐོག་མར་ཟུར་གསལ་ལྟར། སྐྱབས་སེམས་ནས་བཟུང་ཕྱི་ནང་གསང་བའི་བླ་མའི་རྣལ་འབྱོར་རྫོགས་ཀྱི་བར་སྔོན་འགྲོ་རྣམས་རྒྱས་པར་བཏང་བའམ། བསྡུ་ན་སྐྱབས་སེམས་ཀྱི་མཐར་གསང་བའི་བླ་མའི་རྣལ་འབྱོར་བསྒོམ་པ་ཙམ་བྱའོ། །གཏུམ་མོ་བདེ་དྲོད་རང་འབར་ལམ་གྱི་གཞུང་། ཞེས་གསུངས་པ་གཟུང་འཛིན་གྱི་དངོས་པོར་འཛིན་པ་ཐམས་ཅད་ཟ་བས་ན་གཏུམ་ཞིང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེད་པས་ན་མོ་སྟེ་གཏུམ་མོ་ཞེས་བྱའོ། །ཕྱིའི་རྐྱེན་ལ་མ་ལྟོས་པར་ནང་གི་ཨ་ཤད་ཀྱི་མེས་བདེ་དྲོད་རང་འབར་འབྱུང་བ་ལམ་གྱི་གཞུང་ཤིང་ལྟ་བུ་སྟེ། དེ་ལའང་ཕྱིའི་གཏུམ་མོ་ལུས་ཀྱི་གནད་ནང་གི་གཏུམ་མོ་དམིགས་པའི་གནད། གསང་བའི་གཏུམ་མོ་རླུང་གི་གནད། དེ་ཁོ་ན་ཉིད་ཀྱི་གཏུམ་མོ་དཔྱིད་ཐིག་གི་གནད་དང་བཞི་ལས། དང་པོ་ཕྱིའི་གཏུམ་མོ་ནི། ལུས་གནད་བདུན་ལྡན། ཞེས་གསུངས་པ་འདི་ལ་བཞེད་སྲོལ་མང་ཡང་ཕྱག་ལེན་དངོས་ནི། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་གིས་གསང་རྩ་བཅར་བས་ཐུར་སེལ་གྱི་རླུང་ཟིན་པ་དང་། ལག་པའི་མཐེ་བོང་གཉིས་ཀྱིས་སྲིན་མཛུབ་ཀྱི་རྩ་མནན་ཞིང་། ལག་རྒྱབ་ཀྱིས་བརླ་རྩ་མནན་པའི་མཉམ་བཞག་གིས་མེ་མཉམ་གྱི་རླུང་དང་། གྲུ་མོ་དང་རྒལ་ཚིགས་བསྲང་བས་ཁྱབ་བྱེད་ཀྱི་རླུང་དང་། དཔུང་མགོ་རྒྱབ་ཏུ་འཕུལ་ནས་མཐོང་ཁ་ཡངས་པར་བྱས་པས་སྲོག་འཛིན་གྱི་རླུང་དང་། ཨོལ་ཀོས་གྲེ་མདུད་གནོན་ཞིང་ཡིད་ཙམ་གུག་པ་དང་། ལྕེ་ཡ་རྐན་དུ་སྦྱར་ཞིང་སོ་མཆུ་བར་ཅུང་ཟད་ཡོད་པར་བྱས་པས་གྱེན་རྒྱུའི་རླུང་དང་། མིག་སྣ་རྩེའི་བར་སྣང་ལ་བལྟས་པས་ཡན་ལག་གི་རླུང་ལྔ་ཟིན་པའི་དགོས་པ་ཡོད་ལ། རྣམ་སྣང་གངས་ཅན་མཚོའི་བཞུགས་སྟངས་དང་མཐུན་པས་སམ། གཟུགས་སྦྱངས་ནས་རྣམ་པར་སྣང་མཛད་དུ་ཕྱེད་པའི་ཕྱིར་རྣམ་སྣང་གི་ཆོས་བདུན་ཞེས་བྱའོ། །གཉིས་པ་ནང་གི་གཏུམ་མོ་དམིགས་པའི་གནད་ནི། ལྷ་སྐུ་སྟོང་རའི་ནང་། ཞེས་པ། དཀར་ཆ་དག་པ་ཡབ་འཁོར་ལོ་སྡོམ་པ་དང་། དམར་ཆ་དག་པ་ཡུམ་རྡོ་རྗེ་ཕག་མོ་གཉིས་རེས་མོས་སུ་བསྒོམས་ཏེ་ཐབས་ཤེས་ཟུང་སྦྲེལ་སུ་བྱ་དགོས་པས། གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པའི་ངང་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ་རྩ་བ་ཕྲ་བ་ཐུར་ཟུག་ཅིང་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འབྱུང་བ་རིམ་བརྩེགས་རི་རབ་ཀྱི་སྟེང་དུ་པདྨ་དང་ཉི་མ་འཇིག་བྱེད་དུས་མཚན་གྱི་གདན་ལ་རང་ཉིད་འཁོར་ལོ་སྡོམ་པ་ལྷན་སྐྱེས་ཡབ་ཡུམ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་ཡེ་ཤེས་ཀྱི་མེ་དབུས་ན་བཞུགས་པའི་ལུས་ཀྱི་ནང་དབུས་དྲང་པོར། ཆོས་ཉིད་ཀྱི་རྩ་དབུ་མ་དྲང་ཞིང་འགྲེངས་པ་ཆུ་ཤིང་གི་སྡོང་པོ་ལྟ་བུ། དམར་ཞིང་སྣུམ་པ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ། འཇམ་ཞིང་སྲབ་པ་པདྨའི་འདབ་མ་ལྟ་བུ། གསལ་ཞིང་དྭངས་པ་ཏིལ་མར་གྱི་མར་མེ་ལྟ་བུ་སྟེ་མཚན་ཉིད་བཞི་ལྡན། ཡར་སྣེ་སྤྱི་བོའི་ཚངས་བུག་ལ་ཟུག་པ། མར་སྣེ་གསང་གནས་དང་འབྲེལ་བ་ཁོང་སྟོང་ཁ་བྱེ་བའི་རྣམ་པ་ཅན་དུ་སྒོམ། དེའང་འདེར་སོ་ལྟ་བུའི་བེམ་གཟུགས་གདོས་བཅས་ཤ་ཁྲག་ལས་གྲུབ་པ་ལྟ་བུ་མ་ཡིན་པ་ངོ་བོ་སྟོང་པར་སྒོམ། སྟོང་པའི་རང་རྩལ་སྣང་བ། སྣང་བའི་ངོ་བོ་སྟོང་པ་སྟེ། སྣང་སྟོང་དབྱེར་མེད་འཇའ་ཚོན་ལྟ་བུའི་རང་བཞིན་དབྱེར་མེད་དུ་སྒོམ། བདེ་བའི་ཡེ་ཤེས་ཆེས་ཆེར་རྒྱས་པས་ཉམས་བདེ་བ་ཆེན་པོར་བསྒོམ་མོ། །ཡང་ན་ཆོས་འབྱུང་པད་ཉི་བམ་རོའི་གདན་ལ། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་མཆན་གཡོན་དུ་ཡབ་མཚོན་པའི་རྡོ་རྗེའི་ཁཊྶཱཾ་ག་དང་བཅས་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་ཡེ་ཤེས་ཀྱི་མེ་དབུས་ན་བཞུགས་པའི་ལུས་ནང་རྩ་དབུ་མ་གོང་ལྟར་སྒོམ་ཞིང་ངོ་བོ་སྟོང་པ་སོགས་ཀྱང་འདྲའོ། །གང་ལྟར་ཡང་དམིགས་པའི་རྩལ་སྦྱོང་བའི་ཕྱིར་སྤྲོ་བསྡུའི་རྣལ་འབྱོར་ནི། རང་ལུས་ལྷ་ཡི་སྟོང་ར་ལུས་ཚད་ཙམ་གསལ་བ་དང་དབུ་མ་སྦ་ལྕག་ཙམ་སྒོམ། དེ་འབྱོངས་ནས་རང་ཁང་པ་དང་། དབུ་མ་ཀ་བ་ཙམ་པ་ཟོ་བ་ཞབས་མེད་ལྟ་བུར་ཡར་ཟང་མར་ཟང་སྟོང་སང་ངེ་བ་ཕྱི་གསལ་ནང་གསལ་ནས། རིམ་པར་རི་དང་རི་རབ་ཡུལ་ཁམས། སྟོང་ཁམས། མཐའ་ཡས་པའི་བར་དུ་རྒྱ་བསྐྱེད་ལ། དབུ་མའང་དེ་མཚུངས་ཇེ་ཆེར་བསྐྱོད་པ་དང་། སྟོང་ར་ཇི་ཙམ་སྒོམ་པའི་ལུས་སྲིལ་པོ་དབུ་མས་ཁྱབ་པར་སྒོམ་པ་ནི་སྤྲོ་བའི་རྣལ་འབྱོར་དང་། དེ་ནས་ནམ་མཁའི་མཐར་ཁྱབ་པ་ཚུར་ལུས་ནས་སྟོང་ཁམས་ཙམ་ནས་རིམ་པར་ཡུལ་ཁམས། རི་རབ། རི་དང་། ཁང་པ། རང་ལུས། ཁྲུ་གང་། མཐོ་གང་ཙམ་ནས་མཐར་སྟོང་ར་ཡུངས་འབྲུ་ཙམ་དང་། དབུ་མ་སྤུ་ཉག་ཙམ་དུ་སྒོམ་པ་ནི་བསྡུ་བའི་རྣལ་འབྱོར་ཏེ་དམིགས་པའི་བོགས་འདོན་དང་། སྔ་མས་བྱིང་བ་དང་ཕྱི་མས་རྒོད་པ་སེལ་བྱེད་དུའང་འགྱུར་རོ། །དྷཱུ་ཏི་ལ་ལ་ར་སཱ་འཁོར་ལོ་བཞི། ཞེས་པ་གང་ལ་གནད་དུ་བསྣུན་པར་བྱ་བའི་ཡུལ་ལམ་རྟེན་ནི་རྩ་ཡིན་ཏེ། སྟོང་ར་འཁོར་ལོ་སྡོམ་པའམ། རྡོ་རྗེ་རྣལ་འབྱོར་མ་སྔར་ལྟར་བསྒོམས་པའི་ལུས་དབུས་སུ་དྷཱུ་ཏི་སྟེ་དབུ་མ་མཚན་ཉིད་བཞི་ལྡན་ཡར་སྣ་སྤྱི་གཙུག་དང་། མར་སྣ་ལྟེ་འོག་སོར་བཞིར་ཆོས་འབྱུང་དམར་པོ་ཁ་གྱེན་དུ་བསྟན་པའི་ནང་ན་ཟུག་པ། དེའི་གཡས་སུ་ར་སཱ་ན་སྟེ་རོ་མ་དམར་ལ་དཀར་བའི་མདངས་ཅན་གཡོན་དུ་ལ་ལ་ན་སྟེ་རྐྱང་མ་དཀར་ལ་དམར་བའི་མདངས་ཅན། དེ་ལྟར་རྩ་དབུ་མ་མདའ་སྨྱུག་ཙམ་ཡེ་ཤེས་ཀྱི་རང་བཞིན་ཤིན་ཏུ་རྒྱས་ཤིང་འོད་འབར་བ། རོ་རྐྱང་གཉིས་སོག་སྦུབ་ཙམ་པ་གཟུང་འཛིན་སྨ་དབབ་པའི་ཕྱིར་དུ་ལུག་རྗུད་ཀྱི་རྒྱུ་མ་ལྟར་རྙིད་པའི་རྣམ་པ་ཅན། རོ་རྐྱང་གཉིས་ཀྱི་ཡར་སྣ་གླད་རྒྱའི་སྟེང་ནས་ཐུར་དུ་གུག་སྟེ་སྣ་བུག་གཉིས་སུ་ཟུག་པ། མར་སྣ་དབུ་མའི་ནང་དུ་ཆུད་པ། ཡི་གེ་གཟབ་མའི་ཆའི་འཕང་ལྟ་བུ་སྤྱི་མགྲིན་སྙིང་ག་ལྟེ་བའི་གནས་བཞིར་དབུ་མ་དང་རོ་རྐྱང་གཅིག་ཏུ་འབྲེལ་ནས་སྦུབ་གཅིག་ཏུ་གྱུར་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་ཏེ། དབུ་མའི་མདུན་རྒྱབ་གཡས་གཡོན་ནས་རེ་རེ་གྱེས་པས་བཞི། བཞི་ལས་རེ་རེ་གྱེས་པས་བརྒྱད། བརྒྱད་ལས་རེ་རེ་གྱེས་པས་བཅུ་དྲུག བཅུ་དྲུག་ལ་རེ་རེ་གྱེས་པས་སོ་གཉིས་སོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་སྟེ། དབུ་མའི་མདུན་རྒྱབ་གཡས་གཡོན་ལས་གོང་ལྟར་གྱེས་པས་བཞི། དེ་ལས་རེ་རེ་གྱེས་པས་བརྒྱད། དེ་ལས་རེ་རེ་གྱེས་པས་བཅུ་དྲུག་གོ །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་དེ། དབུ་མ་ལས་གྱེས་པ་བཞི། དེ་ལས་རེ་རེ་གྱེས་བརྒྱད་དོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་སྟེ། དབུ་མ་ལས་གྱེས་པའི་རྩ་བ་བཞི། དེ་ལས་རེ་རེ་གྱེས་པ་བརྒྱད། དེ་ལས་རེ་རེ་གྱེས་པ་བཅུ་དྲུག །དེ་ལས་རེ་རེ་གྱེས་པས་སོ་གཉིས། དེ་ལས་ཀྱང་རེ་རེ་གྱེས་པས་དྲུག་ཅུ་རྩ་བཞིའོ། འཁོར་ལོ་བཞིའི་རྩ་འདབ་སྡོམ་པས་གྲངས་བརྒྱད་དང་ཉི་ཤུ་ཡོད་ལ། དེ་ལས་ཀྱང་གྱེས་པའི་རྩ་འདབ་བསམ་གྱིས་མི་ཁྱབ་པ་ལུས་ཀྱི་ཆ་ཤས་ཐམས་ཅད་ལ་ཁྱབ་པ་འོད་རྒྱུད་སྦུབ་ཅན་འཛིང་ཐབས་སུ་སོང་བ་འདྲ་བའི་སྣེ་མོ་རྣམས་བ་སྤུའི་སྒོར་ཟུག་པ་ཁ་དང་ངེ་བར་ཡོད་པའམ་འཇའ་འོད་ཀྱིས་གང་བར་སྒོམ། སྤྱི་བོ་དང་སྙིང་གའི་འཁོར་ལོ་ཝྃ་ཡིག་བདེ་བའི་རྣམ་པ་ཁ་མར་སྦུབ་པའི་རྣམ་པ། མགྲིན་པ་དང་ལྟེ་བའི་འཁོར་ལོ་ཨེ་ཡིག་ཤེས་རབ་སྟོང་པའི་རྣམ་པ་ཁ་ཡར་བཟེད་པ་འཁོར་ལོ་བཞི་ཀ་ལ་བསྒོམ་པའི་དུས་ཁ་དོག་སེར་པོ། སྒོམ་པའི་དུས་དྲོད་གཙོ་བོར་འདོན་པའི་ཕྱིར་ཁ་དོག་དམར་པོར་སྒོམ། རྩ་གསུམ་གྱིས་དུག་གསུམ་དག་ནས་སྐུ་གསུམ་ཐོབ་པ་དང་། འཁོར་ལོ་བཞིས་གནས་སྐབས་བཞི་དག་ནས་སྐུ་བཞི་ཐོབ་པར་བྱེད་དོ། །གསུམ་པ་གསང་བའི་གཏུམ་མོ་རླུང་གི་གནད་ལ། ཐོག་མར་འཇམ་རླུང་འབུད་པ་དགུ་ཕྲུག་ནི། ལུས་གནད་སེམས་སྐྱིལ། དམིགས་གནད་སྟོང་ར་རྩ་འཁོར་དང་བཅས་གསལ་བཞིན་པས་ལག་གཡས་ཁུ་ཚུར་བརླ་སྟེང་དུ་ཁ་སྦུབ་ལ། ལག་གཡོན་རྡོ་རྗེའི་ཁུ་ཚུར་བཅས་པའི་མཛུབ་མོས་སྣ་གཤོག་གཡོན་པ་མནན་ཏེ། རླུང་གནད་སྣ་བུག་གཡས་ནས་རླུང་འཇམ་པོ་མིས་མི་ཚོར་ཙམ་དུ་དལ་བུས་རྔུབས་ལ་ལྟེ་འོག་ཏུ་མནན། གཡས་པའི་མཛུབ་མོས་སྣ་གཤོག་གཡས་པ་མནན་ཏེ་སྣ་བུག་གཡོན་ནས་དལ་བུས་ཕྱིར་བཏང་། དེ་བཞིན་དུ་སྣ་བུག་གཡོན་ནས་རྔུབས་ཏེ་མནན་ལ། ལག་གཡོན་པའི་མཛུབ་མོས་སྣ་གཤོག་གཡོན་པ་མནན་ཏེ་སྣ་བུག་གཡས་ནས་བཏང་། ལག་གཉིས་ཁུ་ཚུར་པུས་སྟེང་སྦུབ་ལ་སྣ་བུག་གཉིས་ནས་གོང་བཞིན་ཆ་མཉམ་དུ་རྔུབས་ལ་ཆ་མཉམ་དུ་ཕྱིར་འབུད་པ་ནི་མོ་རླུང་ངོ་། །དེ་ནས་ལག་གཡས་བརླ་དཀྱིལ་དུ་སྦུབ་པ་སོགས་ཀྱིས་མོ་རླུང་ལས་ཅུང་ཟད་དྲག་པ་མིས་ཚོར་ཙམ་གྱིས་ལན་གསུམ་འབུད་པ་མ་ནིང་གི་རླུང་ངོ་། །དེ་ནས་ཁུ་ཚུར་བརླ་རྩར་སྦུབ་ལ་གཡོན་པའི་མཛུབ་མོས་སྣ་གཤོག་གཡོན་པ་མནན་ཏེ་གཡས་ནས་དྲག་པོར་རྔུབ་པ་དང་མཉམ་དུ་ལུས་གནད་མ་ཤོར་བར་གཡས་ཀྱི་དཔུང་པ་མདུན་དུ་བསྐོར་ལ་ལག་གཡས་ཀྱི་མཛུབ་མོས་སྣ་གཤོག་གཡས་པ་མནན་ཏེ་མགྲིན་པ་མ་ཡོ་བར་གདོང་གཡོན་དུ་ཕྱོགས་ནས་གཡོན་གྱི་དཔུང་མགོ་རྒྱབ་ཏུ་བསྐོར་ལ་སྣ་གཡོན་ནས་སིང་སྒྲ་དང་བཅས་ཕྱིར་འབུད། གཡོན་ནས་རྔུབ་པ་དང་མཉམ་དུ་གདོང་ཡང་མདུན་དུ་ཕྱོགས་གཡོན་པའི་དཔུང་མགོ་ནང་དུ་བསྐོར་ལ་ལག་གཡོན་གྱི་མཛུབ་མོས་སྣ་གཤོག་གཡོན་པ་མནན་ཏེ་གདོང་གཡས་སུ་ཕྱོགས་ལ་གཡས་ཀྱི་དཔུང་མགོ་ཕྱིར་བསྐོར་ཏེ་གཡས་ནས་སིང་སྒྲ་དང་བཅས་ཕྱིར་འབུད། ལག་གཉིས་ཁུ་ཚུར་བརླ་རྩར་སྦུབ་ལ་ལུས་གནད་མ་ཤོར་བར་དཔུང་མགོ་གཉིས་མདུན་དུ་བསྐོར་བ་དང་ལྷན་ཅིག་སྣ་བུག་གཉིས་ནས་ཆ་མཉམ་དུ་རྔུབ་དཔུང་མགོ་གཉིས་རྒྱབ་ཏུ་བསྐོར་བར་བསྟུན་སྣ་བུག་གཉིས་ནས་སེང་སྒྲ་དང་བཅས་ཕྱིར་འབུད་པ་ནི་ཕོ་རླུང་ངོ་། དེ་དག་གི་དམིགས་པ་ནི། གཡས་ནས་རྔུབ་གཡོན་ནས་འབུད་སྐབས་རོ་མའི་ནང་ཐམས་ཅད་རླུང་གིས་ཁེངས་ནས་སྡིག་སྒྲིབ་ནད་གདོན་རྩ་དུག་རླུང་དུག་ཐིག་ལེའི་ཉེས་སྐྱོན་ཐམས་ཅད་དུ་བ་རླུང་གིས་དེད་པ་ལྟར་རྐྱང་མའི་ནང་བརྒྱུད་དེ་སྣ་བུག་གཡོན་ནས་ཕྱིར་ཐོན་པར་བསམ། གཡོན་ནས་རྔུབས་ཤིང་གཡས་ནས་འབུད་སྐབས་རྐྱང་མ་རླུང་གིས་ཁེངས་ནས་སྡིག་སྒྲིབ་ནད་གདོན་སོགས་དེད་ནས་རོ་མའི་ནང་བརྒྱུད་དེ་སྣ་བུག་གཡས་ནས་ཕྱིར་ཐོན་པར་བསམ། གཉིས་ཀ་ནས་རྔུབས་ཤིང་གཉིས་ཀ་ནས་འབུད་སྐབས་རོ་རྐྱང་གཉིས་རླུང་གིས་ཁེངས་ནས་རོ་མའི་རླུང་རྐྱང་མ་དང་། རྐྱང་མའི་རླུང་རོ་མར་བསྣོལ་རྒྱག་ཏུ་སོང་ནས་སྡིག་སྒྲིབ་ནད་གདོན་དེད་ནས་ཕྱིར་ཐོབ་པར་བསམ་མོ། །སྲུང་འཁོར་སྒོམ་པ་ནི། རང་ཉིད་དཔལ་འཁོར་ལོ་སྡོམ་པ་ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་བཅས་པར་གསལ་བའི་ལུས་ནང་རྩ་གསུམ་འཁོར་ལོ་བཞི་ཨ་ཤད་མེ་ཡི་རང་བཞིན་དང་བཅས་པ་གསལ་བཏབ་ལ། རླུང་ཕྱིར་དབྱུང་བ་མཉམ་དུ་ཨ་གཏུམ་རྒྱལ་བ་རབ་འབྱམས་ཀྱི་ནུས་མཐུའི་བདག་ཉིད་ལས་འཕྲོས་པའི་འོད་ཀྱིས། རྒྱལ་བ་སྲས་བཅས་ཡི་དམ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་ནུས་བྱིན་ཐམས་ཅད་མེ་དཔུང་གི་རྣམ་པར་བསྡུས། ཚུར་རྔུབ་པ་དང་མཉམ་དུ་སྣ་བུག་ནས་ཞུགས་ཏེ་ཨ་གཏུམ་ལ་ཐིམ་པ་དང་ལྷན་ཅིག་ཡེ་ཤེས་ཀྱི་མེ་ཆེར་འབར་བས་སྡིག་སྒྲིབ་བག་ཆགས་ནད་གདོན་སོགས་ནང་གི་མི་མཐུན་ཕྱོགས་ཐམས་ཅད་ཡོངས་སུ་བསྲེག་པའི་དུད་པ་དང་མཉམ་དུ་མེ་ལྕེ་བ་སྤུའི་ཁུང་བུ་ཀུན་ནས་འཕྲོས་པས་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་གང་བར་བསམ། ཡང་རླུང་དབྱུང་རྔུབ་མནན་སྐབས་སྤྲོ་བསྡུ་གོང་ལྟར་བྱ་བ་ལན་གཉིས་ཏེ་སྔ་ཕྱི་སྡོམ་པའི་རླུང་ཁུག་གསུམ་མཐར་རླུང་སྤྲུག་ཅིང་ཧ་སྒྲས་རླུང་འབྱིན་པ་ནས་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་འཕྲོས་པའི་མེས་སྟོང་གསུམ་གང་བ་ལས་མཚོན་ཆ་དང་ཁྲོ་ཚོགས་སྐར་ལྟར་འཕྲོ་ཞིང་སེར་ལྟར་འདྲིལ་ནས་ཡུལ་སྣང་ཕྱིར་ཆད་ཀྱི་བདུད་བགེགས་བར་ཆད་ཐམས་ཅད་དུམ་བུར་གཏུབ་ཅིང་གཞོབ་ཏུ་བསྲེག་ནས་རྡུལ་ཕྲན་ཙམ་ཡང་མི་དམིགས་པར་གྱུར་པ་དང་། ཁྲོ་ཚོགས་མེ་དཔུང་ཚུར་འདུས་ནས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་མེ་དཔུང་མཚོན་ཆ་ཁྲོ་ཚོགས་ཀྱི་གུར་ཁང་གཞོམ་གཞིག་བྲལ་བས་གཏམ་པར་བསམ་པ་དང་། བསྲུང་བྱ་སྲུང་བྱེད་ངོ་བོ་མ་གྲུབ་པ་སྒྱུ་མ་ལྟ་བུའི་ངང་དུ་མཉམ་པར་བཞག་པས་གཉིས་འཛིན་དག་པའི་ཕྱིར་དོན་གྱི་སྲུང་འཁོར་རོ། རིམ་པ་དེ་དག་སྒོ་གསུམ་རྡོ་རྗེ་གསུམ་དུ་སྒྲུབ་པའི་མི་མཐུན་ཕྱོགས་རྣམས་གཞོམ་ཞིང་བསྲུང་བའི་རྟེན་འབྲེལ་ཡིན་ནོ། དེ་ནས་རླུང་གི་གནད་དངོས་ལ་གསུམ་ལས། དང་པོ་རྡོ་རྗེའི་བཟླས་པ་ནི། རྡོ་རྗེའི་བཟླས་པ། ཞེས་པ་རྡོ་རྗེའི་བཟླས་པ་ལ་དབྱེ་བ་མང་ཡང་འདིར་རྫོགས་རིམ་གྱི་རྡོར་བཟླས་བཤད་དེ། རང་ཉིད་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་མམ། རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལུས་ནང་རྩ་གསུམ་འཁོར་ལོ་བཞི་དང་བཅས་པའི་སྙིང་གའི་འཁོར་ལོའི་དབུས་དྷུ་ཏིའི་ནང་དུ་མི་ཤིཊ་པའི་ཐིག་ལེ་དཀར་ལ་དམར་བའི་མདངས་དང་ལྡན་པ་ཞིག་བསྒོམ། སྣ་བུག་ནས་རླུང་ནང་དུ་འཇུག་པ་ཨོཾ་གྱིས་གདངས་ཀྱིས་དབུ་མ་ནས་བྱུང་སྟེ་སྤྱི་བོ། སྤྱི་བོ་ནས་མགྲིན་པ། མགྲིན་པ་ནས་སྙིང་ཁའི་བར་དུ་བྱུང་བར་བསམ། གནས་པའི་དུས་ཨཱའི་གདངས་ཀྱིས་སྙིང་ཁའི་མི་ཤིགས་པའི་ཐིག་ལེ་ལ་གནས་པར་བསམ་ཕྱིར་འགྲོ་བའི་དུས་ཧཱུྃ་གི་གདངས་ཀྱིས་སྙིང་ག་ནས་མགྲིན་པ། མགྲིན་པ་ནས་སྤྱི་བོ། སྤྱི་བོ་ནས་སྣ་བུག་གི་ཕྱིར་ཐོན་པར་བསམ། དེ་ལྟར་རྒྱུན་དུ་རླུང་རང་བཞིན་གྱི་འཇུག་གནས་ལྡང་གསུམ་ལ་བརྟེན་པ་དང་། སྐབས་ཅི་རིགས་པར་འཇམ་རླུང་ཆེད་དུ་བཟུང་བ་ལ་རྡོར་བཟླས་བྱའོ། རྡོ་རྗེའི་བཟླས་པ་འདི་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་དང་། བཤད་རྒྱུད་ལྷ་མོ་བཞིས་ཞུས། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་འདུས་རིམ་ལྔ་སོགས་ལས་རྒྱ་ཆེར་བཤད་ཅིང་བསྔགས་པ་ཤིན་ཏུ་ཆེ་སྟེ་རླུང་གི་རྣལ་འབྱོར་ཐམས་ཅད་ཀྱི་མཆོག་ཡིན་པས་ཡུན་བསྲིངས་ཏེ་བསྒོམ་པར་བྱའོ། གཉིས་པ་རྩ་བའི་རླུང་ལྔ་བསྒོམ་པ་ནི། རྩ་བའི་རླུང་ལྔ་བསྒོམ། ཞེས་པ་སྟེ། རྩ་བའི་རླུང་ལྔ་ནི་ཕྱི་འབྱུང་བ་ལྔ་དང་སྦྱར་ན། ས་ཆུ་མེ་རླུང་ནམ་མཁའ་རླུང་དང་ལྔ། ནང་ལུས་ལ་སྦྱར་ན། མེ་མཉམ། སྲོག་འཛིན། གྱེན་རྒྱུ། ཁྱབ་བྱེད། ཐུར་སེལ་རླུང་དང་ལྔ་སྟེ། མེ་མཉམ་པའི་རླུང་ལྟེ་བ་ན་གནས། སྲོག་འཛིན་ཆུའི་རླུང་སྙིང་ག་ན་གནས། གྱེན་རྒྱུ་མེའི་རླུང་མགྲིན་པ་ན་གནས། ཁྱབ་བྱེད་རླུང་གི་རླུང་སྤྱི་བོ་ན་གནས། ཐུར་སེལ་ནམ་མཁའ་རླུང་གསང་གནས་ན་གནས་པས་དེ་ལྟར་རྩ་བའི་རླུང་ལྔ་དབང་དུ་འདུས་ན་ཡན་ལག་གི་རླུང་ཤུགས་ཀྱིས་ཟིན་པར་འགྱུར་བས་རྩ་བའི་རླུང་ལྔ་བསྒོམ་པར་བྱ་སྟེ། རང་ཉིད་འཁོར་ལོ་སྡོམ་པ་ཡབ་ཡུམ་མམ། རྡོ་རྗེ་རྣལ་འབྱོར་མ་ལུས་ནང་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པར་གསལ་བའི་རྩ་འཁོར་གྱི་དབུས་སུ་མི་ཤིགས་པའི་ཐིག་ལེ་སེར་པོ་ཨེ་ཡིག་གིས་མཚན་པ་སྲ་ཞིང་བརྟན་པ་གསལ་གདབ། སོར་བཅུ་གཉིས་ཙམ་ནས་ས་རླུང་སེར་པོ་དལ་བུས་རྔུབ་པ་རོ་རྐྱང་གི་ལམ་བརྒྱུད་དེ་དབུ་མའི་ནང་དུ་ཞུགས་པས་ལྟེ་བའི་རྩ་འཁོར་གང་སྟེ་ཐིག་ལེ་ཨེ་ཡིག་དང་བཅས་པ་ལ་ལྷག་མ་མ་ལུས་པ་ཐིམ་པར་བསམ། དེ་བཞིན་དུ་སྙིང་གའི་འཁོར་ལོའི་དབུས་སུ་ཆུ་ཡི་དྭངས་མ་ཐིག་ལེ་དཀར་པོ་ཝྃ་ཡིག་གིས་མཚན་པ། བསིལ་ཞིང་སྣུམ་པ། མགྲིན་པར་མེའི་དྭངས་མ་ཐིག་ལེ་དམར་པོ་མ་ཡིག་གིས་མཚན་པ་དྲོ་ཞིང་བདེ་བ། སྤྱི་བོར་རླུང་གི་དྭངས་མ་ཐིག་ལེ་ལྗང་གུ་ཡ་ཡིག་གིས་མཚན་པ་ཡངས་ཤིང་གཡོ་བ། གསང་བར་ནམ་མཁའི་དྭངས་མ་ཐིག་ལེ་སྔོན་པོ་ཨ་ཡིག་གིས་མཚན་པ་དྭངས་ཤིང་ཐོགས་པ་མེད་པ་རྣམས་གསལ་བཏབ་ལ། སོར་བཅུ་གསུམ་ནས་ཆུ་རླུང་དཀར་པོ། བཅུ་བཞི་ནས་མེ་རླུང་དམར་པོ། བཅོ་ལྔ་ནས་རླུང་གི་རླུང་ལྗང་གུ བཅུ་དྲུག་ནས་ནམ་མཁའི་རླུང་སྔོན་པོ་རྣམས་བཟུང་བ་སོགས་གོང་ལྟར་བསྒོམ་མོ་འདི་རྣམས་རླུང་ཁུག་གི་གྲངས་ཀ་མེད་པས་ཇི་ལྟར་ནུས་ནུས་སུ་བསྒོམ་མོ། གསུམ་པ་བུམ་པ་ཅན་བསྒོམ་པ་ནི། སྲོག་རྩོལ་ཐུར་སེལ་གཅུན། ཞེས་པ་སྟེ། དེའང་འགྲིམ་འགྲུལ་མང་བའི་ས་དང་། རྡུལ་དང་དུད་པ་འཚུབ་པའི་གནས་དང་། འགྲངས་ཆེས་པ་དང་། ལྟོག་ཆེས་པའི་དུས་དང་། ནམ་ཕྱེད་ཉིན་གུང་རླུང་སྣ་བུག་གཡས་ནས་རྒྱུ་བའི་སྐབས་རྣམས་སུ་བཟུང་ན་གེགས་ཡོང་བས་དེ་ལས་ལྡོག་པའི་གནས་དང་དུས་སྐབས་རྣམས་སུ་བཟུང་འདི་ནི་གཙོ་ཆེར་བུམ་པ་ཅན་བསྒོམ་པའི་དུས་གནད་ཡིན་ཀྱང་རླུང་གི་རྣལ་འབྱོར་གཞན་ལའང་འདྲའོ། རང་འཁོར་ལོ་སྡོམ་པ་ཡབ་ཡུམ་མམ་རྡོ་རྗེ་རྣལ་འབྱོར་མ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་བཏབ། ཕྱིའི་སོར་བཅུ་དྲུག་ཙམ་ནས་དྲངས་པའི་མོས་པས་རླུང་སྒྲ་མེད་འཇམ་པོར་སྣ་བུག་གཉིས་ནས་རྔུབས་ལ་ལྟེ་འོག་ཏུ་ཆིལ་གྱིས་མནན། འོག་རླུང་ཡིད་ཙམ་དྲངས་ལ་ཁ་སྦྱོར་དུ་དགང་། ལས་དང་པོ་པས་རན་ཚོད་ཙམ་དུ་བཟུང་ལ་མི་ཐུབ་ཙ་ན་ཅུང་ཟད་མནན་ནས་རྔུབས་ཆུང་བྱས་ཏེ་གཡས་བཅག་གཡོན་བཅག་དབུས་བཅག་ནས་གཞིལ་མཐར་ཅུང་ཟད་སྟོད་དགྱེ་བ་དང་མཉམ་དུ་སྣ་བུག་གཉིས་ནས་དང་པོ་དང་མཇུག་ཏུ་ཤེད་ཆུང་ཞིང་བར་དུ་ཤུགས་ཆེ་བར་སིང་སྒྲ་དང་བཅས་ཏེ་ལྷག་མ་མ་ལུས་པར་ཕྱིར་དབྱུང་། རླུང་བཏང་ཚར་དུས་ཇི་ཙམ་གནས་ཀྱི་བར་ཕྱི་འཛིན་བྱས་ལ་སླར་ཡང་རྔུབ་པ་སོགས་གོང་ལྟར་རོ། དེའང་ལྕགས་ཀྱུས་དགུག་པ་ལྟར་རླུང་འཇམ་པོར་རྔུབས་ཤིང་དྲངས་བ་དང་། བུམ་པ་གསུམ་གཉིས་ཆུ་ཡིས་བཀང་བ་ལྟར། ལྟེ་བའི་ནང་སུམ་གཉིས་རླུང་གིས་བཀང་བ། རྒྱ་མདུད་ལྟར་གཞིལ་ཞིང་ལྟེ་འོག་ཏུ་སྡོམ་པ། ཐོགས་པ་མེད་པར་མདའ་ལྟར་འཕང་བ་སྟེ་སྦྱོར་བ་བཞི་དང་ལྡན་པས། སྟེང་རླུང་ཆ་གཉིས། འོག་རླུང་ཆ་གཅིག་ཁ་སྦྱར་བྱས་ནས་བཟུང་ཞིང་གཡས་གཡོན་མདུན་རྒྱབ་ཕྱོགས་གཅིག་ཏུ་མ་ཡོ་བར་མནན་དགོས་སོ། དེ་ལྟར་སྦྱོར་བ་བཞི་ལྡན་གྱི་དུས་སུ་དམིགས་པ་ནི། རྔུབ་པའི་དུས་སུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དང་། རྩ་བརྒྱུད་ཀྱི་བླ་མ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་སོགས་ཡི་དམ། དཔའ་བོ་མཁའ་འགྲོ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་སྣ་ལྔའི་རྣམ་པ་དང་། སྣ་བུག་གི་སོར་བཅུ་དྲུག་མཚམས་ནས་ནམ་མཁའི་རླུང་སྔོན་པོ་བཅོ་ལྔ་ནས་རླུང་གི་རླུང་ལྗང་གུ། བཅུ་བཞི་ནས་མེ་རླུང་དམར་པོ། བཅུ་གསུམ་ནས་ཆུ་རླུང་དཀར་པོ། བཅུ་གཉིས་ནས་ས་རླུང་སེར་པོ་རྣམས་སྣ་བུག་ནས་ཞུགས། རོ་རྐྱང་གཉིས་ནས་རྒྱུ་མར་ཕུས་བཏབ་པ་ལྟར་ཐ་ལ་ལ་སོང་ནས་རྩ་གསུམ་འདུས་མདོར་དགང་། གཞིལ་བའི་སྐབས་སུ་རོ་རྐྱང་གི་རླུང་རྣམས་དབུ་མར་པུར་གྱིས་ཞུགས་ནས་ཡེ་ཤེས་ཀྱི་རླུང་ཡུག་གཅིག་ཏུ་གྱུར། ཕྱིར་འཕང་བའི་དུས་སུ་རླུང་རྣམས་དབུ་མའི་ནང་དུ་ལྷག་མེད་དུ་ཐིམ་པར་བསམ་མོ། དེ་ལྟར་ལས་དང་པོ་པས་རླུང་ཁུག་བདུན་རེ་མཚམས་སུ་ཡུད་ཙམ་ངལ་བསོ། རིམ་གྱིས་གོམས་པ་ན། ཉེར་ལྔ། ལྔ་བཅུ། བརྒྱ་སོགས་ཇེ་མངས་སུ་བཏང་། གང་ལྟར་ཡང་མཐར་ཁུ་ཚུར་པུས་སྟེང་དུ་བཞག་ལ་ཕོ་བ་གཡས་བསྐོར་གསུམ་དང་གཡོན་བསྐོར་གསུམ་ཕོ་རྡེབ་གསུམ་བྱས་ལ་རྡོར་སྐྱེལ་བཤིགས་ནས་ལག་པ་སྦུབ་སྟེ་ཧ་སྤྲུག་གིས་ལུས་ཆ་མཉམ་པར་སི་ལི་ལི་སྤྲུག་གོ །འདི་ལྟར་འཇམ་རླུང་སྦྱོར་བ་བཞི་ལྡན་འདི་ཉིད་ལ་གོམས་པའི་ཕན་ཡོན་ནི། དགྱེས་རྡོར་དང་། ཤིན་ཏུ་རྨད་བྱུང་གི་རྒྱུད་ལས་གསུངས་པའི་སྙིང་པོ་ཙམ་ནི། ཁྲོས་པའི་ཉམས་ཀྱིས་མིག་འབྲས་གཉིས་དཔྲལ་བར་གཏད་ནས་རླུང་དབྱུང་བས་ཤིང་འབྲས་སོགས་ལྷུང་བ་དང་། མིག་གཉིས་གཡོན་དུ་བལྟས་ནས་དགང་བས་རྒྱལ་པོ་སོགས་དབང་དུ་བྱེད་པ། མིག་གཉིས་དཔྲལ་བའི་གཡས་ལོགས་སུ་བལྟས་ནས་རྔུབས་པས་རི་དྭགས་སོགས་དགུག་པ་དང་། མིག་གཉིས་ཐད་ཀར་བལྟས་ནས་གཞིལ་བས་དམག་སོགས་རེངས་བ་ཕྱི་དང་། གཏུམ་མོ་རང་བྱུང་དུ་འབར་བས་བྱང་སེམས་བཞུ་བ་ལྟུང་བ། བདེ་བ་དབང་དུ་བྱེད་པ། ཐིག་ལེ་གསང་གནས་སུ་དགུག་པ། ཐིག་ལེ་མི་འཕོ་བར་བྱེད་པ་ནང་དང་། གནས་སྐབས་བཞིའི་སྒྲིབ་པ་བྲལ་བར་བྱེད་པས་ལྟུང་བ། རྩ་རླུང་ཐིག་གསུམ་མི་ཤིགས་དྭངས་མར་དབང་དུ་བྱེད་པ། བྱང་སེམས་གྱེན་དུ་གཤེགས་པས་ཟག་པ་མེད་པའི་ཡོན་ཏན་གྱི་ཚོགས་དགུག་པ། རྩ་ཚོགས་ཆོས་ཉིད་ཀྱི་དབུ་མར་རེང་པ་གཞན་ཏེ། དེའང་ཚོགས་ཀྱི་ས་ནས་ཕྱི། མོས་སྤྱོད་ཀྱི་ས་ནས་ནང་། འཕགས་པ་ནས་གཞན་འགྲུབ་པར་གསུངས་སོ། བཞི་པ་དེ་ཁོ་ན་ཉིད་ཀྱི་གཏུམ་མོ་དཔྱིད་ཐིག་གི་གནད་ནི། ཨ་ཧཾ་འབར་འཛག ཅེས་གསུངས་ཏེ་དེ་ལ་གཉིས་ལས། དང་པོ་འབར་སྲོད་ཀྱི་རྣལ་འབྱོར་ནི། རང་ཉིད་འཁོར་ལོ་སྡོམ་པ་ལྷན་སྐྱེས་ ཡབ་ཡུམ་མམ། རྡོ་རྗེ་རྣལ་འབྱོར་མ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་སྔར་བཞིན་གསལ་བའི་ལྟེ་འོག་སོར་བཞིའི་ཐད་དུ། རོ་རྐྱང་གཉིས་དབུ་མའི་ནང་དུ་འདུས་པའི་སུམ་མདོར་རྡོ་རྗེ་ཉི་མ་སྣང་བ་ཆེན་པོ་ཨ་ཤད་པ་ལུ་ཏ་སུམ་འཁྱོག་རྩེ་མོ་གྱེན་དུ་བསྟན་པ་ཕྲ་སྦོམ་མོ་ཁབ་ཙམ་རིང་ཐུང་སོར་ཕྱེད་པ། སྤུ་ཉག་རླུང་གིས་བསྐྱོད་པ་ལྟར་ལྷབ་ལྷབ་ཏུ་བསྐྱེད་པའི་སྒྲ་ཕེཾ་ཕེཾ་དུ་སྒྲོག་པ། ཉི་མའི་ཆོས་ཉིད་རྣམ་པར་དག་པས་ཁ་དོག་དམར་བ། རླུང་མེའི་དྲོད་ཅན་གྱི་ངོ་བོར་གྲུབ་པས་རེག་བྱ་ཚ་བ། བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་བདུད་རྩི་དམ་པའི་ཕྱིར་ཉམས་མྱོང་བདེ་བ། ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོ་ཉིད་ཀྱི་ཕྱིར་རང་བཞིན་སྟོང་པ་ཉིད་དེ་མཚན་ཉིད་བཞི་དང་ལྡན་པ་གསལ་གདབ། ཡང་གཅིག་ཏུ་ན། ངོ་བོ་རྡོ་རྗེ་རྣལ་འབྱོར་མ། རང་བཞིན་ཐིག་ལེ་དམར་པོ། རྣམ་པ་མེ་སུམ་འཁྱོག་ཏུ་འབར་བ། རེག་བྱ་ཚ་བས་རྩ་འཁོར་ལུས་དང་བཅས་པ་དྲོ་བར་ནུས་པ། བྱེད་ལས་དྲོད་དེས་ཚ་བའི་ཟུག་རྔུ་བྱེད་པ་མ་ཡིན་པར་བདེ་བ་སྐྱེད་པའོ། དེ་ཡང་ཨ་ཤད་ཀྱི་རྩུབ་པ་ས། སྣུམ་པ་ཆུ། ཚ་བ་མེ། བསྐྱོད་ཅིང་གཡོ་བ་རླུང་། སྟོང་པ་ནམ་མཁའ་སྟེ་ཁམས་ལྔ་འདུས་ཡིན་པས། ས་ཁམས་དག་པ་སྤྱན་མ་ཆུ་ཁམས་དག་པ་མ་མཱ་ཀི། མེ་ཁམས་དག་པ་གོས་དཀར་མོ། རླུང་ཁམས་དག་པ་སྒྲོལ་མ། ནམ་མཁའི་ཁམས་དག་པ་དབྱིངས་ཕྱུག་མ་སྟེ་ཡུམ་ལྔ་འདུས་པ་དང་། ཡེ་ཤེས་ཀྱི་ཁམས་རྣམ་པར་དག་པ་རྡོ་རྗེ་ཕག་མོའི་བདག་ཉིད་དེ་སྙོམས་པའི་དག་པ་དྲན་ཅིང་ངེས་པ་བྱེད་པ་གལ་ཆེའོ། དེ་ནས་འབྱུང་ལྔའི་རླུང་ཁ་དོག་སོ་སོར་གསལ་བ་སྣ་བུག་གཉིས་ནས་འཇམ་པོ་རྔུབ་པ་རོ་རྐྱང་གཉིས་ནས་ཐ་ལ་ལ་སོང་སྟེ་ཨ་ཤད་ལ་ཕོག་པས་སོལ་མེ་ལ་རླུང་ཕོག་པ་ལྟར་དམར་ལྷང་གིས་སོང་བར་བསམ་ལ་མནན་པའི་ཚེ་དེ་ཁོ་ན་ལ་སེམས་གཏད། ཕྱིར་དབྱུང་དུས་ཨ་ཤད་ལས་འོད་ཟེར་དམར་པོ་འཕྲོས་པས་ལུས་ཀྱི་ནང་གང་། བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་ཐོན། འོད་ཟེར་རེ་རེའི་རྩེ་མོར་མཆོད་པའི་ལྷ་མོ་ལག་ན་མཆོད་རྫས་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ལ་ཕྱི་ནང་གསང་བའི་མཆོད་པ་ཕུལ་བས་ཐུགས་རྒྱུད་མཉེས་པར་བསམ། ནང་དུ་རྔུབ་དུས་གསང་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ཏེ་འབྱུང་ལྔའི་རླུང་དང་ལྷན་ཅིག་ཏུ་སྣ་བུག་གཉིས་ནས་ཞུགས། རོ་རྐྱང་གི་ལམ་བརྒྱུད་དེ་ཨ་ཤད་ལ་ཐིམ་པས་ནུས་རྩལ་བཀྲག་མདངས་ཆེས་ཆེས་རྒྱས་པར་བསམ་ལ་མནན་ཡང་རླུང་ཕྱིར་དབྱུང་དུས་ཨ་ཤད་ལས་འོད་ཟེར་དམར་པོ་འཕྲོས་པས་ལུས་གང་། བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་ཐོན་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་མ་དག་པ་ཐམས་ཅད་བསྲེགས་ནས་ཐུགས་གསུང་སྐུའི་ཞིང་ཁམས་སུ་བསྒྱུར། ཚུར་རྔུབ་དུས་འབྱུང་བ་ལྔའི་བཅུད། ཁྱད་པར་དུ་ཉི་མ་དང་རྟ་གདོང་གི་མེའི་ནུས་བཅུད་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ཏེ་འབྱུང་ལྔའི་རླུང་དང་ལྷན་ཅིག་ཏུ་སྣ་བུག་གཉིས་ནས་ཞུགས། རོ་རྐྱང་གི་ལམ་བརྒྱུད་དེ་ཨ་ཤད་ལ་ཐིམ་པས་སྔ་མ་ལས་ནུས་རྩལ་རྒྱས་པར་བསམ་ལ་མནན། ཡང་རླུང་ཕྱིར་དབྱུང་དུས་འོད་ཟེར་སྔར་ལྟར་འཕྲོས་ལྷ་མི་ཀླུ་སོགས་འགྲོ་བ་ཀུན་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་ཐམས་ཅད་བསྲེགས་ནས་འཁོར་ལོ་གསུམ་གྱི་ལྷའི་རང་བཞིན་དུ་བསྒྱུར། ཚུར་རྔུབས་དུས་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་གཟི་བརྗིད་སོགས་ཡོན་ཏན་ཐམས་ཅད་བསྡུས་ཏེ་འབྱུང་ལྔའི་རླུང་དང་མཉམ་དུ་སྣ་བུག་གཉིས་ནས་ཞུགས་པ་རོ་རྐྱང་གི་ལམ་བརྒྱུད་དེ་ཨ་ཤད་ལ་ཐིམ་པས་སྔ་མ་ལས་ཀྱང་ནུས་རྩལ་བཀྲག་མདངས་གཟི་བརྗིད་ནུས་སྟོབས་རྒྱས་པར་བསམ་ལ་མནན། རླུང་ཕྱིར་བཏང་དུས་ཨ་ཤད་ཀྱི་འོད་དང་ཚ་ངད་བདེ་བའི་ཤུགས་ཀྱིས་རྩ་འཁོར་ལུས་ནང་ཐམས་ཅད་ཁྱབ་པར་བསམ། དེ་ནས་སྦྱོར་བ་བཞི་ལྡན་གྱི་རླུང་གིས་ཨ་ཤད་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་ཚ་བའིཤུགས་བདེ་བའི་ཟིལ་དང་ལྡན་པ་གློག་འཁྱུགས་པ་ལྟར་ཁྲ་ཁྱུག་ཁྱུག་དམར་ཆེམ་ཆེམ་དུ་སྦར་ལ་སྦྱོར་བ་བཞི་ལྡན་རླུང་ཁུག་རེ་རེས་མེ་ལྕེ་ཇེ་སྦོམས་སུ་རིམ་བཞིན་གྱེན་དུ་སྦར་ལ་ལྟེ་བའི་རྩ་འཁོར་དང་། རྐང་མཐིལ་ཡན་ཆད་མེས་ཁེངས་པར་བསམ། དེ་ནས་རིམ་བཞིན་སྦར་ལ་སྙིང་གའི་འཁོར་ལོ། མགྲིན་པའི་འཁོར་ལོ་ལག་པའི་སོར་མོའི་རྩེ་ཚུན་ཆད་དང་། སྤྱི་བོའི་འཁོར་ལོ་བཅས་མེས་གང་བར་བསམ། མཐར་རྩ་ཕྲན་གྲངས་མེད་པ་སོགས་ལུས་ཀྱི་ནང་ཐམས་ཅད་མེ་དམར་ཞིང་འབར་ལ་ཚ་ངད་དང་བདེ་བ་མི་བཟོད་པས་གང་སྟེ་བ་སྤུའི་བུ་ག་ནས་མེ་ལྕེས་དམར་ཉུག་ཉུག་ཏུ་ཐོན་ཏེ་ཕྱིར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་མེ་དྲག་ཏུ་འབར་ཞིང་འཁྲུགས་པར་གྱུར་ནས་རང་ལུས་ཕྱི་ནང་མེད་པ་མེའི་རང་བཞིན་གྱུར་པར་བསམ། དེ་ཡང་ཐོག་མར་གཏུམ་མོའི་མེས་ལྟེ་བའི་རྩ་འཁོར་མན་ཆད་བཀང་བ་ཁོ་ན་ལ་དམིགས་ཕུག་སྟེ་བསྒོམ། དེ་ལྟར་བསྒོམས་པས་ལྟེ་འོག་མན་ཆད་ལ་དྲོད་སྐྱེས་པ་ན་རིམ་བཞིན་སྙིང་ག་སོགས་སུ་གཏུམ་མོའི་མེ་སྦར་བ་ལ་དམིགས་པ་གཏད་དེ་བསྒོམ་པས་དྲོད་སྐྱེ་བ་མྱུར་ཞིང་སྐྱེས་པ་བརྟན་པར་གསུངས་སོ། མཐར་རླུང་ནང་དུ་རྔུབ་པའི་ཚེ་ལག་གཉིས་རྡོ་རྗེའི་ཁུ་ཚུར་སྙིང་གར་བསྣོལ། མནན་པའི་དུས་ཁུ་ཚུར་པུས་ཁར་བཞག་པ་དང་རྡོར་བསྐྱིལ་བཤིག་ཅིང་རྡེབ་ཆུང་བྱེད་པ་རྣམས་དུས་མཉམ་བྱ། དེ་ནས་རླུང་མནན་བཞིན་པར་གཡས་གཅུ་གཡོན་གཅུ་བྱས་ལ། དེ་སྐབས་དམིགས་པ་ནི། གཏུམ་མོ་གང་དུ་བསྒོམ་པའི་རྩ་འཁོར་རྣམས་ལ་མེ་ཁོད་སྙོམས་པར་འབར་བས་རྩ་ཞར་བ་དང་སྐམ་པ་རྣམས་སོས་པ་དང་རྩ་མདུད་ཐམས་ཅད་གྲོལ་བར་བསམ། མཐར་རླུང་བཏང་བ་དང་མཉམ་དུ་ཧ་ཧ་ཞེས་ལུས་བྱིངས་སི་ལི་ལི་དྲག་ཏུ་སྤྲུག་གོ དེ་ནས་རླུང་ནང་དུ་རྔུབ་དུས་གཏུམ་མོ་གང་དུ་སྦར་བའི་སྟེང་གིི་མེ་ཐམས་ཅད་ཨ་ཤད་ལ་བསྡུ། ཕྱིར་བཏང་དུས་སྨད་ཀྱི་མེ་ཐམས་ཅད་ཨ་ཤད་ལ་བསྡུ། ཨ་ཤད་ཉིད་ཏིལ་མར་གྱི་མར་མེ་ལྟར་འབར་ཞིང་གསལ་བའི་འོད་ཀྱིས་རྩ་འཁོར་ལུས་ནང་ཐམས་ཅད་གསལ་བར་བསམ་པ་ལ་དམིགས་པ་གཏད་དོ། གཉིས་པ་འབར་འཛག་ཟུང་འཇུག་གི་རྣལ་འབྱོར་ནི། སྟོང་ར་རྩ་གསུམ་འཁོར་ལོ་བཞི་ཨ་ཤད་དང་བཅས་པ་སྔར་གསལ་བའི་སྤྱི་བོའི་དབུ་མའི་ཡས་སྣེ་ནང་དུ་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཧཾཾ་ཡིག་དཀར་པོ་མགོ་མཐུར་བསྟན་བདུད་རྩི་འཛག་ལ་ཁད་པ། ཟླ་བའི་ཁམས་ཀྱི་ཆ་ཡིན་པའི་ཕྱིར་དཀར་བ། ཐབས་ཀྱི་རང་བཞིན་ཤེས་རབ་དང་འབྲེལ་བའི་ཕྱིར་མུ་ཏིག་གི་རྡོག་པོ་ལྟར་འཚེར་བ། བྱང་ཆུབ་ཀྱི་སེམས་བདུད་རྩིའི་བཅུད་དང་ལྡན་པའི་ཕྱིར་སྣུམ་པ། རྩ་ཡི་གནས་གང་དང་གང་ཡང་རུང་བར་སྤྱན་འདྲེན་བདེ་བའི་ཕྱིར་ཀུན་ནས་ཀུན་ཏུ་ཟླུམ་པས་འདྲིལ་བ་སྟེ་མཚན་ཉིད་བཞི་དང་ལྡན་པ་གསལ་བཏབ། ཡང་ན། ངོ་བོ་དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པ། རང་བཞིན་ཐིག་ལེ་དཀར་པོ། རྣམ་པ་ཧཾཾ་ཡིག་དཀར་པོ། རེག་བྱ་བསིལ་བ་རྩ་གནས་དང་ལུས་ཐམས་ཅད་བསིལ་བར་ནུས་པ། བྱེད་ལས་བདེ་བ་ཆེན་པོ་སྐྱེད་པར་བྱེད་པའོ། དེ་ཡང་ཧཾཾཾ་ཡིག་གི་འཇམ་པ། སྣུམ་པ་ཆུ། འོད་འཚེར་བ་མེ། གཡོ་བ་རླུང་། སྟོང་པ་ནམ་མཁའི་རང་བཞིན་ཏེ་ཁམས་ལྔ་ལྡན་ཡིན་པས། ས་ཁམས་དག་པ་རྣམ་སྣང་། ཆུ་ཁམས་དག་པ་རིན་འབྱུང་། མེ་ཁམས་དག་པ་སྣང་མཐའ། རླུང་ཁམས་དག་པ་དོན་གྲུབ་ནམ་མཁའི་ཁམས་དག་པ་མི་བསྐྱོད་པ་སྟེ་ཡབ་ལྔ་འདུས་པ་དང་། ཡེ་ཤེས་ཀྱི་ཁམས་རྣམ་པར་དག་པ་རྡོ་རྗེ་འཆང་གི་བདག་ཉིད་དོ་སྙམ་པའི་དག་པ་དྲན་ཞིང་ངེས་པ་སྐྱེད་པར་བྱ་དགོས་སོ། །དེ་ནས་འབྱུང་ལྔའི་རླུང་སྣ་བུག་གཉིས་ནས་འཇམ་པོར་རྔུབ། རོ་རྐྱང་གཉིས་ནས་སོང་སྟེ་དབུ་མར་ཞུགས་པ་ཨ་ཤད་ལ་ཕོག་པས་མེ་ལྕེ་དམར་པོ་ཕྲ་བ་རྟ་རྔ་ཙམ་པ་དམར་ཁྱུག་གིས་འབར་ཏེ་དབུ་མའི་ནང་ནས་གྱེན་དུ་སོང་བ་ཧཾ་ལ་ཕོག་པར་བསམ་ལ་མནན་པའི་ཚེ་དེ་ཁོ་ན་ལ་སེམས་གཏད། ཕྱིར་དབྱུང་དུས་ཧཾ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས་པས་ལུས་ཀྱི་ནང་གང་སྤྱི་བོ་དང་སྨིན་མཚམས་སོགས་བ་སྤུའི་བུ་ག་ནས་ཕྱིར་ཐོན། འོད་ཟེར་གྱི་རྩེ་ལས་མཆོད་པའི་ལྷ་མོ་བརྗོད་དུ་མེད་པ་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཐམས་ཅད་ལ་ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད་པ་ཕུལ་བས་མཉེས་པར་བསམ། ནང་དུ་རྔུབ་དུས་དེ་དག་གི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོ་བདུད་རྩིའི་རང་བཞིན་ཅན་གྱི་རྣམ་པར་བསྡུས་ཏེ་འབྱུང་ལྔའི་རླུང་དང་ལྷན་ཅིག་ཏུ་སྣ་བུག་ནས་ཞུགས་པ་རོ་རྐྱང་གི་ལམ་བརྒྱུད་དེ་ཧཾ་ལ་ཐིམ་པས་ནུས་བསིལ་བདེ་རྩལ་གཟི་མདངས་རྣམས་ཆེས་ཆེར་རྒྱས་པར་བསམ་ལ་མནན། ཡང་རླུང་ཕྱིར་དབྱུང་དུས་འོད་ཟེར་སྔར་ལྟར་འཕྲོས་པ་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་མ་དག་པ་ཐམས་ཅད་སྦྱངས་ནས་དག་པའི་ཞིང་ཁམས་སུ་བསྒྱུར། ཚུར་རྔུབ་དུས་འབྱུང་ལྔའི་བཅུད་དང་ལྷག་པར་ཟླ་བ་དང་ལྷའི་བདུད་རྩིའི་ནུས་བཅུད་ཐམས་ཅད་གོང་ལྟར་བསྡུས་ནས་ཧཾ་ཡིག་ལ་ཐིམ་པས་སྔ་མ་ནས་ཀྱང་ནུས་བསིལ་བདེ་རྩལ་གཟི་མདངས་རྒྱས་པར་བསམ་ལ་མནན། ཡང་རླུང་ཕྱིར་དབྱུང་དུས་འོད་ཟེར་སྔར་ལྟར་འཕྲོས་ཏེ་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་ཐམས་ཅད་སྦྱངས་ནས་འཁོར་ལོ་གསུམ་གྱི་ལྷའི་རང་བཞིན་དུ་བསྒྱུར། ཚུར་རྔུབ་དུས་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་གཟི་མདངས་སོགས་ཡོན་ཏན་ཐམས་ཅད་བསྡུས་ཏེ་ཧཾ་ལ་ཐིམ་པས་སྔ་མ་ལས་ཀྱང་ནུས་བསིལ་སོགས་རྒྱས་པར་བསམ་ལ་མནན། རླུང་ཕྱིར་བཏང་དུས་ཧཾ་གི་འོད་དང་བསིལ་ངད་བདེ་བའི་ཤུགས་ཀྱིས་རྩ་འཁོར་འདུས་ནང་ཐམས་ཅད་ཁྱབ་པར་བསམ། དེ་ནས་སྦྱོར་བ་བཞི་ལྡན་གྱི་རླུང་གིས་ཨ་ཤད་ལས་གཏུམ་མོའི་མེ་ཚ་བའི་ངད་བདེ་བའི་ཤུགས་དང་ལྡན་པ་རིམ་གྱིས་ཇེ་ཆེར་སྦར་བའི་དྲོད་ཀྱིས་བསྐུལ་བས་ཧཾ་དངོས་ཞུ་བ་མ་ཡིན་པར་ཆུ་ཤེལ་ལ་ཟླ་ཟིལ་ཕོག་པས་ཆུ་ཐིགས་པ་ལྟར་དུ་ཧཾ་ལས་བྱང་སེམས་བདུད་རྩིའི་རྒྱུན་དཀར་པོ་བསིལ་ཞིང་བདེ་བའི་རང་བཞིན་ཅན་དཀར་ན་ར་ར་བབས་པ་ཨ་ཤད་ཀྱི་མེ་དང་འདྲེས་པས་བདེ་དྲོད་ཟུང་འཇུག་ཏུ་རྒྱས་ཤིང་ལྟེ་བའི་ཆོས་འབྱུང་ཡོངས་དུ་གང་བས་སྡོང་རྩ་མར་ཁུས་གསོས་པ་ལྟར་གཏུམ་མོའི་མེ་ཆེར་འབར་བ་དབུ་མའི་ནང་ནས་གྱེན་དུ་སོང་སྟེ་ཧཾ་ལ་ཕོག ཧཾ་ལས་བྱང་སེམས་དཀར་པོའི་རྒྱུན་ཆེར་བབ་ནས་སྤྱི་བོའི་རྩ་འཁོར་ཡོངས་སུ་གང་བས་དགའ་བ་སྐྱེས་པར་བསམ། ཡང་བྱང་སེམས་དབུ་མའི་ནང་ནས་དཀར་ནར་ནར་བབ་སྟེ་མགྲིན་པའི་རྩ་འཁོར་ལག་པའི་སོར་མོའི་རྩེ་ཚུན་ཆད་གང་བས་མཆོག་དགའ་སྐྱེས་པར་བསམ། དེ་བཞིན་དུ་བབ་སྟེ་སྙིང་ཁའི་རྩ་འཁོར་གང་བར་ཁྱད་དགའ་སྐྱེས་པར་བསམ། ལྟེ་བའི་རྩ་འཁོར་དང་རྐང་མཐིལ་ཡན་ཆད་གང་བས་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པར་བསམ། ལས་དང་པོ་པའི་སྐབས་སུ་དགའ་བཞི་སྐྱེ་བར་མོས་པའི་སྐབས་དང་། རིམ་བཞིན་གོམས་ནས་དགའ་བཞི་ཅུང་ཟད་དེ་དངོས་སུ་སྐྱེ་བ་སོགས་ཀྱི་སྐབས་ཐམས་ཅད་དུ་དགའ་བའི་ངོ་བོ་ལ་བལྟས་ནས་སྟོང་པར་ངེས་པའི་བདེ་སྟོང་དབྱེར་མེད་ཀྱི་ཉམས་བསྐྱང་། འཁོར་ལོ་རེར་རླུང་ཁུག་གསུམ་ལྔ་བདུན་བཅུ་སོགས་ཅི་ནུས་བྱ། མཐར་རླུང་ནང་དུ་རྔུབ་པའི་ཚེ་ལག་གཉིས་ཁུ་ཚུར་སྙིང་ཁར་བསྣོལ། མནན་པ་དང་མཉམ་དུ་ཁུ་ཚུར་པུས་བཞག་དང་རྡོར་སྐྱིལ་བཤིག རྡེབ་ཆུང་བྱ། རླུང་མནན་བཞིན་པར། ཕོ་བསྐོར་གཡས་གཡོན་དང་། གཡས་གཅུགཡོན་གཅུ་བྱས་ལ་དེ་སྐབས་དམིགས་པ་ནི། ལུས་ནང་རྩ་གསུམ་འཁོར་ལོ་བཞི་རྩ་ཕྲན་དང་བཅས་པའི་ནང་ཐམས་ཅད་བྱང་སེམས་དཀར་པོས་ཁོད་སྙོམས་པར་ཁྱབ་པས་རྩ་ཞར་བ་དང་སྐམ་པ་རྣམས་སོས་པ་དང་། རྩ་མདུད་ཐམས་ཅད་ཤིག་ཤིག་ཏུ་གྲོལ་བར་བསམ། མཐར་རླུང་བཏང་བ་མཉམ་དུ་ཧ་ཧ་ཞེས་ལུས་སི་ལི་ལི་དྲག་ཏུ་སྤྲུག་གོ །དེ་རྗེས་རླུང་ནང་དུ་རྔུབ་པ་དང་མཉམ་དུ་དབུ་མའི་ནང་གི་མེ་ཐམས་ཅད་ཨ་ཤད་ལ་བསྡུ། ཕྱིར་བཏང་བ་དང་མཉམ་དུ་ལུས་གཅུན། སྐུ་ཞབས་གྱེན་དུ་དྲངས། ལྕེ་ཡ་རྐན་ལ་སྦྱར། མིག་གྱེན་ལ་བལྟ་བ་སོགས་སྦྱོར་བ་དྲུག་ལྡན་འཇམ་པོས་རྐང་པའི་སོར་རྩེ་ཡན་གྱི་ཁམས་དཀར་ཆ་ཐམས་ཅད་དཀར་ཀྱི་ལི་ལི་དབུ་མའི་ནང་ནས་གྱེན་དུ་དྲངས་ཏེ་སྤྱི་བོའི་ཧཾ་ལ་བསྟིམ་པ་ནི་འདྲེན་ཡིན་ལ། སླར་རླུང་ནང་དུ་རྔུབས་པ་དང་མཉམ་དུ་ཧཾ་ལས་བྱང་སེམས་ཆར་ལྟར་བབས་ནས་རྩ་གསུམ་འཁོར་ལོ་བཞི་རྩ་ཕྲན་དང་བཅས་པའི་ལུས་ནང་ཐམས་ཅད་སྙོམས་པར་གང་ཞིང་བྱེ་མ་ལ་ཆུ་བཏབ་པ་ལྟར་ཁྱབ་པར་བསམ། མནན་པའི་ཚེ་གཡས་གཅུ་གཡོན་གཅུ་སྔར་ལྟར་དང་འཕུར་སྲུབ་དྲག་ཏུ་བྱས་ལ་ཧ་སྤྲུགས་བྱ་བ་ནི་བཀྲམ་པའོ། དེ་ནས་འཁོར་ལོ་བཞི་དང་རོ་རྐྱང་དབུ་མ་ལ་བསྡུ། དབུ་མའི་ནང་ཐམས་ཅད་བྱང་སེམས་དཀར་དམར་གྱིས་གང་བར་བསམ་ལ་བདེ་སྟོང་དབྱེར་མེད་ཀྱི་ངང་དུ་མཉམ་པར་བཞག་གོ །བོགས་འདོན་ལ་གཉིས་ལས་དང་པོ་དྲོད་ཀྱི་བོགས་འདོན་ནི། ལུས་གནད་རྣམ་སྣང་གི་ཆོས་བདུན་ནམ་མེ་ཐབ་དྲུག་ཆིང་གིས་འཁོད་ལ། རང་ཉིད་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་མམ། རྡོ་རྗེ་རྣལ་འབྱོར་མ་སྔར་བཤད་པ་ལྟར་བསྒོམ་པའི་འོག་དང་མདུན་རྒྱབ་གཡས་གཡོན་རྣམས་སུ་ཉི་མའི་དཀྱིལ་འཁོར་རབ་ཏུ་ཚ་ཞིང་འོད་འབར་བ་རེ་རེ་སྟེ་ལྔ་སྒྲམ་གྱི་ཚུལ་དང་། ལུས་ནང་རྩ་གསུམ་འཁོར་ལོ་བཞི་ཨ་ཤད་དང་བཅས་པ། ཨ་ཤད་ཀྱི་འོག་ཏུ་རཾ་ཡིག་དམར་པོ་མགར་གྱི་ལྕགས་སྲེག་ལྟར་དམར་ཞིང་ཚྭ་ཚྭ་འཐུལ་བ། སྤྱི་བོར་པད་ཉིའི་སྟེང་དུ་རྩ་བའི་བླ་མ་ལ། རྣམ་པ་དཔལ་ཧེ་རུ་ཀ་སྐུ་མདོག་དམར་པོ་ཁྲོ་འཛུམ་ཆགས་པའི་ཉམས་ཅན། གཡས་ཟངས་ཀྱི་གྲི་གུག་མེ་འབར་བ་དང་། གཡོན་ཀ་པཱ་ལ་བདུད་རྩི་དམར་པོ་ཞུན་མར་ལྟ་བུ་ཁོལ་ཞིང་འབར་བས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། དབུ་སྐྲ་ཐོར་ཚུགས་ལ་ཐོད་སྐམ་རྡོག་གཅིག་རིན་པོ་ཆེའི་རྩེ་ཕྲན་ཅན་གྱི་དབུ་རྒྱན་བྱས་པ་རུས་པའི་རྒྱན་དྲུག་དང་སྟག་ཤམ་སོགས་ཧེ་རུ་ཀའི་རྒྱན་གྱིས་བརྒྱན་ཅིང་ཞབས་གཉིས་ཕྱེད་སྐྱིལ་གྱིས་མེ་དཔུང་འབར་བའི་དབུས་སུ་བཞུགས་པ། ཉི་མ་སྟོང་གི་གཟི་བརྗིད་འབར་བ་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བསྒོམས་ལ་རང་གི་སྙིང་གའི་འོད་སྤྲིན། ལས་སྤྲོས་པའི་མཆོད་པའི་ལྷ་མོའི་ཚོགས་ཀྱིས། ཕྱི་མཆོད་སྣང་སྲིད་སྣོད་བཅུད་ལོངས་སྤྱོད་ཐམས་ཅད་དང་། མེ་དང་ཉི་མ་གྲངས་མེད་པ། ནང་མཆོད་འདོད་ཡོན་གྱི་ལྷ་མོ་ལྔ་དྲོད་ཀྱི་རང་བཞིན་དང་། གསང་མཆོད་མེའི་ལྷ་མོ་གོས་དཀར་མོས་སྙོམས་འཇུག་གི་བདེ་བ། དེ་ཁོ་ན་ཉིད་མཆོད་ཡུལ་མཆོད་བྱ་མཆོད་མཁན་དམིགས་སུ་མེད་པ་བློ་འདས་ཀྱི་ངང་དུ་མཆོད་ལ། ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། གཏུམ་མོ་བདེ་དྲོད་ཀྱི་ཡེ་ཤེས་ཁྱད་པར་ཅན་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། དེ་ནས་དྲག་རླུང་གནད་ལྔ་མ་ནི། རླུང་ལོག་མི་འབྱུང་བ་འབུད་པའི་གནད། རང་གནས་སུ་གཟུད་པ་རྔུབ་པའི་གནད། དབང་དུ་བསྡུ་བ་དགང་བའི་གནད། རྩ་མིག་ཏུ་གདབ་པ་གཞིལ་བའི་གནད། ཕྱི་ནང་བསྲེ་བ་འཕང་བའི་གནད་དེ་ལྔ་ལས། དང་པོ་ནི། འབུད་པ་དགུ་ཕྲུག་གི་ཕྱི་མ་ཉིད་དྲག་ཏུ་བཏང་བ་དང་། ཕྱི་མ་བཞི་ནི་འཇམ་རླུང་སྦྱོར་བ་བཞི་ལྡན་རྩོལ་བ་དྲག་པོར་བྱས་པ་ཡིན་ནོ། །དེ་ལྟར་དྲག་རླུང་དང་སྦྲག་ཏེ་སྣ་བུག་གཉིས་ནས་རླུང་དྲག་ཏུ་རྔུབ་པ་རྒྱུ་མར་ཕུས་བཏབ་པ་ལྟར་རོ་རྐྱང་གཉིས་ནས་ལྡི་རི་རི་སོང་བ་དང་། འོག་རླུང་དྲག་ཏུ་འཐེན་པ་དབུ་མའི་ནང་ནས་གྱེན་དུ་བྱུང་བ་གཉིས་རྩ་གསུམ་འདུས་མདོར་ཁ་སྦྱོར་དུ་དགང་ལ། སྟེང་འོག་གི་རླུང་རཾ་ལ་ཕོག་པས་རཾ་ལས་མེ་འབར་ཏེ་ཨ་ཤད་ལ་ཕོག་པ་དང་། ཨ་ཤད་ལས་ཀྱང་གཏུམ་མོའི་མེ་ཆེར་འབར་བར་བསམ། ཅུང་ཟད་མནན་སྦྱོར་བྱས་ཏེ་རྔུབ་ཆུང་བརྩེགས་ནས་རླུང་མར་གཡས་གཡོན་དབུས་གསུམ་དྲག་ཏུ་བསྡིག་ལ། གཏུམ་མོའི་མེ་དབུ་མའི་ནང་ནས་གྱེན་དུ་དམར་ཁྱུག་ཁྱུག་སོང་བ་དབུ་མའི་ཡས་སྣ་ནས་ཐོན་ཏེ་བླ་མའི་སྐུ་ལ་ཕོག་པས་བདེ་དྲོད་ཀྱི་ཡེ་ཤེས་ཀྱིས་བླ་མ་ཤིན་ཏུ་རྒྱས་པར་བསམ། ཕྱིར་འཕང་བ་དང་མཉམ་དུ་སྤྱི་བོའི་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་བཅས་རྩ་བ་གསུམ་གྱི་བྱིན་རླབས། སྣོད་ཀྱི་འཇིག་རྟེན་གྱི་བཅུད་དང་དྭངས་མ་བཅུད་ཀྱི་སེམས་ཅན་གྱི་ཚེ་བསོད་བཀྲག་མདངས་གཟི་བརྗིད་ཐམས་ཅད་བདུད་རྩི་མེ་ཡི་རྣམ་པ་ཅན་དུ་བསྡུས་པ་བླ་མའི་ཕྱག་གི་ཐོད་པའི་བདུད་རྩིར་ཐིམ། རྔུབ་པའི་དུས་སུ་ཐོད་པའི་བདུད་རྩི་ཤིན་ཏུ་ཚ་ཞིང་ཁོལ་བ་ཡེ་ཤེས་ཀྱི་མེའི་རང་བཞིན་ཅན་དེ་རང་གི་སྤྱི་གཙུག་ཏུ་བླུགས་པ་ཚངས་བུག་ནས་ཞུགས། དབུ་མའི་ལམ་བརྒྱུད་དེ་ཨ་ཤད་མེ་འབར་བ་ལ་ཕོག མེ་འབར་བའི་ནང་དུ་མར་ཁུ་བླུགས་པ་ལྟར་འུར་སྒྲ་དང་བཅས་གཏུམ་མོའི་མེ་ཚ་བའི་ངད་དང་། བདེ་བའི་ཤུགས་མི་བཟོད་པ་ཆེས་ཆེར་འབར་བས་རྩ་གསུམ་འཁོར་ལོ་བཞི་རྩ་ཕྲན་གྲངས་མེད་ལུས་ནང་ཐམས་ཅད་གང་བས་དྲོད་དང་བདེ་བའི་ཚོར་བ་བསམ་གྱིས་མི་ཁྱབ་ཅིང་བཟོད་དུ་མེད་པ་ཙམ་སྐྱེས་པར་བསམ་ལ་ཕོ་སྐོར་རྩུབ་རྡེབ་བྱ། དགང་སྤྲུག་གི་སྐབས་སུ་མེ་ལུས་ནང་དུ་མ་ཤོངས་བར་མེ་ལྕེ་བ་སྤུའི་བུ་ག་རྣམས་ནས་ཕྱིར་འཕྲོས་པ་ཉི་མ་ལྔར་ཕོག ཉི་མ་ལྔ་ལས་ཀྱང་མེ་ཆེར་འབར་བ་ཚུར་འཕྲོས་པ་རང་གི་ལུས་ལ་ཕོག་པས། རང་ལུས་མེ་དཔུང་གི་གཡོགས། ཕྱིར་འཕྲོས་པས་འཇིག་རྟེན་ཐམས་ཅད་མེ་དཔུང་ཚ་དབལ་མི་བཟོད་པས་གང་ཞིང་སྣོད་བཅུད་ཐམས་ཅད་རྣམ་པ་མ་ཉམས་པ་ལ་མེའི་རང་བཞིན་དུ་འབར་ཞིང་འཁྲུགས་པར་བསམས་ལ་རླུང་ཕྱིར་འཕང་། ཐུན་གཅིག་ལ་གནད་ལྔ་དང་ལྡན་པའི་རླུང་ཁུག་ཉེར་གཅིག་ཙམ་བྱས་མཐར་ཧ་སྤྲུག་གཡས་གཡོན་དབུས་གསུམ་བྱ། མཐར་བླ་མ་འོད་དུ་ཞུ་བ་བདུད་རྩི་མེའི་རྣམ་པ་ཅན་དུ་གྱུར་ཏེ་སྤྱི་བོ་ནས་རྩ་གནས་ལུས་ཐམས་ཅད་ཁྱབ་པར་ཐིམ་པར་བསམ་མོ། དེ་ལྟར་གནད་མ་འཕྱུག་པར་ཉམས་སུ་བླངས་ན་ཞག་གསུམ་ནས་དྲོད་འབར་ཞིང་ཞག་བདུན་ནས་རས་རྐྱང་ཐུབ་པ་གདོན་མི་ཟ་བར་གསུངས་སོ། །གཉིས་པ་བདེ་བའི་བོགས་འདོན་ནི། ལུས་གནད་ཆོས་བདུན་དང་། དམིགས་གནད་སྟོང་ར་འཁོར་ལོ་སྡོམ་པ་ཡབ་ཡུམ་མམ། རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལུས་ནང་རྩ་གསུམ་འཁོར་ལོ་ལྔ་དང་ཨ་ཤད་ཧཾ་ཡིག་གཉིས་ཀྱང་སོ་སོའི་གནས་སུ་དག་དྲན་དང་བཅས་ཏེ་སྔར་བཞིན་གསལ་བཏབ། རླུང་ཕྱིར་བཏང་བ་དང་མཉམ་དུ་སྤྱི་བོའི་ཧཾ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་ཐམས་ཅད་དང་། བརྒྱུད་པའི་བླ་མ་རྩ་བའི་བླ་མ་དང་བཅས་པ་དཔལ་འཁོར་ལོ་སྡོམ་པ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངས་པ་མདུན་གྱི་ནམ་མཁར་བཞུགས་པར་བསམ། རང་གི་སྙིང་གའི་འོད་སྤྲིན་ལས་སྤྲོས་པའི་རྡོ་རྗེའི་ལྷ་མོ་བཅུ་དྲུག་སོགས་ཕྱི་ནང་གསང་བའི་མཆོད་པས་མཆོད། དཔལ་ལྡན་བླ་མ་དམ་པ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་གསོལ་བ་འདེབས་སོ། བདེ་སྟོང་ཡེ་ཤེས་ཁྱད་པར་ཅན་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། རླུང་རྔུབ་པ་དང་མཉམ་དུ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཐམས་ཅད་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་དཀར་དམར་འདྲེས་པའི་རྒྱུན་ཆེན་པོ་བབས་པ་ཧཾ་ཡིག་ལ་ཐིམ་པར་བསམ། དགང་ཞིང་གཞིལ་བའི་དུས་འཁོར་ལོ་སྡོམ་པ་ཡབ་ཡུམ་རྣམས་རྗེས་ཆགས་ཀྱི་བདེ་བས་འོད་དུ་ཞུ་ནས་ཧཾ་ཡིག་ལ་ཐིམ་པས་ནུས་སྟོབས་གཟི་མདངས་སོགས་ཤིན་ཏུ་རྒྱས་པར་བསམ་མཐར་ཕྱིར་དབྱུང་། དེ་ནས་འཇམ་རླུང་སྦྱོར་བ་བཞི་ལྡན་དང་སྒྲག་སྟེ་ཧཾ་ལས་བྱང་ཆུབ་ཀྱི་སེམས་བདུད་རྩི་དཀར་པོ་བདེ་བ་ཆེན་པོའི་རང་བཞིན་ཅན་དཀར་ན་ར་ར་བབས་ནས་སྤྱི་བོའི་འཁོར་ལོ་རྩ་ཕྲན་བཅས་པ་དང་། མགྲིན་པའི་འཁོར་ལོ་ལག་སོར་གྱི་རྩེ་ཚུན་ཆད་དཀར་ལྟེམ་གྱིས་གང་བས་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། དེ་ནས་རིམ་གྱིས་དབབ་ཏེ་སྙིང་གའི་འཁོར་ལོ་གང་བས་མཆོག་དགའ། ལྟེ་བའི་འཁོར་ལོ་གང་བས་ཁྱད་དགའ། གསང་གནས་ཀྱི་འཁོར་ལོ་རྐང་སོར་ཡན་གང་བས་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་སྐྱེས་པར་བསམ། དེ་ལྟར་དཀར་ཆ་བབས་ནས་དམར་ཆས་དབབ་པ་ནི། ཨ་ཤད་ལས་བྱང་ཆུབ་ཀྱི་སེམས་བདུད་རྩི་དམར་པོ་དྲོད་དང་བདེ་བའི་རང་བཞིན་ཅན་གྱི་རྒྱུན་བབས་པས་ལྟེ་བའི་འཁོར་ལོ་དང་གསང་བའི་འཁོར་ལོ་དང་རྐང་མཐིལ་ཡན་ཆད་གང་བས་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བསམ། དེ་ནས་རིམ་བཞིན་གྱེན་དུ་ཕྱུར་ཏེ་སྙིང་གའི་འཁོར་ལོ་གང་བས་མཆོག་དགའ། མགྲིན་པའི་འཁོར་ལོ་ལག་སོར་གྱི་རྩེ་ཚུན་གང་བས་ཁྱད་དགའ། སྤྱི་བོའི་འཁོར་ལོ་གང་བས་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་དང་། རྩ་ཕྲན་ཐམས་ཅད་དང་བ་སྤུའི་ཁུང་བུ་ཚུན་གྱི་ལུས་ནང་ཐམས་ཅད་ཁྱབ་ཅིང་གང་ནས་དཀར་དམར་འདྲེས་པ་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་སྐྱེས་པར་བསམ། བདེ་བ་དངོས་སུ་སྐྱེ་བའི་ཚེ་ངོས་བཟུང་། དེའི་ཚེ་ཐིག་ལེ་དཀར་དམར་འདྲེས་པའི་གཟུགས་བརྙན་གྱི་དམིགས་པ་ཙམ་མ་ཡིན་པར་ཧཾ་དང་ཨ་ཤད་དཔལ་འཁོར་ལོ་སྡོམ་པ་དང་རྡོ་རྗེ་ཕག་མོ་ཡབ་ཡུམ། ཐབས་དང་ཤེས་རབ། བདེ་བ་དང་དྲོད། དབྱིངས་དང་ཡེ་ཤེས་རྣམས་ཁ་སྦྱོར་རམ། ཟུང་འཇུག་གི་བདེ་བ། བདེ་བའི་ངོ་བོ་སྟོང་པ་སྟེ། བདེ་སྟོང་དབྱེར་མེད་ཀྱི་ངང་དུ་བཞག མཐར་རླུང་ཕྱིར་བཏང་བ་དང་མཉམ་དུ་སྦྱོར་བ་དྲུག་ལྡན་གྱིས་འདྲེན་བྱས་ལ་བྱང་སེམས་དཀར་དམར་ཐམས་ཅད་ཡར་ལོག་ནས་ཧཾ་ཡིག་ལ་ཐིམ་པར་བསམ་པ་ནི་འདྲེན་པའོ། །སླར་ཡང་ཧཾ་ལས་བྱང་སེམས་དཀར་དམར་ཆར་ལྟར་བབས་པའི་རྒྱུན་གྱིས་རྩ་འཁོར་ལུས་དང་བཅས་པ་གང་ཞིང་ཁྱབ་པར་བསམ་པ་ནི་བཀྲམ་པའོ། །གེགས་སེལ་ལ་གཉིས་ལས། དང་པོ་ཚ་བའི་གེགས་སེལ་ནི། ཚད་ཤས་ཆེ་བའི་རིགས་འབར་དམིགས་དང་། དྲོད་ཀྱི་བོགས་འདོན་གནད་དུ་བསྣུན་དྲག་པས་ཚད་པ་ལྷོང་བ་སོགས་བྱུང་ན་བྱ་སྟེ། སྟོང་ར་རྩ་འཁོར་ཧཾ་ཡིག་དང་བཅས་པ་བསིལ་བའི་ཉམས་ཅན་དུ་གསལ་བཏབ་པའི་སྤྱི་བོ་པད་ཟླ་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་དཀར་པོ་ཟླ་བ་ཆུ་ཤེལ་གྱི་རང་བཞིན་དང་འོད་ཟེར་ཅན། ཕྱག་ན་ཆུ་ཤེལ་གྱི་བུམ་པ་བདུད་རྩི་བསིལ་བའི་རང་བཞིན་ཅན་གྱིས་གང་བ་འཛིན་པ། ཕྱག་རྒྱ་དྲུག་སོགས་རྒྱན་གྱིས་སྤྲས་པ། མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བསྒོམ་ལ། ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །ཚ་བའི་ནད་དང་ཚ་བའི་གེགས་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། ཆུ་རླུང་གྲང་མོ་སོ་བར་ནས་བཞར་ཏེ་འཇམ་པོར་མནན་ལ། བླ་མའི་ཐུགས་ཀའི་འོད་ཟེར་གྱི་རྒྱལ་བའི་བྱིན་རླབས་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་བདུད་རྩི་བསིལ་བའི་རང་བཞིན་དུ་བསྡུས་ནས་བླ་མའི་ཕྱག་གི་བུམ་པར་ཐིམ་པས་དེ་ལས་བདུད་རྩིའི་རྒྱུན་ལུད་པ་ཚངས་བུག་ནས་ཞུགས་པ་དང་། ཧཾ་ལས་ཀྱང་བདུད་རྩི་ཟླ་བ་ཞུན་མ་ལྟ་བུ་ཆུ་རྒྱུན་ལྟར་བསིལ་བ་གྲང་སིི་ལི་ལི་བབས་པས་རྩ་འཁོར་ལུས་དང་བཅས་པ་ཐམས་ཅད་ཡོངས་སུ་གང་ནས་ཆུ་ཤེལ་གྱི་བུམ་པ་འོ་མས་གང་བ་ལྟར་གྱུར་པ་བསིལ་བའི་ཟེར་གྱིས་སྣོད་བཅུད་ཐམས་ཅད་ཁྱབ་པར་བསམ་ལ་གོང་བཤད་ལྟར་ཆུ་རླུང་བཟུང་མཐར་བླ་མ་ཧཾ་ལ་བསྟིམ་ནས་མཉམ་པར་བཞག་གོ །གཉིས་པ་གྲང་བའི་གེགས་སེལ་ནི། གྲང་ཤས་ཆེ་བའི་རིགས་འཛག་དམིགས་དང་བདེ་བའི་བོགས་འདོན་སྒོམ་དྲག་པས་གྲང་བ་བསླང་བ་སོགས་བྱུང་ན་བྱ་སྟེ། ཡི་དམ་གྱི་སྐུ་རྩ་འཁོར་ཨ་ཤད་དང་བཅས་པ་གསལ་བའི་སྤྱི་བོར་པད་ཉི་ལ་བླ་མ་རྡོ་རྗེ་འཆང་ཉི་མ་མེ་ཤེལ་གྱི་རང་བཞིན་དང་འོད་ཟེར་ཅན། ཕྱག་ན་མེ་ཤེལ་གྱི་བུམ་པ་བདུད་རྩི་དམར་པོ་སེར་ལྷོག་ལྷོག་ཏུ་ཁོལ་བས་གང་བ་འཛིན་པ། རྒྱན་ཆས་ཡོངས་སུ་རྫོགས་པར་བསྒོམས་ལ། ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །གྲང་བའི་ནད་དང་གྲང་བའི་གེགས་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། མེ་རླུང་དྲག་ལ་ཐུང་བར་རྔུབ་ཅིང་བཟུང་ལ་བླ་མའི་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་རྒྱལ་བའི་བྱིན་རླབས་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་མེའི་རང་བཞིན་དུ་བསྡུས་ནས་ཕྱག་གི་བུམ་པར་ཐིམ་པ་དེ་ལས་བདུད་རྩི་མེའི་རྣམ་པ་ཅན་བབས་པ་ཨ་ཤད་ལ་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་མེ་བོ་ཆེ་དེ་སྟོབས་རྒྱས་ནས་མེའི་དགའ་འཁྱིལ་ལམ་མེའི་འཁོར་ལོའི་རྣམ་པར་གྱུར་ཏེ་འུར་སྒྲ་དང་བཅས་གཡོན་དུ་འཁོར་བ་ལས། རཾ་ཡིག་གི་ཚྭ་ཚྭ་དམར་ཐ་ར་ར་འཕྲོས་པ་ལས་དྲོ་བའི་ངད་དང་ཚ་བའི་དབལ་མི་བཟོད་པའི་མེ་ཆེས་ཆེར་འབར་བས་རྩ་འཁོར་ལུས་དང་བཅས་པའམ་སྙིང་ཁ་མན་ཆད་གང་བར་བསམ་ལ་མེ་རླུང་བཟུང་མཐར་བླ་མ་ཨ་ཤད་ལ་བསྟིམ་ནས་མཉམ་པར་བཞག་གོ །དེ་ལྟར་གོང་འོག་གཉིས་ཀྱིས་ཚ་གྲང་གི་གེགས་ཐམས་ཅད་ངེས་པར་ཞི་བ་ཐེ་ཚོམ་མེ་དོ། །གཉིས་པ་འོག་ཟག་མེད་བདེ་ཆེན་དུ་སྤར་ནས་འོག་སྒོའི་བཅུད་འདོན་པ་ནི། ཟིན་དང་བརྟན་པས་ཤེས་རབ་སྙོམས་པར་ཞུགས། ཞེས་པ་ནས། མི་རྟོག་པས། ཞེས་པའི་བར་གྱིས་བསྟན་ཏེ། རྡོ་རྗེའི་བཟླས་པ་རླུང་ལྔ་དབང་དུ་བྱེད་པ། བུམ་པ་ཅན་རྣམས་ལ་རིང་དུ་འབད་ཅིང་གཏུམ་མོ་འབར་འཛག་གི་རྣལ་འབྱོར་རྩེ་གཅིག་ཏུ་བསྒོམས་པས། རྒྱུ་བ། རིང་ཐུང་། ཤུགས། ཁ་དོག སྟོབས་རྣམས་རིམ་གྱིས་ཟིན་ནས། རླུང་ལྔ་རང་མལ་དུ་ཟིན་པའི་རྟགས་དངོས་ཉམས་རྨི་ལམ་དུ་འབྱུང་སྟེ། ས་རླུང་ཟིན་པས་དུ་བ། ཆུ་རླུང་ཟིན་པས་སྨིག་རྒྱུ། མེ་རླུང་ཟིན་པས་མེ་ཁྱེར། རླུང་གི་རླུང་ཟིན་པས་སྐྱ་རེང་། ནམ་མཁའ་རླུང་ཟིན་པས་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་འབྱུང་། དབུ་མའི་མས་སྣ་བྱེ་ནས་འོག་ཐུར་སེལ་གྱི་རླུང་དབུ་མར་ཚུད། ཡས་སྣ་བྱེ་ནས་སྲོག་གི་རླུང་དབུ་མར་ཚུད་དེ་ལྟེ་འོག་དབུ་མའི་ནང་དུ་སྲོག་ཐུར་གོང་བུ་གཅིག་ཏུ་འདྲེས། དེས་དབུ་མའི་ནང་གི་གཏུམ་མོ་དངོས་འབད་རྩོལ་ལ་མ་ལྟོས་པར་རང་ཤུག་གིས་འབར་བ་རྒྱུན་མི་འཆད་ཅིང་གཏུམ་མོའི་རྦ་རླབས་བརྟན་པས་བདེ་བའི་རང་བཞིན་ཅན་གྱི་དྲོད་མཐུག་པོས་ལུས་ཐམས་ཅད་ཁྱབ། དེས་དབུ་མའི་ནང་གི་ཧཾ་ཡིག་དངོས་ལས་བྱང་ཆུབ་ཀྱི་སེམས་འབབས་པ་རྒྱུན་མི་འཆད་པས། མཉམ་རྗེས་ཐམས་ཅད་དུ་བདེ་བ་ཆེན་པོ་རྣམ་པར་མི་རྟོག་པའི་རང་བཞིན་ཅན་རྒྱུན་མི་འཆད་པ་འབྱུང་། དེ་ཡི་ཚེ་རླུང་སེམས་དབུ་མར་ཚུད་ཅིང་ཐིག་ལེ་གསང་གནས་སུ་སླེབ་པ་ན་བརྟན་པའི་ཕྱིར་ལྟེ་བ། སྙིང་ག མགྲིན་པ། སྤྱི་བོ། གསང་གནས་རྣམས་སུ་བུམ་པ་ཅན་བཅིངས་པས་ཐིག་ལེ་གསང་བ་ལྟེ་བ་སྙིང་ག་མགྲིན་པ། སྤྱི་བོ་གང་བ་འཛིན་ནུས་པས་མས་བརྟན་གྱི་དགའ་བཞི་བརྟན། དེའི་ཚེ་རླུང་སེམས་ཐིག་ལེ་རོ་གཅིག་ཏུ་འདྲེས་ནས་གནས་པ་རྩ་ལྔའི་མདུད་པ་ཐམས་ཅད་ཞིག་སྟེ་རྩ་ཐམས་ཅད་དྷུ་ཏི་དང་། རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་དུ་གྱུར་ནས་ཁྱད་པར་རྟགས་ནི། ལྟེ་བར་ས་རླུང་བརྟན་པས་འདུག་ཚུགས་ཤིང་ས་གཞི་གསེར་དང་། ཟླ་ཟེར་དང་། ཐང་ཆེན་པོ་མཐོང་། སྙིང་ཁར་ཆུ་རླུང་བརྟན་པས་ལུས་དངུལ་དུ་སྣང་ཞིང་སྣང་བ་ཆུ་དང་ཉི་ཟེར་དང་འོད་དམར་པོ་མཐོང་། མགྲིན་པར་མེ་རླུང་བརྟན་པས་དྲོད་རྒྱས་ཏེ་གོས་མི་དགོས། མེ་ཆེན་པོ་དང་གློག་གི་ཟེར་མ་ལྟ་བུ་མཐོང་། སྤྱི་བོར་རླུང་གི་རླུང་བརྟན་པས་སྟོབས་ཆེ་ཞིང་འགྲོ་མགྱོགས། རླུང་དང་འཇའ་ཚོན་མཐོང་། གསང་གནས་སུ་ནམ་མཁའི་རླུང་བརྟན་པས་ལུས་བདེ་ཞིང་མདངས་དང་ལྡན། ཉི་ཟླ་འདྲེས་པའི་ཐིག་ལེ་སྔོ་དྭངས་མཐོང་བ་དང་། རླུང་སེམས་དབུ་མར་ཞུགས་པས་བ་སྤུའི་ཁུང་ཐམས་ཅད་ནས་འོད་ཟེར་ལྔ་འཕྲོ་ཞིང་ལུས་འཇའ་ཚོན་སྣ་ལྔས་བསྐོར་བ་དང་། སའི་ཡོན་ཏན་སྲེད་མེད་ཀྱི་བུའི་སྟོབས་ཐོབ། ཆུའི་ཡོན་ཏན་མེས་བསྲེགས་ཀྱང་མི་ཚིགས། མེས་ཕྱི་རོལ་གྱི་དངོས་པོ་འབྱིན་སྡུད་ནུས་ཤིང་ཆུར་མི་བྱིང་། རླུང་གིས་ལུས་ཤིང་བལ་ལྟར་ཡངས་ཤིང་རྐང་མགྱོགས་འགྲུབ། ནམ་མཁར་འཕུར་བ་དང་རི་བྲག་ལ་ཐོགས་པ་མེད། ཟླ་བའི་རླུང་གིས་ཁམས་དྭངས་མར་འགྱུར་ནས་གྲིབ་མ་མི་འབྱུང་ཞིང་ཆུ་བོ་གྱེན་དུ་ལྡོག་ནུས། ཉི་མའི་རླུང་གིས་སྙིགས་མ་དག་ནས་ལུས་གཞན་གྱིས་མི་མཐོང་ཞིང་ཉི་མ་སྟོད་ལ་གནོན། ཐམས་ཅད་ཀུན་ཏུ་སོན་པའི་ཡོན་ཏན་སྐུུའི་ཡོན་ཏན་བུ་ག་དགུའི་རླུང་འཕོ་བ་དང་། གསུང་གི་སྒོ་འབྱུང་བ་བཞི་ཐ་དད་པའི་ལུས་བྱེད་པ་འགགས་ཏེ། ཐུགས་ཀྱི་སྒོ་སྨིན་མཚམས་དང་སྙིང་གའི་གནད་ཀྱིས་སྒོ་གཉིས་བྱེ་ནས་སྔར་མི་ཤེས་པའི་ཆོས་ཐམས་ཅད་ཤེས་ཤིང་ཚིག་དོན་མི་བརྗེད་པའི་གཟུངས་ཐོབ། ཕྲ་བ་ལ་སོགས་པའི་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པའི་གཟུགས་ཀྱི་མཁའ་སྤྱོད་འགྲུབ་པར་འགྱུར་རོ། །གསུམ་པ་འཁོར་འདས་རྒྱུན་གཅོད་སྦར་ནས་རྩ་རླུང་གི་ཆིང་སྟོན་པ་ནི། ཉོན་མོངས་རང་ཞི་བདེ་གསལ་རྒྱུན་མི་འཆད། ངོ་བོ་མཐོང་ནས་ཆོས་སྐུའི་ངང་དུ་གྲོལ། ཞེས་པར། གཡོན་ཕུང་པོ་ལྔའི་རླུང་དེ་བཞིན་གཤེགས་པ་དང་། གཡས་ཁམས་ལྔའི་རླུང་དེ་བཞིན་གཤེགས་མའི་རང་བཞིན་དབུ་མའི་ནང་དུ་ཐིམ་པས། ཉོན་མོངས་པ་དུག་ལྔ་མ་སྤངས་རང་སར་དག་ཅིང་། རྣམ་སྨིན་གྱི་རྩ་ཡེ་ཤེས་ཀྱི་རྩ་ལ་ཐིམ་པས་གསལ་བ་རྒྱུན་གྱི་རྟག་པ། རྣམ་སྨིན་གྱི་རླུང་ཡེ་ཤེས་ཀྱི་རླུང་ལ་ཐིམ་པས་མི་རྟོག་པ་རྒྱུན་གྱི་རྟག་པ། རྣམ་སྨིན་གྱི་ཐིག་ལེ་དྭངས་མ་ཡེ་ཤེས་ཀྱི་ཐིག་ལེ་ལ་ཐིམ་པས་བདེ་བ་རྒྱུན་གྱི་རྟག་པ། དེས་རྩ་གསལ་སྟོང་། རླུང་རིག་སྟོང་། ཐིག་ལེ་བདེ་སྟོང་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་སྦྱོར་བས། ཆོས་སུ་གཉུག་མའི་ཙཎྜྻཱ་ལི་ཡེ་ནས་གནས་པ་དེའི་ངོ་བོ་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་ལྟར་གཏུམ་མོ་བསྒོམ་པའི་སྐབས་སུ་དྲོད་ཀྱི་དམ་ཚིག་འབར་བའི་རྣལ་འབྱོར་ལ་མ་ཆགས་པར་འབད་པ་དང་། འཁྱགས་པ་ཡིད་ལ་མི་བྱེད། གྲང་བ་བྱུང་རུང་མི་ཞུམ་པར་བོགས་འདོན་སྒོམ། པགས་རིགས་དང་གོས་མང་བརྩེགས་དང་ཕུ་དུང་ཅན་མི་གྱོན། སྐོམ་གྲང་མི་འཐུང་མེ་དང་ཉི་མ་སྤངས། བདེ་བའི་དམ་ཚིག་འཛག་པའི་རྣལ་འབྱོར་མ་ཆགས་པར་བསྒོམ། བདེ་བའི་ཉམས་མི་བརྗེད་པར་སྐྱོང་། ཆགས་སྲེད་ཀྱི་རྟོག་པ་རང་གར་མི་བཏང་བར་བདེ་སྟོང་གི་རྩིས་འཛིན་ལ་བོགས་འདོན་སྒོམ། གན་རྐྱལ་དུ་མི་ཉལ་ས་རློན་ལ་མི་འདུག རྟ་དྲག་ཏུ་མི་རྒྱུག སྒ་གཡེར། ཟ་སྒོག ཉ་ཤ། ཤ་རུལ། ཆང་སྐྱུར། ཚྭ་ཆེས་པ་རྣམས་སྤངས། ཐུན་མོང་གི་དམ་ཚིག་ཏུ་ཟས་བཅུད་ཅན་བརྟེན། སྤྱོད་ལམ་གཟབ་ཅིང་གྲིབ་ཀྱི་རིགས་ལ་འཛེམ། གཏུམ་མོའི་འཁྲུལ་འཁོར་རྣམས་མ་ཆགས་པར་བྱ་ཞིང་ལྷག་པར་འགྲོ་བ་དང་ཉལ་བའི་སྐབས་འགྲོ་བའི་འཁྲུལ་འཁོར་དང་། ཉལ་བའི་འཁྲུལ་འཁོར་རྟག་པར་མ་བརྗེད་པར་བྱའོ། །གཉིས་པ་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་ན།ི བོགས་འདོན་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་ལ། ཞེས་པ། ཡུལ་ཅན་བདེ་བ་ཆེན་པོ་ཉིད་ཡུལ་སྒྱུ་མ་ལྟར་འཆར་བའི་བོགས་འདོན་པར་བྱེད་པས་ན་སྒྱུ་ལུས་ཏེ། དེའི་སྒྲ་དོན་ཡང་། རྣམ་པ་མེད་ཀྱང་རྣམ་པ་སྣ་ཚོགས་འཛིན་པའམ་སྣང་ཡང་རང་བཞིན་མ་གྲུབ་པའི་ཕྱིར་སྒྱུ་མའི་ལུས་ཞེས་བྱའོ། །དེ་ལ་བཞི། མ་དག་པའི་སྒྱུ་ལུས། དག་པའི་སྒྱུ་ལུས། རྣམ་དག་སྒྱུ་ལུས། འབྲས་བུ་ཐོབ་ཚུལ་ལོ། །དང་པོ་ནི། འཁོར་འདས་ཐམས་ཅད་སྒྱུ་མར་ཤེས་བྱ་སྟེ། ཞེས་པ་སྟེ། ཁམས་གསུམ་བརྟན་གཡོ་མཐོང་རེག་གི་དངོས་པོ་མ་དག་པའི་སྣང་བ་འདི་ཐམས་ཅད་སྣང་ཡང་བདེན་པར་མ་གྲུབ་པས་ན་མ་དག་སྒྱུ་མ་དང་། དེ་ལྟར་མ་རྟོགས་ཏེ་བདེན་དངོས་སུ་ཞེན་པའི་མཚན་འཛིན་སྤོང་བྱེད་ཀྱི་ཐབས་ལ་དེའི་མན་ངག་ཏུ་བརྗོད་པ་སྟེ། དེ་ལ་སྤྱིར་སྦྱང་པ་ནི། ཁམས་གསུམ་སྣོད་བཅུད་ཀྱིས་བསྡུས་པའི་ཕྱི་ནང་གི་དངོས་པོ་འཁོར་འདས་ཀྱི་སྣང་བ་འདི་ཐམས་ཅད་སྣང་བཞིན་དུ་བདེན་པར་མ་གྲུབ་པ་རྨི་ལམ་དང་སྒྱུ་མ་དང་འཇའ་ཚོན་དང་ཆུ་ཟླ་ལ་སོགས་པ་ལྟ་བུའོ། །སྙམ་དུ་དཔེས་གཏན་ལ་འབེབས་ཤིང་བསྒོམ་མོ། །འདི་ལྟར་སྣང་བའི་དངོས་པོའི་ཆོས་རྣམས་ནི། ཞེས་པ་ནས། གྲུབ་པ་མེད། ཅེས་པའི་བར་གྱིས་བསྟན་ཏེ། སྣོད་བཅུད་ཀྱིས་བསྡུས་པའི་ཕྱི་ནང་གི་དངོས་པོ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་བདེན་ཞིང་རྟག་གོ་སྙམ་པ་བྱུང་ན་དེའི་ཚེ་འདི་ལྟར་བསམ་ཏེ། འཁོར་འདས་ཀྱི་སྣང་བ་འདི་ཐམས་ཅད་བདེན་ཞིང་རྟག་པ་ཞིག་ཡོད་ན་གཞན་དུ་འགྱུར་མི་རིགས་ཀྱང་དེ་ལྟར་མིན་པ་གློ་བུར་གྱིས་འགྱུར་ཞིང་། མི་རྟག་པའི་རང་བཞིན་ཅན་དུ་འདུག་པ་དང་། མ་རིག་བག་ཆགས་ཀྱི་འཁྲུལ་སྣང་ལས་ཤར་བ་ཡིན་པས་དོན་ལ། གྲུབ་པ་གང་ཡང་མེད་དེ། གཟུགས་ལ་སོགས་པ་འདི་རྣམས་སེམས་འཁྲུལ་པ་ལ་སྣང་བ་ཕྱི་རོལ་ན་མེད་པ་རྨི་ལམ་དང་རྒྱུ་མ་ལྟ་བུ། རྐྱེན་ལས་བྱུང་བ་བྲག་ཆ་དང་གཟུགས་བརྙན་ལྟ་བུ། མི་རྟག་པ་ཟིལ་པ་དང་ཆུ་བུར་ལྟ་བུ། སྣང་ལ་རང་བཞིན་མེད་པ་སྨིག་རྒྱུ་དང་འཇའ་ཚོན་ལྟ་བུ་སྟེ། སྒྱུ་མའི་དཔེ་བརྒྱད་དང་མཚུངས་པར་བསྒོམ་མོ། །བྱེ་བྲག་ཏུ་སྦྱང་པ་ནི། གཟུགས་རྣམས་སྣང་སྟོང་སྒྲ་རྣམས་བྲག་ཆར་ལྟོས། ཞེས་པ་ནས། ཞེན་མེད་སྤྱོད། ཅེས་པའི་བར་གྱིས་བསྟན་པའི་དོན། དང་པོ་ལུས་མེ་ལོང་གི་གཟུགས་བརྙན་ལྟར་སྒྱུ་མར་སྦྱང་པ་ནི། དེ་ཡང་མེ་ལོང་དྭངས་པ་ལ། རང་གི་བཞིན། བར་ན་སྒྲིབ་གཡོགས་མེད་པ་གསུམ་ཚོགས་པས་གཟུགས་བརྙན་འཆར་ཡང་དོན་ལ་མེད་པ་བཞིན་དུ། རང་གི་ལུས་ཀྱང་ཕ་མའི་རྒྱུ་རྐྱེན་དང་། མ་རིག་འཁྲུལ་པའི་རྣམ་ཤེས་གསུམ་ཚོགས་པའི་དབང་གིས་ལུས་སུ་གྲུབ་ཀྱང་དོན་ལ་མེད་དེ་གཟུགས་བརྙན་དང་མཚུངས་པའོ་སྙམ་པ་དང་། གཉིས་པ་ངག་བྲག་ཅ་ལྟར་སྒྱུ་མར་སྦྱོང་བ་ནི། ལུང་ཁུག་དོག་པོའི་བྲག་དང་། མིས་འབོད་པའི་སྐད་གཉིས་ཚོགས་པ་ལས་བྲག་ཅའི་སྒྲ་འབྱུང་ཡང་དོན་ལ་མེད་པ་བཞིན་དུ། ལུས་སེམས་བརྗོད་འདོད་ཚོགས་པ་ལས་ངག་གི་སྒྲ་སྐད་འབྱུང་ཡང་དོན་མེད་དེ་བྲག་ཆ་ལྟ་བུའོ་སྙམ་པ་དང་། གསུམ་པ་སེམས་འཇའ་ཚོན་ལྟར་སྒྱུ་མར་སྦྱོང་བ་ནི། འཇའ་ཚོན་ཁ་དོག་གསལ་ཡང་སྟོང་པའི་རང་བཞིན་ལས་མ་འདས་པ་ལྟར་སེམས་ཀྱི་རྩལ་སྣང་སྣ་ཚོགས་སུ་སྣང་ཡང་བདེན་མེད་སྟོང་གསལ་གྱི་རང་བཞིན་ནོ་སྙམ་པས་ལུས་ངག་ཡིད་གསུམ་སྒྱུ་མར་སྦྱོང་། སྐབས་སུ་མེ་ལོང་དྲི་མ་མེད་པ་མདུན་དུ་བཞག་པ་ལ་རང་གི་གཟུགས་འཆར་དུ་བཅུག་ནས། དེ་ལ་བསྟོད་སྨད། བདེ་མི་བདེ། སྙན་མི་སྙན། སྦྱིན་འཕྲོག་སྟེ་འཇིག་རྟེན་ཆོས་བརྒྱད་དང་འབྲེལ་བའི་གཏམ་བྱས་པས་དགའ་མི་དགའ་འམ་ཆགས་སྡང་ཨེ་འདུག་བལྟས་པས་ཇི་ལྟར་བརྗོད་ཀྱང་མེ་ལོང་གི་གཟུགས་བརྙན་ལ་དགའ་མི་དགའ་དང་ཆགས་སྡང་མེད་པ་བཞིན་དུ་རང་ལའང་སྦྱར་ཏེ། དེའང་རང་གི་ལུས་འདི་སྣང་ཡང་བདེན་པར་མ་གྲུབ་པ་གཟུགས་བརྙན་དང་ཆོས་མཚུངས་པས། བསྟོད་སྨད། བདེ་མི་བདེ། སྙན་མི་སྙན། སྦྱིན་འཕྲོག་གང་ལའང་དགའ་མི་དགའ་དང་། ཆགས་སྡང་བྱ་དོན་མི་འདུག་སྙམ་པས་གཞན་གྱིས་བསྟོད་ར་གཏོང་བ་ལ་དགའ་བ་དང་། སྨད་ར་གཏོང་བ་ལ་ཞེ་མི་སྡང་ཞིང་། དེ་བཞིན་དུ་ཆོས་བརྒྱད་རོ་སྙོམས། གལ་ཏེ་རོ་མི་སྙོམ་པར་འདུག་ན། ཡོན་ཏན་དེ་དག་ཡོད་ནས་བསྟོད་ན་བརྗེད་པས་ལྷག་ཏུ་མི་འགྲོ་བས་དགའ་བར་མི་རིགས། མེད་ནས་བསྟོད་ན་ཚིག་སྟོང་གི་ཕྱེ་གཏོར་གྱིས་གང་ཡང་མི་ཕན་པས་དགའ་དོན་མེད། སྐྱོན་དེ་ཡོད་ནས་སྨད་ན་རང་ལ་དེ་ལྟར་ཡོད་པ་གཞན་གྱིས་དྲངས་པོར་བརྗོད་པ་ཙམ་ལ་ཞེ་སྡང་དོན་ཅི་ཡང་མེད། མེད་ནས་སྨད་ན་དེས་གང་ཡང་མི་གནོད་པས་ཞེ་སྡང་མིེ་དགོས་སྙམ་དུ་བསྒོམ། སྙན་མི་སྙན་ལའང་དེ་དང་འདྲ་བར་སྒོམ། བདེ་སྐྱིད་ལ་དགའ་བ་ལ་ལུས་བེམ་པོའི་རོ་དང་། ངག་བྲག་ཆ་དང་། སེམས་ནམ་མཁའ་སྟོང་པ་དང་འདྲ་བས་བདེ་རྒྱུ་དང་སྐྱིད་རྒྱུ་གང་ཡང་མེད། མེད་པ་ལ་ཡོད་པར་འཛིན་པའི་འཁྲུལ་སྣང་གིས་མགོ་འཁོར་བར་འདུག་བསམ་པ་དང་། སྡུག་བསྔལ་ལའང་དེ་བཞིན་དུ་ཤེས་པར་བྱ། རྙེད་པ་ལ་དགའ་ན་ནོར་རྫས་འདི་དགྲ་འདྲེའི་གཡབ་མོ་བསྲུང་བརྐྱང་སོགས་སྡུག་བསྔལ་གྱི་གཞི་མ། ལན་གཅིག་འབྱོར་ཀྱང་ཐ་མར་རྒུད་པ་མི་རྟག་པའི་རང་བཞིན་ཡིན་པས་འཁྲུལ་པའི་མགོ་བསྐོར་དུ་འདུག་བསམ་པ་དང་མ་རྙེད་ན་མི་དགའ་བ་མི་དགོས་ཏེ་ནོར་མེད་ན་དགྲ་དང་བྲལ་ཞིང་བསྲུང་གསོག་མི་དགོས་པས་དལ་ལ་སྔར་བསགས་ཀྱི་བསོད་ནམས་མི་འཛད་པས་ཨ་རེ་དགའ་བསམ། དེ་རྣམས་ཀྱི་བོགས་འདོན་དུ་འཆི་བ་སྙིང་ལ་ཟུག་པ་ཞིག་བསྒོམས་པས་ཞེན་པ་དབང་མེད་དུ་ལྡོག་ཅིང་སྙོམས་ལས་ལེ་ལོར་མི་སྡོད། ཆགས་སྡང་ངང་གིས་གྲོལ་བ་ཞིག་ཡོང་ངོ་། །གཉིས་པ་དག་པའི་སྒྱུ་ལུས་ནི། སྣོད་བཅུད་མ་དག་པའི་སྣང་བ་རྣམ་པར་དག་པ་ལྷའི་དཀྱིལ་འཁོར་དུ་བསྒྱུར་ནས་ཉམས་སུ་བླངས་བའི་དོན་གྱིས་ན་དག་པའི་སྒྱུ་ལུས་ཞེས་བྱ་ལ། དེའང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་ལྷའི་རང་བཞིན་དུ་གྲུབ་པ་དེ་ཉིད་མ་རྟོགས་པ་རྟོགས་ཕྱིར་ཡིན་ལུགས་གཏན་ལ་ཕབ་སྟེ་བསྒོམ་པས་སྒྱུ་འཕྲུལ་གྱི་ཏིང་ངེ་འཛིན་ཁྱད་པར་ཅན་འཆར་ཏེ་སྣོད་བཅུད་ལྟར་གསལ་བས་ཐ་མལ་གྱི་སྣང་ཞེན་སྦྱངས་ཤིང་ལྷ་ཡང་སྣང་སྟོང་སྒྱུ་མ་ལྟ་བུར་གཏན་ལ་ཕབ་པས་གྱ་ནོམས་ལྷར་ཞེན་གྱི་རྟོག་པ་སྦྱང་བར་བྱེད་པའི་རིམ་པ་སྟེ། རང་ཉིད་དཔལ་འཁོར་ལོ་སྡོམ་པ་ཡུམ་དང་བཅས་པའི་བསྐྱེད་རིམ་རྒྱུ་མ་ལྟ་བུ་བསྒོམ་ལ་རྣམ་པ་གསལ་ཞིང་རྣམ་དག་དྲན་པ། ང་རྒྱལ་བརྟན་པ། ངོ་བོ་སྟོང་པ་རང་བཞིན་དབྱེར་མེད་ཉམས་བདེ་བ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ། སྐབས་སུ་འཁོར་ལོ་སྡོམ་པ་ཡབ་ཡུམ་མམ་རྡོ་རྗེ་རྣལ་འབྱོར་མའི་སྐུ་འགྱིང་ལོག་ཏུ་བྲིས་པ་མེ་ལོང་ནང་དུ་འཆར་བཅུག་ནས་དེ་ལ་མིག་ཤེས་རྩེ་གཅིག་ཏུ་བཟུང་། ཡིད་ཡུལ་དུ་འཆར་བདེར་གྱུར་པ་ན་མེ་ལོང་དང་རང་གི་བར་དུ་དེ་འདྲ་བ་ཡིད་ཀྱིས་བསྒོམ། དེ་ལ་གོམས་པ་དང་། རང་དེ་འདྲ་བ་བསྒོམ་ལ། མཐར་སྣང་ཚད་ཀྱང་དེ་བཞིན་དུ་སྒོམ། དེ་ཐམས་ཅད་ཀྱང་རང་གི་བློས་བཏག་པ་ཙམ་མ་གཏོགས་བདེན་པར་མ་གྲུབ་པ་སྒྱུ་མ་ལྟ་བུ་དང་། ཆུ་ཟླ་དང་། མིག་ཡོར་དང་། སྨིག་རྒྱུ་དང་། རྨི་ལམ་དང་། བྲག་ཆ་དང་། དྲི་ཟའི་གྲོང་ཁྱེར་དང་། མིག་འཕྲུལ་དང་། འཇའ་ཚོན་དང་། གློག་དང་། ཆུ་བུར་དང་། མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ་སྒྱུ་མའི་དཔེ་བཅུ་གཉིས་དང་མཚུངས་པར་བསྒོམ་པ་ལ་བསླབ་བོ། །གསུམ་པ་རྣམ་དག་སྒྱུ་ལུས་སམ་རྫོགས་རིམ་སྒྱུ་ལུས་ནི། དག་པའི་སྒྱུ་ལུས་ཐ་མལ་གྱི་སྣང་བ་བསལ་ཏེ་ལྷར་བསྒོམ་པ་ཙམ་གྱིས་དག་པར་བཞག་ཀྱང་། ངོ་བོ་རྟོག་པས་བཏག་པའི་བསྒོམ་པ་ཡིན་ཕྱིར་ཤིན་ཏུ་རྣམ་དག་མིན་ལ། འདི་རླུང་སེམས་ཀྱི་དྭངས་མ་ལས་གྲུབ་པའི་ལུས། རྟོག་པས་མ་བཏགས་པར་པྲ་ཕབས་པ་ལྟར་སྣང་བ་ཡིན་པས་རྣམ་དག་སྒྱུ་ལུས་སམ་རྫོགས་རིམ་སྒྱུ་ལུས་ཞེས་བརྗོད་པ་སྟེ། སྔགས་བླ་མེད་ཐུན་མོང་མ་ཡིན་པའི་སྦས་དོན་གྱི་སྒྱུ་ལུས་རླུང་སེམས་བདག་བྱིན་གྱིས་བརླབ་པའི་ལམ་གྱི་རིམ་པ་དངོས་ཡིན་ཞིང་། དེའང་ཙཎྜྻཱ་ལིའི་འབར་སྣང་མཐར་ཕྱིན་པ་ལས་ཡེ་ཤེས་ཀྱི་རླུང་མཆོག་གི་ཨ་ཝ་དྷུ་ཏིར་ཐིམ་པའི་འབར་འཛག་གི་ཞུ་བདེ་རྒྱུན་མི་འཆད་པ་ལས་མཆོག་གི་དགའ་བ་བཞི་སྐྱེ། དེ་ལས་སེམས་དབེན་ཁྱད་པར་ཅན་སྐྱེ་བ་ལས་ཁྱད་པར་ལྔ་ལྡན་གྱི་སྒྱུ་ལུས་ཙམ་པོ་བ་འགྲུབ། དེ་དོན་གྱི་འོད་གསལ་གྱིས་དྲི་བྲལ་དུ་བྱས་པའི་མཐར་སྒྱུ་ལུས་ཁྱད་པར་ཅན་འགྲུབ་པ་དེ་ཉིད་ཟུང་འཇུག་གི་སྐུ་ཞེས་བརྗོད་དོ། །དེ་ལྟར་ལམ་དུ་བྱ་བ་ལ་གཉིས། མཉམ་བཞག་སྒྱུ་ལུས་དང་རྗེས་ཐོབ་སྒྱུ་ལུས་སོ། །དང་པོ་མཉམ་བཞག་སྒྱུ་ལུས་ལ་གཉིས་ལས། དང་པོ་མཚན་མེད་སྒྱུ་ལུས་ནི། ལུས་དབེན་རྣམ་སྣང་གི་ཆོས་བདུན་གྱིས་འཁོད་ལ། རང་ཉིད་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་རྡོ་རྗེ་རྣལ་འབྱོར་མས་འཁྱུད་པ་འཁོར་དང་བཅས་པར་བསྒོམ་ན་ལེགས་ཤིང་མི་ནུས་ན་ལྷན་སྐྱེས་ཡབ་ཡུམ་དུ་གསལ་བའི་ལུས་ནང་རྩ་གསུམ་འཁོར་ལོ་བཞི་ཨ་ཧཾ་དང་བཅས་པ་གསལ་བའི་སྙིང་གའི་རྩ་འཁོར་གྱི་དབུས་སུ་ཧཱུྃ་མཐིང་ཀ་འོད་ལྔ་འཕྲོ་བ་བསྒོམ། སྤྱི་བོར་པདྨ་ཉི་ཟླ་སྒྲ་གཅན་བདུད་བཞི་བརྩེགས་པའི་གདན་ལ་ཕུང་པོ་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་གདན་གསུམ་ལྷར་གདོད་ནས་གྲུབ་པ། རིགས་ཐམས་ཅད་ཀྱི་ཁྱབ་བདག དཀྱིལ་འཁོར་ཐམས་ཅད་ཀྱི་འཆར་གཞི། སྐྱབས་གསུམ་འདུས་པ། དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀཿནམ་མཁའ་མདོག་ཅན་སྤྱན་གསུམ་པ་ཡིད་ཙམ་ཁྲོས་པའི་ཉམས་ཅན་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་བསྣམས་པ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་ཞིང་སྟག་གི་ལྤགས་པའི་ཤམ་ཐབས་ཅན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སྣང་སྟོང་འཇའ་ཚོན་གྱི་སྐུ་ཅན་འོད་ཟེར་གྱི་ཕུང་པོ་འབར་བར་བཞུགས་པར་བསམ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། སོགས་ཀྱིས་ཕྱག་འཚལ། རང་རིག་བླ་མར་རྟོགས་པས་ཕྱག་འཚལ་ལོ། །སོགས་ཀྱིས་ཡན་ལག་བདུན་པ་འབུལ། ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །དག་པའི་སྒྱུ་ལུས་ཟུང་འཇུག་འཇའ་ལུས་རྡོ་རྗེའི་སྐུ་མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་ཆུབ་སེམས་དཀར་དམར་གྱི་རྒྱུན་ཆེན་པོ་བབས། རང་གི་སྤྱི་གཙུག་ནས་ཞུགས། རྩ་གསུམ་འཁོར་ལོ་བཞི་སོགས་ལུས་ཀྱི་ནང་ཐམས་ཅད་གང་། དག་པའི་སྒྱུ་ལུས་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པར་བྱིན་གྱིས་བརླབ་པར་བསམ། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། ངག་དབེན་རྡོ་རྗེའི་བཟླས་པའི་བུམ་པ་ཅན་བྱ། སེམས་དབེན་དམིགས་པ་ཧཱུྃ་ལ་གཏད་དེ་རླུང་དབུ་མར་དྲིལ་བའི་འབར་འཛག་གི་སྦྱོར་བས་མཆོག་གི་དགའ་བཞི་བསྐྱེད་པས་ཉམས་སྣང་སྐྱེད་དེ། ས་ཆུར་ཐིམ་པས་དུ་བ། ཆུ་མེར་ཐིམ་པས་སྨིག་རྒྱུ། མེ་རླུང་ལ་ཐིམ་པས་མེ་ཁྱེར། རླུང་སེམས་ལ་ཐིམ་པས་མར་མེ། སེམས་སེམས་བྱུང་ལ་ཐིམ་པས་ཟླ་སྣང་། སེམས་བྱུང་མ་རིག་པར་ཐིམ་པས་ཉི་སྣང་། མ་རིག་པ་ཐམས་ཅད་སྟོང་པར་ཐིམ་པས་སྒྲ་གཅན་གྱི་སྣང་བ། དེ་ནས་ཐམས་ཅད་སྟོང་པ་སྤྲིན་མེད་ནམ་མཁའ་ལྟ་བུ་འཆར་སླར་སྣང་གསུམ་ལུག་ལྡོག་ཏུ་འཆར་ཏེ་ཐམས་ཅད་སྟོང་པ་ལས་མ་རིག་པ། དེ་ལས་སེམས་བྱུང་། དེ་ལས་སེམས། སེམས་རླུང་དང་བཅས་པ་ལས་དཔེ་བཅུ་གཉིས་ཀྱིས་མཚོན་པའི་སྒྱུ་མའི་སྐུ་འཁོར་ལོ་སྡོམ་པ་ཡབ་ཡུམ་ཞལ་ཕྱག་ཡོངས་རྫོགས་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་སོ་སོ་རང་རིག་གི་ཡེ་ཤེས་ཀྱི་ངོར་མངོན་སུམ་དུ་འཆར་ལ། དེར་མ་ཟད་དུས་གསུམ་གྱི་སྣོད་བཅུད་དག་མ་དག་ཐམས་ཅད་སྒྲིབ་བྲལ་དུ་མཐོང་བ་སྙམ་བྱེད་དེ། བློའི་བྱེ་བྲག་གིས་རིམ་དང་ཐོད་རྒལ་ཅིག་ཅར་ཅི་རིགས་སུ་འཆར་བ་ཡོད་དོ། །གཉིས་པ་མཚན་བཅས་སྒྱུ་ལུས་ནི། གོང་སྨོས་ཙཎྜྻ་ལཱིའི་རྣལ་འབྱོར་ལས་སྐྱེས་པའི་གཞི་དབེན་གསུམ་ཁྱད་པར་བ་ལེགས་པར་གྲུབ་ནས་རིག་མ་མཚན་ལྡན་ལས་ཀྱི་ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་སྤྲུལ་པ་ཡིད་ཀྱི་ཕྱག་རྒྱ་ལ་སྙོམས་པར་ཞུགས་པའི་རྐྱེན་གྱིས་ཟག་མེད་ལུས་ཀྱི་རྒྱུ་རིགས་གདོད་ནས་གནས་པ་ཉིད་སྣང་གསུམ་ལུག་འབྱུང་དང་། ལུག་ལྡོག་འོད་གསལ་བཅས་པ་རྡོ་རྗེ་གསུམ་དུ་ཤར་བས་སྒྲིབ་བྲལ་དུ་བྱས་ཏེ། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་ཤིང་། རླུང་སེམས་ཀྱི་དྭངས་མ་ལས་གྲུབ་པའི་སྐུ་བལྟ་བས་ཆོག་མི་ཤེས་པའི་མཚན་དཔེས་སྤྲས་པ་མེ་ལོང་གི་གཟུགས་བསྙན་ལྟ་བུ་སྣང་ལ་རང་བཞིན་མེད་པ། དངོས་དངོས་མེད། གཉིས་ཀ གཉིས་མིན་གྱི་མུ་བཞི་ལས་གྲོལ་བ། ཕུང་ཁམས་སྐྱེ་མཆེད་ཀྱི་མཚན་མས་མ་གོས་པ། ཡིད་ཀྱི་རང་བཞིན་ཡེ་ཤེས་ཀྱི་སྐུ་ཙམ་དུ་སྣང་བ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་དྭངས་གསལ་ཐོགས་པ་མེད་པ་འཇའ་ཚོན་ལྟ་བུ་འགྲུབ་པར་འགྱུར་རོ། འདི་ནི་གསང་འདུས་ཀྱི་རིམ་པ་ལྔའི་གསུམ་པ་བདག་བྱིན་རླབས་དང་། རྡོ་རྗེ་རྣལ་འབྱོར་གྱི་སོར་བསམ་ལས་བྱུང་བའི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་རྣམ་ཀུན་མཆོག་ལྡན་རྣམས་དང་དོན་གཅིག་སྟེ། སློབ་བཤད་ལས་བྱུང་བའི་སྦས་དོན་ཤིན་ཏུ་ཟབ་པ་སྙན་རྒྱུད་ཀྱི་གདམས་ངག་ཡིན་པའི་ཕྱིར་ཁྲིད་ཡིག་རྣམས་ཀྱིས་དཀྱུས་སུ་མ་བརྟན་པར་གུད་དུ་སྦས་པས་མཁས་པ་གླེགས་བམ་གྱིས་ཁེངས་པ་རྣམས་ཀྱིས་ཀྱང་ཇི་བཞིན་མ་རྟོགས་ཏེ་རྣམ་པར་འཁྱམས་སོ། གསུམ་པ་རྗེས་ཐོབ་སྒྱུ་ལུས་ནི། དེ་ལྟར་མཉམ་བཞག་ཏུ་སྒྱུ་མའི་སྐུ་ལ་གསལ་སྣང་ཕྱིན་ནས་རྗེས་ཐོབ་ཏུ་ཐ་མལ་གྱི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལམ་དུ་ཁྱེར་བར་བྱའོ། །སྦས་དོན་གྱི་སྒྱུ་ལུས་འདི་རྩ་བའི་ཚིག་ཟིན་ལ་དངོས་སུ་མེད་ཀྱང་འབྲས་བུ་ཐོབ་ཚུལ་གྱི་ཚིག་རྐང་གཅིག་པོ་དེའི་ཤུགས་ལས་བསྟན་པ་ཡིན་ནོ། །བཞི་པ་འབྲས་བུ་ཐོབ་ཚུལ་ནི། འཇའ་ལུས་ཆོས་ཀྱི་སྐུ་ནི་ཐོབ་པར་འགྱུར། ཞེས་པ་དེ་ལྟར་རྣམ་དག་སྒྱུ་ལུས་འདི་བསྒོམས་པས་རྒྱལ་པོ་ཨིནྡྲ་བྷུ་ཏི་དང་འདྲ་བར་སྙིགས་མའི་ལུས་སྦྲུལ་གྱི་ལྤགས་པ་བཞིན་དུ་བརྗེས་ཏེ་འཇའ་ཚོན་གྱི་ལུས་ཡོན་ཏན་བརྒྱད་དང་ལྡན་པར་གྱུར་ནས་མཐར་ཐུག་མི་སློབ་པའི་ཟུང་འཇུག་ཤིན་ཏུ་རྣམ་པར་དག་པའི་གོ་འཕང་མཆོག་ལ་དབུགས་འབྱིན་ཐོབ་པར་འགྱུར་རོ། །གསུམ་པ་ལམ་གྱི་ཚོད་འཛིན་རྨི་ལམ་འཁྲུལ་པ་རང་སངས་ནི། མཚན་དུས་རྨི་ལམ་འཕྲུལ་པ་རང་སངས་ནི། ཞེས་པ་ལམ་རྣམས་ཀྱི་དྲོད་ཚད་རྨི་ལམ་དུ་མྱོང་བ་བརྟན་མི་བརྟན་གྱིས་ཚོད་འཛིན་པར་བྱེད་པས་ལམ་གྱི་ཚོད་འཛིན་རྨི་ལམ་གྱི་རྣལ་འབྱོར་ཏེ། བག་ཆགས་ཀྱི་རང་གཟུགས་འཆར་བས་སམ་ཡུལ་གྱི་སྲོག་གཟུགས་འཛིན་པའི་ཕྱིར་རྨི་ལམ་ཞེས་བྱའོ། །དེ་ཡང་རྩ་གནས་སུ་རླུང་སེམས་འདུ་ཚུལ་གྱི་ཁྱད་པར་གྱིས་རྨི་ལམ་འབྱུང་ལ། དེའི་ལུས་ནི་རང་ལུས་འདི་ལས་བྱེ་མ་བྱེ་གཉིས་འབྱུང་ཡང་། ངོ་བོ་རླུང་སེམས་ཀྱི་ལུས་ཏེ། དེའང་ད་ལྟའི་ལུས་ཀྱི་བག་ཆགས་ཀྱི་རྗེས་སུ་འབྲང་བས་བག་ཆགས་ཀྱི་ལུས་ཞེས་ཀྱང་བྱ་ཞིང་། དུས་དེར་ད་ལྟའི་ཀུན་རྫོབ་ཀྱི་སྣང་བ་འཁྲུལ་པ་འདིའི་བག་ཆགས་ཀྱི་དབང་གིས་ཀུན་རྫོབ་ཏུའང་མ་གྲུབ་པའི་སྣང་བ་སྣ་ཚོགས་འཆར་བས་ཉིང་འཁྲུལ་ཏེ། དེ་ལམ་དུ་ཁྱེར་བ་རྨི་ལམ་གྱི་གདམས་པ་ལ་གསུམ། རྨི་ལམ་བཟུང་བ། སྦྱང་བ། འབྲས་བུའོ། །དང་པོ་བཟུང་བ་ལ། བཟུང་བ་དངོས་དང་། གེགས་སེལ་གཉིས་ལས། དང་པོ་ནི། སྒོ་གསུམ་འབད་པས་དྲན་པའི་ལྕགས་དཀྱུས་བཟུངས། ཞེས་པ། ཉིན་པར་གྱི་དུས་སུ། ལུས་གནད་རྣམ་སྣང་གི་ཆོས་བདུན་བཅས་ནས། རང་ཉིད་འཁོར་ལོ་སྡོམ་པ་ཡབ་ཡུམ་མམ་རྡོ་རྗེ་རྣལ་འབྱོར་མའི་སྐུ་རྩ་གསུམ་འཁོར་ལོ་བཞི་ལྡན་དུ་གསལ་བའི་མགྲིན་པའི་རྩ་འཁོར་གྱི་དབུས་དབུ་མའི་ནང་དུ་པད་ཉིའི་གདན་ལ་རྩ་བའི་བླ་མ་དེ་ཉིད་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པདྨ་དམར་པོ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་གོས་དཀར་མོ་དམར་མོ་པདྨ་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན་ཞིང་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་གཙུག་དབུ་མའི་ནང་ནས་ཡས་སྣའི་བར་དུ་བརྒྱུད་པའི་བླ་མ་ཐོ་བརྩེགས་སུ་བཞུགས་པ་ཕྲ་ལ་དྭངས་ཤིང་གསལ་བར་བསྒོམས་ལ། ཁྱབ་བདག་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། རྡོ་རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས། གྲུབ་ཆེན་ཏེ་ལོ་པ་ལྎ མཁས་པ་ནཱ་རོ་པཎ་ཆེནྎ མར་པ་ཆོས་ཀྱི་བློ་གྲོསྎ མི་ལ་བཞད་པ་རྡོ་རྗེྎ རས་ཆུང་རྡོ་རྗེ་གྲགས་པྎ སྙན་རྒྱུད་རྒྱུད་པའི་བླ་མྎ དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །རྨི་ལམ་གེགས་ནད་སེལ་བར་བྱིན་གྱིས་རློབས། །རྨི་ལམ་སྒྱུ་མར་འབྱོངས་བར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་མཐར་བརྒྱུད་པའིབླ་མ་རྣམས་རིམ་བཞིན་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ་པར་བསམ། ཁྱབ་བདག་དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་སོ། རྨི་ལམ་གེགས་ནད་སེལ་བརྎ རྨི་ལམ་སྒྱུ་མར་འབྱོངས་བརྎ ཞེས་གསོལ་བ་མང་དུ་གདབ། བླ་མའི་ཐུགས་ཀའི་སྲཱིཿལས་འོད་ཟེར་དམར་པོ་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་འོད་ཟེར་དམར་པོའི་གཞལ་ཡས་ཁང་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་བླ་མ་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་རང་བཞིན་དུ་ལམ་གྱིས་གྱུར་པར་བསམ། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས། སྣོད་བཅུ་དག་པའི་རང་བཞིན་དེ་ཚུར་འདུས་ཏེ་མགྲིན་པའི་བླ་མ་ལ་ཐིམ་པར་བསམ། རླུང་རོ་ལན་གསུམ་བསལ་ནས། རྔུབ་པ་ན་འབྱུང་ལྔའི་རླུང་རོ་རྐྱང་བརྒྱུད་དེ་དབུ་མར་ཞུགས་པས་ཡེ་ཤེས་ཀྱི་རླུང་དང་འདྲེས་ཏེ་ནོར་བུའི་བུ་ག་ནས་མགྲིན་པའི་བར་ཡེ་ཤེས་ཀྱི་རླུང་དམར་ལ་དྭངས་པས་ཡོངས་སུ་གང་བར་བསམ། དགང་བ་དང་གཞིལ་བའི་ཚེ་དམིགས་པ་དེ་ཁ་དང་། མགྲིན་པར་གཏད་ཅིང་རླུང་སེམས་མགྲིན་པར་གཅུན། བཏང་བའི་དུས་བླ་མའི་སྐུ་ལས་འཕྲོས་པའི་འོད་སྣ་སྒོ་བརྒྱུད་དེ་སོང་བས་རྒྱལ་བ་ཞི་ཁྲོ་འཁོར་བཅས་མཆོད། དེ་རྣམས་ཀྱི་གསུང་རྡོ་རྗེའི་བྱིན་རླབས་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས། རྔུབ་པ་ན་འབྱུང་ལྔའི་རླུང་བཅས་རོ་རྐྱང་བརྒྱུད་དེ་དབུ་མ་གང་བས་རྨི་ལམ་གྱི་གནས་སྐབས་འཁྲུལ་པའི་དྲི་མ་ཐམས་ཅད་དག་པར་མོས། དེ་ལྟ་བུའི་སྤྲོ་བསྡུ་དང་བཅས་རླུང་ཁུག་པ་བརྒྱ་རྩ་སོགས་བྱའོ། །དེ་ནས་སྣང་གྲགས་དྲན་པའི་ལྕགས་ཀྱུས་བཟུང་བ་ནི། འདི་ལྟར་སྣང་བ་ཐམས་ཅད་རྨི་ལམ་གྱི་རང་བཞིན་ཁོ་ནར་འདུག་སྙམ་པ་ལས་མ་གཡོས་པར་བྱ། དེ་ནས་གཉིད་ཁར་སྟོང་ར་དང་བླ་མ་བསྒོམ་པ་སྤྲོ་བསྡུ་དང་། རླུང་བཟུང་བ་བཅས་སྔར་ལྟར་བྱས་ལ། གཉིད་མཐུག་ན་ཙོག་པུ་དང་། སྲབ་ན་གཞོག་གཡས་པ་ས་ལ་ཕབ། ལག་གཡས་པའི་མཐེའུ་ཆུང་གིས་སྣ་བུག་གཡས་བཀག་ལ། མཐེ་བོང་གིས་སྐེ་ཡི་འཕར་རྩ་སྡོམ་ནས་སེང་གེའི་ཉལ་སྟབས་ཀྱིས་ཉལ་ལ། བླ་མར་རྨི་ལམ་ཟིན་པའི་གསོལ་བ་དྲག་ཏུ་གདབ། རྨི་ལམ་རྨི་བར་བྱ་ཞིང་རྨི་བ་དེའང་ངོས་ཟིན་པར་བྱ་སྙམ་པའི་འདུན་པ་དྲག་ཏུ་བྱའོ། །མགྲིན་པའི་བླ་མ་དང་། གཉིད་འཐུག་ན་སྙིང་གར་སྒྲོན་མེ་ཤིན་ཏུ་གསལ་བ་དེ་ཡི་འོད་ཀྱིས་ལུས་ཕྱི་ནང་སྣང་སྲིད་ཐམས་ཅད་གསལ་བ་ལ་སེམས་བཟུང་། སྲབ་ན་ཐིག་ལེ་ནག་པོ་ལ་སེམས་བཟུང་ནས་མ་ཡེངས་པར་གཉིད་ལོག་ལ་རྨི་ལམ་བཟུང་ངོ་། །གཉིས་པ་གེགས་སེལ་ནི། གཉིད་ཙམ་ནས་སད་པའམ་ཟིན་འཕྲོ་ལ་སད་ན་ནི་སད་འབྱམས་ཏེ། དམ་ཚིག་ཉམས་ཆགས་བཤགས་ཤིང་རྡོར་སེམས་སྒོམ་བཟླས་དང་། དབང་བཞི་ལེན་པ། ཚོགས་འཁོར་ལ་འབད། ཟས་དྲོད་བཅུད་ལྡན་པ་བརྟེན། དམིགས་པ་ནི། གཞན་རྣམས་གོང་ལྟར་ལ། སྙིང་གར་ཐིག་ལེ་ནག་པོ་རིལ་མ་ཙམ་གཅིག་ཡོད་པ་དེ་མཆོད་ནས་རང་ལུས་དེའི་ནང་དུ་ཚུད་པར་བསམ། གཉིད་མ་ཕེབས་པའམ་ཕེབ་ཀྱང་རྨི་ལམ་མི་འབྱུང་བ་ནི་སྟོང་འབྱམས་ཏེ། འདུན་པ་ཅུང་ཀློད་ཅིང་སྙིང་གར་མུཾ་ནག་པོ། དེའི་འོད་ཀྱིས་ཕྱི་རོལ་ཐམས་ཅད་མུན་ནག་ཐིབས་སེ་སོང་བར་བསམ་ལ་ཉལ་རྨི་ལམ་མི་གསལ་བས་མི་ཟིན་པའམ་ཡད་ཡུད་རེ་ཟིན་ཡང་ཤུགས་མི་ཐོན་པ་ནི་བརྗེད་འབྱམས་ཏེ། གྲིབ་སེལ་གྱི་ཆོ་ག་བྱ་ཞིང་། ཟས་འགྲངས་ཆེས་པ་དང་། གོས་མཐུག་པོ་མི་གྱོན། ཙོག་གཉིད་བྱེད་ཅིང་། སྨིན་མཚམས་སུ་ཐིག་ལེ་དམར་པོ་འོད་འཚེར་བུ་ལ་སེམས་གཏད་དེ་ཉལ། ལན་རེ་ཙམ་ཟིན་ཡང་སླར་རྨི་ལམ་གྱི་རྒྱུན་ལ་འཁྲུལ་པ་ནི་འཁྲུལ་འབྱམས་ཏེ། སྒྲིབ་སྦྱང་དང་ཚོགས་བསགས་ལ་འབད་དགོས་པས། སྒྲིབ་སྦྱོང་ཁྱད་པར་བ་ནི། ཨ་ཐུང་རྡོ་རྗེ་སྙེམས་མའི་རང་བཞིན་ལས་སྤྲོས་པའི་མེས་ཕུང་ཁམས་སྐྱེ་མཆེད་ཀྱི་མ་དག་པའི་སྒྲིབ་ཚོགས་བསྲེགས་པ་དང་། རྡོ་རྗེ་སེམས་དཔའི་བདག་ཉིད་ཧཾ་ཡིག་གི་བདུད་རྩིས་བཀྲུས་ཤིང་སྦྱངས་པར་མོས་པའི་གཏུམ་མོའི་རྣལ་འབྱོར་སྒོམ། ཚོགས་བསགས་ཁྱད་པར་བ་ནི། རང་གི་རྣམ་ཤེས་རྡོ་རྗེ་རྣལ་འབྱོར་མའི་རང་བཞིན་དུ་སྤྱི་བོ་ནས་འཕོས་པ་ནམ་མཁར་གནས་པར་བསམ་ལ། གསུང་རྡོ་རྗེས་རྨི་ལམ་འཁྲུལ་པའི་གནས་སྐབས་གཞོམ་པའི་མཚོན་བྱེད་པདྨ་དམར་པོའི་ཡུ་བ་ཅན་གྱི་གྲི་གུག་མགྲིན་པར་གནས་པ་དེ་དྲག་ཏུ་འཁོར་བས་ཐ་མལ་གྱི་ལུས་སིལ་བུར་གཏུབ་པ་རང་བྱུང་གི་ཀ་པཱ་ལའི་སྣོད་དུ་གནས་པའི་འོག་ནས་ཐོད་སྒྱེད་ཀྱིས་བཏེགས་པ། མེ་འབར་ཏེ་ཐོད་པ་དྲོས་པས་ཤ་ཁྲག་ཞུ་བའི་ཁར་འབྲུ་གསུམ་གནས་པའི་འོད་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདུད་རྩིའི་རྣམ་པར་བསྡུས་ཏེ་ཐིམས་པས་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ། རང་སེམས་རྣལ་འབྱོར་མའི་རྣམ་པར་ནམ་མཁར་གནས་པའི་ཐུགས་ཀའི་འོད་ཀྱིས་མགྲོན་བཞི་འཁོར་ལོ་གསུམ་གྱི་ལྷའི་ངོ་བོར་སྤྱན་དྲངས་པ་ལ། རང་སེམས་རྣལ་འབྱོར་མའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་སྤྲོས་པའི་ལག་ཐོད་ཀྱིས་བདུད་རྩི་དྲང་བས་དགྱེས་པར་བསམ། མཐར་འཁོར་གསུམ་ཡོངས་དག་གི་ངང་དུ་མཉམ་པར་བཞག །གེགས་སེལ་དངོས་ནི། རང་སྟོང་ར་རྩ་འཁོར་དང་བཅས་པར་གསལ་བའི་སྤྱི་བོར་རྩ་བའི་བླ་མ་སྣང་བ་མཐའ་ཡས་ཡབ་ཡུམ་གྱི་རྣམ་པར་བཞུགས་པ་ལ་གསོལ་བ་གདབ། བླ་མ་ཚངས་བུག་ནས་བྱོན་ཏེ་དཔྲལ་བར་འོད་ཟེར་དམར་པོའི་ཀློང་དུ་བཞུགས་པར་བསམ་པ་དང་། མགྲིན་པའི་རྩ་འཁོར་གྱི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཧཱུྃ་དམར་པོ། འདབ་མ་བཞི་ལ་ཨ་ནུ་ཏ་ར་ཞེས་པའི་ཡིག་འབྲུ་རེ་རེ་གཡོན་བསྐོར་ཏུ་བཀོད་པ་གཡས་སུ་འཁོར་བར་བསམ་ལ། ཨ་ནུ་ཏ་ར་ཧཱུྃ་ཞེས་བཟླ། མཐར་ཨ་ནུ་ཏ་ར་དབུས་ཀྱི་ཧཱུྃ་ལ་བསྡུས་ཏེ་དམིགས་པ་ཧཱུྃ་ལ་གཏད་དེ་ཉལ་བས་ཟིན་ནོ། །དེས་ཀྱང་མ་ཟིན་ན་སྤོག་པ་ནི། སྲོད་ལ་སྔར་ལྟར་བསྒོམས་ནས་ཐོ་རང་ཐིག་ལེ་དཀར་པོ་གོས་སུ་བགོ་སྟེ། དཔྲལ་ཤར་ཐིག་ལེ་དཀར་པོ་གསལ་ཞིང་འཚེར་བ་བསྒོམ་ནས། དེའི་འོད་ཀྱིས་ལུས་སྟོད་ཕྱི་ནང་རིལ་པོར་ཁྱབ་པར་བསམ་ལ། རླུང་ཁུག་དང་རྨི་ལམ་འཛིན་པའི་འདུན་པ་ཐེངས་བཅུ་གཅིག་བྱས་ཏེ་གཉིད། ད་དུང་ཡང་ཟིན་དཀའ་ན། སྲོད་ལ་ཉམས་ལེན་བཤད་མ་ཐག་པ་ལྟར་དང་། ཐོ་རངས་ཐིག་ལེ་ནག་པོ་གདན་དུ་འདིངས་ཏེ། གསང་གནས་སུ་ཐིག་ལེ་ནག་པོ་ནག་ལ་འཚེར་བ་ཞིག་བསྒོམ་ནས། དེའི་འོད་ཀྱིས་ལུས་སྨད་ཕྱི་ནང་རིལ་པོ་ཁྱབ་པར་བསམ་ལ། རླུང་ཁུག་དང་འདུན་པ་ཐེངས་ཉེར་གཅིག་བྱས་ལ་ཉལ་བས་ངེས་པར་ཟིན་ནོ། །དེ་ཡང་སྐབས་རེར་རྨི་ལམ་རྨི་ལམ་དུ་ཤེས་པ་ཙམ། གདམས་པ་མེད་པ་དང་། འཛིན་པའི་རྩོལ་བ་མ་བྱས་པ་ལའང་འབྱུང་བས་བརྟག་མི་ཐུབ་ལ། འདིར་ནི་འཛིན་པའི་རྩོལ་བས་ཟིན་པ་དང་། ཟིན་པ་དེའང་ཡུན་རིང་དུ་བརྟན་པ་ཞིག་དགོས་སོ། །གཉིས་པ་སྦྱང་བ་ལ་གསུམ་ལས་དང་པོ་རྩལ་སྦྱང་བ་ནི། ཟིན་སྦྱང་སྤེལ་བསྒྱུར་སྤྲུལ་ཞིང་གེགས་རྣམས་བསལ། ཞེས་པ། རྨི་ལམ་ཟིན་ནས་སྦྱང་དགོས་ཏེ། སྤེལ་བ་ནི། རྨི་ལམ་དུ་གང་སྣང་བ་དེ་ཉིད་གཅིག་ལས་གཉིས། གཉིས་ལས། བཞི་སོགས་བརྒྱ་སྟོང་མང་པོར་སྤེལ། བསྒྱུར་བ་ནི། ཡུལ་གང་སྣང་དེ་གཞན་དུ་བསྒྱུར་ཏེ། དུར་འགྲོ་རྨིས་པ་མིར་བསྒྱུར་བ་དང་། མི་ལྟ་བུ་རྟ་དང་ཁང་ཁྱིམ་གཞལ་ཡས་ཁང་དང་། ས་ཆུར་བསྒྱུར་བ་དང་། ཆུ་མེར་བསྒྱུར་བ་དང་། གཅིག་མང་པོར་བསྒྱུར་བ་དང་། མང་པོ་གཅིག་ཏུ་བསྒྱུར་བ། ཡོད་པ་མི་སྣང་བར་བྱ་བ་དང་། མེད་པ་ཡོད་པར་བསྒྱུར་བ་སོགས་བྱའོ། །རྨི་ལམ་ཟིན་པ་ན་རང་རྒྱལ་པོ་དང་བྲམ་ཟེ་ལ་སོགས་པ་མི་རིགས་དང་། སེང་གེ་དང་སྟག་དང་ཁྱུང་ལ་སོགས་པ་དང་། རི་དང་ཁང་པ་ལྗོན་ཤིང་འབྱུང་བཞི་སོགས་སུ་སྤྲུལ་པ་དང་། འཇིགས་སྐྲག་སོགས་བྱུང་ན་དེའི་གཉེན་པོར་སྤྲུལ་པ་དང་། སྣོད་བཅུད་མི་སྣང་བར་བྱ་བ་ལ་སོགས་པའི་རྫུ་འཕྲུལ་ལ་བསླབ་བོ། །དེ་དག་གི་དུས་མོས་གུས་ཆུང་བ། དམ་ཚིག་ཉམས་པ། དངོས་ཞེན་ཆེ་བ། གྲིབ་ཀྱིས་ཕོག་པ་སོགས་གེགས་ཐམས་ཅད་མི་འབྱུང་བར་བྱ་ལ། བྱུང་ན་གོང་དུ་བཤད་པ་ལ་སོགས་པའི་སེལ་ཐབས་ལ་འབད་དོ། །གཉིས་པ་སྒྱུ་མར་བྱིན་གྱིས་བརླབ་པ་ནི། ཉི་ཟླ་ཞོན་དང་ཞིང་ཁམས་མཐའ་དག་བསྒྲོད། ཅེས་པ་སྟེ། རྨི་ལམ་རྨི་དུས་རང་ལྷ་སྐུར་བསྒོམ་པའམ་སེམས་ཉིད་ཧཱུྃ་སྔོན་པོའི་རྣམ་པར་སྤྱི་བོ་ནས་འཕོས་ལ། ཡི་དམ་གྱི་སྐུར་བསྒྱུར་བ་ཉི་ཟླའི་སྟེང་དུ་གནས་པ་དང་། མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་གང་འདོད་པ་དེར་སོང་ནས་སངས་རྒྱས་མཆོད་ཅིང་ཆོས་ཉན་པ་དང་། སེམས་ཅན་གྱི་དོན་བྱེད་པ་སོགས་ལ་བསླབ་བོ། །གཞན་ཡང་ཉིན་པར་རང་གི་མགྲིན་པར་འོད་ཀྱི་ཐིག་ལེ་དམར་པོ་དེའི་ནང་དུ་གང་འདོད་པའི་ཞིང་ཁམས་མིག་འབྲས་ལ་གཟུགས་བརྙན་འཆར་བ་ལྟར་བསྒོམས་ནས་དམིགས་པ་རྩེ་གཅིག་ཏུ་གཏད་ལ་རླུང་བཟུང་། ཉལ་ཁར་དེ་བཞིན་བསྒོམས་ནས་འདུན་པ་དང་བཅས་ཏེ་གཉིད་ལོག་པས་རྨི་ལམ་དུ་ཞིང་ཁམས་དེར་བསྒྲོད་པ་ཚེགས་མེད་པར་ནུས་སོ། ཁྱད་པར་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་བསླབ་དགོས་པས་རྨི་ལམ་ཟིན་མ་ཐག་ཏུ་དག་པའི་སྒྱུ་ལུས་སྒོམ་པ་དང་། ལྷག་པར་རྣམ་དག་སྒྱུ་ལུས་རྩེ་གཅིག་ཏུ་སྒོམ་པ་ནི་རྨི་ལམ་གྱི་རྣལ་འབྱོར་གྱི་མཐིལ་སོ་ཡིན་ནོ། གསུམ་པ་རྨི་ལམ་གྱི་དེ་ཁོ་ན་ཉིད་ལ་བསླབ་པ་ནི། བཟང་ངན་སྒྱུ་མ་ཅིར་སྣང་རང་གྲོལ་ལྟོས། །ཞེས་པ་རྨི་ལམ་གྱི་སྣང་བ་རྨི་ལམ་དུ་ཤེས་པ་དང་། རྨི་ལམ་བདེན་པར་མ་གྲུབ་པར་ངེས་པ་ཙམ་གྱིས་གང་ཡང་མི་ཕན་པས་དེ་ཁོ་ན་ཉིད་ཀྱིས་རྩིས་ཟིན་པར་བྱ་དགོས་ཏེ། རྨི་ལམ་གྱི་སྣང་བ་བཟང་ངན་མེད་པ་སེམས་ཀྱི་རྣམ་འཕྲུལ། སེམས་ཉིད་གདོད་མ་ནས་སྐྱེ་འགགས་གནས་གསུམ་དང་བྲལ་བ་རང་ཤར་རང་གྲོལ་ཤེས་པར་བྱ་ཞིང་། རང་རིག་གི་ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ལ་མཉམ་པར་བཞག་པར་བྱའོ། །གསུམ་པ་འབྲས་བུ་ནི། མཐར་ཕྱིན་ས་བཅུ་ནོན་ནས་བདེ་ཆེན་ཐོབ། ཅེས་པ་དེ་ལྟར་བསྒོམས་པས་འཁོར་བ་གཞི་མེད་དུ་གྲོལ་ནས་རང་སེམས་ཆོས་སྐུར་རྩལ་འབྱོངས་པས་རྨི་ལམ་ལྟ་བུར་ས་བཅུ་ནོན་ནས་འཚང་རྒྱའོ། །བཞི་པ་ལམ་གྱི་སྙིང་པོ་འོད་གསལ་མ་རིག་མུན་བྲལ་ནི། ཁྱད་པར་འོད་གསལ་མ་རིག་མུན་བྲལ་ནི། ཞེས་པ་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱིས་འོད་གསལ་བར་རྟོགས་པ་ཉིད་ཉམས་ལེན་གྱི་རྩ་བ་ཡིན་པས་ལམ་གྱི་སྙིང་པོར་གྱུར་པ་འོད་གསལ་གྱི་རྣལ་འབྱོར་ཏེ། དེའི་སྒྲ་དོན་ནི། གནས་ལུགས་འགགས་མེད་དུ་གསལ་བའམ། རང་བཞིན་མེད་ཀྱང་ལྷུན་གྲུབ་ཏུ་སྣང་བའི་ཕྱིར་འོད་གསལ་ཞེས་བྱ་བ་ཡིན་ནོ། །དེ་ལམ་དུ་བྱ་བ་ལ་གསུམ། ཉིན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ། མཚན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ། མཐར་ཕྱིན་འབྲས་བུ་བསྟན་པའོ། །དང་པོ་ནི། རང་ཉིད་འཁོར་ལོ་སྡོམ་པ་ཡབ་ཡུམ་ལུས་ནང་རྩ་གསུམ་འཁོར་ལོ་བཞི་དང་བཅས་པར་གསལ་བའི་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་དབུ་མའི་ནང་དུ་པདྨ་ཟླ་ཉི་སྒྲ་གཅན་བརྩེགས་པའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་ཧེ་རུ་ཀ་སྐུ་མདོག་སྔོན་པོ་སྤྱན་གསུམ་ཞི་མ་ཁྲོ་སྟག་ཤམ་ཅན། རུས་པ་དང་རིན་པོ་ཆེས་བརྒྱན་པ་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས། ཡུམ་ཕག་མོ་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། ཞབས་རྡོར་སྐྱིལ་གྱིས་བཞུགས་པའི་སྐུ་དྭངས་གསལ་འོད་དུ་འབར་བའི་དབུ་གཙུག་ནས་ཡར་དབུ་མའི་ཡས་སྣེའི་བུག་པ་ལ་རེག་གི་བར་བརྒྱུད་པའི་བླ་མ་རྡོ་རྗེ་འཆང་ལ་ཐུག་གི་བར་ཐོ་བརྩེགས་སུ་བཞུགས་པ་འོད་ཟེར་སྔོན་པོ་ཤས་ཆེར་འཕྲོ་བའི་སྐུ་ཅན་དུ་གསལ་བ་ལ། སྙིང་རྗེ་ཆེན་པོ་སེམས་ཆེན་པོ། སོགས་ཀྱིས་ཕྱག་འཚལ། རང་སེམས་བླ་མར་རྟོགས་པས་སོགས་ཡན་ལག་བདུན་པ་བྱ། ཁྱབ་བདག་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། རྡོ་རྗེའི་རྣལ་འབྱོར་མ་ལ་གསོལ་བ་འདེབས། གྲུབ་ཆེན་ཏེ་ལོ་པ་ལྎ མཁས་པ་ནཱ་རོ་པཎ་ཆེནྎ མར་པ་ཆོས་ཀྱི་བློ་གྲོསྎ མི་ལ་བཞད་པ་རྡོ་རྗེྎ རས་ཆུང་རྡོ་རྗེ་གྲགས་པ་ལྎ སྙན་རྒྱུད་བརྒྱུད་པའི་བླ་མ་ལྎ དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །དཔེ་ཡི་འོད་གསལ་རྟོགས་པར་བྱིན་གྱིས་རློབས། །དོན་གྱི་འོད་གསལ་མངོན་འགྱུར་བྱིན་གྱི་རློབས། །སྒྱུ་འཕྲུལ་རྡོ་རྗེའི་སྐུ་འགྲུབ་བྱིན་གྱིས་རློབས། །ཟུང་འཇུག་གོ་འཕང་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་མཐར་བརྒྱུད་པའི་བླ་མ་རྣམས་རྩ་བའི་བླ་མ་ལ་ཐིམ་པར་བསམ་ལ། དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། དཔེ་ཡི་འོད་གསལྎ སོགས་གོང་སྨོས་ཀྱི་གསོལ་འདེབས་གྲངས་བསགས་མཐར་བླ་མ་དང་རང་སེམས་དབྱེར་མེད་ངང་དུ་མཉམ་པར་བཞག །དེ་ནས་སྙིང་གའི་འཁོར་ལོའི་དབུས་ཆོས་ཉིད་ཀྱི་དབུ་མའི་ནང་དུ་པདྨ་འདབ་བཞི་སྔོན་པོའི་ཟེའུ་འབྲུར། བླ་མའི་ཐུགས་རྡོ་རྗེ་མི་བསྐྱོད་པའི་བདག་ཉིད་ཧཱུྃ་སྔོན་པོ། མདུན་ནས་གཡས་བསྐོར་གྱིས་རྣམ་སྣང་རིན་འབྱུང་འོད་དཔག་མེད་དོན་གྲུབ་གསུམ་གྱི་རང་བཞིན་ཨ་ནུ་ཏ་ར་དཀར་སེར་དམར་ལྗང་འོད་འཕྲོ་བ་བསྒོམས་ལ། རླུང་རོ་ལན་གསུམ་བསལ་ནས་སྙིང་གའི་བུམ་པ་ཅན་བྱེད་པ་ཐོབ་ཐང་ཡིན་ཡང་། མ་བྱང་བས་དེར་དམིགས་ལ་དངོས་སུ་ལྟེ་བར་བསྡོམ་པ་གེགས་ཆུང་ཞིང་། ལན་འགའ་ཙམ་གྱི་ནི་འགལ་བ་མེད་པས་ཁུག་པ་བདུན་དུ་འཛིན་པའི་གཉིས་གསུམ་ཙམ་སྙིང་གའི་དང་། གཞན་རྣམས་ལྟེ་བའི་བུམ་ཅན་བྱེད་པ་ལྟ་བུའོ། །དང་པོར་རྔུབ་དུས་སྣ་སྒོའི་རླུང་ཁ་དོག་ལྔ་ལྡན་རོ་རྐྱང་ནས་བརྒྱུད་སྙིང་གའི་བུག་པ་འདྲིལ་མཚམས་ནས་དབུ་མར་ཞུགས་པ་ཡིག་འབྲུ་རྣམས་ལ་ཐིམ། དབྱུང་དུས་ཡིག་འབྲུ་ལྔ་ལས་འོད་ཟེར་རང་མདོག་འཕྲོས་རོ་རྐྱང་བརྒྱུད་དེ་སོང་བའི་རྩེ་ལས་མཆོད་པའི་ལྷ་མོའི་ཚོགས་དཔག་ཏུ་མེད་པ་སྤྲོས་པས། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་གྱི་དཀྱིལ་འཁོར་གྱི་རྣམ་པ་འབའ་ཞིག་ཏུ་བཞུགས་པ་རྣམས་མཆོད། རྔུབ་དུས་དེ་ཀུན་ལས་ཧེ་རུ་ཀ་རིགས་ལྔའི་དཀྱིལ་འཁོར་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སྤྱན་དྲངས་པ་སྣ་བུག་ནས་རོ་རྐྱང་བརྒྱུད་དེ་སྙིང་གའི་བུ་ག་ནས་དབུ་མར་ཞུགས། བསྡོམ་དུས་དེ་རྣམས་ཡི་གེ་ལྔ་སོ་སོར་ཐིམ་པས་ལྷག་པར་འབར་བའི་འོད་ཀྱིས་དུག་ལྔ་ཁམས་ལྔ་ཕུང་ཁམས་ལྔ་སོགས་སྦྱང་བྱ་རྣམས་སྦྱོང་ནས་སྐུ་ལྔ་ཡེ་ཤེས་ལྔ་འགྲུབ་ནུས་སུ་བྱས་པར་བསམ། ཡང་དབྱུང་དུས་འབྲུ་ལྔ་ལས་འོད་ཟེར་རང་མདོག་འཕྲོས་རོ་རྐྱང་བརྒྱུད་དེ་སྣ་བུག་ནས་ཐོན་ཏེ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་མ་དག་པ་ཐམས་ཅད་སྦྱངས་ནས་སྣོད་གཞལ་ཡས་ཁང་དང་། བཅུད་ཧེ་རུ་ཀའི་འཁོར་ལོར་བསྒྱུར། རྔུབ་དུས་དེ་དག་གི་བྱིན་བཅུད་རྣམས་ཚུར་བསྡུས་པ་སྣ་བུག་ནས་རོ་རྐྱང་བརྒྱུད་དེ་སྙིང་གའི་བུག་པ་ནས་དབུ་མར་ཞུགས། བསྡོམ་དུས་ཡིག་འབྲུ་རྣམས་ལ་ཐིམ་པར་བསམ། དེ་ལྟ་བུའི་སྤྲོ་བསྡུའི་དམིགས་པ་དང་བཅས་རླུང་ཁུག་བདུན་སོགས་མང་ཙམ་ལ་བསླབ། མཇུག་ཏུ་བཏང་དུས་འབྲུ་ལྔའི་འོད་ཟེར་རོ་རྐྱང་བརྒྱུད་དེ་སྣ་བུག་ནས་སོང་བ་སྣོད་བཅུད་ལྷའི་རྟེན་དང་བརྟེན་པར་གསལ་བ་ལ་ཕོག །རྔུབ་དུས་དེ་རྣམས་རང་དང་། རང་ལྷར་གསལ་བ་རྩ་འཁོར་དང་བཅས་ཏེ་ཡས་མས་ནས་ཞུ་བ་པདྨ་འདབ་བཞིར་ཐིམ། བསྡོམ་དུས་པདྨ་ཡི་གེ་བཞི་ལ། དེ་དག་ཀྱང་གཡས་བསྐོར་གྱིས་ཧཱུྃ་ལ། དེ་ཡང་ཞབས་ཀྱུ་ནས་ནཱ་དའི་བར་རིམ་པས་ཡལ་བར་བསམ་སྟེ་སྟོང་ཉིད་འོད་གསལ་གྱི་ངང་ལ་མཉམ་པར་བཞག་པ་ནི་རྗེས་གཞིག་གི་བསམ་གཏན་ནོ། ཡང་ཕྱིར་བཏང་བར་ཕྱོགས་པ་ན་ནཱ་ད་དང་། དེ་ནས་ཧཱུྃ་དང་། ཡིག་འབྲུ་བཞི་པདྨའི་བར། དབྱུང་དུས་རྩ་འཁོར་ལྷ་སྐུ། སྣོད་བཅུད་ལྷའི་འཁོར་ལོ་དང་བཅས་པ་སྒྱུ་མ་ལྟ་བུར་གསལ་བཏབ། ཡང་རྔུབ་དུས་སྡུད་རིམ་སྔ་མ་བཞིན་བྱའོ། །ཕྱི་རོལ་གྱི་སྣང་བ་ཆེད་དུ་མི་བསྡུ་བར་མེ་ལོང་ལ་ཧས་བཏབ་པ་ལྟར་རང་ལུས་ཡས་མས་ནས་ཞུ་བ་པདྨ་ལ། དེ་ཡིག་འབྲུ་བཞི་དང་བཅས་པ་ཧཱུྃ་ལ། དེ་ནཱ་ད་ལ། ནཱ་དའང་རྗེས་མེད་དུ་ཡལ་བར་བསམ་ལ་སྟོང་ཉིད་འོད་གསལ་གྱི་ངང་དུ་མཉམ་པར་བཞག་པ་ནི་རིལ་འཛིན་གྱི་བསམ་གཏན་ནོ། །ཡང་འོད་གསལ་དེའི་ངང་ལས་ནཱ་ད་ཧཱུྃ་ཡིག་ཡིག་འབྲུ་པདྨ་རྩ་འཁོར་ལྷ་སྐུ་དང་བཅས་པ་སྒྱུ་མ་ལྟ་བུར་སྐད་ཅིག་གིས་ལྡང་བར་བསམ། དེ་ལྟ་བུའི་བསྡུ་ལྡང་ལ་ཡང་ནས་ཡང་དུ་བསླབ་པ་ནི་ཡང་དག་པའི་མཐའ་མངོན་དུ་བྱེད་པའི་ཐབས་བླ་ན་མེད་པ་ཡིན་ལ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་སོགས་ལས་འོད་གསལ་མངོན་དུ་བྱེད་པའི་ལམ་ནི་རྡོ་རྗེའི་བཟླས་པ་ཡིན་པར་གསུངས་སོ། །དེ་ལྟར་བསྒོམས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་ཞིང་དེ་ལས་སྟོང་པ་བཞི་མངོན་དུ་བྱེད་པར་འགྱུར་རོ། །གཉིས་པ་མཚན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ་ལ་བཞི་ལས། དང་པོ་སྔོན་འགྲོ་ནི་ཤིན་ཏུ་དབེན་པར་མཚམས་དམ་དུ་བཅད་ནས་ཁྲུས་དང་དཀུ་མཉེ་བྱས་ལ་གོས་གསར་པའམ་ཆུས་ལེགས་པར་བཀྲུས་པ་གྱོན། ཟས་བཅུད་ཅན་བསྟེན་ཞིང་བྱང་སེམས་མི་ཉམས་པར་བསྲུང་། རྡོར་སེམས་སྒོམ་བཟླས་དང་། ཕྱི་ནང་གསང་བའི་བླ་མའི་རྣལ་འབྱོར་བསྒོམས་ལ་རྩེ་གཅིག་ཏུ་གསོལ་བ་གདབ། ཡི་དམ་དང་མཁའ་འགྲོ་ཚོགས་ཀྱི་འཁོར་ལོས་མཆོད། ཤ་ཆེན་གྱིས་བརྒྱན་པའི་གཏོར་མ་དང་། ཞུན་ཆེན་གྱི་མར་མེ་ཕུལ་ལ། འོད་གསལ་ཟིན་པའི་གསོལ་བ་གདབ། ཆོས་སྐྱོང་ལ་གཏོར་མ་ཕུལ་ཏེ་ཕྲིན་ལས་བཅོལ་བ་རྣམས་བྱའོ། །གཉིས་པ་འོད་གསལ་འཛིན་པ་དངོས་ནི། ལུས་གནད་ཐབས་ལྡན་ཏིང་འཛིན་བཞི་ལ་སྦྱར། ཞེས་པ་ནས། བར་ནས་བཟུངས། ཞེས་གསུངས་ཏེ། སད་པའི་སྐབས་སུ་རླུང་དབུ་མར་ཞུགས་གནས་ཐིམ་པར་དྷུ་ཏིར་མཆོག་གི་གཏུམ་མོ་འབར་སྟོབས་ཀྱིས་དགའ་བཞི་དངོས་སུ་སྐྱེས་པའི་ལྷན་སྐྱེས་ལ་མཉམ་པར་འཇོག་ནུས་ནི་དེ་ཉིད་ལ་མཉམ་པར་འཇོག་པའམ། གོང་སྨོས་འོད་གསལ་གྱི་རྣལ་འབྱོར་བསྒོམས་པས་རླུང་དབུ་མར་ཞུགས་གནས་ཐིམ་པའི་སྟོང་བཞི་བསྐྱེད་ནུས་པས་ནི་གཉིད་དུ་འགྲོ་བར་རྩོམ་པའི་ཚེ་སྙིང་ཁའི་ཧཱུྃ་ཁོ་ན་ལ་རིག་པ་གཏད་དེ་སྙིང་ཁའི་བུམ་ཅན་བཟུང་བའམ་རྡོར་བཟླས་བྱས་ནས་གཉིད་པས། གཉིད་ཀྱི་སྟོང་པ་བཞི་རིམ་གྱིས་འཆར་བ་ངོས་ཟིན་ནས་འོད་གསལ་ཟིན་པར་འགྱུར་ལ། དེ་ལྟར་མི་ནུས་པས་ནི་ཐབས་དུ་མས་འཛིན་དགོས་པས། ལུས་གནད་ནི། སྔས་མཐོ་བ་ལ་སེངྒེའི་ཉལ་སྟབས་སམ་ཙོག་གཉིད་བྱ། དུས་གནད་ནི། སྲོད་ལ་སོགས་པར་གཉིད་མཐུག་པའི་དུས་ཐོག་མར་ཟིན་དཀའ་བས་ཐོ་རངས་སོགས་གཉིད་ཅུང་ཟད་སྲབ་པའི་དུས་སུ་བཟུང་། དམིགས་པའི་གནད་ནི། རང་ཉིད་འཁོར་ལོ་སྡོམ་པ་ཡབ་ཡུམ་རྩ་འཁོར་དང་བཅས་པ་སྒྱུ་མ་ལྟ་བུར་གསལ་བའི་སྙིང་ཁའི་རྩ་འཁོར་གྱི་དབུས་དྷུ་ཏིའི་ནང་དུ་པདྨ་ཡི་གེ་ལྔ་དང་བཅས་པ་སྔར་ལྟར་བསྒོམ་པ་ལ་དམིགས་པ་གཏད་ནས་བུམ་ཅན་ལན་ཁ་ཤས་བཟུང་བའམ། རྡོ་རྗེའི་བཟླས་པ་བྱ། འདུན་པའི་གནད་ནི། གཉིད་ཀྱི་སྣང་མཆེད་ཐོབ་གསུམ་རྫོགས་ནས་རྨི་ལམ་མ་རྨིས་པའི་བར་དོར་འོད་གསལ་ཅི་ནས་ཀྱང་ཟིན་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་ཡང་ཡང་བྱ་བ་སྟེ་གནད་བཞི་དང་ལྡན་པར་བྱས་ལ། གཉིད་མི་འགྲོ་བའི་ཐ་མལ་གྱི་དུས་སྙིང་ཁའི་པད་འདབ་ཀྱི་ཡི་གེ་ཨ་ལ་སེམས་གཏད། དེའི་ཚེ་སྙིང་ཁར་རླུང་ཅུང་ཟད་འདུས་ཏེ་དུ་བ་དང་སྨིག་རྒྱུ་སོགས་འབྱུང་བཞི་རིམ་གྱིས་ཐིམ་པའི་རྟགས་ཕྲ་མོ་རེ་འཆར། གཉིད་དུ་འགྲོ་བར་རྩོམ་པའི་ཚེ་ནུ་ལ་སེམས་གཏད། དེའི་ཚེ་རླུང་ཆེར་འདུས་ཏེ་རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པས་ཡུལ་རགས་པའི་རྟོག་པ་འགགས་ནས་སྟོང་པའམ་སྣང་བ་ཞེས་པ་ནམ་མཁའ་གཡའ་དག་པ་ཟླ་འོད་ཤར་བ་ལྟ་བུའི་རྣམ་པ་འཆར། གཉིད་འཐུམ་པའི་དུས་ཏ་ལ་སེམས་གཏད། དེའི་ཚེ་རླུང་ཆེར་འདུས་ཏེ་སྣང་བ་མཆེད་པ་ལ་ཐིམ་པས་ཡུལ་རགས་པའི་རྟོག་པ་མཐའ་དག་འགགས་ནས་ཤིན་ཏུ་སྟོང་པའམ་མཆེད་པ་ཞེས་པ། ནམ་མཁའ་གཡའ་དག་པ་ལ་ཉི་འོད་འཆར་བ་ལྟ་བུའི་རྣམ་པ་འཆར། གཉིད་ཆེར་འཐུམ་པའི་དུས་ར་ལ་སེམས་གཏད། དེའི་ཚེ་རླུང་ཐམས་ཅད་འདུས་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་རྟོག་པ་ཕྲ་བ་ཕལ་ཆེར་འགགས་ནས་སྟོང་པ་ཆེན་པོའམ་ཉེར་ཐོབ་ཅེས་པ་ནམ་མཁའ་གཡའ་དག་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུའི་རྣམ་པ་འཆར། དེ་ནས་གཉིད་དུ་ཐུམ་གྱིས་འགྲོ་བའི་ཚེ་ཧཱུྃ་ལ་སེམས་གཏད་དེའི་ཚེ་རླུང་ཐམས་ཅད་ཐིམ་ཏེ་ཉེར་ཐོབ་འོད་གསལ་ལ་ཐིམ་པས་རྟོག་པ་ཐམས་ཅད་འགགས་ནས་ཐམས་ཅད་སྟོང་པའམ་འོད་གསལ་ཞེས་པ་ཆོས་ཀྱི་སྐུ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དག་ཅིང་འོད་གསལ་བ་ཟླ་འོད་ནུབ་ཅིང་ཉི་འོད་མ་ཤར་ལ་མཚམས་ཀྱི་མུན་པ་ལས་ཀྱང་འདས་པའི་ཐོ་རངས་ཀྱི་ནམ་མཁའ་ཤིན་ཏུ་དྭངས་པ་ལྟ་བུའི་རྣམ་པ་འཆར་ཏེ། དེ་དག་གི་ཚེ་གཉིད་ཀྱི་སྟོང་པ་འདིའོ་སྙམ་དུ་ངེས་པར་བྱས་ཏེ་ཁྱད་པར་འོད་གསལ་དེ་ཉིད་ཀྱི་ངང་མ་ཤོར་བ་གལ་ཆེའོ། །དེའང་དང་པོ་གཉིས་སུ་འགྲོ་བར་རྩོམ་པ་དང་གཉིད་འཐུམ་པའི་སྐབས་ཙམ་ལས་ཕྱི་མ་གཉིས་མི་ངེས་ཤིང་གཉིད་དུ་ཐུམ་གྱིས་སོང་བ་དང་དྲན་མེད་དུ་འགྲོ་ཡང་། སྦྱང་སྟོབས་ཀྱིས་ཕྱི་མ་གཉིས་རིམ་གྱིས་ངེས་ནས་གཉིད་ཀྱི་དྲན་མེད་སངས་ཏེ་རྨི་ལམ་མ་རྨིས་པའི་བར་དེར་གོང་བཤད་ལྟར་འོད་གསལ་འཆར་རོ། །དེ་ནས་འོད་གསལ་ལས་ཉེར་ཐོབ་སོགས་སྟོང་པ་ལུགས་ལྡོག་ཏུ་འཆར་ཡང་། ལུགས་འབྱུང་མ་བྱང་བར་ངོས་ཟིན་པ་ཤིན་ཏུ་དཀའ་ཞིང་། ལུགས་འབྱུང་བྱང་ནས་ལུག་ལྡོག་ངོས་འཛིན་པའི་འཕེན་པ་བཏང་སྟེ་སྦྱང་ན་རིམ་གྱིས་ཟིན་པར་བཤད་དོ། །དེ་ནས་རླུང་གཡོས་ཏེ་འོད་གསལ་ལས་ལྡང་བར་རྩོམ་པ་ན་སྙིང་ཁའི་ས་བོན་ལ་རིག་པ་རྩེ་གཅིག་ཏུ་གཏད་དེ་བརྟན་པར་བྱ་ལ་ཅི་ནས་ཀྱང་ལྡང་ན་རྨི་ལམ་གྱི་ལུས་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་སྐུར་ལྡང་སྟེ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་ལ་མཉམ་པར་བཞག །དེ་ལས་རྨི་ལམ་གྱི་ལུས་ལྷ་སྐུར་ལྡང་བའི་འཇུག་ལྡང་ཡང་དང་ཡང་དུ་བྱ། ལར་སད་དུས་རླུང་དབུ་མར་ཐིམ་པའི་དགའ་བཞིའམ་སྟོང་བཞི་བསྐྱེད་ནུས་པ་དང་། དེའི་ལྷན་སྐྱེས་སམ་འོད་གསལ་ལ་མཉམ་པར་འཇོག་ནུས་པ་ལ་ནི་སྟོང་བཞི་མཚན་ཉིད་རྫོགས་པར་འཆར་ཞིང་ཡུན་རིང་བས་ཇི་བཞིན་ངེས་ནུས་ལ། དེ་ལས་གཞན་པ་ལ་སྟོང་པ་བཞི་ཆ་མཐུན་ཙམ་འཆར་ཡང་ཡུན་ཐུང་བས་སྦྱང་པ་ཆེར་མ་གོམ་བར་དུ་ངེས་དཀའ་འོ། །དེ་ལྟར་གཉིད་མཐུག་གི་འོད་གསལ་སྒོམ་པར་མ་ནུས་ན་རེ་ཞིག་སྲབ་མོའི་འོད་གསལ་བཟུང་བར་བྱ་སྟེ། ཉིན་མོའི་ཉམས་ལེན་གོང་ལྟར་ལ། གཉིད་ཀར་རང་བདེ་མཆོག་ཡབ་ཡུམ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པར་གསལ་བའི་སྙིང་ཁའི་རྩ་འཁོར་གྱི་དབུས་སུ་འཁོར་ལོ་སྡོམ་པ་དཀར་པོ་ཡུམ་རྡོ་རྗེ་རྣལ་འབྱོར་མ་དམར་མོས་འཁྱུད་པ་ཚོན་གང་བ་ཤིན་ཏུ་གསལ་ཞིང་འཚེར་བ་དེའི་འོད་ཀྱིས་ལུས་ཕྱི་ནང་ཐམས་ཅད་གསལ་སིང་ངེ་ཡོད་པར་བསམ་པ་ལ་དམིགས་པ་གཏད་དེ་གཉིད་པས་གཉིད་ཀྱི་སྟོང་པ་བཞི་ཐམས་ཅད་མི་ངེས་ཀྱང་ཅི་རིགས་ངེས་ཤིང་གཉིད་མཐུག་པོ་སངས་ནས་རྨི་ལམ་ལ་རྨིས་པའི་བར་དེར་ཡུལ་ཕྲ་རགས་ཀྱི་སྣང་བ་མ་འགག་པའི་སེམས་གསལ་སྟོང་སིང་ངེ་བ་གཉིད་དུ་མ་སོང་བའི་རྣམ་པ་ལྟ་བུ་ཞིག་འབྱུང་བ་ནི་སྲབ་མོའི་འོད་གསལ་ཏེ། རེས་དེ་རྨི་ལམ་དང་འདྲེས་ནས་འབྱུང་བས། དེའི་ཚེ་སྙིང་གའི་ཡི་དམ་གྱི་སྐུ་ལ་སེམས་གཏད་ནས་རིག་པའི་ངོ་བོ་རྩེ་གཅིག་ཏུ་བསྐྱང་བས་འོད་གསལ་དེ་བརྟན་པོར་འཆར་ལ། གལ་ཏེ་རེས་གཉིད་མཐུག་པོ་བསྐྱེད་ནས་སྣང་སེམས་མི་གསལ་བར་གྱུར་ནའང་སྐྱོན་དུ་མི་བཟུང་བར་རིག་པའི་ངར་བསྐྱེད་དེ་བསྐྱངས་པས་ཅི་ཞིག་ན་མཐུག་པོའི་འོད་གསལ་ཅུང་ཟད་རེ་ཟིན་པར་འགྱུར་རོ། །རླུང་གི་གཡོ་བས་རྨི་ལམ་འཆར་ན་རྨི་ལམ་གྱི་ལུས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་ལ་རིམ་པས་བསྡུས་ཏེ་རྟོག་མེད་ཀྱི་འོད་གསལ་ལ་ཅི་གནས་སུ་བཞག་ཡང་རྨི་ལམ་འཆར་བར་རྩོམ་པ་ན་སྔར་བཞིན་འཇུག་ལྡང་ཡང་ཡང་བྱའོ། སྟོང་བཞིའི་མཐར་གྱི་འོད་གསལ་དངོས་ལ་ཡུལ་ཕྲ་རགས་ཀྱི་སྣང་བ་དང་རྟོག་པ་ཐམས་ཅད་ཐིམ་པའི་སྣང་མེད་གཅིག་དགོས་པ་ལ། སྲབ་མོའི་འོད་གསལ་འདིར་སྣང་མེད་སངས་ནས་ཡུལ་ཕྲ་རགས་ཀྱི་སྣང་བ་མ་འགགས་པར་གསལ་བས་སྟོང་བཞིའི་འོད་གསལ་དངོས་མིན་ཡང་གཉིད་ཀྱི་འོད་གསལ་ནི་ཡིན་ནོ། །དེ་ལྟར་གཉིད་མཐུག་སྲབ་ཀྱི་འོད་གསལ་སྒོམ་མ་ནུས་ན་རེ་ཞིག་ཉམས་ཀྱི་འོད་གསལ་བསྒོམ་ཏེ་རང་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་གསལ་བའི་ལུས་ཀྱི་དབུས་སུ་དབུ་མ་ཤེལ་དཀར་གྱི་ཀ་བ་བཙུག་པ་ལྟ་བུ་ཤིན་ཏུ་དྭངས་ཤིང་གསལ་བའི་ནང་གི་སྙིང་ཁར་པདྨའི་དབུས་སུ་ཧཱུྃ་དཀར་པོ་ཤིན་ཏུ་གསལ་ཞིང་འཚེར་བ། དེའི་འོད་ཀྱིས་ལུས་ཀྱི་ནང་དང་ཡུལ་ཁམས་ཐམས་ཅད་ཟླ་འོད་ཀྱིས་གསལ་བ་ལྟ་བུ་དཀར་སངས་ངེར་སོང་བར་བསམ་པ་ལ་སེམས་བཟུང་ཏེ་ཉལ། སད་རེས་ཐམས་ཅད་ལ་དེ་ལྟར་གསལ་བཏབ་པས་འོད་ཀྱི་རྣམ་པ་ལྟ་བུའི་གསལ་ཉམས་དང་བཅས་པའི་ས་ལེ་བ་ཞིག་འཆར་ཏེ། དེ་ནི་ཉམས་ཀྱི་འོད་གསལ་ཡིན་ལ། དེ་ཉིད་རིག་པའི་ངར་བསྐྱེད་དེ་བསྐྱངས་པས་མྱུར་དུ་སྲབ་མོའི་འོད་གསལ་འཆར་བ་དང་། དེ་ཉིད་སྦྱང་པས་གཉིད་ཀྱི་འོད་གསལ་དངོས་གཞི་འཆར་བར་འགྱུར་བ་ཡིན་ནོ། །དེང་སང་འོད་གསལ་ཟིན་ཟེར་བ་ཕལ་ཆེར་ནི་གཉིད་དུ་དགེ་སྦྱོར་འཆར་བ་དང་། འོད་གསལ་གྱི་ཉམས་ཤར་བ་ཙམ་དུ་སྣང་ཞིང་། ཟིན་ལུགས་ལེགས་པ་འགའ་ཞིག་ཀྱང་སྲབ་མོའི་འོད་གསལ་ཙམ་ལས། སྟོང་བཞིའི་འོད་གསལ་དངོས་མིན་འདུག་པས་རྣམས་དབྱེ་ཤེས་པ་གལ་ཆེ་བར་སྣང་ངོ་། །གསུམ་པ་བོགས་དབྱུང་བ་ལ། མཐུག་པོའི་འོད་གསལ་ཟིན་དཀའ་ན་བོགས་དབྱུང་བ་ནི། སྟོང་ར་དང་སྙིང་གར་བླ་མ་བསྒོམ་པ་གསོལ་གདབ་འོད་ཞུ་ཡིག་འབྲུ་ལྔ་གསལ་བའི་བར་སྔར་བཤད་པ་ལྟར་བྱས་ལ་ཧཱུྃ་གི་འོད་ཀྱིས་སྣང་བ་ཐམས་ཅད་བླ་མ་མི་བསྐྱོད་པའི་དཀྱིལ་འཁོར་དུ་གྱུར་པ་ལ་རང་གི་ཐུགས་ཀའི་འོད་ལས་སྤྲོས་པའི་མཆོད་སྤྲིན་མཐའ་ཡས་པས་མཆོད། མཆོད་ཡུལ་རྣམས་འོད་དུ་ཞུ་བ་སྙིང་གའི་ཧཱུྃ་ལ་ཐིམ་པས་གནས་གྱུར་པ་བླ་མ་རྡོ་རྗེ་འཆང་མི་བསྐྱོད་པའི་རྣམ་པར་གྱུར་པ་ལ་འོད་གསལ་ཟིན་པའི་གསོལ་བ་དྲག་ཏུ་གདབ། བླ་མའི་ཐུགས་ཀར་ཟླ་གདན་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་ཐིག་ལེ་ནག་པོ་ཤིན་ཏུ་གནག་ཅིང་འཚེར་བ་ཞིག་བསྒོམས་ལ། རྟོག་པ་གང་འཕྲོ་བ་ཐམས་ཅད་འོད་ལྔའི་ཚུལ་དུ་ཐིག་ལེ་ནག་པོ་དེ་ལ་སིབ་སིབ་ཏུ་ཐིམ་པར་བསམ་ལ་སེམས་གཏད་ནས་མ་ཡེངས་པར་གཉིད་པས་ཟིན་ནོ། །སྲབ་མོའི་འོད་གསལ་ཟིན་དཀའ་ན། སྙིང་གའི་རྩ་འཁོར་གྱི་དབུས་སུ་ཟླ་བའི་གདན་དང་། ཟླ་བའི་གུར་ཁང་ལ་བླ་མ་རྡོ་རྗེ་སེམས་དཔའི་ཧེ་རུ་ཀ་རྡོར་དྲིལ་འཛིན་པ་ཡུམ་དང་བཅས་པ་དཀར་གསལ་འོད་ཀྱི་རང་བཞིན་ཅན་གྱི་ཐུགས་ཀར་ཧཱུྃ་དཀར་པོ། དེའི་འོད་ཀྱིས་ལུས་ཕྱི་ནང་ཐམས་ཅད་གསལ་བ་ལ་སེམས་གཏད་པས་ཟིན་ནོ། །ཉམས་ཀྱི་འོད་གསལ་ཟིན་དཀའ་ན། དབུ་མ་འོད་དཀར་གྱི་སྦུ་གུ་ཡངས་ཤིང་གསལ་བའི་སྙིང་ཁར་ཆོས་འབྱུང་གི་ནང་དུ་འོད་ཀྱི་གོང་བུ་བྱ་མོའི་སྒོང་ང་ཙམ་པ་ཤེལ་གོང་ལྟར་གསལ་ཞིང་འོད་འབར་བ། ཕྱི་ནང་གི་གཟུགས་བརྙན་ཐམས་ཅད་གསལ་བར་འཆར་བ། དེའི་འོད་ཀྱིས་ལུས་ཕྱི་ནང་དང་། ཡུལ་ཁམས་ཐམས་ཅད་གསལ་བར་སྒོམ་པ་ལ་སེམས་གཏད་པས་ཟིན་ནོ། །བཞི་པ་ཡུན་དུ་ཉམས་མྱོང་བསྐྱང་ཚུལ་ནི། རིམ་པ་བཞི་དང་ཉིན་མཚན་བསྲེ་ཞིང་བསྒོམ། ཞེས་པ་ནས། ཕྱག་རྒྱ་ཆེན་པོར་བལྟ། ཞེས་གསུངས་ཏེ། མཐུག་པོའི་འོད་གསལ་འཛིན་ནུས་པས་ནི། སད་པའི་སྐབས་རླུང་དབུ་མར་ཐིམ་པས་དབུ་མའི་ནང་གི་གཏུམ་མོ་དངོས་འབར་སྟོབས་ཀྱིས་དགའ་བཞི་དངོས་སུ་སྐྱེས་པའི་ལྷན་སྐྱེས་ལ་མཉམ་པར་འཇོག་པའམ། འོད་གསལ་གྱི་དམིགས་པ་ཁྱད་པར་བ་བསྒོམ་པས་རླུང་དབུ་མར་ཐིམ་པའི་སྟོང་བཞི་བསྐྱེད་ནས་མཉམ་པར་འཇོག་ཅིང་། དེ་ལས་སྐད་ཅིག་གིས་སྒྱུ་མའི་སྐུར་ལྡང་བ་ལ་སྦྱང་ཞིང་། གཉིད་ཀྱི་སྐབས་སྟོང་པ་རིམ་ཅན་དུ་འཆར་བའི་འོད་གསལ་ཅི་ནུས་སུ་བསྐྱང་ལ་རྨི་ལམ་འཆར་བར་རྩོམ་པ་ན་ལྷ་སྐུར་ལྡང་འཇུག་བྱ། དེ་ལྟར་མི་ནུས་པས་ནི་སད་དུས་རླུང་སྦྱོར་དང་བཅས་པས་ལྷ་སྐུར་ལྡང་ལ་བསྡུས་ནས་རྟོག་མེད་འོད་གསལ་ལ་ཅི་ནུས་སུ་བཞག་སྟེ་སླར་ཡང་ལྡང་འཇུག་བྱ་བ་ལ་བསླབ། གཉིད་དུས་སྣང་མཆེད་ཐོབ་གསུམ་ཅི་རིགས་ངེས་པའི་འོད་གསལ་སྲབ་མཐུག་གང་ཟིན་རྩེ་གཅིག་ཏུ་བསྐྱངས་ལ་རྨི་ལམ་འཆར་བར་རྩོམ་པ་ན་ལྷ་སྐུར་ལྡང་འཇུག་བྱ་བ་ལ་བསླབ་བོ། །གདམ་པ་འདིའི་དགོས་པའི་གཙོ་བོ་ནི། མཐར་ཐུག་གི་འོད་གསལ་མངོན་དུ་བྱེད་པའི་ཆེད་དུ་ཡིན་པས་དེ་ལྟར་ཉིན་མཚན་བསྲེས་ཤིང་བསྒོམས་པས་གསལ་སྟོང་འཛིན་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་བརྗོད་དུ་མེད་པའི་འོད་གསལ་རྒྱུན་དུ་འཆར་བར་འགྱུར་རོ། །འོད་གསལ་སྟོང་པ་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པ་ནི་དཔེའི་འོད་གསལ་དང་། སྟོང་ཉིད་མངོན་སུམ་དུ་རྟོགས་ནས་མཐོང་སྤང་རྣམས་སྤངས་ཤིང་། མཐོང་ལམ་མངོན་དུ་ཐོབ་པ་ནི་དོན་གྱི་འོད་གསལ་ཡིན་ནོ། །གསུམ་པ་འབྲས་བུ་ནི། དེ་ལྟར་དཔེ་དོན་གྱི་འོད་གསལ་མངོན་དུ་རྟོགས་པ་དེས། དེའི་རྒྱུན་བསྐྱངས་ནས་ཡུན་དུ་བསྒོམ་པས་སྒྲིབ་གཉིས་ས་བོན་དང་བཅས་པ་སྤངས་ནས་མ་དག་པ་དང་། དག་པའི་སྒྱུ་ལུས་ཀྱི་སྐུར་བཞེངས་ཏེ་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པར་འགྱུར་རོ། །ལྔ་པ་ལམ་གྱི་སྐྱེལ་མ་འཕོ་བ་གསེར་འགྱུར་གྱི་རྩི་ནི། འཕོ་བ་གསེར་འགྱུར་མ་བསྒོམ་སངས་རྒྱས་ནི། ཞེས་པ། དབང་པོ་རབ་འབྲིང་ཐ་མའི་ལམ་གྱི་ལས་འཕྲོ་བསྒྲུབ་པའི་རྟེན་བཟུང་བའི་གེགས་ལས་གྲོལ་བས་ལམ་གྱི་སྐྱེལ་མར་འགྱུར་བ་དང་། གོ་འཕང་གཞན་དུ་བསྒྲོད་པས་སམ་རང་བཞིན་མེད་ཀྱང་ཀུན་ཏུ་འཇུག་པའི་ཕྱིར་འཕོ་བ་ཞེས་བྱ་སྟེ། དེ་ལ་བཞི། རྣམ་ཤེས་བླ་མར་འཕོ་བ། སྤྲོས་བཅས་གཟུགས་སྐུར་འཕོ་བ། སྤྲོས་མེད་ཆོས་སྐུར་འཕོ་བ། འཕོ་བའི་འབྲས་བུ་བཤད་པའོ། །དང་པོ་རྣམ་ཤེས་བླ་མར་འཕོ་བ་ལ་གཉིས་ལས། དང་པོ་སྦྱང་པ་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུ་སྒྱུ་མ་ལྟ་བུར་གསལ་བའི་ལུས་དབུས་རྩ་དབུ་མ་དམར་པོ་མར་སྣ་ལྟེ་འོག་སོར་བཞིར་ཕུག་རྡུགས་དང་ཡར་སྣ་སྤྱི་བོར་བཅད་ཁ་ཧ་རེ་ཡོད་པ་ཀཱ་ཡིག་དམར་ནག་གིས་བཀག་པ། ནང་སྙིང་ཁའི་ཐད་དུ་རང་སེམས་ཀྱི་ངོ་བོ་ཧཱུྃ་ཡིག་དམར་པོ་འབར་ལ་ཁད་པ། ལྟེ་བའི་ཐད་དུ་ཨ་ཡིག་དམར་པོ་དེ་གཉིས་འོད་ཀྱི་བ་ཐག་གིས་སྦྲེལ་བ་སྤྱི་བོར་པད་ཟླའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན་ཞིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གསལ་བའི་ཐུགས་རྡོ་རྗེའི་རང་བཞིན་ཧཱུྃ་སྔོན་པོ་འོད་ཟེར་འབར་བར་བསྒོམ། དེའི་དབུ་གཙུག་ནས་ཡར་རྡོ་རྗེ་འཆང་ལ་ཐུག་གི་བར་གྱི་བརྒྱུད་པའི་བླ་མ་ཐོ་བརྩེགས་སུ་བཞུགས་པར་བསྒོམས་ལ། རང་སེམས་བླ་མར་རྟོགས་པས་གུས་ཕྱག་འཚལ། སོགས་ཡན་ལག་བདུན་པ་བྱ། ཁྱབ་བདག་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། རྡོ་རྗེ་རྣལ་འབྱོར་མ་ལྎ གྲུབ་ཆེན་ཏེ་ལོ་པ་ལྎ པཎ་ཆེན་ནཱ་རོ་ཏ་པ་ལྎ མར་པ་ཆོས་ཀྱི་བློ་གྲོསྎ མི་ལ་བཞད་པ་རྡོ་རྗེ་ལྎ རས་ཆུང་རྡོ་རྗེ་གྲགས་པ་ལྎ སྙན་རྒྱུད་བརྒྱུད་པའི་བླ་མ་ལྎ དྲིན་ཅན་རྩ་བའི་བླ་མ་ལྎ ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །མཁའ་སྤྱོད་ཞིང་དུ་བསྒྲོད་པར་བྱིན་གྱིས་རློབས། །སྐུ་གསུམ་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་ལན་གསུམ་བཏབ་མཐར་བརྒྱུད་པའི་བླ་མ་རྣམས་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ་པར་བསམ། དྲིན་ཅན་རྩ་བའི་བླ་མ་སོགས་ཀྱིས་གསོལ་བ་ལན་མང་དུ་བཏབ། རླུང་རོ་ལན་གསུམ་བསལ་ཏེ། སྟེང་རླུང་འཇམ་པོར་རྔུབ་པ་ལྟེ་འོག་ཏུ་མནན། འོག་རླུང་ཡིད་ཙམ་འཐེན་ལ་ཁ་སྦྱོར་བའི་བུམ་པ་ཅན་བཟུང་ནས་དམིགས་པ་སྙིང་ཁའི་ཧཱུྃ་དེ་ཐུར་དུ་སོང་ནས་ཨ་དང་འདྲེས་པར་བསམ། རླུང་དེ་ཕྱིར་དབྱུང་བ་དང་མཉམ་དུ་ཧིཀྐ་ཅེས་བརྗོད་ལ་ཧཱུྃ་དེ་སྐར་མདའ་ཆད་པ་ལྟར་དབུ་མའི་ནང་ནས་གྱེན་དུ་སོང་བས་ཀྵ་ཡིག་བསལ་ཏེ་བླ་མའི་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམ། སླར་ནང་དུ་རྔུབ་དུས་ཀ་ཞེས་བརྗོད་ལ་བླ་མའི་ཐུགས་ཀའི་ཧཱུྃ་ལས་རང་སེམས་ཀྱི་ཧཱུྃ་ཕྱིར་བྱེ་ནས་སྙིང་ཁར་སྔར་ལྟར་གནས་པ་ལས་ཨ་ཡིག་ཀྱང་ཕྱིར་ཆད་དེ་རང་གནས་སུ་གནས་པར་བསམ། སླར་ཡང་རླུང་བྱིན་རྔུབས་དང་བསྟུན་སྔར་ལྟར་བསྒོམས་ལ་རླུང་ཁུག་ལྔ་བཅུ་སོང་བ་ན་ངལ་གསོ་ཞིང་བླ་མ་ལ་གསོལ་བ་གདབ། ཡང་སྔར་བཞིན་སྦྱང་ལ་རླུང་ཁུག་ལྔ་བཅུ་བཟུང་། མཐར་སྤྱི་བོའི་བླ་མ་ཚེ་དཔག་མེད་དམར་པོ་ཚེ་བུམ་བསྣམས་པ་ལོངས་སྤྱོད་རྫོགས་པའི་ཆས་ཅན་ཡུམ་གོས་དཀར་མོ་དང་བཅས་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གནས་བསྒྱུར་བའི་ཐུགས་ཀར་པད་ཟླའི་སྟེང་དུ་སྲཱིཿཡིག་དམར་པོའི་མཐར་སྔགས་ཀྱིས་བསྐོར་བ། དེ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་པས་རྒྱལ་བ་མཆོད་ནས་བྱིན་རླབས་ཐམས་ཅད་བདུད་རྩིའི་རྣམ་པར་ཐུགས་ཀའི་སྲཱིཿདང་ཕྱག་གི་བུམ་པར་ཐིམ། ཡང་འོད་འཕྲོས་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཚེ་དཔག་ཏུ་མེད་པར་བསྒྱུར་ནས། དེ་དག་གི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་སྲཱིཿདང་བུམ་པར་ཐིམ་པས་ཐུགས་ཀའི་སྲཱིཿདང་ཕྱག་གིས་བུམ་པ་ལས་བདུད་རྩིའི་རྒྱུན་བབས་པ་ཚངས་བུག་ནས་ཞུགས། དབུ་མའི་ནང་དང་ལུས་ཀྱི་ནང་ཐམས་ཅད་གང་། དྭངས་མ་སྙིང་ཁའི་ཧཱུྃ་ལ་ཐིམ་པས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཞི་ནས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ་ལ་ཚེ་གཟུང་དང་། ཚེ་སྙིང་བཟླ། མཐར་བླ་མ་ཚེ་དཔག་མེད་འོད་དུ་ཞུ་ནས་སྙིང་གའི་ཧཱུྃ་དང་། ཡུམ་འོད་དུ་ཞུ་བ་ལྟེ་བའི་ཨ་ལ་ཐིམ་ཞིང་དབུ་མའི་ཡས་སྣ་སྣ་ཚོགས་རྡོ་རྗེ་དང་ཀྵ་ཡིག་དམར་ནག་གིས་བཀག་པར་བསམ་ལ་མཉམ་པར་བཞག་གོ་ཐུན་རེ་ལ་རླུང་ཁུག་བརྒྱ་རེར་བྱས་པའི་ཐུན་གསུམ་ཙམ་ཉིན་རེ་བསྒོམ་པས་ཞག་གསུམ་མམ་བདུན་གྱིས་འབྱོངས་ཏེ་རྟགས་ནི་སྤྱི་བོ་གཡའ་བ་དང་། ཚ་ཚག་བྱེད་པ། སྐྲངས་པ། ཁྲག་དང་ཆུ་སེར་འབབ་པ་སོགས་བྱུང་ན་བྱང་བ་ཡིན་པས་དེ་ཕྱིན་རྒྱུན་དུ་མ་བརྗེད་ཙམ་བྱས་པས་ཆོག ཧ་ཅང་བྱང་ཆེ་ནས་འཕོ་བའི་གེགས་འབྱུང་བར་དོགས་ན་རང་ལུས་མཆོད་རྟེན་ནག་པོ་མགོ་མཐུར་དུ་བརྟན་པའི་རྩེ་མོའི་ནང་དུ་རང་སེམས་ཀྱི་ངོ་བོ་ཐིག་ལེ་དམར་པོ་ཞིག་བསྒོམ་ལ་སེམས་གཏད་པས་ཞི་བར་འགྱུར་རོ། །གཉིས་པ་ལས་ལ་སྦྱར་བ་ནི། འཆི་ལྟས་ཤར་ཚེ་དགའ་ཞིང་ཞེན་པ་བཏང་། ཞེས་པ་ནས། ལམ་ནས་འཕངས། ཞེས་པའི་བར་གྱིས་བསྟན་ལ། ནད་དྲག་པོས་བཏབ་པ་སོགས་ཕྱི་དང་རླུང་གཡས་གཡོན་གང་རུང་གཅིག་ནས་ཞག་ལྔར་རྒྱུ་ན་ལོ་གསུམ། བཅུར་རྒྱུ་ན་ལོ་གཉིས། ཉི་ཤུས་ལོ་གཅིག ཉེར་ལྔས་ཟླ་བ་དྲུག ཉེར་དགུས་ཟླ་བ་གཅིག་ནས་འཆི་བར་བཤད་པ་སོགས་ནང་གི་འཆི་ལྟས་ཏེ། ནད་སོགས་ཕྱིའི་འཆི་ལྟས་བཟློག་པའི་ཐབས་སྨན་རིམ་དང་། ཁྱད་པར་ཚད་པའི་ནད་ལ་མགྲིན་པའི་འཁོར་ལོར་ངོ་བོ་བླ་མ་ལ་རྣམ་པ་ཆུ་ཤེལ་གྱི་མཆོད་རྟེན། དེ་བཞིན་གྲང་བ་ལ་སྙིང་གར་བླ་མ་མེ་ཤེལ་གྱི་མཆོད་རྟེན། བད་ཀན་ལ་ལྟེ་བར་གསེར་གྱི་མཆོད་རྟེན། འདུས་པ་ལ་སྤྱི་བོར་རླུང་གི་མཆོད་རྟེན་དུ་བསྒོམ་ལ། རླུང་སྦྱོར་དང་བཅས་ནད་ཀྱི་གཉེན་པོར་གྱུར་པའི་བདུད་རྩི་འབེབས་པ་སོགས་དང་། སྙིང་ག་ཆུའི་གནས་སུ་པདྨ་ཧེ་རུ་ཀ་དང་དུམ་ཅན་མ་མེའི་རང་བཞིན། མགྲིན་པ་མེ་ཡི་གནས་སུ་བཛྭ་ཧེ་རུ་ཀ་དང་ལཱ་མ་ཆུའི་རང་བཞིན། སྤྱི་བོ་རླུང་གི་གནས་སུ་རནྟ་ཧེ་རུ་ཀ་དང་གཟུགས་ཅན་མ་སེར་མོ་སའི་རང་བཞིན། ལྟེ་བ་སའི་གནས་སུ་བུདྷ་ཧེ་རུ་ཀ་མཁའ་འགྲོ་མ་དང་བཅས་པ་རླུང་གི་རང་བཞིན་རྣམ་པ་དང་དགོས་པ་དེ་བསྒོམ་ལ་འབྱུང་བ་རང་རང་གྱི་གཉེན་པོར་གྱུར་པའི་བདུད་རྩི་རླུང་སྦྱོར་དང་བཅས་པས་ཕབ་པས་ལུས་བཀང་བ་དང་། ཚ་གྲང་གི་ནད་གང་ཡིན་ཀྱང་གཏུམ་མོའི་གེགས་སེལ་ལྟར་བསྒོམ་པ་སོགས་བྱ་བ་དང་། ནང་དང་གསང་བའི་འཆི་ལྟས་བཟློག་ཐབས་ནི་སྡོམ་འབྱུང་སོགས་གཞན་ལས་བཤད་པ་ལྟར་བྱའོ། །དེ་ལྟ་བུས་ཀྱང་མ་ལྡོག་པར་ངེས་པར་འཆི་བ་འདུག་ན། དག་པ་མཁའ་སྤྱོད་ཀྱི་ཞིང་དུ་འགྲོ་སྙམ་པའི་དགའ་བ་དང་། ཚེ་འདིའི་ཞེན་འཁྲིས་རྦད་ཀྱིས་བཅད་ལ་སེམས་བསྐྱེད་རྒྱ་ཆེར་བྱ་ཞིང་སྨོན་ལམ་གདབ། ལུས་གནད་བདུན་དང་བཅས་པའམ། མ་ནུས་ན་སེངྒེའི་ཉལ་སྟབས་བྱས་ཏེ་དག་པའི་ཞིང་ཁམས་སམ་རིག་འཛིན་གྱི་གནས་ཡིད་ལ་བྱ་ཞིང་དེར་སྐྱེ་བའི་འཕན་པ་དྲག་པོ་བཏང་། དེ་ནས་སྟོང་ར་དབུས་མ་ཧཱུྃ་དང་ཨ་དང་སྤྱི་བོར་བླ་མ་རྣམས་སྔར་ལྟར་བསྒོམས་ལ་གསོལ་བ་བཏབ་ནས་རླུང་སེམས་ངོ་བོ་ཧཱུྃ་ཨ་དང་བསྲེ། ཧཱུྃ་ཡིག་མདའ་འཕང་བ་ལྟར་གྱེན་དུ་སོང་ནས་ཀཱ་ཡིག་བསལ་ཏེ་བླ་མའི་ཐུགས་ཀའི་ཧཱུྃ་ལ་བསྟིམ་པ་ཡང་ཡང་བྱས་ལ། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་ནས་སྲོག་གི་རྒྱུན་བ་ཐག་ལྟ་བུ་དེ་རྦད་ཀྱིས་ཆད་པར་བསམ་པ་དང་། བླ་མ་ཡང་དག་པའི་ཞིང་ངམ། རིག་འཛིན་གྱི་གནས་གང་འདོད་པ་དེར་དཔག་ཆེན་གྱི་མདའ་འཕང་བ་ལྟར་གཤེགས་པར་བསམ་མོ། །གཉིས་པ་སྤྲོས་བཅས་གཟུགས་སྐུར་འཕོ་བ་ནི། ལུས་ཐ་མལ་དུ་ཞེན་པའི་གཉེན་པོར་ཡི་དམ་གྱི་ལྷ་བསྒོམ། ངག་ཐ་མལ་དུ་ཞེན་པའི་གཉེན་པོར་ཡི་དམ་གྱི་སྔགས་བཟླ། སེམས་ཐ་མལ་དུ་ཞེན་པའི་གཉེན་པོར་གཟུགས་སུ་སྣང་བ་ཐམས་ཅད་སྣང་སྟོང་། སྒྲ་ཐམས་ཅད་གྲགས་སྟོང་། སེམས་ཀྱི་རྟོག་པ་ཐམས་ཅད་གསལ་སྟོང་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་ཤེས་པར་བྱས་ལ། རླུང་ནང་དུ་རྔུབ་པ་དང་མཉམ་དུ་ལྷའི་སྣང་བ་བསྡུ། ཕྱིར་དབྱུང་བ་དང་མཉམ་དུ་སེམས་ཧཱུྃ་དུ་གནས་པ་དེ་འཁོར་ལོ་སྡོམ་པའི་རྡོ་རྗེ་རྣལ་འབྱོར་མར་གྱུར་ནས་གང་འདོད་པ་དེར་གཤེགས་པར་བསམ་མོ། །གསུམ་པ་སྤྲོས་མེད་ཆོས་སྐུར་འཕོ་བ་ནི། འཆི་བ་ལ་མངོན་དུ་ཕྱོགས་ཏེ་འབྱུང་བ་ཐིམ་སྡུད་ཀྱི་རྟགས་རྣམས་ཤར་བའི་ཚེ་འཕོ་བྱ་འཕོ་བྱེད་སོགས་ཀྱི་འཁོར་གསུམ་མི་དམིགས་པ་དེ་ཁོ་ན་ཉིད་ཀྱི་ལྟ་བ་འཁྲུལ་མེད་ཀྱི་སྟེང་དུ་བཞག་བྱ་འཇོག་བྱེད་མེད་པར་བཞག་པའོ། །བཞི་པ་འཕོ་བའི་འབྲས་བུ་ནི། ཆོས་སྐུ་བླ་མ་རྒྱལ་བའི་ཞིང་དུ་འཕོ། ཞེས་པ། ཆོས་སྐུ་ནི་འོད་གསལ་དུ་འཕོ་བ་དང་། བླ་མ་ནི་དག་པའི་སྒྱུ་ལུས་སུ་འཕོ་བ་དང་། རྒྱལ་བའི་ཞིང་ཁམས་ནི་སྤྲུལ་སྐུའི་འཕོ་བ་སྟེ། དེ་བས་ན་འཕོ་བ་གཅིག་ལའང་འབྲས་བུ་དེ་དག་ཡོད་པ་ནི་སྦྱང་བའི་དབང་གིས་ཡིན་ནོ། །དྲུག་པ་གྲོང་འཇུག་སྦྲུལ་ལྤགས་འདོར་ལེན་ནི། ལྷག་པར་གྲོང་འཇུག་སྦྲུལ་ལྤགས་འདོར་ལེན་ནི། ཞེས་སོགས་གསུངས་ཏེ། རྣམ་ཤེས་རང་ལུས་ཀྱི་གྲོང་ལས་འཕོས་ནས་གཞན་ཤི་བའི་ལུས་མ་ཉམས་པའི་གྲོང་དུ་འཇུག་པས་གྲོང་འཇུག་སྟེ། སྦྲུལ་ལྤགས་འདོར་ལེན་དང་འདྲ་བས་དེ་ལྟར་གསུངས་པ་ཡིན་ལ། འདིའི་ལག་ལེན་དང་། བསྒོམ་ཚུལ་ཁྲིད་ཡིག་རྙིང་པ་རྣམས་སུ་ཡོད་ཀྱང་། དེང་སང་མྱང་བ་ཐོན་མཁན་མེད་པ་དང་། ཐུན་མོང་གིས་དངོས་གྲུབ་ཆེན་པོའི་ཕྱོགས་སུ་གཏོགས་པས་དེང་སྐབས་དུས་དབང་གིས་འགྲུབ་དཀའ་བར་བཤད་པས་འདིར་མ་བཤད་ལ། ཤེས་པར་འདོད་ན་ཁྲིད་ཡིག་རྙིང་པ་རྣམས་སུ་རྟོགས་པར་བྱའོ། །རྩ་བའི་གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བ་མཁའ་འགྲོའི་གསང་སྒྲོགས་འོག་སྒོ་བདེ་བ་ཆེན་པོའི་ཁྲིད་ནི་འདིར་དཀྱུས་སུ་ཁྲིད་པའི་སྲོལ་མེད་པས་མ་བཤད་ལ། ཤེས་པར་འདོད་ན་ཀུན་མཁྱེན་ཆེན་པོས་མཛད་པའི་མཁའ་འགྲོའི་གསང་སྒྲོག་བདེ་བ་ཆེན་པོའི་ཁྲིད་ཡིག་ལ་བལྟ་བར་བྱའོ། །རྩ་བའི་གསུམ་པ་ཚིག་དབང་དང་འབྲེལ་བ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ནི། ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ནི། ཞེས་པ་སྟེ། དེའང་ཡེ་ཤེས་ཞེས་པ་གཞི་གདོད་མའི་གནས་ལུགས་སེམས་ཀྱི་ངོ་བོ་གསལ་བ་གཞིའི་ཡེ་ཤེས། དེ་རང་ངོ་ཤེས་པ་ལམ་གྱི་ཡེ་ཤེས། དེ་མངོན་དུ་གྱུར་པ་འབྲས་བུའི་ཡེ་ཤེས་ལ་འཇོག་པའོ། །གསལ་བྱེད་ཅེས་པ་ནི། དེ་ལྟ་བུའི་གཞི་ལམ་འབྲས་གསུམ་དབྱེར་མེད་དུ་ཉམས་སུ་ལེན་པ་ལ་མི་ཤེས་པ་ཤེས་པར་བྱེད་པའམ། མི་གསལ་བ་གསལ་བར་བྱེད་པས་ན་གསལ་བྱེད་ཅེས་པའོ། །ཕྱག་རྒྱ་ཆེན་པོ་དེ་མངོན་དུ་བྱེད་པའི་ཐབས་ལ་གསུམ། སྒོམ་པ་སྤྲུལ་སྐུའི་གནད་ངོས་བཟུང་བ། སྒོམ་བྱེད་ལོངས་སྤྱོད་རྫོགས་པའི་སྐུའི་བྱ་བ་བསྟན་པ། བསྒོམ་བྱ་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་དོན་བཤད་པའོ། །དང་པོ་ནི། སྒོ་གསུམ་གཡོ་མེད་སྒོ་ལྔ་ཧར་གདངས་བཞག །ཅེས་པ་བུམ་དབང་གི་ལམ་གྱིས་ལུས་ཀྱི་ཐིག་ལེ་དག །གསང་དབང་གི་ལམ་གྱིས་ངག་གི་ཐིག་ལེ་དག །གསུམ་པའི་ལམ་གྱིས་ཡིད་ཀྱི་ཐིག་ལེ་དག་པས་སྒོ་གསུམ་གཡོ་མེད་དུ་གྱུར་པས་སྒོ་ལྔ་ཧར་གདངས་ཏེ་དབང་ཤེས་ཀྱི་འཇུག་པ་མེད་པར་བྱེད་ལ། སྒོ་ལྔའི་ཤེས་པ་དེ་ཁ་བཞི་པའི་ཐིག་ལེ་སྐབས་དེར་འོད་གསལ་ལས་སྒྱུ་ལུས་སུ་ལངས་མཁན་དེ་ཡིན་པས་དེ་སྦྱང་པ་ཡིན་ནོ། །དེ་ཡང་ལུས་རྩ་ངག་རླུང་ཡིད་ཐིག་ལེ་སྦྱངས་པས་སེམས་དབེན་པའམ་རྣམ་པར་མི་རྟོག་པར་འགྱུར་ལ། དེ་ལས་འོད་གསལ་རྟག་བཅུར་ལངས་པའི་སྒྱུ་ལུས་དང་། དེ་སྦྱང་བ་ལའང་འདི་བཤད་པས་ལམ་འདི་ནི་ཕྱག་རྒྱ་ཆེན་པོ་མ་རྟོགས་པ་རྟོགས་བྱེད། རྟོགས་ནས་གོམས་བྱེད་གོམས་ནས་འབྲས་བུ་ངོ་མར་འགྲོ་བ་ཡིན་ནོ། དེ་ལྟར་སྒོ་གསུམ་གཡོ་མེད་དུ་མ་གྱུར་ན་རྣམ་སྣང་ཆོས་བདུན་དང་ལྡན་པས་འཁོད། དེའང་ལུས་ཀྱི་བྱ་བ་གཞན་ལྟ་ཅི་གཡོ་འགུལ་ཙམ་ཡང་མི་བྱ་བ་ལུས་དབེན། ངག་རླུང་རོ་དགུ་ཕྲུགས་སུ་བསལ་ནས་སྟེང་འོག་གི་རླུང་རང་པོ་དང་སྨྲ་བ་བཅད་དེ་བཞག་པ་ངག་དབེན། སེམས་ཀྱིས་དུས་གསུམ་གྱི་སྤྲོས་པ་དང་། ཕྱག་རྒྱ་ཆེན་པོ་སྒོམ་སྙམ་པ་དང་། བསྒོམ་པར་བྱ་བ་དང་། ཕྱག་རྒྱ་ཆེན་པོ་སྙམ་པ་སོགས་མཚན་མ་དང་བཅས་པའི་བསྒོམ་པ་ཐམས་ཅད་དོར་ནས་བུ་ཆུང་ལྷག་པར་གནས་པ་བཞིན་དུ་སེམས་ལྷོད་དེ་སལ་ལེ་ཤིག་གེར་བཞག་པ་སེམས་དབེན། དེ་ལྟར་མ་བསྒོམ་པར་བཞག་པས་སེམས་གཡོ་བ་མེད་པར་སྒོ་ལྔའི་དབང་ཤེས་ཀྱི་བྱ་བ་བྲལ་ནས་ཧ་རེ་ལུས་པར་འགྱུར་རོ། །གཉིས་པ་སྒོམ་བྱེད་ལོངས་སྤྱོད་རྫོགས་པའི་སྐུའི་བྱ་བ་བསྟན་པ་ནི། བལྟས་པས་མཐོང་མེད་སེམས་ཀྱི་མཚན་ཉིད་ལྟོས། ཞེས་པ། གོང་ལྟར་བཞག་པས་གནས་མ་ཐུབ་ན་སེམས་འཚོལ་ཏེ། དེ་ཡང་སེམས་དེ་ལ་ཇི་ལྟ་བུ་ཞིག་འདུག དང་པོ་གང་གིས་བསྐྱེད། ཚུལ་ཇི་ལྟར་སྐྱེ། བར་དུ་གང་ན་གནས། ཐ་མ་གང་དུ་འགགས། རྐྱེན་གང་ཞིག་གིས་བྱས་ཞིག་ཏུ་བརྟགས་པས་དང་པོར་སྐྱེ་མ་མྱོང་། ཐ་མར་འགགས་མ་མྱོང་། བལྟ་བྱ་དམིགས་པའི་ཡུལ་མེད་པས། ལྟ་བྱེད་ནམ་མཁའ་མེ་ཏོག་བཞིན་དུ་ཡལ། བལྟ་བྱ་ལྟ་བྱེད་ཟད་པའི་རྗེས་ལ་སེམས་ཞེས་བྱ་བ་འདི་བཏགས་པ་ཙམ་མ་གཏོགས། ངོ་བོ་ངོས་བཟུང་དུ་གྲུབ་པ་མི་འདུག་སྙམ་དུ་ཤེས་པར་འགྱུར། དམིགས་སུ་མེད་པས་མ་བཅོས་རང་སོར་ཞོག །གཞན་དུ་མ་ཚོལ་ངོ་བོ་རྟོགས་པར་གྱིས། ཞེས་པ། སེམས་དེ་དངོས་མེད་མོ་གཤམ་གྱི་བུ་ལྟ་བུར་འདུག་གམ་ཅི་ལྟར་འདུག་བརྟགས་པས། ངོ་བོ་སྟོང་པ་རང་བཞིན་གསལ་བ། མཚན་ཉིད་བདེ་སིང་ངེ་བ། དངོས་པོར་མ་གྲུབ། དངོས་མེད་དུ་མ་གྲུབ་པས་དམིགས་སུ་མེད་པ་ཞིག་ཏུ་རྟོགས་པ་ན། དེ་གར་རང་སོར་བཞག་སྟེ་བྱིང་རྨུགས་ཀྱི་དབང་དུ་མ་ཤོར་བ་བྱ། དེ་ལས་གཞན་དུ་མ་གཡོས་པ་དེ་སྲིད་མ་ཡེངས་པ་ཡིན་ལ། གཡོས་ན་ཡེངས་བ་སྟེ་སླར་མ་ཡེངས་པར་བྱ། མ་ཡེངས་བ་དེ་དྲན་པ་ཡིན་ལ། དེ་ལས་གཡོས་པར་ཤེས་པའི་ཚེ་དེ་ཁ་ཤེས་བཞིན། དེས་ན་དྲན་ཤེས་འཇུག་པ་གཅིག་ཡིན་ནོ། །དེ་ནས་སྣང་བ་དང་བསྲེ་བ། འཛིན་པ་དང་བསྲེ་བ། དབྱིངས་རིག་བསྲེ་བ་གསུམ་ལས། དང་པོ་ནི། རང་སྣང་གང་ཡིན་གཅིག་གི་སྟེང་དུ་དྲན་ཤེས་དེ་བཀོད་ནས་བཞག་པས་སྣང་བ་སྟོང་པ་དང་། སྟོང་པ་སེམས་སུ་མཐོང་། དེ་ཡང་སེམས་ནང་དུ་མ་ལུས་ཤིང་སྣང་བ་ཕྱིར་མ་ལུས། སྣང་སེམས་གཅིག་ཏུ་འདྲེས་ནས་ནམ་མཁའ་ལྟ་བུའི་ཕྱམ་གྱིས་སོང་། འདིས་སྣང་བ་ཐམས་ཅད་ལམ་དུ་ཁྱེར་ནུས་ཏེ། གཅིག་གི་རྟ་ཕོ་གང་ཡིན་པ། དེ་ནི་ཀུན་གྱི་རྟ་ཕོ་ཡིན། ཞེས་གསུངས་པ་ལྟར་རོ། གཉིས་པ་འཛིན་པ་དང་བསྲེ་བ་ནི། ཞེ་སྡང་དྲག་པོ་ཞིག་ལྷང་གིས་སྐྱེས་པའི་དུས་སུ་ཞེ་སྡང་དེའི་ངོ་བོ་ལ་གཅེར་གྱིས་བལྟས་པས། ཞེ་སྡང་གི་ངོ་བོ་སྟོང་སང་གིས་འགྲོ། སྟོང་པ་དེ་ག་ཆོས་སྐུ། ཆོས་སྐུར་རྟོགས་པའི་དུས་ན་ཞེ་སྡང་བྲོས་པའང་མེད། ཞེ་སྡང་སྤང་བའང་མེད། ཞེ་སྡང་དེ་བསྒྱུར་བའང་མིན། ཞེ་སྡང་ཉིད་རང་གྲོལ་དུ་སོང་བ་སྟེ། དེའི་ངོ་བོ་དེ་ཆོས་སྐུ་ཡིན་པས་མཐར་ཐུག་པའོ། །དེ་བཞིན་འདོད་ཆགས་དང་། གཏི་མུག་སོགས་ལའང་འགྲེའོ། །གསུམ་པ་དབྱིངས་རིག་བསྲེ་བ་ནི་དབྱིངས་སྟོང་པར་ཤར་ན་ཤར་དུས་དེར་སྟོང་པ་ལ་བརྟགས་པས་སྟོང་པ་དེ་རིག་པར་འགྲོ། རིག་པ་དེའི་ངོ་བོ་ལ་བལྟས་པས་རིག་བྱ་རིག་བྱེད་དང་བྲལ་ནས་ཕྱོགས་ཐམས་ཅད་དང་བྲལ་བ་ལ་རང་བཞིན་མེད་པ་ཞེས་བཏག་པ་དེ་མཐོང་། དེ་དབྱིངས་དང་རིག་པ་འགྲེས། ཉམས་རྟོགས་ཟུང་དུ་ཆུབ། ཞི་ལྷག་གཉིས་སུ་མེད། ལམ་གང་ཤར་ལ་སྤང་བླང་མི་དགོས། སྲིད་ཞི་རོ་མཉམ་པར་འགྱུར་ཏེ། དེ་སྤྱོད་ལམ་བཞི་དང་བསྲེས་པས་ཕྱག་རྒྱ་ཆེན་པོར་འཆར་རོ། །གསུམ་པ་བསྒོམ་བྱ་ཕྱག་རྒྱ་ཆེན་པོའི་དོན་བཤད་པ་ལ། ལྟ་བ་མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ། སྒོམ་པ་དེ་ལ་མ་བཅོས་པར་བཞག་པ། སྤྱོད་པ་སྔ་ཕྱི་གཉིས་མེད་དུ་བསྲེ་བ། འབྲས་བུ་ནམ་མཁའ་ལྟ་བུའི་འཆར་ཚུལ་དང་བཞི་ལས། དང་པོ་ནི། གཞི་ནི་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། ཞེས་མདོར་བསྟན། ཕྱག་ནི་གཉིས་མེད་ཡེ་ཤེས་ངོ་ཡིས་ཟིན། ཞེས་པ་ནས། ཆོས་སྐུའོ། ཞེས་པས་རྒྱས་པར་བཤད་པ་སྟེ། གཞི་དེ་ཇི་ལྟ་བུ་ཞེ་ན་ཕྱག་རྒྱ་ཆེན་པོའོ། །དེ་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཁོ་ན་ལས་གཞན་དུ་མེད་པས་གཞི་འབྲས་དབྱེར་མེད། དེས་ན་རང་ཅག་གི་བློས་གཤིས་གང་དུ་བཟུང་ཡང་། འཛིན་བྱེད་འཁྲུལ་པར་འགྲོ་བ་སྟེ། ནམ་མཁའ་འདོམ་གྱིས་གཞལ་བ་བཞིན་དོན་དམ་བློའི་སྤྱོད་ཡུལ་དུ་མ་གྱུར། ཞེས་སྨྲ་བཞིན་དུ་བློས་གཞལ་གཞལ་གཅིག་ཀ་བྱས་པའོ། །འོན་ཀྱང་དེ་ལྟར་ཡིན་མོད་ཀྱང་། དོན་དམ་དང་ཀུན་རྫོབ་གཉིས་སུ་སྒྲོ་བཏགས་ནས་གཞན་ལ་མ་བསྟན་ན་མི་གོ །མ་གོ་ན་མི་རྟོགས། མ་རྟོགས་ན་སངས་རྒྱས་མི་ཐོབ་པས་ཐ་སྙད་རྣམ་པར་བཞག་པའི་ཚེ། གཞི་ལམ་འབྲས་བུ་འདིའོ་ཞེས་བཞག་སྟེ། དེ་ལ་གཞི་ཕྱག་རྒྱ་ཆེན་པོ། དངོས་པོ་གཤིས་ཀྱི་གནས་ལུགས། སངས་རྒྱས་ཀྱི་དགོངས་པ། སེམས་ཅན་གྱི་སེམས་ཉིད་ཁ་དོག་དང་དབྱིབས་སུ་མ་གྲུབ། མཐའ་དང་དབུས་བྲལ། རྒྱ་མ་ཆད་ཕྱོགས་མ་ལྷུང་། ཡོད་མ་མྱོང་། མེད་མ་མྱོང་། མ་འཁྲུལ་མ་གྲོལ། རྒྱུ་ཡིས་མ་བསྐྱེད། རྐྱེན་གྱིས་མ་བསྒྱུར། སངས་རྒྱས་དགའ་ཏེ་མ་མཛད། སེམས་ཅན་བསྒྲིམ་སྟེ་མ་བཅོས། རྟོག་ངོར་བཟང་དུ་མ་སོང་། འཁྲུལ་ངོར་ངན་ཏུ་མ་སོང་། ཀུན་ལ་ཁྱབ་པར་གནས་པས་གཞི་ཞེས་བྱའོ། །ལམ་ཕྱག་རྒྱ་ཆེན་པོ་ནི། གཞིའི་སྟེང་དུ་ལམ་དུ་བླང་བྱའི་ཆོས། འཇོག་དུས་དམིགས་མེད་དུ་འཇོག གནས་དུས་ཡེངས་མེད་དུ་གནས། ཁྱེར་དུས་འཛིན་མེད་དུ་ཁྱེར། འཆར་དུས་ཆོས་ཉིད་དུ་འཆར། གྲོལ་དུས་རང་གྲོལ་དུ་འགྲོ་བ་གཅིག་ཉམས་སུ་ལེན་པའོ། །འབྲས་བུ་ཕྱག་རྒྱ་ཆེན་པོ་ནི། གྲོལ་བྱ་གྲོལ་བྱེད་རེ་ཞིང་དོགས་པ་དང་བྲལ་བ། བློ་ཟད་ཆོས་ཟད། འཛིན་ཞེན་གྱི་ལྷད་མ་ཞུགས་པ། བློ་ལས་འདས་ཤིང་སྨྲ་བརྗོད་དང་བྲལ་བ་ཞིག་གོ །གཉིས་པ་སྒོམ་པ་དེ་ལ་མ་བཅོས་པར་བཞག་པ་ནི། ཐ་མ་རང་ལུགས་ཆེན་པོར་བཞག་པ་ནི། ཞེས་པ་ནས་ལུས་ཐོབ་འགྱུར། ཞེས་པ། གཞི་དེ་ལྟ་བས་ལམ་དེ་དང་མཐུན་པར་ཤེས་པ་འབད་རྩོལ་གྱི་འཇུག་པ་ཐམས་ཅད་དང་བྲལ་ནས་ཡིད་ལ་བྱེད་པ་མེད་པ་དེ་ལ་ཤེས་པ་བྱ་བྲལ་ཞེས་བྱ་ཞིང་། དེ་ལྟ་བུ་ལ་ཤེས་བཞིན་ཆེན་པོའི་བྱ་རས་ཟིན་པས་མ་ཡེང་བ་དེ་ལ་བཞག་བྱ་འཇོག་བྱེད་དང་བྲལ་བ་ནམ་མཁའ་ལ་ནམ་མཁའ་སྦྱོར་བའི་ཚུལ་གྱིས་མཉམ་པར་བཞག་པས་ཆོས་སྐུ་རྒྱ་ཆད་ཕྱོགས་ལྷུང་མེད་པར་ཕྱོགས་མེད་དུ་རང་ཤར་ཞིང་། གང་ལྟར་ཤར་ཡང་ཤར་དུས་ནས་ཉམས་མྱོང་བདེ་ལ་ཟག་པ་མེད་པ་ལྐུག་པའམ་གཞོན་ནུ་མའི་བདེ་བ་བཞིན། འདི་འདྲ་ཞིག་འདུག་ཅེས་སུས་ཀྱང་མཚོན་མི་ནུས་ཤིང་ངོ་བོར་གྲུབ་པ་མེད་པ་ཞིག་ཡིན་པས། རྟོག་གེ་བས་མི་ཤེས་ཤིང་མི་རྟོགས་ལ། རང་རིག་པའི་ཡེ་ཤེས་ཁོ་ནས་མངོན་དུ་བྱེད་པ་ཡིན་ནོ། །གསུམ་པ་སྤྱོད་པ་སྔ་ཕྱི་གཉིས་མེད་དུ་བསྲེ་བ་ནི། ཕྱི་རོལ་ཡུལ་སྣང་ཆོས་རྣམས་ཇི་སྙེད་པ། ཞེས་པ་ནས། རང་དག་ལྟོས། དེ་ལྟ་བུའི་མཉམ་བཞག་ལས་ལངས་ནས་རྗེས་ཤེས་ཀྱི་ཤེས་པ། དགའ་མི་དགའ། ལེགས་མི་ལེགས་སོགས་གང་ཤར་ཡང་གསེར་གླིང་དུ་ཕྱིན་ན་རྡོ་བ་མེད་པ་བཞིན། སེམས་དེ་ཉིད་གཞི་མེད་རྩ་བྲལ་ལ། མ་འགགས་པའི་རྩལ་ཅིར་ཡང་འཆར་བས། ཤར་བ་དེ་ཉིད་རང་གྲོལ་དུ་འགྲོ་སྟེ། འདི་ལ་འོད་གསལ་མ་བུ་བསྲེ་བ་ཅེས་གསུངས་ཤིང་། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེའི་ངོ་བོ་ལ་རྣམ་རྟོག་གི་མཚན་མས་གོས་པ་མེད་པས་ན་རྒྱུད་ཆད་མ་མྱོང་བ། དེ་ལ་སེམས་ཀྱི་རང་བཞིན་ནམ། འོད་གསལ་བ་ཞེས་བྱ་ལ། གང་ཟག་བརྟན་པ་མ་ཐོབ་པ་དེ་ལས་རྣམ་པར་རྟོག་པ་ལངས་པ་ན། གང་ཤར་གྱི་སྟེང་དུ་འཇོག་པས། སྣང་སྟོང་ངམ། གསལ་སྟོང་ངམ་རིག་སྟོང་ཟུང་འཇུག་ཏུ་འཆར་བ་འོད་གསལ་བུ་སྟེ། དེས་སྣང་བའི་ཚོགས་ཞིག་ནས་འོད་གསལ་མ་ལ་ཐིམ་ནས་གནས་པ་ནི་འོད་གསལ་མ་བུ་བསྲེ་བ་ཞེས་བྱའོ། །བཞི་པ་འབྲས་བུ་ནམ་མཁའ་ལྟ་བུའི་འཆར་རིམ་ནི། སེམས་ཉིད་སྐྱེ་མེད་སྟོང་པ་ཆོས་ཀྱི་སྐུ། ཞེས་པ་ནས། ལོངས་སྤྱོད་རྫོགས། ཞེས་གསུངས་ལ། གཤིས་ཆོས་སྐུ། གདངས་སྤྲུལ་སྐུ། ཟུང་འཇུག་ལོངས་སྐུ་སྟེ། དེ་ཡང་། སྒྲིབ་གཉིས་རང་དག་གཟུང་འཛིན་མཐའ་དང་བྲལ། །འདུ་ཤེས་བློ་དང་འཁོར་འདས་ཆོས་རྣམས་ཟད། །ཅེས་པ་མཚན་མར་འཛིན་པ་ལ་སོགས་པའི་འདུ་ཤེས་དང་གཟུང་འཛིན་བྲལ་བས་བློ་ཟད་ཆོས་ཟད་དུ་གྱུར་ཏེ། ཤེས་སྒྲིབ་དང་ཉོན་སྒྲིབ་གཉིས་རང་སར་དག་པས་སྤང་བ་ཆེན་པོ་དང་། མཁྱེན་བརྩེའི་ཡོན་ཏན་ཇི་སྙེད་རང་ལ་རྫོགས། ཞེས་པ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་ཞིང་གཟིགས་པ་དང་། དམིགས་པ་མེད་པའི་བརྩེ་བ་ལ་སོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ནི་རྟོགས་པ་ཆེན་པོ། དེ་ལྟར་སྤང་བ་ཆེན་པོས་འཁོར་བ་ལ་མི་གནས། རྟོགས་པ་ཆེན་པོས་ཞི་བ་མྱང་འདས་ལ་མི་གནས་པའི་རང་བཞིན་འཚང་རྒྱ་བའོ། །བསམ་བརྗོད་བློ་འདས་སངས་རྒྱས་རང་འཁྲུང་ཡིན། ཞེས་པ། དེ་ལྟ་བུའི་སངས་རྒྱས་དེའང་གཞན་ནས་བྱུང་བ་དང་། གསར་དུ་རྙེད་པ་ལྟ་བུ་མིན་པར་སེམས་ཉིད་དེ་ཀ་གློ་བུར་གྱི་དྲི་མས་བཏང་བས་སངས་རྒྱས་རང་འཁྲུངས་སུ་གྱུར་པ་ཡིན་ནོ། །རྩ་བའི་བཞི་པ་ལམ་བློ་ནས་ཆོད་པ་བར་དོའི་ལམ་ཁྱེར་ནི། བར་དོ་ངོ་སྤྲོད་ཡང་དག་ཟབ་དོན་བསྟན། ཞེས་པ། སྔར་བཤད་པའི་ལམ་གྱིས་བརྩོན་འགྲུས་ཅན་ཚེ་འདི་གར་འཚང་རྒྱ་བ་དང་། བརྩོན་འགྲུས་འབྲིང་པོ་སྲིད་པ་བར་མ་དོར་འཚང་རྒྱ་བ་དང་། ཤིན་ཏུ་ལེ་ལོ་ཅན་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་གང་ཟག་དང་གསུམ་ལས། ཕྱི་མ་གཉིས་ལ་གདམས་པ་འདི་བློ་ཆོད་དུ་བྱ་བར་བསྟན་པ་ཡིན་ལ། ཕྱོགས་གཉིས་སུ་མ་ལྷུང་བས་སམ་སྔོན་རྗེས་གཉིས་ཀྱི་བར་ན་གནས་པས་བར་དོ་དང་། དུས་དེར་བློ་ལ་གདམས་ངག་དྲན་པ་ཙམ་བྱུང་ན་རེས་གསལ་ཐོབ་ནས་ལམ་ཆོད་པར་འགྱུར་བས་བློ་ཆོད་ཀྱི་རྣལ་འབྱོར་ཞེས་བྱའོ། །དེ་ལ་གསུམ། ལུས་ལྡན་གཞིའི་བར་དོ། ངེས་ཤེས་རྟགས་ཀྱི་བར་དོ། ངོ་སྤྲོད་འབྲས་བུའི་བར་དོའོ། །དང་པོ་ནི། སྐྱེ་ཤི་རྨི་ལམ་སྲིད་པའི་བར་དོ་གཅོད། ཅེས་པ་བར་དོ་གསུམ་དུ་ཕྱེ་བ་སྟེ། སྐྱེས་ནས་མ་ཤི་བར་ལ་སྐྱེ་གནས་བར་དོ། གཉིད་ལོག་ནས་མ་སད་བར་རྨི་ལམ་བར་དོ། ཤི་ནས་མ་སྐྱེས་བར་སྲིད་པ་བར་དོའོ། བར་དོའི་གདམས་པ་མི་དགོས་པའི་གང་ཟག་བསྟན་པ་ནི། བལྟར་མེད་བལྟས་པས་མཐོང་མེད་མཐོང་བའི་མཆོག །ཅེས་པ་ནས། རང་ཤར་ལྟོས། ཞེས་པའི་བར་གྱིས་བསྟན་ཏེ། གཞི་འབྲས་དབྱེར་མེད་པའི་སེམས་ཉིད་འདི་ཀ་དངོས་དངོས་མེད་ཡོད་དང་མེད་པ་སོགས་གང་དུའང་མ་གྲུབ་པས་བསམ་གྱིས་མི་ཁྱབ་ཅིང་བལྟར་མེད་ལ་བལྟས་པས་མི་མཐོང་བའི་གནས་ལུགས་དེ་ཉིད་མཐོང་བ་མཆོག་ཡིན་ལ། དེ་ལྟ་བུའི་རང་རིག་རྣམ་པ་གསལ་ཡང་། ངོ་བོ་སྟོང་པ་གློ་བུར་གྱི་སྒྲིབ་གཡོགས་ཐམས་ཅད་དང་བྲལ་བས། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་དག་པ་ཡེ་ནས་རང་ལ་གནས་བཞིན། དེ་ཉིད་ཐབས་གྲོལ་ལམ་གྱིས་གཅུན་པས་རང་ཤར་རང་གྲོལ་གྱི་ཚུལ་དུ་སྐུ་གསུམ་རང་བཞིན་དབྱེར་མེད་དུ་མངོན་དུ་གྱུར་པ་དག་ནི་བར་དོའི་གདམས་པ་ལ་ལྟོས་མི་དགོས་པ་ཡིན་ནོ། །བར་དོའི་གདམས་ངག་དགོས་པའི་གང་ཟག་ནི། མ་རྟོགས་ལུས་ལྡན་བར་དོ་རྣམ་གསུམ་ལ། ཞེས་པ་དེ་ལྟར་མ་རྟོགས་པ་རྣམས་ལ་བར་དོ་གསུམ་གྱི་གདམས་པ་དགོས་པ་སྤྱིར་བསྟན་ནས། གཉིས་པ་ངོ་ཤེས་རྟགས་ཀྱི་བར་དོ་ནི། བསྐྱེད་རིམ་སྒྱུ་ལུས་འོད་གསལ་ཆོས་སྐུར་བསྲེ། ཞེས་པ། བསྐྱེད་པའི་རིམ་པ་ལ་གོམས་ཤིང་རྫོགས་རིམ་གཏུམ་མོ་དང་སྒྱུ་ལུས་ལ་མྱོང་བ་ཅི་རིགས་ཐོན་ཏེ་ཉིན་མཚན་གྱི་འོད་གསལ་མངོན་དུ་བྱས་ནས་གོམས་པས་ཐོབ་ལ་བར་དོ་དང་པོའི་ལམ་ཁྱེར་དང་། བསྐྱེད་རིམ་དང་གཏུམ་མོ་སྒྱུ་ལུས་ལ་མྱོང་བ་ཅི་རིགས་ཐོན་ཞིང་། རྨི་ལམ་སྒྱུ་མར་འབྱོང་པ་ཙམ་ལ་བར་དོ་གཉིས་པའི་ལམ་ཁྱེར། བསྐྱེད་རིམ་དང་གཏུམ་མོ་སྒྱུ་ལུས་སོགས་སྒོམ་ཞིང་མཚན་མོ་རྨི་ལམ་སྦྱང་སྤེལ་ནུས་པ་ཙམ་ལ་བར་དོ་གསུམ་པའི་ལམ་ཁྱེར་དགོས་པར་བསྟན་པའོ། །དེ་ཡང་སད་པའི་དུས་སུ་བསྐྱེད་རིམ་དང་གཏུམ་མོ་སྒྱུ་ལུས་སོགས་ལ་གནད་དུ་བསྣུན་ཅིང་། གཉིད་པའི་དུས་སུ་རྨི་ལམ་དང་འོད་གསལ་གྱི་གདམས་པ་ལ་གནད་དུ་བསྣུན་པ་དང་། གནས་སྐབས་ཐམས་ཅད་དུ་བདག་གཞན་སྣོད་བཅུད་ལ་སོགས་པའི་སྣང་བ་ཐམས་ཅད་བར་དོའི་སྣང་བ་ཡིན་སྙམ་པ་དང་། ཁྱད་པར་འཇིགས་སྐྲག་དང་མྱ་ངན་སྐྱེ་བ་སོགས་ཀྱི་སྣང་རྐྱེན་ཐོག་ཏུ་བྱུང་བ་ན་བར་དོའི་འཁྲུལ་སྣང་དུ་བསམ་སྟེ་དེ་ཁོ་ན་ཉིད་ཀྱི་ངང་དུ་འཇོག་པའམ་བདེན་མེ་སྒྱུ་མ་ལྟ་བུར་བསམ་པ་དང་། སྒྱུ་མ་ལྟ་བུའི་ལྷ་སྐུའི་ལྡང་འཇུག་བྱ་བ་ལ་བསླབ། འཆི་བ་དང་བར་དོའི་རྣམ་བཞག་རྣམས་ཡིད་ལ་གསལ་ཞིང་བརྟན་ངེས་པར་བྱ་དགོས་སོ། །གསུམ་པ་ངོ་སྤྲོད་འབྲས་བུའི་བར་དོ་ལ་གསུམ་ལས། རབ་ཆོས་སྐུ་ཐུག་ཕྲད་ཀྱི་བར་དོར་འཆི་བ་ལམ་དུ་ཁྱེར་བ། འབྲིང་སྲིད་པ་སྤྱི་ལུགས་ཀྱི་བར་དོར་བློ་ཆོད་དུ་བཏང་བ། ཐ་མ་ཉིང་མཚམས་སྦྱོར་བའི་བར་དོར་སྨོན་ལམ་གྱི་འཕེན་པ་བཞག་པའོ། །དང་པོ་ནི། ས་ཆུ་མེ་རླུང་འབྱུང་བ་རིམ་གྱིས་ཐིམ། ཞེས་པ་ནས། ཡང་རབ་བོ། ཞེས་པའི་བར་གྱིས་བར་དོ་དང་པོ་བསྟན་ཏེ་འཆི་བའི་ཚེ་རགས་པ་ཉི་ཤུ་ཐིམ་ཚུལ་ནི། གཟུགས་ཀྱི་ཕུང་པོ་ཐིམ་པས་ལུས་ཉམས་ཆུང་ཞིང་ནུས་པ་ཟད། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་ཞིང་རབ་རིབ་ཏུ་འགྱུར། ས་ཁམས་ཐིམ་པས་ལུས་སྐེམས་ཤིང་རིད། མིག་དབང་ཐིམ་པས་མིག་མི་གསལ། གཟུགས་ཐིམ་པས་ལུས་ཀྱི་མདངས་ཉམས། ཚོར་བའི་ཕུང་པོ་ཐིམ་པས་ལུས་ཀྱི་ཚོར་བ་ཆུང་། མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་མི་དྲན། ཆུ་ཁམས་ཐིམ་པས་ལུས་ཀྱི་རྔུལ་དང་ཁ་ཆུ་ལ་སོགས་སྐམ། རྣ་བའི་དབང་པོ་ཐིམ་པས་ཕྱི་ནང་གི་སྒྲ་མི་གསལ། སྒྲ་ཐིམ་པས་རང་གི་སྒྲ་མི་གསལ། འདུ་ཤེས་ཀྱི་ཕུང་པོ་ཐིམ་པས་སེམས་ཅན་རྣམས་མི་དྲན། སོར་རྟོགས་ཡེ་ཤེས་ཐིམ་པས་ཉེ་དུ་ལ་སོགས་པའི་མིང་མི་དྲན། མེ་ཁམས་ཐིམ་པས་ཟས་མི་འཇུ། སྣའི་དབང་པོ་ཐིམ་པས་སྟེང་རླུང་དལ་གྱིས་འགྲོ། དྲི་ཐིམ་པས་རང་གི་ལུས་ཀྱི་དྲི་མི་བྲོ། འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་འདུས་ཀྱི་བྱ་བ་ཐམས་ཅད་ལ་མི་འཇུག །བྱ་གྲུབ་ཡེ་ཤེས་ཐིམ་པས་བྱ་བ་དང་དགོས་པ་མི་དྲན། རླུང་ཁམས་ཐིམ་པས་རླུང་བཅུ་རང་གི་གནས་ནས་འཕོ། ལྕེ་དབང་ཐིམ་པས་ལྕེ་ཐུང་ཞིང་སྦོམ་པར་འགྱུར། རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་ཕྲ་བ་ནང་གི་འབྱུང་བ་ཐིམ་ཚུལ་ནི། ས་ཆུ་ལ་ཐིམ་པས་ལུས་ཀྱི་ཟུང་མི་ཐུབ་ཅིང་བག་བཞི་ས་ལ་ལྷུང་། སོ་དྲེག་ཆགས། ཁ་ཆུ་དང་སྣ་ཆུ་འཛག །ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ། ཡན་ལག་སྡུད་མི་ནུས། སྔར་བས་ཚ་ཞིང་རྔུལ། མེ་རླུང་ལ་ཐིམ་པས་ཤ་མདངས་ཤོར་ཞིང་སྣའི་བྱ་གཤོགས་ཆག ལུས་ཀྱི་དྲོད་མཐོ་རིས་སུ་སྐྱེ་ན་ཡར་དང་། ངན་སོང་དུ་འགྲོ་ན་མར་སྡུད། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་སྒྲ་ངར་ངར་པོ་འབྱིན་ཞིང་དབུགས་བརྩེགས། མིག་གྱེན་དུ་བཟློག་ནས་སྐྱིག་བུ་འབྱིན། དེ་དུས་སེམས་ཉིད་ནང་ན་གསལ་བ་འབྱུང་། དེ་ལྟར་འབྱུང་བཞི་ཐིམ་པ་དང་དུས་མཚུངས་སུ་ཡུལ་གཟུགས་སྒྲ་ལ་སོགས་པའང་སྡུད་དོ། ཤིན་ཏུ་ཕྲ་བ་ཐིམ་ཚུལ་ནི་རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པས་ནང་རྟགས་དུ་བ་དང་། ཕྱི་རྟགས་སྤྲིན་མེད་པའི་ནམ་མཁའ་ལ་ཟླ་འོད་ཤར་བ་ལྟ་བུའི་སྣང་བ་དཀར་ལམ་པ་འབྱུང་། ཞེ་སྡང་ལས་གྱུར་པའི་རྟོགས་པ་སོ་གསུམ་འགགས་པས་དགྲ་མི་ཤའོ་རྩར་བྱུང་ཡང་ཞེ་སྡང་མི་སྐྱེ། སྣང་བ་མཆེད་པ་ལ་ཐིམ་པས་ནང་རྟགས་མེ་ཁྱེར་ལྟ་བུ། ཕྱི་རྟགས་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཕོག་པ་ལྟ་བུའི་སྣང་བ་དམར་ལམ་པ་འབྱུང་། འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས་པས་ཡིད་འོང་ལྷའི་བུ་མོ་རྩར་བྱུང་ཡང་ཆགས་པ་མི་སྐྱེ། མཆེད་པ་ཉེར་ཐོབ་ལ་ཐིམ་པས་ནང་རྟགས་མར་མེ་ལྟ་བུ་དང་། ཕྱི་རྟགས་ནམ་མཁའ་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུའི་སྣང་བ་ནག་ལམ་པ་འབྱུང་། གཏི་མུག་ལས་གྱུར་པའི་རྟོགས་པ་བདུན་འགགས་པས། མུན་པའི་ཁྲོད་དུ་བཞག་ཀྱང་གཏི་མུག་མི་སྐྱེ། དེ་མ་ཐག་དྲན་པ་ཉམས་ནས་ནག་ཐུམ་གྱིས་འགྲོ། ཐོབ་པ་འོད་གསལ་ཐིམ་པས་ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུའམ་ནམ་ལངས་ཀ་ལྟ་བུ། ནང་རྟགས་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་འབྱུང་། དྲན་མེད་དེ་སངས་པ་ན་ཟླ་འོད་དང་ཉི་འོད་དང་མུན་པ་སྟེ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི། ཐོ་རེངས་དུས་ཀྱི་ནམ་མཁའ་གཡའ་དག་པ་ལྟ་བུ་སྟོང་པ་མཐའ་དབུས་མེད་པ་ཞིག་འཆར། འདི་དུས་སྣང་བ་རིམ་གྱིས་ཐིམ་ནས་རླུང་རྣམས་སྙིང་གར་འདུས་པ་དང་། སྤྱི་བོར་ཕ་ལས་ཐོབ་པའི་དྭངས་མ་ཧཾ་ཡིག་གི་གཟུགས་སུ་གནས་པ་དེ་སྤྱི་མགྲིན་གྱི་རྩ་མདུད་རལ་བས་མར་འོང་། གསང་གནས་ན་མ་ལས་ཐོབ་པའི་དྭངས་མ་ཨ་ཤད་ཀྱི་རྣམ་པར་གནས་པ་དེ་ལྟེ་གསང་གི་མདུད་པ་རལ་བས་ཡར་ཡོང་ནས་སྙིང་གའི་དབུ་མར་འདུས་པས་རང་བཞིན་སྐྱེ་མེད་གཉུགས་མ་བདེ་སྟོང་ཆོས་ཀྱི་སྐུ་མངོན་དུ་འཆར་བ་ཡིན་ནོ། །དེ་ལྟར་ངེས་པར་བྱས་ནས་འཆི་ཁའི་རྟགས་རྣམས་ཤར་བ་ན་གོང་སྨོས་འཆི་བ་བསླུ་བའི་ཐབས་ལ་ནན་ཏན་དུ་འབད། ཅིས་ཀྱང་ལྡོག་ཏུ་མེད་པར་འཆི་ངེས་པ་བྱུང་ན། ཡོ་བྱད་ཡོད་ན་བླ་མ་དཀོན་མཆོག་ལ་མཆོད་པ་དང་། ཕོང་པ་ལ་སྦྱིན་གཏོང་སོགས་བྱ། ཉེ་དུ་དང་མཛའ་བཤེས་ལུས་ལོངས་སྤྱོད་སོགས་གང་ལའང་མ་ཆགས་པར་བྱ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་། སྡོམ་པ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་བཤགས་སྡོམ་དྲག་པོ་བྱ། བླ་མ་དང་ཡི་དམ་མཁའ་འགྲོ་མཆོད་ཅིང་འཆི་བ་འོད་གསལ་དང་། བར་དོ་སྒྱུ་ལུས་སུ་ཁྱེར་ནུས་པ་སོགས་ཀྱི་གསོལ་བ་དྲག་ཏུ་གདབ། བཀའ་སྡོད་ལ་གཏོར་མ་ཕུལ་ཏེ་དེ་ལྟ་བུའི་སྡོང་གྲོགས་བཅོལ། འཆི་བའི་སྟོང་པ་བཞི་ངོས་བཟུང་ནས་འོད་གསལ་ལ་མཉམ་པར་འཇོག་ཅིང་ཆོས་སྐུ་མངོན་དུ་བྱས་ནས་དེ་ལས་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་སྟེ་སེམས་ཅན་གྱི་དོན་མཐའ་ཡས་པ་བྱའོ་སྙམ་པའི་འཕེན་པ་དྲག་ཏུ་བཏང་། དེ་ནས་འཆི་བའི་དུས་ཤེས་པ་སྔ་མ་འགགས་ཏེ་འདས་པའི་རྗེས་མི་བཅད། ཕྱི་མ་མ་སྐྱེས་པའི་མ་འོངས་པའི་མདུན་མི་བསུ། ཤེས་པ་སྔ་ཕྱིའི་བར་དེར་ད་ལྟར་གྱི་ཤེས་པ་གང་ལའང་མ་བརྟག་པ། བློ་བསམ་དུ་མེད། ཚིག་གིས་བརྗོད་དུ་མེད། དཔེས་མཚོན་དུ་མེད་པ་དེ་གའི་ངང་དུ་མ་ཡེངས་པར་བཞག་པས་ཐིམ་རིམ་ཤར་གྲོལ་དུ་སོང་བ་འོད་གསལ་བུ། དེ་གཞིའི་འོད་གསལ་སྒྲིབ་མེད་དུ་ཤར་བའི་མ་པང་དུ་ཞུགས་ཏེ། དེ་ངོ་ཤེས་པས་ཆོས་ཀྱི་སྐུར་སངས་རྒྱས་ནས་དེ་ལས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་སྐུར་ལངས་ནས་སེམས་ཅན་གྱི་དོན་བྱེད་པའོ། །ཡང་ན་གོང་སྨོས་ཐིམ་རིམ་རྣམས་རྫོགས་ནས་ཐམས་ཅད་སྟོང་པ་འོད་གསལ་འཆར་བ་ངོས་ཟིན་པ་དེ་མ། སྔར་སྒོམ་སྟོབས་ལས་བྱུང་བའི་དཔེའི་འོད་གསལ་དེ་བུ། དེ་གཉིས་མ་བུ་འཕྲད་པས་དོན་གྱི་འོད་གསལ་དུ་གནས་གྱུར་པ་དེ་ཆོས་སྐུ་དེས་སྒྲིབ་པ་རྣམས་སྤངས་ནས་དེ་ལས་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་ཞིང་། སྤྲུལ་སྐུས་སེམས་ཅན་གྱི་དོན་བྱེད་པ་ནི་འཆི་བ་ཆོས་སྐུར་འཚང་རྒྱ་བའོ། །གཉིས་པ་འབྲིང་སྲིད་པ་སྤྱི་ལུགས་ཀྱི་བར་དོ་བློ་ཆོད་དུ་བཏང་བ་ནི། དེ་མ་ཟིན་ན་རླུང་གསུམ་རྐྱེན་གྱིས་འཆིང་། འབྲིང་པོ་ཆུ་ལས་ཉ་ལྟར་ལོངས་སྐུར་ལྡངས། ཞེས་པ་དེ་ལྟར་བར་དོ་དང་པོའི་འོད་གསལ་དེ་ཉིད་ཁམས་དྲུག་ལྡན་གྱི་སེམས་ཅན་ཐམས་ཅད་ལ་འཆི་བའི་ཚེ་འབྱུང་ཡང་། མན་ངག་གི་གནད་ལ་གོམ་པ་ཆུང་བས་ངོ་མ་ཤེས་པ་དང་། ཤེས་ཀྱང་གནས་མ་ནུས་པའི་རྐྱེན་གྱིས་དྭངས་མ་ལྔ་འདུས་ཀྱི་ཚོགས་པ་སོ་སོར་གྱེས་ཤིང་འོད་གསལ་ལས་རླུང་ཅུང་ཟད་གཡོ་བར་རྩོམ་པ་དང་། ཉེར་ཐོབ་འཆར་ཞིང་འོད་གསལ་འགགས་ལ། དེ་མ་ཐག་མཆེད་པ་དང་སྣང་བ་ཤར་ནས་རྣམ་ཤེས་རླུང་གི་བཞོན་པ་དང་བཅས་པ་སྒོ་དགུ་གང་རུང་ནས་ཐོན་ཏེ་བེམ་རིག་བྲལ་མ་ཐག་བར་དོའི་ཡིད་ལུས་སུ་ཀྲོང་གིས་སྐྱེ་བ་ནི། སྲིད་པ་བར་དོའི་མཚན་གཞི་དངོས་ཡིན་ལ། བར་དོའི་རྟགས་དྲུག་སོགས་འབྱུང་། ཉམས་མི་དགའ་ཞིང་རིག་པ་རྟེན་མེད་པས་སྡོད་མི་ཚུགས། སྣང་མུན་འོད་ཀྱི་བར་དོ་སྐྱ་རེང་ཤར་བའི་སྣང་བ་ཙམ་ཞིག་འབྱུང་ངོ་། །འཆི་ཀའི་བྱ་བ་རྣམས་སྔོན་དང་འདྲ་ལ། བར་དོར་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་ནས་ལོངས་སྤྱོད་རྫོགས་སྐུ་མངོན་དུ་བྱའོ་སྙམ་པའི་འདུན་པ་བྱ། འཆི་རིམ་སྣང་གསུམ་དང་བཅས་པ་ངོས་ཟིན་པར་བྱས་ཏེ་འོད་གསལ་ལ་ཅི་གནས་སུ་མཉམ་པར་བཞག་ནས་ལུགས་ལྡོག་གི་སྣང་གསུམ་ཤར་མཐར་བར་དོའི་ལུས་ལྷ་སྐུ་སྒྱུ་མ་ལྟ་བུར་ལྡང་། དེའི་རྒྱུན་ལ་འཇུག་ལྡང་ཡང་ཡང་བྱས་པས་རིམ་གྱིས་དོན་གྱི་འོད་གསལ་མངོན་དུ་གྱུར་ནས་དེ་ལས་དག་པའི་སྒྱུ་ལུས་སུ་ལྡང་བ་ནི་བར་དོ་ལོངས་སྐུར་འཚང་རྒྱ་བའོ། །གསུམ་པ་ཐ་མ་ཉིང་མཚམས་སྦྱོར་བའི་བར་དོར་སྨོན་ལམ་གྱི་འཕེན་པ་བཞག་པ་ནི། རྩལ་ལྔ་ཟེར་ལྔ་དུག་གསུམ་ལས་ཀྱི་དབང་། ཞེས་པ་ནས། སྤྲུལ་སྐུ་ཐོབ། ཅེས་པའི་བར་གྱིས་བསྟན་པས། གོང་དུ་བཤད་པ་ལྟར་བར་སྲིད་ཀྱི་ལུས་དེ་ལ། འཇིགས་པའི་སྒྲ་བཞི་ཡ་ང་བའི་གཡང་ས་གསུམ་སོགས་སྡིག་སེམས་བག་ཆགས་ཀྱི་རང་གཟུགས་འཁྲུལ་སྣང་འཇིགས་སྐྲག་གི་ཉེར་འཚེ་བརྗོད་ཀྱིས་མི་ལངས་ཤིང་། ལས་ཀྱི་དབང་གིས་གླིང་བཞི་ལ་སོགས་པ་རིགས་དྲུག་གི་གནས་ཐམས་ཅད་བསྒྲོད་པས་ཤིན་ཏུ་ངལ་ཞིང་དུབ། ལས་ཀྱི་གཤིན་རྗེ་ལ་སོགས་པ་གཤེད་མས་གར་སོང་ལ་འདེད་དེ་གནོད་ཅིང་འཚེ། ཉོན་མོངས་པ་ལྔའི་རྩལ་གྱིས་རྒྱུད་ལྔའི་ལམ་གྱི་ཉེར་དུ་ཁྲིད། ཚེ་ཚད་ནི་ཞག་བདུན་ཡིན་ཞིང་དེ་ལ་སྐྱེ་སྲིད་ལེན་པར་མ་གྱུར་ན་ཅུང་ཟད་བརྒྱལ་བ་ལྟ་བུའི་འཆི་ཆུང་རེ་ལས་སླར་བར་དོར་སྐྱེས་ནས་ཞག་བདུན་གྱིས་སྐྱེ་སྲིད་འཛིན་ལ། དེར་ཡང་སྐྱེ་བའི་རྒྱུ་རྐྱེན་གྱི་ཚོགས་པ་མ་རྙེད་ན་སྔར་བཞིན་ལས་ཞག་ཞེ་དགུ་ཚུན་ལ་སྐྱེ་བ་ལེན། རླུང་ལྔ་རྒྱུ་ཞིང་དུག་ལྔ་འདུས་པའི་རྟེན་འབྲེལ་ལས། རྣམ་བྱང་འོད་ཀྱི་ལམ་ལྔ་དང་། རིགས་དྲུག་གི །མངལ་བཟང་ངན་དང་། སྐྱེ་གནས་བཞིའི་སྣང་བ་འཆར་ཏེ་སྐྱེ་སྲིད་ལ་འཇུག་པའི་ཚེ་བརྫུས་ཏེ་སྐྱེ་ན་གནས་ལ་སྲེད། དྲོད་གཤེར་ལས་སྐྱེ་ན་དྲི་དང་རོ་ལ་ཆགས། མངལ་དང་སྒོང་ལས་སྐྱེ་ན་ཕ་མ་ཉལ་པོ་བྱེད་པ་ལ་ཆགས། བྱེ་བྲག་ཏུ་ལྷར་སྐྱེ་ན་སྐྱེ་གནས་དེ་རིན་པོ་ཆེའི་གཞལ་མེད་ཁང་དུ་སྣང་ཞིང་ལྷའི་བུ་དང་བུ་མོ་མཐོང་ནས་སྲེད་པ་དང་། ལྷ་མ་ཡིན་ལ་ནགས་ཚལ་ཉམས་དགའ་དང་ལྷ་མིན་ཕོ་མོ། མི་ལས་ལུས་འཕགས་པོར་སྐྱེ་ན་རྟ་ཕོ་མོའི། དེས་བརྒྱན་པའི་མཚོ། འཛམ་བུའི་གླིང་དུ་མི་ཕོ་མོ། བ་ལང་སྤྱོད་ན་བ་ལ་ཕོ་མོས་བརྒྱན་པའི་མཚོའི་བ་ལང་། སྒྲ་མི་སྙན་ན་བྱ་ངང་པ་ཕོ་མོས་བརྒྱན་པའི་མཚོའི་ངང་པ་ཕོ་མོ། ངན་འགྲོར་སྐྱེ་ན་འཇིགས་པའི་འཁྲུལ་སྣང་ཅི་རིགས་ཤར་ཏེ་སྐྱབས་འཚོལ་བ་ལས། དུད་འགྲོ་ལ་ས་ཕུག་དང་བྲག་ཁུང་། ཡི་དྭགས་ལ་སྦྲ་དང་ཕྱར་ལྟིང་། དམྱལ་བ་ལ་ལྕགས་ཀྱི་ཁང་པ་སོགས་མཐོང་ནས་དེར་སྐྱབས་ཕྱིར་བྲོས་པས་སྐྱེ་བ་ལེན་ནོ། །འཆི་ཁ་གཞན་རྣམས་གོང་དང་འདྲ་ཞིང་། དག་པའི་ཞིང་དུ་འགྲོ་བའམ་རིག་འཛིན་ནམ་ཕ་མ་འདི་ལྟ་བུར་སྐྱེ་བ་ལེན་ཏེ་སངས་རྒྱས་ཐོབ་པར་ཤོག་ཅིག་སྙམ་པའི་སྨོན་ལམ་ཡང་ཡང་གདབ། དེ་ནས་བར་དོར་འཁྲུལ་སྣང་འཆར་བའི་ཚེ་ཡི་དམ་གྱི་ལྷའི་དཀྱིལ་འཁོར་དུ་ལྡང་ཞིང་འོད་གསལ་དུ་བསྡུས་ཏེ་མཉམ་པར་འཇོག་པ་དང་། སྐྱེ་གནས་མཐོང་ཞིང་ཆགས་སྡང་སྐྱེ་བའམ་སྐྱབས་ཚོལ་བའི་དུས། དེ་དག་བླ་མ་ཡབ་ཡུམ་མམ་ཡི་དམ་ཡབ་ཡུམ་གྱི་དཀྱིལ་འཁོར་དུ་བསྒོམ་ཏེ་དབང་ཞུ་བ་སོགས་དང་། འོ་སྔར་ཡང་འདི་ལྟར་བྱས་པས་འཁོར་བར་འཁྱམས། ད་ཡང་བྱས་ན་འཁོར་བར་འཁྱམས་པར་འགྱུར་སྙམ་བསམ་ལ་དགག་པར་བྱ་བདུན་ཕྲག་དང་པོ་ལ་ཁེག་ན་ཕྱི་མ་སླའོ། །དེ་ནས་མངོན་པར་དགའ་བ་ལ་སོགས་པའི་ཞིང་ཡིད་ལ་བྱས་ཏེ་དེར་བརྫུས་ཏེ་སྐྱེ་བའི་འཕེན་པ་དྲག་པོ་བཏང་ལ། འཕོ་བའི་མན་ངག་གིས་འཕོས་པས་སྒྱོགས་དང་འཁྲུལ་འཁོར་གྱི་ཚུལ་དུ་ཐེ་ཚོམ་མེད་པར་སྐྱེ་བར་གསུངས་སོ། །སྔགས་ལ་སྤྱོད་ཅིང་སེམས་ཅན་གྱི་དོན་བྱེད་པར་ནུས་པའི་གང་ཟག་ཏུ་སྐྱེ་བར་འདོད་ན་བར་དོའི་ཤེས་པ་ཧཱུྃ་དུ་བསྒྱུར་ཏེ་སྐར་མདའ་འཕང་བ་བཞིན། སྔར་སྨོན་ལམ་བཏབ་པའི་ཕ་མ་ཡི་དམ་ཡབ་ཡུམ་དུ་མོས་པའི་ཁ་ནས་ཞུགས་པར་བསམ་པས་ངེས་པར་སྐྱེ་བ་ལེན་ཅིང་རྟེན་དེ་ལ་ཟབ་མོའི་ཆོས་འདི་ཉིད་དང་འཕྲད་དེ་ཉམས་སུ་བླངས་ནས་འབྲས་བུ་ཐོབ་པར་འགྱུར་རོ། །འདི་ནི་བསམ་བཞིན་སྐྱེ་བ་ལེན་ནས་འབྲས་བུ་ཐོབ་པ་སྤྲུལ་པའི་སྐུར་སངས་རྒྱས་པ་ཞེས་བྱའོ།། རྩ་བའི་ལྔ་པ་གཅིག་ཅར་བས་བྱ་སྤྱོད་ཐམས་ཅད་ཚོགས་སུ་བསྒྱུར་བ་ལ། ལམ་སྤྱིའི་གེགས་སེལ། བྱ་སྤྱོད་ཚོགས་སུ་བསྒྱུར་བ་གཉིས་ལས་དང་པོ་ནི། གདམས་པ་སྤྱི་ལ་གེགས་བསལ་བདུད་ངོས་བཟུངས། ཞེས་པ་གེགས་ནི་ལུས་གནད་བཅའ་བ་མ་ལེགས་པ་དང་། རླུང་བཟུང་མ་ལེགས་པ་དང་། དམིགས་པ་འཛིན་མ་ལེགས་པས་འབྱུང་བ་ཕལ་ཆེ་བས་ཇི་སྐད་བཤད་པའི་གདམས་པ་ཐོས་ལོ་ཙམ་དུ་མི་འཇོག་པར། ཚིག་དང་དོན་ལག་ལེན་ལ་ནན་ཏན་དུ་ཞུ་ཏིག་བྱས་ནས་བསྒོམ་པའི་གནད་ཐམས་ཅད་ཉམས་འོག་ཏུ་ཆུད་པ་ཞིག་དགོས་སོ། །གཞན་ཡང་གེགས་ཀྱི་གཙོ་བོ་དུག་གསུམ་གྱི་དབང་དུ་མི་བཏང་བར་ཉམས་ལེན་གྱི་གོ་ཆ་བགོ་སྟེ། གཏུམ་མོ་སྡུག་བསྔལ་གྱི་དུས་ནི། ལུས་དང་རྩ་མ་བྱང་བས་ན་ཚ་ཟུག་གཟེར་འབྱུང་ལ་ལུས་སྟོབས་འཆོར་ལ་ནད་རོ་ཡོད་ན་ལྡང་། རླུང་མ་བྱང་བས་དུས་སུ་མི་ཁེག་ཐང་ཆད་ཅིང་ངལ། ཐིག་ལེ་གནས་སུ་མི་བསྐྱོད་པས་སེམས་མི་གསལ། དམིགས་པ་མ་ཟིན་པས་སེམས་འཚུབས་པ་སོགས་ལུས་སེམས་སྡུག་བསྔལ་གྱིས་མནར་བས་ཉམས་ལེན་མི་ནུས་པ་ཙམ་དུ་འབྱུང་། དེའི་དུས་འཁོར་བའི་སྡུག་བསྔལ་བསམ་ལ་སྐྱོ་ཤས་དང་། ཐར་པ་ཟུང་འཇུག་རྡོ་རྗེའི་སྐུ་བསྒྲུབ་པ་ལ་དཀའ་སྤྱད་དང་སྙིང་རུས་དགོས་པའི་དཔའ་གདེངས་བསྐྱེད། རྒྱ་བོད་གྲུབ་ཐོབ་ཀྱི་རྣམ་ཐར་བསམ་ལ་འབད་པ་ཆེན་པོ་བྱ། འདོད་ཆགས་ཀྱི་དུས་ནི། དེ་ནས་རྩ་རླུང་བྱང་བས་ལུས་འབོལ། དམར་ཆ་འཕེལ་བས་དྲོད་འབར་ཞིང་། དཀར་ཆ་འཕེལ་བས་ཆགས་པ་དྲག་པོ་སྐྱེ། དངོས་ཉམས་རྨི་ལམ་དུ་བྱང་སེམས་ཟག་པ་འབྱུང་བས། དེའི་དུས་འདྲེན་བཀྲམ་གྱི་འཁྲུལ་འཁོར་ལ་འབད་ཅིང་འདོད་ཆགས་ཀྱི་ངོ་བོར་བལྟས་ཏེ་ཞེན་པ་བཟློག་གོ །ཡོན་ཏན་གྱི་དུས་ནི། རྩ་རླུང་ཐིག་ལེ་ལས་སུ་རུང་བས། བདེ་གསལ་མི་རྟོགས་པའི་ཉམས་མྱོང་བཟང་པོ་དང་། རྟགས་མང་པོ་འཆར་བས་སྤྲོ་བ་སྐྱེ། དེའི་དུས་ཉམས་མྱོང་ལ་ཞེན་པ་དང་གཞན་ལ་བཤད་པ་སོགས་མི་བྱ་བར་རྟགས་རྣམས་འཇའ་ཚོན་དང་འདྲ་བར་བསམ། བླ་མའི་གདམས་པ་ལ་ཡིད་མ་ཆེས་ན་དངོས་གྲུབ་མི་འབྱུང་ཏེ་ཐེ་ཚོམ་གྱི་བདུད། བཙོན་འགྲུས་ཀྱིས་གནད་དུ་མ་བསྣུན་ནས་སོས་དལ་ལ་ལུས་ན་ཡོན་ཏན་མི་སྐྱེ་བས་ཕྱི་བཤོལ་གྱི་བདུད། ང་རྒྱལ་དང་ཁེངས་སེམས་སྐྱེ་ཞིང་གཞན་སྐྱོན་མང་པོ་མཐོང་བ་དང་ཞེ་སྡང་བ་སོགས་སྣང་བ་དགྲར་ལང་གི་བདུད། སྙན་གྲགས་དང་ལོངས་སྤྱོད་ལ་ཡིད་ཆགས་པ་སོགས་ཞེན་པའི་བདུད་དེ། དེ་ལ་སོགས་པའི་གེགས་དང་བདུད་ཐམས་ཅད་ངོས་བཟུང་ལ་སྤངས་ནས་བསྒྲུབ་པའི་རྒྱལ་མཚན་འཛུགས་པར་བྱའོ། །རྩ་བ་དྲུག་ལ་ཡན་ལག་སོ་དགུ་ཡི། །རྡོ་རྗེའི་ལུས་ཀྱི་འཁྲུལ་འཁོར་གནད་དུ་བསྣུན། །ཞེས་གསུངས་པ་ནི་གོ་བར་ཟད་དོ། །གཉིས་པ་བྱ་སྤྱོད་ཚོགས་སུ་བསྒྱུར་བ་ནི། བྱ་སྤྱོད་ཐམས་ཅད་ཚོགས་སུ་བསྒྱུར་བར་བྱ། ཞེས་པ། བོག་འབྱིན་ཞིང་འབྲས་བུ་མྱུར་དུ་ཐོབ་པའི་ཕྱིར་རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་བྱ་བར་བསྟན་པ་ཡིན་པས། དེའང་སྤྲོས་མེད་ཀུན་འདར། ཆ་མཉམ་ཀུན་བཟང་། སྤྲོས་བཅས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སྟེ། དེ་དག་གི་ངོ་བོ། དགོས་པ། ཇི་ལྟར་སྤྱོད་ཚུལ་རྣམས་གཞན་དུ་ཤེས་པར་བྱའོ། །རྩ་བའི་དྲུག་པ་མཐར་ཐུག་གི་འབྲས་བུ་མཆོག་གི་དངོས་གྲུབ་བཤད་པ་ནི། གོ་རིམ་ཇི་བཞིན་ཉམས་སུ་བླང་གྱུར་ན། ཞེས་པ་ནས། ཐོབ་པར་འགྱུར། ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་དབང་བཞིའི་ལམ་གྱི་རིམ་པ་གོ་རིམ་ཇི་བཞིན་དུ་ཉམས་སུ་བླངས་ན། དྭངས་མ་ཡས་བྱོན་གྱི་དགའ་བ་མཐར་སོན་ཞིང་། མས་ནས་གྱེན་དུ་འགྱུར་བ་མེད་པར་བརྟན་པས་འཁོར་ལོ་ལྔའི་རྩ་མདུད་རྣམས་རིམ་པར་གྲོལ་ནས་རྩ་ཐམས་ཅད་དབུ་མ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རྒྱུ་བ་ཡེ་ཤེས་ཀྱི་རླུང་། ཉོན་མོངས་པ་རྣམ་པར་ཤེས་པའི་ཐིག་ལེ་མི་ཤིགས་པའི་ཐིག་ལེ་ལ་ཐིམ། ནང་ལུས་གནས་སུ་གནས་པའི་པུལླི་ར་མ་ལ་སོགས་པའི་གནས་དང་ཉེ་གནས། ཞིང་དང་ཉེ་ཞིང་། ཚན་རྡོ་དང་ཉེ་བའི་ཚན་རྡོ། འདུ་བ་དང་ཉེ་བའི་འདུ་བ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། དེ་རྣམས་ཀྱི་རླུང་དང་ཐིག་ལེ་ཐམས་ཅད་དབུ་མར་ཐིམ་པ་ལ་སོགས་པས་ས་ལམ་ཐམས་ཅད་རིམ་གྱིས་བསྒྲོད་ནས་སྤྲུལ་སྐུ་དང་ལོངས་སྐུ་ལ་སོགས་པའི་ཞལ་མཐོང་ཞིང་། མངོན་པར་ཤེས་པ་དང་། ཡོན་ཏན་བརྒྱ་དང་རབ་བཀྲམ་བརྗོད་དུ་མེད་པ་མངོན་དུ་ཐོབ་པ་དང་། བྱང་སེམས་དཀར་པོ་མས་བརྟན་པས་སྦ་བ་སྦུབས་སུ་ནུས་པ་དང་། དམར་པོ་ཡས་བརྟན་པས་གཙུག་ཏོར་བལྟར་མི་མངོན་པ་དང་། བྱང་སེམས་ལུས་ཀྱི་གནས་སོ་སོར་བརྟན་པས་མཚན་དང་དཔེ་བྱད་ལྡན་པ་དང་། ས་ཁམས་རང་སར་དག་པས་སྟོབས་མཐའ་ཡས་པ། ཆུ་ཁམས་རྣམ་པར་དག་པས་སྐྱོན་ནམ་ཡང་མེད་པ། མེ་ཁམས་དག་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་འོད་ལྔས་ཁྱབ་པ། རླུང་ཁམས་དག་པས་རྫུ་འཕྲུལ་ཡིད་ལྟར་མགྱོགས་པ། ནམ་མཁའི་ཁམས་དག་པས་གར་ཡང་ཕྱིན་པ། ཉི་མ་དག་པས་སྤྲུལ་པ་སྣ་ཚོགས་སྟོན་པ། ཟླ་བ་དག་པས་བདེ་བ་ཆེན་པོས་ཐུགས་རྒྱུད་གང་བ། རྣམ་ཤེས་དག་པས་བདེ་སྟོང་གི་ཡེ་ཤེས་ལས་མ་གཡོས་ཤིང་། དུས་གསུམ་དུ་ཆགས་ཐོགས་མེད་པའི་ཡེ་ཤེས་འཇུག་པ་སྟེ་ཡོན་ཏན་བརྒྱད་དང་། སྐུ་དཔག་ཏུ་མེད་པ་གཅིག་ཆར་སྟོན་པ། སེམས་ཅན་ཐམས་ཅད་ཀྱི་སྐད་དུ་ཆོས་གཅིག་ཆར་སྟོན་པ། རྟོག་པ་མེད་བཞིན་དུ་ཤེས་བྱ་ཐམས་ཅད་མཁྱེན་པ་ལྷུན་གྱིས་གྲུབ་པའི་རྫུ་འཕྲུལ་མཐའ་ཡས་པ་སྟོན་པ། ཡུལ་དུས་གནས་སྐབས་ཐམས་ཅད་དུ་ཁྱབ་པ། སྟོབས་སོགས་ཡོན་ཏན་གྱི་གནས་སུ་གྱུར་པ། བཞེད་པ་ཙམ་གྱི་དོན་ཐམས་ཅད་འགྲུབ་པ། གདུལ་བྱ་མུ་མེད་པ་རྣམས་ལ་བྱང་ཆུབ་གསུམ་པོ་རྒྱུད་ལ་སྐྱེ་བར་མཛད་པ་སྟེ། དབང་ཕྱུག་བརྒྱད་དང་ལྡན་པ། མི་གནས་པའི་མྱ་ངན་ལས་འདས་པ་མ་ནིང་གི་གོ་འཕང་རིག་མའི་སྐྱེས་བུ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཁ་སྦྱོར་གྱི་ཡན་ལག་བདུན་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་ཐོབ་པར་འགྱུར་རོ། །སླར་སྨྲས་པ། འོག་མིན་སྟོན་པ་རྡོ་རྗེ་འཆང་ཆེན་དེ། །རྡོ་རྗེ་རྣལ་འབྱོར་མ་ལ་རྗེས་གདམས་ཤིང་། །གྲུབ་བརྙེས་བྱེ་བའི་གཤེགས་ཤུལ་ཟབ་མོ་འདིར། །སྙན་རྒྱུད་ཡིད་བཞིན་ནོར་བུ་ཞེས་སུ་གྲགས། །བརྒྱུད་ལྡན་གྲུབ་ལྡན་ཞལ་ལས་ལེགས་འོང་བའི། ཁུང་ལྡན་ཟབ་ལྡན་ལག་ལེན་དམར་ཁྲིད་བཅུད། །ཚུལ་ལྡན་ལུང་ལྡན་རིགས་པས་དྲངས་པ་འདི། །དཔྱོད་ལྡན་སྐལ་ལྡན་རྣམས་ཀྱི་ཐར་བདེའི་གསོས། །སྐལ་དམན་རྣམས་ཀྱིས་འདི་འདྲ་ཁྱད་གསོད་མོད། །བློ་ཆེན་ཟབ་མོར་མོས་པས་དེ་ལྟ་མིན། །བླུན་རྨོངས་རྡོ་རྗེའི་སྣ་ཅན་བྱེད་པའི་ལས། །མི་མཆོག་བློ་ལྡན་རྣམས་ཀྱི་ག་ལ་ཞིག །འཁྱོགས་ཁྲིད་ཨེརཎྜྻ་ཡི་སྟོང་བུ་ཕལ། །སྙིང་པོས་མཛེས་ཞེས་ཁྱོད་གྱིས་བརྗོད་འདོད་ཀྱང་། རང་ཉིད་བསླུ་བའི་ཆོས་ཚུལ་ཀ་ཤིའི་འདབ། རྒྱན་དུ་མཛེས་མིན་བརྗོད་ལས་ཐབས་གཞན་ཅི། འདི་ནི་བཟང་འགྲོར་འགྲོ་བ་རྣམས་ཀྱི་བསྒྲོད་གཅིག་ལམ་དང་ལྟ་ལྡན་མཚོ་ལས་སྒྲོལ་བའི་གྲུ་ཆེན་ཡིན། །ལས་དང་ཉོན་མོངས་ཚ་གདུང་བསིལ་བྱེད་ཐུགས་རྗེའི་ཆར་དང་འཛག་བདེའི་འཕྲང་ལས་སྒྲོལ་བའི་སྐྱབས་ཀྱི་མཆོག །རྣམ་གྲོལ་ཡིད་བཞིན་ནོར་བུ་ལེན་པའི་དེད་དཔོན་དང་ནི་སེམས་ཉིད་རང་ཞལ་སྟོན་པའི་མེ་ལོང་སྟེ། །ཟབ་ལམ་ཀུན་གྱི་སྙིང་པོ་འདི་ལ་དད་པས་འཇུག་པའི་ཐར་འདོད་རྣམས་ནི་མཆོག་གི་སྐལ་ལྡན་ནོ། །འདི་ལ་མ་རྟོགས་ལོག་པར་རྟོགས་དང་སོམ་ཉིའི་དབང་གྱིས་མ་བཤད་པ་དང་ལོག་པར་བཤད་པ་དང་། །འགལ་ཟློས་འཁྲུགས་དང་སྡེབ་སྦྱོར་དམན་དང་ཌཱ་ཀིའི་གསང་གཏམ་གོ་སླ་ཉིད་དུ་བཤད་པ་ལ་སོགས་པའི། །ཉེས་པ་གང་དེ་བླ་མ་ལྷ་དང་མཁའ་འགྲོར་བཅས་ལ་སྔོན་བསགས་དཀར་མིན་སྡིག་དང་ལྷན་ཅིག་བཤགས། །བཟོད་པར་བཞེས་ལ་ཚངས་པར་རྩལ་ནས་ཐུན་མོང་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བཟང་སྦྱིན་པར་མཛོད། །འདིར་འབད་ལས་བྱུང་དགེ་བའི་མཐུ་ནི་ཇི་སྙེད་མཆིས་དེས་འགྲོ་ཀུན་འདིར་ཞུགས་རྩ་རླུང་ཐིག་གསུམ་དག །གནས་སྐབས་བཞི་ཡི་སྒྲིབ་ལས་གྲོལ་ནས་སྐུ་གསུམ་སྐུ་བཞིའི་རང་བཞིན་རྡོ་རྗེ་འཆང་དབང་ཐོབ་པ་དང་། །བདག་ཀྱང་ཚེ་རབས་ཀུན་ཏུ་འདི་སོགས་ཐེག་མཆོག་ཟབ་མོའི་ལམ་དང་མི་འབྲལ་རྟོགས་ཤིང་ཆོས་ཆར་འབེབས། །དབུགས་འགགས་ཁུ་རྡུལ་བརྟན་ཅིང་ཟླ་ཉི་སྒྲ་གཅན་སྒྲིབ་བྲལ་ཨེ་ཝཾ་ཟུང་འཇུག་སྐུ་གཉིས་མྱུར་ཐོབ་ཤོག །ཟླ་ཉིའི་བསྒྲོད་པ་རྡུ་ཏིར་རབ་ཐིམ་འཕོ་བའི་སྒྲིབ་བྲལ་ཡེ་ཤེས་ཀྱི། །སྐུ་མཆོག་འགྱུར་མེད་འཆར་ཀའི་མདངས་འཛིན་དྲན་པས་དངོས་གྲུབ་མཆོག་སྟེར་ཞིང་། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་ཞབས་མཐིལ་རྟག་ཏུ་ལེགས་མཆོད་པ། །ཕན་བདེའི་དཔལ་སྦྱིན་རྣལ་འབྱོར་མ་ཡིས་དགེ་ལེགས་ཤིས་པའི་དཔལ་རྩོལ་ཅིག །ཇི་ལྟར་ན། སྙན་རྒྱུད་ཀྱི་ཆོས་སྐོར་འདིར་གསལ་བྱེད་ཀྱི་ཡིག་ཆ་དུ་མ་ཞིག་བྲི་བསམ་པ་སྔར་ན་ཚོད་གཞོན་པའི་དུས་ནས་ཡོད་ཀྱང་། མཐུན་རྐྱེན་མ་འཛོམས་པ་དང་། ལེ་ལོ་སྙོམས་ལས་ཀྱིས་རིམ་ལུས་སུ་གྱུར། ད་ནི་ན་ཚོད་མཐོ་བས་ཡིད་དབང་མི་གསལ་ཞིང་། མིག་དབང་ལྡོང་པས་འབྲི་གཞིའི་དཔེ་ཚོལ་ལྟ་དཀའ་བ་དང་། ལྷག་པར་ཀླ་ཀློས་བསྟན་ཞབས་སྡུད་པའི་དུས་ལ་བབས་པས་ཕན་ཐོག་མི་ཡོང་བ་བཅས་ཀྱིས་བྲི་འདུན་མེད་མོད། སྔར་སྐྱབས་རྗེ་མདོ་ཁམས་པ་ཆེན་པོ་༧བསྐལ་བཟང་དོན་རྒྱུད་ཉི་མས་སྙན་རྒྱུད་ཀྱི་ཁྲིད་ཡིག་ཞིག་བྲིས་ཞེས་བཀའ་རྩལ་ནོར་བུའི་ཅོད་པན་གཙུག་ཏུ་བཅིང་པ་དང་། ཕྱིས་འདིར་སྒྲུབ་སྡེ་གསང་ཆེན་མཐོང་གྲོལ་མཁའ་སྤྱོད་བདེ་ཆེན་གླིང་གི །རྟོགས་ལྡན་ཆོས་ཀྱི་བློ་གྲོས་དང་ངག་དབང་རྒྱ་མཚོ་ཟུང་ནས་འབད་རྩོལ་ཆེན་པོས་བསྐུལ་བའི་རྒྱུ་རྐྱེན་ལ་བརྟེན། བགྲང་ཡས་རིགས་ཀྱི་ཁྱབ་བདག སུམ་ལྡན་རྡོ་རྗེའི་སློབ་དཔོན། གཏེར་འབྱིན་གྲུབ་པའི་དབང་པོ། ཡེ་ཤེས་ཌཱ་ཀི་ནི་རྣམས་ཀྱི་སྙིང་དུ་སྡུག་པ། དམིགས་པ་མེད་པའི་ཐུགས་རྗེའི་བདག་ཉིད། རྗེ་བཙུན་བླ་མ་དམ་པ་མདོ་ཁམས་དྲུག་པ་ཆེན་པོ། ངག་དབང་མི་ཕམ་བསྟན་པའི་ཉི་མ་པདྨ་དགྱེས་པ་ཡེ་ཤེས་རོལ་པ་རྩལ་གྱི་ཞལ་སྔ་ནས་ཆོས་ཚུལ་འདིའི་སྨིན་གྲོལ་རྣམས་ལེགས་པར་ཐོབ་པའི་སྐལ་བ་བཟང་པོ་ཅན། ཀུ་སཱ་ལི་རྒན་པོ་བསོད་ནམས་ཡེ་ཤེས་བསྟན་འཛིན་ཉི་མ་ཕྲིན་ལས་འོད་ཟེར་ཀུན་ཁྱབ་དཔལ་བཟང་པོའམ། ལྷན་སྐྱེས་བདེ་ཆེན་ཡེ་ཤེས་རྡོ་རྗེའི་ངག་ནས་སྨྲས་པ། བསྐུལ་བ་པོ་ཆོས་ཀྱི་བློ་གྲོས་ཀྱིས་ཡི་གེ་པ་བགྱིས་ཏེ། རབ་རྒྱལ་ས་ཕག་ནག་པ་ཟླ་བའི་ཚེས་ ༡༡ ཉིན་དབུ་བཟུང་ནས་ཉེར་གཉིས་ལ་གྲུབ་པར་གསང་ཆེན་ཆོས་འབྱུང་ཕུག་ཏུ་བཀོད་པ་སྟེ། ལམ་འདི་ལས་སྐལ་བ་དང་ལྡན་པ་རྣམས་ཟུང་འཇུག་གི་གོ་འཕང་དུ་བསྒྲོད་པའི་རྒྱུར་གྱུར་ཅིག། །།དགེ་ལེགས་འཕེལ།།


previousན་རྒྱུད་ཡིད་བཞིན་ནོར་བུའི་ཁྲིད་ཡིག་རྡོ་རྗེ་འཆང་གི་དགོངས་པ་གསལ་བར་བྱེད་པ་ཟུང་འཇུག་མཆོག་གི་གསེང་ལམ།next