Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྙན་རྒྱུད་ལས་མཁའ་འགྲོའི་གསང་སྒྲོག་བདེ་བ་ཆེན་པོའི་ཁྲིད་ཡིག
   
   
   


 
previousསྙན་རྒྱུད་ལས་མཁའ་འགྲོའི་གསང་སྒྲོག་བདེ་བ་ཆེན་པོའི་ཁྲིད་ཡིགnext

སྙན་རྒྱུད་ལས་མཁའ་འགྲོའི་གསང་སྒྲོག་བདེ་བ་ཆེན་པོའི་ཁྲིད་ཡིག

སྙན་རྒྱུད་ལས་མཁའ་འགྲོའི་གསང་སྒྲོག་བདེ་བ་ཆེན་པོའི་ཁྲིད་ཡིག་བཞུགས། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བ་མཁའ་འགྲོའི་གསང་སྒྲོག་བདེ་བ་ཆེན་པོ་ལ། བསྟེན་བྱ་ཕྱག་རྒྱའི་རྣམ་དབྱེ། བསྟེན་ཚུལ་མཁའ་འགྲོའི་གསང་སྒྲོག བསྟེན་འབྲས་བདེ་ཆེན་གྱི་འཆར་རིམ་བཤད་པ་གསུམ་ལས། དང་པོ་ནི། རྣལ་འབྱོར་པ་རབ་ཀྱིས་རྡོ་རྗེ་སེམས་དཔའི་བུད་མེད་བསྟེན། འབྲིང་གིས་ཡིད་ཀྱི་རིག་མ། མཐའ་མས་ལས་ཀྱི་ཕྱག་རྒྱ་བསྟེན་པའི་ཚུལ་གསུམ། དང་པོ་ནི། རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་ཉིད་དམིགས་བཅས་དེ་ཁ་ཕྱག་རྒྱ་ཆེན་མོ་ཡིན་པས་དང་། དེ་ཁ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་ཡང་བཤད་པས་རྡོ་རྗེ་སེམས་དཔའི་བུད་མེད་དོ། །གཉིས་པ་དཀྱིལ་འཁྱོར་གྱི་འཁོར་ལོ་གོམས་པའི་ཚེ། རེག་མཐོང་གི་མཚན་མ་རྙེད། བཅོམ་ལྡན་འདས་ལ་འཁྱུད་པའི་རྡོ་རྗེ་ཕག་མོ་ཇི་ལྟར་བསྒོམས་པ་ལྟར་གསལ་བར་སྣང་བ་དེ་ཁ་ཡེ་ཤེས་ཀྱི་རིག་མའོ། །གསུམ་པ། མཁའ་འགྲོའི་གསང་སྒྲོག་བདེ་བ་ཆེན་པོ་ནི། །བཅུ་གཅིག་ཉེར་ལྔའི་བར་གྱི་རིག་མ་གང་། །ཞེས་ལོ་ཚད་ནི་དམར་ཆ་ལེན་པའི་དབང་དུ་མཛད་སྦྱང་བ་ལ་ངེས་པ་མེད་དོ། །པདྨ་རི་དྭགས་དུང་ཅན་ལ་སོགས་པ། །སོགས་སྒྲས་གླང་པོ་ཅན། གཞན་ཡང་རིགས་མཐའ་ཡས་པས་དེ་དག་གོ །པདྨ་ཅན་བཞིན་ལེགས་ལ་ཟླུམ། རྐང་པའི་རྒྱབ་རུ་སྦལ་འདྲ་མཐིལ་མཉམ། ནུ་འབུར་ཏ་ལའི་འབྲས་བུ་ལྟ་བུ། བྲང་མཛེས། པདྨའི་དྲི་དང་ལྡན་ཞིང་སྐད་སྙན་སྤྱོད་ལམ་དལ་བ། །སྐྱེ་གནས་པདྨ་ལྟ་བུའི་སྟེང་ན་ནང་ཤིན་ཏུ་དོག་པར་འབྱུང་བའི་མཚན་མར་སྟེང་ནས་གཉེར་མ་གསུམ་ཡོད་པའོ། །གླང་ཆེན་མ་ཆང་གི་དྲི་ཅན་བྱིན་པ་དང་ལུས་སྦོམ། སྣ་ཡོ། སྤུ་འཁྱིལ། སྟོབས་ཆེ། འདོད་པས་མྱོས་ཤིང་སྲེད་པ་ཆེ་བའོ། །དུང་ཅན་མ་སྐྲ་དང་སྣ་རྒྱུད་རིང་བ། ལུས་རན། ནུ་མ་ན་རངྐའི་འབྲས་བུ་ལྟ་བུ། ལྕེ་བ་གླང་། སྐད་བྱ་རོག་འདྲ་བ། བོང་བུའི་དྲི་ཅན། དཔའ་མོའི་སྟོན་མོ་ལ་དགའ་བའོ། །སྣ་ཚོགས་ཅན་མ་ལུས་ཆུང་། བྲང་མཛེས། ནུ་མ་དཔལ་འབྲས་ཀྱི་རྣམ་པ་ཅན། མཆུ་འཕྱང་དཔུང་པ་རྒྱས་ཤའི་དྲི། ངོ་ཚ་ཆུང་ཞིང་ཁྲོ་སྐྱེན། སྙན་དངགས་འདོན་པ། གཙང་སྦྲ་ཆེ་བར་སྡོམ་འབྱུང་ལས་གསུངས། ནང་ཉེར་གནས་ཀྱིས་ཕྱེ་བ། རྩ་འཇམ་པ་དང་། རྩུབ་པ་དང་། འཛེར་པ་ཅན་དང་། མཁྲང་པར་རྡོ་རྗེ་མཁའ་འགྲོ་ལས་བཤད། དེ་དག་རིམ་པར་བྷ་གས་རྡོ་རྗེ་འཇིབ་པ་དང་། རྩ་རྡོ་རྗེ་ལ་ཐུག་པ་དང་། བཏང་ཡང་ཁུ་བ་མི་འཆོར་བ་དང་། བདེ་བ་ཆེ་ཞིང་རྟགས་སྦོམ་པར་འགྱུར་བ། །བུ་མོ་དེ་དག་ཁུ་བ་འཆིང་བ་ལ་མཆོག་ཏུ་གྱུར་པའོ། །རྡོ་རྗེ་མཁའ་འགྲོ་ལས། སྤུ་མེད་པ་དང་ཤ་ཆེ་བ་དང་། རུ་སྦལ་གྱི་རྒྱབ་ལྟར་མཐོ་བ་དང་། གླང་པོ་ཆེའི་ཟེ་བ་ལྟར་མཁྲང་བ་དང་། སྐྱེ་གནས་ཡངས་པ་དང་། ཁྲག་དང་ཁུ་བ་རྟག་ཏུ་འཛག་པ་སྟེ་དྲུག་པོ་དེ་ནི་སྐལ་བཟང་མ་སྟེ་སུ་བྷ་ག་ཡིན་པས་དེ་དག་གིས་སྒྲུབ་པ་པོ་ལ་མཆོག་སྟེར་བ་ཡིན་ནོ། །ཞེས་སོ། །དབང་པོ་རབ་ཕྱག་རྒྱ་མ་དེ་ལ་བརྟེན་དགོས་པའང་ཡོད་དེ་དབང་གསུམ་པ་ཞུ་བ་དང་དངོས་གྲུབ་ཆེན་པོའི་ཉེ་རྒྱུར་ངེས་པར་དགོས་པ་ཡོད་པའི་ཕྱིར་རོ། །དེ་ལ་ནི་ཕྱག་རྒྱ་དེ་ཉིད་ནི་ལས་རྒྱ། རྡོ་རྗེ་ཕག་མོར་ལྟ་བུ་ཡེ་རྒྱ། དེ་སྒྱུ་མ་ཙམ་གྱི་ལྷར་མཐོང་བས་ཕྱག་རྒྱ་ཆེན་མོ། དེས་ན་གཅིག་གསུམ་ཀ་དང་ལྡན་པར་འགྲོ་བ་ཡིན་ནོ། །འདི་ནི་རས་ཆུང་ཞབས་ཀྱི་འོག་སྒོའི་ཐོ་ཡིག་ཏུ། གསུམ་ལས་བྱུང་ཞེས་གསུངས། གཉིས་པ་བསྟེན་ཚུལ་མཁའ་འགྲོའི་གསང་སྒྲོག་ལ། རབ་རང་རིག་གི་གནད་ཀྱིས་བདེ་སྟོང་སྦྱོར་བ། འབྲིང་རྩལ་སྦྱོང་གི་གནད་ཀྱིས་བདེ་སྟོང་སྦྱོར་བ། མཐའ་མ་བཙན་ཐབས་ཀྱི་གནད་ཀྱིས་བདེ་སྟོང་སྦྱོར་བ་གསུམ་ལས། དང་པོ་ནི། རྗེ་རས་ཆུང་པས་གསུམ་དང་འདྲེས། ཡོན་ཏན་རྫོགས་ཤིང་མངོན་ཤེས་འཆར། །ཞེས་པའི་དོན་ལ་གཉིས་ལས། སྔ་མ་དམིགས་པ་དང་བཅས་པའི་ཤེས་རབ་མ་དེའི་ཆོས་འབྱུང་དུ། རང་མྱོང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྟགས་བཅུག་ནས་གཉིས་མེད་པར་གཅིག་ཏུ་སྦྱོར་རོ། །འདིས་ནི། ཁམས་གསུམ་གང་བའི་བུ་མོ་ལ་འཁྲིག་པ་སྤྱད་ཀྱང་དེས་འདོད་ཆགས་ཀྱི་ངོ་བོ་ཉིད་ཡོང་སུ་ཤེས་པ་ཡིན་པས་ཆགས་པས་ཆགས་པ་སྦྱོང་བའོ། །དེས་དེ་དུས་ཀྱི་བདེ་བ་དབང་པོ་གཉིས་སྦྱོར་གྱི་བདེ་བར་མ་ལུས་པར་འཁོར་བའི་བདེ་བ་བྱེ་བ་སྙེད་ཀྱིས་མཚོན་དུ་མེད་པའི་ཡེ་ཤེས་སུ་འཆར་རོ། །དེས་ན་ཟག་མེད་རོལ་ཞེས་གསུངས་སོ། །གཉིས་པ་འབྲིང་རྩལ་སྦྱོང་གི་གནད་ཀྱིས་བདེ་སྟོང་སྦྱོར་བ་ནི། རང་སྣང་གི་ཡུམ་དེའི་བྷ་གར་ལིངྒ་བཀོད་དེ་སྲུབ་པ་དང་སྲུབ་པའི་རྗེས་སུ་ཆགས་པས་གཏུམ་མོ་སྦར། འཁོར་ལོ་བཞི་བསྲེགས་མེ་ལྕེ་སྤྱི་བོའི་ཧཾ་ལ་རེག དེ་དང་ལུས་ཐམས་ཅད་ཁྱབ་པའི་ཞུ་བའི་ཐིག་ལེ་ཁ་བའི་མདངས་ལྟ་བུ་ཨ་བ་དྷཱུ་ཏཱི་ནས་མར་ན་ར་ར་བྱུང་ནས་རྡོ་རྗེ་ལྟེམ་གྱིས་གང་ཟག་བཅས་ཀྱི་བདེ་བ་མི་བཟོད་པ་སྐྱེས། དེ་རང་མྱོང་གི་གནད་ཀྱིས་བཟུང་ནས་བྱེད་ཆིངས་ཀྱི་གནད་ཀྱིས་རླུང་སེམས་སྣ་རྩེར་འཕངས། དེར་རྩེ་གཅིག་ཏུ་བཞག་པས་བདེ་བ་དེ་ཁ་ཁམས་གསུམ་པའི་གཟུགས་བརྙན་ཐམས་ཅད་པར་འཆར་བ་ནི་འདིའི་བདེ་སྟོང་སྦྱོར་བའི་ཚུལ་ལོ། །བདེ་བ་བསྐུལ་བར་དཀའ་ན་དེ་དུས་ལག་པ་གཡོན་པའི་རྒན་པོ་དང་སྲིན་ཞབས་མིག་ཏུ་བྱས་པས་རང་གི་རྡོ་རྗེ་གསོར་བར་བྱའོ། །དེ་ལས་ཁམས་བབས་ན་གཟུང་བ་དང་འཛིན་པ་སོགས་འཆད་པར་འགྱུར་བ་བཞིན་འདྲེན་འགྲེམས་གཏུམ་མོ་བཞིན་བྱའོ། །དེ་ནི་ཟག་བཅས་རོལ་ཞེས་པའི་དོན་ནོ། །གསུམ་པ་བཙན་ཐབས་ཀྱི་གནད་ཀྱིས་བདེ་སྟོང་སྦྱོར་བ་ལ། བདེ་འཚོལ་སྐྱེ་མེད་ཀྱི་སྒྲོན་མེ་གཏམས་པ། སྦྱོར་ཆོས་ཀྱིས་རྩ་མདུད་འགྲོལ་བ། དགའ་བཞིའི་དཔེ་དོན་ལ་རྩལ་སྦྱོང་བ་གསུམ་ལས། དང་པོ་ནི། ཕྱག་རྒྱ་མཚན་ལྡན་རྡོ་རྗེ་རྣལ་འབྱོར་མ། །སྐལ་ལྡན་སྐྱེས་བུ་ཧེ་རུ་ཀ་རུ་བལྟ། །གཉིས་མེད་འཁྲིལ་སྦྱོར། ཕྱག་རྒྱ་རྙེད་ནས་དགེ་བསྙེན་སྦྱིན། དེ་ནས་ཐེག་ཆེན་དུ་སེམས་བསྐྱེད་དུ་བཅུག དེ་ནས་ཡབ་བཀའ་འམ་ཡུམ་བཀས་དབང་བསྐུར་བས་རྒྱུད་སྨིན་པ་ནི་བྱིན་གྱིས་བརླབ་པ་མཉམ་པ་ཞེས་བྱ། དེ་ནས་ཡུམ་གྱི་རྣལ་འབྱོར་བསྒོམ་དུ་བཅུག་པ་ལུས་མཉམ་པ་དང་། བསྙེན་པ་བྱེད་འཇུག་པ་ངག་མཉམ་པ་དང་། རྫོགས་པའི་རིམ་པས་སེམས་མཉམ་པར་བསྒྲུབ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་ཧེ་རུ་ཀ་ཐོབ་པར་བྱ། དེའི་ཆེད་དུ་འོག་སྒོ་བདེ་ཆེན་གྱི་ལམ་ལ་བསླབ་པར་བྱའོ། །སྙམ་པ་ནི་འདོད་པ་མཉམ་པའོ། །ཚུལ་དེ་ལྟར་མ་སྦྱངས་པར་རིག་མ་ལས་བདུད་རྩི་ལེན་པ་ཡན་ལག་གི་ལྟུང་བར་བཤད། དེ་ནས་རྣལ་འབྱོར་ཕོ་མོ་ལྷན་ཅིག་སྐྱེ་བོའི་ཡ་ག་བསྲུང་ཞིང་དམ་ཚིག་ལས་མི་འགོང་བའི་ཕྱིར་ཤིན་ཏུ་གསངས་ཏེ་དབེན་པའི་གནས་སུ་ཟས་དང་རོ་ཙ་བའི་བཅུད་ལེན་བཟང་པོ་ལོངས་སྤྱོད་ཅིང་། བདེ་བའི་སྟན་ལ་ཁ་སྤྲོད་སྐྱིལ་ཀྲུང་སོགས་ལུས་གནད་བདུན་གྱིས་འདུག་ནས། ཕན་ཚུན་གྱི་གཟུགས་མིག་གིས་བལྟས་ནས་སྔར་བཤད་པའི་ཡིད་རིག་གིས་དམིགས་པ་བསྒོམ། དེ་ནས་ཆགས་པའི་གཏམ། དེ་ནས་དྲི་ཞིམ་པོ་རང་བཞིན་གྱིས་ཡོད་པའམ་བྱུགས་པ་སྣོམ། དེ་ནས་ལྕེ་དང་མཆུའི་རོ་གཞིབ། དེ་ནས་རེག་བྱ་ལ་བསླབ་སྟེ། ཕན་ཚུན་འཁྱུད་པ་དང་དབང་པོ་གཉིས་སྤྲད་དེ་རྡོ་རྗེས་ཉེར་གནས་གཙོག་པར་བྱ་ལ་ནང་དུ་མི་གཞུག་གོ །དེ་ལྟར་གཉེན་པོ་ལེགས་པར་རྙེད་ནས། གཉིས་པ་སྦྱོར་ཆོས་ཀྱིས་རྩ་མདུད་འགྲོལ་བ་ལ། དབབ་པ་ལ་མཁས་པ་རུ་སྦལ་གྱི་ནུར་འགྲོས་ལྟ་བུ། འཛིན་པ་ལ་མཁས་པ་རྫིང་གི་འོར་ཁུང་བགག་པ་ལྟ་བུ། འདྲེན་པ་ལ་མཁས་པ་ཁྲོན་པའི་དཔྱང་རྩེ་འདྲེན་པ་ལྟ་བུ། འགྲེམས་པ་ལ་མཁས་པ་མཛངས་མ་ཞིང་ལ་ཆུ་གཏོང་བ་ལྟ་བུ། བདེ་བ་ཕྱག་ཆེན་དུ་སྐྱིལ་བ་ལ་མཁས་པ་སྤྲིན་ནམ་མཁར་ཐིམ་པ་ལྟ་བུ་སྟེ་ལྔ་ལས། དང་པོ་ནི། ཐིག་ལེ་དབབ་ཅེས་པས་བསྟན་ཏེ། དེ་ཡང་བསྐྱེད་རིམ་རྒྱས་པའམ་འབྲིང་ངམ་བསྡུས་པས་བདག་དང་ཕྱག་རྒྱ་མ་གཙོ་བོ་ཡབ་ཡུམ་དུ་བསྒོམ། ཡུམ་གྱི་ཡབ་ཀྱི་གསང་གནས་མི་དམིགས་པ་ལས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཕཊ྄་ཀྱིས་ནོར་བུའི་ཐད་ཀྱི་བུ་ག་བཀག་ཅིང་རྩའི་ནང་དུ་ཧཱུྃ་མགོ་ནང་བསྟན། ཡབ་ཀྱིས་ཡུམ་གྱི་མཁའ་མི་དམིགས་པ་ལས་ཨ་ལས་པདྨ་འདབ་བརྒྱད་ཟེ་འབྲུའི་ནང་གི་བུ་ག་ཕཊ྄་ཀྱིས་བཀག་ཅིང་རྩེ་མོར་སྲཱིཿམགོ་ནང་བསྟན། ཐབས་ཀྱི་རྡོ་རྗེ་ཝཾ་དང་། ཡུམ་གྱི་པདྨ་ཨེའི་བདག་ཉིད་ཅན་དུ་བལྟས་ཏེ། སོམ་ཉི་མེད་པར་ཕན་ཚུན་འོ་དང་མཆུ་དང་ལྕེ་གཞིབ་པ་དང་། ལུས་ཀྱི་གཡའ་བའི་གནས་སུ་སེན་མོ་གདབ་པ་དང་། བདེ་བ་འཁུལ་དཀའ་བ་ལ། སོར་མོ་གསུམ་གྱིས་བྷ་ག་དཀྲུག་པར་བྱ་སྟེ་གཉིས་གཉིས་སྤྲད། རྡོ་རྗེས་པདྨ་བཙབས་པ་ཡུན་རིང་པོར་བྱས་པས་མོའི་ཆུ་ངན་འབོད། དེ་ནས་རྡོ་རྗེ་པདྨར་སྩལ་རྡོ་རྗེའི་བུ་གར་ཕྱག་རྒྱའི་རྩ་པདྨའི་རྩ་བ་ལྟར་ཕྲ་བ། ཁབ་ཀྱི་རྩེ་མོ་ལྟར་རྣོ་བ། རལ་གྲིའི་སོ་ལྟར་གཅོད་པ། མེ་ལོང་གི་ངོས་ལྟར་འཇམ་པ་བཅུག་སྟེ་དལ་བུར་མནན་ནས་བསྐྱོད་ལས་དང་པོ་པ་ཡིན་ན་བདེ་བ་འགོ་གཡོ་བ་ཙམ་ནས་གློད་རྡོ་རྗེ་ཕྱིར་འདོན། ཐིག་ལེ་དྲངས། དེ་ནས་སྔ་མ་ལས་བདེ་བ་འདབ་ཙམ་དུ་བསྐྱོད། ཡང་སྔར་བཞིན། དེ་ནས་དེ་གསུམ་འདབ་ཙམ་དུ་བསྐྱོད། དེ་ནས་ཅི་ཙམ་འདོད་པར་སྤྱོད། དེ་ནི་རྗེ་རས་པའི་ཐོ་ཡིག་ཏུ། དལ་བར་རྒྱུ་བའི་ཞེས་གསུངས། གཞན་དུ་སྦྱོར་བ་དྲག་པོས་ཀྱང་རུང་སྟེ། གང་གིས་ཡིན་ཀྱང་འདྲ། ཐབས་ཀྱི་དྭངས་མ་དཀར་པོ་འབབ་དུས་ཕཊ྄་ཀྱིས་ཧཱུྃ་འཕུལ་ཤེས་རབ་ཀྱི་སྣ་རྩེར་ལྷུང་། དེ་ནས་ཕྱག་རྒྱའི་དྭངས་མ་དམར་པོ་ཕཊ྄་ཀྱིས་སྲཱིཿདེད་པས་ཐབས་ཀྱི་རིགས་བདག་གི་ཁར་ལྷུང་ཁ་སྦྱོར་བཞི་ལྡན་དུ་གྱུར་པའོ། །གཉིས་པ་ནི། བཟུང་ཞེས་པས། བཟུངས་ཨ་བ་དྷཱུ་ཏཱིར། འཛིན་ཚུལ་དམིགས་པ་ཀུན་རྫོབ་ཀྱི་སྣའི་རྩེ་མོར་ཐིག་ལེ་དཀར་ཞིང་འཚེར་བ་སྣུམ་ལ་འགྲིལ་བ་སྲན་མ་ཙམ་གཡོ་འགུལ་མེད་པ་ལ་སེམས་གཏད་དེ་སྐད་ཅིག་ཀྱང་མ་ཡེངས་པར་བྱའོ། །རླུང་གནད་ནི། ཕབ་མ་ཐག་ལ་སྲིན་ཞལ་བསྐུམ་འོག་རླུང་སྟོད་དུ་དྲག་པོར་འཐེན་པར་བྱའོ། །འདི་མན་ངག་གི་གནད་ཆེན་པོ་ཡིན་ཏེ་དེ་མ་བྱས་པར་ཟངས་ཚགས་ཅན་གྱིས་ཐིག་ལེ་སྒོར་ལྷུང་བ་འཆོར་བར་འགྱུར་རོ། །དེ་ནས་སྟེང་རླུང་ཆིར་མནན་ཏེ་སྲིན་ཞལ་བསྒྲད། འདི་ལ་རིལ་བ་ཟངས་ཚགས་ཅན་གྱི་རླུང་གནད་ཅེས་ཟེར། འཁྲུལ་འཁོར་ནི་སེང་གེ་རྩེ་བ་དང་སྟག་མོའི་སྐྱུག་གོ །ཟིན་པའི་རྟགས་འོག་སྒོ་གཉིས་སྲ་ཐེམ། རྡོ་རྗེ་སྲ་ཐིང་འགྲོ། ཐོ་ཡིག་ཏུ་རིག་པ་ཡི་ཞེས་པ། འཛིན་གནད་དྲག་ཤོས་ཆགས་པ་རང་མྱོང་གི་སྟེང་དུ་མ་ཡེངས་པའོ། །གསུམ་པ་ནི། བཟློག་ཅེས་པས། ཟིན་མ་ཐོག་བཟློག་དགོས་ཏེ། གཞན་དུ་ཐིག་ལེ་ཁེངས་ནས་འཁར་བར་འགྱུར་བའོ། །དམིགས་གནད། ཐིག་ལེ་དབུ་མའི་ནང་ནས་གྱེན་དུ་མདའ་འཕངས་པ་བཞིན་སོང་བས་ཧཾ་ལ་ཐིམ་པར་བསམ། རླུང་གནད་འོག་རླུང་དྲག་ཏུ་འཐེན་སྟེང་རླུང་དང་བསྲེས་ཏེ་གྱེན་དུ་ཙམ་ཐུབ་གཅུད་པའོ། །འཁྲུལ་འཁོར་ནི་སྔར་བཞིན་འདྲེན་བཞི་དང་། གླང་ཆེན་འགྱིང་དང་། རུ་སྦལ་གྱི་བསྐུམ་མོ། །འཁྲུལ་འཁོར་གཅིག་ལ་འཆུན་འདོན་པའི་ཚེ། ནོར་བུ་ནས་ལྟེ་བར་འཐེན་དུས་ངག་འདྲེན་ཧཱི་ཧཱིཾ། དེ་ནས་སྙིང་གར་ཧཱུྃ་ཧཱུྃ། དེ་ནས་མགྲིན་པར་ཧཱ་ཧག དེ་ནས་སྤྱི་བོར་ཧཱི་ཧིག་ཅེས་ཁོང་འདྲེན་དུ་བྱ། ཕབ་ནས་འཕྲལ་ལ་མི་འཕོ་བས་འདྲེན་འགྲེམས་མི་དགོས་པར་འདུག་སྙམ་ན་ཐིག་ལེ་སྙིགས་མ་གཅིག་བསགས་གཉིས་བསགས་ནས་ད་གཟོད་ཆུ་སོའི་རྩ་བའམ་བརླ་ཁུགས་སུ་རྣག་འབུར་འཆའ། རྩ་ཆུ་བསྡམས་གེགས་ཆེན་པོར་འགྱུར་བས་ལས་ལ་ངན་བྱེད་ཉན་ནོ། །བཟློག་པའི་རྟགས་སྨད་ཡང་ཕྱོད། རྡོ་རྗེ་ངར་ཞི། འཁོར་ལོ་སོ་སོའི་ཐད་དུ་བདེ་བ་མི་བཟོད་པ་འབྱུང་ངོ་། །ཐོ་ཡིག་ཏུ། བྱེ་བྲག་གསུམ་དུ་འདྲེན་པར་བྱེད། །རབ་རང་རིག་ཡེ་ཤེས་འབྲིང་རྗེས་སུ་དྲན་པས། མཐའ་མ་རླུང་སོགས་ཀྱིས་སོ། །བཞི་པ་ནི། དགྲམ་ཞེས་པས། དམིགས་པ་སྤྱི་བོའི་ཧཾ་ལས་ཐིག་ལེ་ཕྱེད་ནས་འཁོར་ལོ་ཐམས་ཅད་གང་བས་རྩ་གཅིག་ལ་གཅིག་བཅར་བས་མདུད་པ་ཐམས་ཅད་ཞིག་རྩ་ཐིག་རླུང་གསུམ་རོ་གཅིག་ཏུ་འདྲེས་ནས་ལུས་ཐམས་ཅད་རྐྱལ་པ་ཞོས་གང་བ་ལྟ་བུར་གྱུར་པར་བསམ་མོ། །རླུང་གནད་ནི། ལུས་ཐམས་ཅད་གང་བའི་ཁ་སྦྱོར་བུམ་པ་ཅན་འཛིན། འཁྲུལ་འཁོར་ནི་སེང་གེ་རྩལ་སྤྲུགས་དང་རྣམ་རོལ་རྨ་བྱའི་འགྱིང་བ་དང་བྱ་རྒོད་འཕུར་བའི་འཁྲུལ་འཁོར་རོ། །ཁྲེམས་པའི་རྟགས་ནི། ལུས་ཐམས་ཅད་བདེ་འབོལ་སོང་བ་དང་། ཡང་བ་དང་། མཉེན་ལྕུག་སོང་བ་སྙམ་བྱེད་པའོ། །ལྔ་པ་ནི་གནས་སུ་སྤེལ། །ཞེས་པས། ཁ་སྦྱོར་གྱི་བུམ་པ་ཅན་སྙིང་གར་བཅིངས། རླུང་དང་བདེ་བ་སེམས་དང་བསྲེས་ནས་སེམས་དེའང་རང་གི་ངང་ཇི་ལྟ་བ་ལ་རྣམ་ཤེས་ཀྱི་འཇུག་པ་བསྐུམ་ཏེ་གཞག་པས་འགྱུར་བའི་བདེ་བ་ཐམས་ཅད་འགྱུར་བ་མེད་པའི་བདེ་བ་ཆོས་ཀྱི་སྐུར་འཆར་བ་ཡིན་ནོ། །དེའི་རྟགས་ནི་རྗེས་ལ། བདེ་ཡང་ཞེན་པ་མེད་པ། གསལ་ཡང་རྟོག་པ་མེད་པ། སྟོང་ཡང་འཆར་སྒོ་མི་འགག་པའོ། །དེ་ལྟར་མཁས་པ་ལྔས་ཉམས་སུ་ལེན་པ་ལ། ཕྱག་རྒྱའི་རྩ་ཞན་ན་སྦྱོར་ཆོས་ཀྱིས་བཙལ་ཏེ། ཕྱིང་པ་ལ་རས་བལ་གྱི་ནང་རྫོངས་བཅུག་པའི་གཤགས་མ་རྡོ་རྗེ་ཙམ་པ་ཞིག་བྱས། མར་དང་ཚིལ་བུ་བྱུག ཕྱག་རྒྱའི་བཤང་ལམ་དུ་བཅུག མཁལ་ཁུང་གཉིས་སུ་དར་རྡོ་ཁུ་ཚུར་ཙམ་རེའི་རྒྱབ་སྒ་ལྟ་བུ་ཤིང་ལེབ་གཞུག་དར་ཡུག་གིས་བསྡམས། དེས་གསང་རྩ་ཕྱིར་རིབ་རིབ་འོང་། རྩ་སྦོམ་ན་པདྨ་དཀར་པོའི་རྩ་བ་དང་སྦྲང་དཀར་ར་དཀར་མོའི་འོ་མ་གསུམ་བྱུགས་པས་ཕྲ་བར་འགྱུར། པདྨ་དཀར་པོའི་རྩ་བ་མ་རྙེད་ན་ཁུག་ཆོས་ཀྱི་རྩ་བ་ལ་བྱའོ། །དེས་སོར་གསུམ་ཙམ་ཕྱིར་འབུར་འོང་། ནོར་བུའི་བུ་གར་དལ་བུས་དྲངས། བཤང་བའི་ཕྱིང་པ་ཕྱིར་རིམ་གྱིས་འཐེན། ཕྱག་རྒྱའི་རྩ་ནང་དུ་འོང་བ་བཞིན་རང་གི་རྩའང་སྐོམ་པ་ཆུ་སྙོག་པ་ལྟར་མར་ལ་ནར་གྱིས་འོང་། རྩ་གཉིས་འབྱོར་བའི་ཚེ་གཉིས་ཀ་ལ་བདེ་བའི་ཟུག་བརྒྱལ་བ་ཙམ་འབྱུང་། ཡང་ན་དངུལ་ཆུ་ཐིགས་པ་གཅིག་ཆང་ངམ་ཨ་རག་བཟང་པོ་ལ་བཏབ་སྟེ་བྷ་གར་བླུགས་ཏེ་ཉི་མ་ལ་བསྲོས་པས་ཀྱང་རྩ་ཕྲ་རིང་བར་འགྱུར་རོ། །ཡང་ན་འདུག་སྟངས་ཀྱིས་བཙལ་བར་བྱ་སྟེ་རིགས་ངེས་ན་རང་རང་ལ་འདུག་སྟངས་བཤད་པ་ལྟར་རམ། ཕལ་ཆེར་རིགས་འདྲེས་མ་མང་བས་འཕོངས་སུ་སྟེགས་བཅུག་སྟོད་དམའ་བར་བྱས་ཏེ་གན་རྐྱལ་དུ་ཉལ་བ་ལ་དང་། གཡས་འོག་ཏུ་ཕབ་པ་དང་། གཡོན་འོག་ཏུ་ཕབ་པ་དང་། གན་རྐྱལ་སྔར་བཞིན་ལས་པུས་མོ་མཆན་ནས་ཕྱིར་བསྒྲད་རྐང་མགོ་ནང་དུ་ཕྱོགས་པ་པདྨའི་བཅིང་བས་དང་། དེ་བཞིན་ལ། དེའི་སྒྱིད་ཁུང་ནས་ཐབས་ཀྱིས་ལག་པ་བཅུག་སྟེ་དེའི་རྐང་པ་ཕྲག་པར་བཀལ་བས་སམ་དེ་རང་གི་དཔུང་པ་ལ་བཀལ་བ་དང་། བུད་མེད་སྟེང་དུ་གནས་པས་དང་། འཛིན་དཀའ་ན་སྐྱིལ་ཀྲུང་བྱས་པང་དུ་བླང་བ་དང་། དེ་ཁ་ལ་བུད་མེད་ཀྱི་བརླ་བསྒྲད་པའི་ཕྱི་ནས་ལག་པ་གཉིས་ཀྱིས་ལུས་དང་ལྷན་ཅིག་བསྡམས་པ་སོགས་ཀྱིས་སོ། །དེ་ཡང་རྗེ་བཙུན་རས་པའི་ཐོ་ཡིག་ཏུ། སྲོལ་གོང་རྡོ་རྗེའི་བུ་ག་རུ། །ངེས་པར་འདྲེན་པ་ལམ་གྱི་མཆོག །ཅེས་གསུངས་སོ། །འདི་དུས་པདྨའི་སྐྱོན་བཞི་འདུག་ན་རྫས་ཀྱིས་བསལ་ལོ། །གསུམ་པ་དགའ་བཞིའི་དཔེ་དོན་ལ་རྩལ་སྦྱང་བ་ནི། དགའ་བ་བཞི་གསུམ་བཅུ་གཉིས་དོན་ལ་ལྟ། །རུ་སྦལ་གྱི་འགྲོས་ལྟ་བུས་ཕབ་པའི་དབང་དུ་བྱས་ན། སྤྱི་བོ་ནས་སྨིན་མཚམས་ཀྱི་བར་དུ་འབབ་པ་དགའ་བ། མགྲིན་པར་མཆོག་དགའ། སྙིང་གར་ཁྱད་དགའ། ལྟེ་བར་ལྷན་སྐྱེས། གཏུམ་མོའི་དུས་འཁོར་ལོ་སོ་སོའི་བུམ་པ་ཅན་འཆིང་ནུས་པ་ཞིག་ན་དེ་ཐམས་ཅད་དུ་གང་བར་འཛིན་ནུས་པ་ཡིན་ལ། གཞན་དུ་རྒྱུ་བ་བགག་པ་ཙམ་མོ། །དེའི་ཕྱིར་ཡས་བརྟན་ཞེས་བྱའོ། །གཞན་བྷ་གའི་རྩེར་འབབ་རིམ་གདམ་ངག་མེད་པ་རྣམས་ལའང་ཡོད་པ་དེ་ནི་ཡས་འབབ་ཡིན་ཀྱང་ཡས་བརྟན་དུ་མི་འདོད་པས་ལམ་དུ་མི་འགྲོ །དེ་ནས་གསང་གནས་ཀྱི་བུམ་པ་ཅན་ལེགས་པར་གོམས་པས་དྲག་པོའི་འགྲོས་ལས་གསང་གནས་སུ་གང་བ་རྡོ་རྗེའི་རྩ་བ། བུམ་པ། རྩེ་མོར་གང་བ་འཛིན་པ་ཡིན་ལ། གསང་བའི་བུམ་ཅན་འཆིང་མི་ནུས་པ་ལ་ནི་འདི་ནམ་མཁའ་ལ་ཉི་མ་ཤར་བ་ཙམ་ལ་འཛིན། དེ་བཞིན་གུང་དང་ཕྱི་དྲོ་སྨྲ་བ་འདྲ་སྟེ་ཁ་སྐད་ཙམ་མོ། །དེ་ལྟ་བུའི་འགྲོས་གཉིས་ཀྱི་ཕྱི་མ་འདི་ལས། གཉིས་ཀའི་གསང་གནས་སུ་ཕུང་པོ་ཁམས་སྐྱེ་མཆེད་ལ་ཏིལ་ལ་མར་ཁུ་ལྟ་བུར་ཁྱབ་པའི་ཁམས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནས་འཁོར་ལོ་སོ་སོར་འདུ་ཞིང་གཙོ་བོར་སྤྱི་བོ་ནས་འབབ་པ་གསང་གནས་སུ་འཁྲིལ་བའི་ཚེ་ཡུལ་སྣང་བ་དང་འབྱུང་བཞི་རགས་པ་རིམ་པས་ཐིམ་པས་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་། དགའ་བ་སྣ་ཚོགས་པའི་སྐད་ཅིག་མ། དེ་ནས་རགས་པ་རྣམ་ཤེས་ལ་ཐིམ་ཞེ་སྡང་གི་ཀུན་རྟོག་ནུབ། ནམ་མཁའ་དྲི་མེད་ལ་ཁྱབ་པའི་ཟླ་བའི་འོད་ཟེར་ལྟ་བུ། སྣང་བའི་སྐབས་སྟོང་པ་བཞི་ལས་སྟོང་པ། མཆོག་དགའ། རྣམ་སྨིན་གྱི་སྐད་ཅིག་མ། དེ་ནས་རྩ་བར་སླེབ་དུས། ནམ་མཁའ་དྲི་མེད་ལ་ཁྱབ་པའི་ཉི་མའི་འོད་ཟེར་ལྟ་བུ། འདོད་ཆགས་ཀྱི་ཀུན་རྟོག་ནུབ། མཆེད་པ་དང་། ཤིན་ཏུ་སྟོང་པ་དང་། ཁྱད་དགའ་དང་། རྣམ་ཉེད་དེ་ནས་བུམ་པར་སླེབ། ནམ་མཁའ་དྲི་མེད་སྲོད་ཀྱི་མུན་པས་ཁྱབ་པ་ལྟ་བུ། གཏི་མུག་གི་ཀུན་རྟོག་ནུབ། སྟོང་པ་ཆེན་པོ། ཐོབ་པ། ཡས་ཀྱི་ལྷན་ཅིག་སྐྱེས་དགའ། མཚན་བྲལ། དེ་ནས་ནོར་བུའི་རྩེ་ཁ་སྦྱོར་གྱི་ཁར་སླེབ། ནམ་མཁའ་དྲི་མེད་སྣང་མུན་གར་ཡང་མ་ལྷུང་བ་ཐོ་རངས་ཀྱི་ཆ་ལྟ་བུ། ཕྲ་བ་ཐིམ་འོད་གསལ། ཐམས་ཅད་སྟོང་པ། འདི་མས་བརྟན་གྱི་དགའ་བ། འདི་ལ་དབུ་མའི་སྒོ་བྱེ་བས་ཉི་ཟླའི་ཐིག་ལེ་གཉིས་སྒྲ་གཅན་གྱི་རླུང་གིས་བཟུང་། སྐུའི་སྒོ་དང་གསུང་གི་སྒོ་བཙན་ཐབས་སུ་འགགས། གཏུམ་མོའི་དྲོད་ཀྱིས་ཐིག་ལེ་དབང་མེད་དུ་གྱེན་ལ་གཤེགས་པར་འགྱུར་ཏེ། དེ་ཙ་ན་རྩ་རླུང་ཁམས་རིམ་པ་བཞིན་སྙིགས་མ་ལས་ངོ་ལོག་སྟེ་དྭངས་མར་ཐིམ་པར་འགྱུར་བ་ཡིན་ནོ། །དགའ་བ་གསུམ་ཞེས་པ་ནི། ཡས་ཀྱི་ལྷན་སྐྱེས་ཚུན་དགའ་བ་དང་། དེའི་དེ་མ་ཐག་དེར་ཕྱག་རྒྱ་མའི་ཁྲག་འབབ་པ་མཆོག་དགའ། དེའི་མཐར་རང་བཞིན་གྱི་འོད་གསལ་བ་ཐམས་ཅད་ལ་འཆར་བ་དེ་རིག་པས། མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་ཀྱིས། །ཞེས་བརྟག་གཉིས་ལས་གསུངས། རྡོ་རྗེ་མཁའ་འགྲོར། དེ་བཞིན་གཤེགས་པའི་གཙུག་ཏོར་དཀར། །ཡིད་ནང་ཆུད་པ་དེ་ཡིས་སྤྱད། །མཆོག་ཏུ་དགའ་བ་སྤྲོ་བ་ཡི། །གནས་སྐབས་སུ་ནི་མཉེས་པར་འགྱུར། །ཞེས་བཤད། མས་བརྟན་གྱི་དགའ་བཞི་རིལ་ལྷན་སྐྱེས་སུ་བསྡུས་ནས་གསུམ་པར་བཞག་སྟེ། འདི་ལ་ནི་དགའ་བྲལ་ཡོང་ས་མེད་པས་སོ། །འདི་མ་རིག་ན་བདེ་བའི་རྟེན་ཉམས་འགྲོ་དེ་དགའ་བྲལ་དུ་བཞག དེའི་དབང་གིས་རྒྱུད་སྡེར། ལྷན་སྐྱེས་བཞི་པར་བཤད་པ་དང་གསུམ་པར་མཛད་པའི་འགྲོས་གཉིས་བྱུང་། །དང་པོ་ལ་དགའ་བྲལ་འགྱུར་ཉེས་པ་སྟེ། འདི་དགག་ཚིག་ཏུ་འཁྲུལ་པས་ལན། ཁྱད་པར་དུ་བསྒྱུར་ན་ལེགས་པས་ཁྱད་དགའ་ཞེས་བསྒྱུར་རོ། །དེ་བས་ན་སམ་པུ་ཊ་སོགས་སུ། ཡས་བརྟན་ཐམས་ཅད་ཆགས་པའི་ཕྱོགས་ལོངས་སྐུ། ཕྱིར་འཕོ་བ་སྤྲུལ་སྐུ། ཆགས་པ་དང་ཆགས་བྲལ་རོ་མཉམ་པ་དབུ་མ་ལ་གནས་པ་ཆོས་སྐུའི་ཐིག་ལེར་བཞག་པ་དང་། སློབ་དཔོན་ཀྱེ་ར་ལི་པས། དང་པོ་ལ་ཕྱི་མོ་ཕྱེད་པ། གཉིས་པ་ལ་བརྒྱལ་བ། གསུམ་པ་ལ་ཕྱི་མོར་གསུངས་ཏེ། བརྒྱལ་བས་ཀུན་ནས་ཡེ་ཤེས་མེད། །ཅུང་ཟད་ཤེས་པ་ཕྱི་མོའི་ཕྱེད། །ཡེ་ཤེས་ཕྱི་མོ་ཉིད་དུ་འགྱུར། །ཞེས་པས་སོ། །དོན་བདེ་བ་དེ་ལ་ཞེན་ན་ཆགས་པར་སོང་། འཁྲུལ། ཡེ་ཤེས་ངོས་མ་ཟིན། འཁོར་བའི་རྒྱུར་འགྲོ། བདེ་བ་དེ་ཁ་རང་ངོ་ཤེས་པ་བྱས་ཀྱང་འཁྲུལ་པའི་རྗེས་སུ་མི་འབྲང་བ་ལས་མེད། དེས་ན་བདེ་བར་ངོ་ཤེས་པ་སངས་རྒྱས་ཀྱི་དགོངས་པ་ཡིན་པས། ཡེ་ཤེས་མངོན་འགྱུར་དུ་ཤར། ཟག་བཅས་ལུས་ཀྱི་བདེ་བ་ལ་བརྟེན་ནས་སེམས་ལ་ཟག་མེད་ཀྱི་ཡེ་ཤེས་སྐྱེས་པ་ཟེར་བ་ཡིན། དོན་འཁྲུལ་ན་འདོད་ཆགས། མ་འཁྲུལ་ན་བདེ་ཆེན། དེ་བས་འདོད་ཆགས་སྤོང་མི་དགོས་བདེ་ཆེན་འཚོལ་མི་དགོས་པར་གཞི་གཅིག་པོ་འདི་ཁའི་ཐོག་ཏུ་གཉིས་ཀ་ཀྲོང་ངེར་གདའོ། །དེས་ན་ཡས་བརྟན་ལྷན་སྐྱེས་དཔེ་དང་། མས་འོངས་ཐམས་ཅད་དོན་ནོ། །འོད་གསལ་མངོན་དུ་མ་བྱས་ན། ཕྱག་རྒྱ་རྩར་བཞག་ཅིང་སྔར་གྱི་བདེ་བ་དང་སྣང་གྲགས་རིག་གསུམ་བསྲེ། དེ་ཡལ་བ་དང་ཡང་སྔར་བཞིན་བསྟེན་ནོ། །གསུམ་པ་བསྟན་འབྲས་བདེ་ཆེན་གྱི་འཆར་རིམ་བཤད་པ་ནི། དེ་ལྟར་འོད་གསལ་མངོན་སུམ་དུ་བྱས་པའི་རང་རིག་བདག་པོར་གྱུར་པས་ཐིག་ལེ་འཛག་མེད་དུ་འཆིངས་ནས་གསང་གནས་སུ་སོན། དེར་རྩ་གཉིས་ཀྱི་མདུད་པ་དབྲལ་བའི་དབང་གིས་ས་གཉིས་སོགས་འཁོར་ལོ་དྲུག་ལ་ཕྱེ་བས་བཅུ་གཉིས་ཏེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་པའི་འགྲོས་ལས་ཡིན་ནོ། །ལྟེ་བར་སོན་དགའ་བ། བདེ་སྟོང་གི་ཏིང་ངེ་འཛིན་ཀྱིས་བདག་རྒྱུད་ལ་ཁྱབ། སྙིང་གར་སོན། མཆོག་དགའ། སྣང་བའི་དངོས་པོ་བདེ་སྟོང་ཟུང་འཇུག་ཏུ་ཤར། མགྲིན་པར་སོན། ཁྱད་དགའ། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བདེ་སྟོང་ཟུང་འཇུག་ཏུ་ཤར། སྤྱི་བོར་སོན་ལྷན་སྐྱེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤར། དང་པོའི་དུས་ལོ་བཅུ་དྲུག་པའི་ལང་ཚོར་འགྱུར། སྐྲ་དཀར་དང་གཉེར་མ་མེད། མདངས་བཀྲག་མཆོག་ཏུ་འགྱུར། གཉིས་པའི་དུས་ཐལ་གོང་རྒྱས། སྲེད་མེད་ཀྱི་བུའི་སྟོབས་དང་ལྡན། གསུམ་པའི་དུས་ལྕེ་འཕེལ་ཏེ་མཛོད་སྤུར་སླེབ་ལྕེ་ཆུང་གི་བདུད་རྩི་འཛག བཞི་པའི་དུས་འཆི་མེད་ཀྱི་ཚེ་འགྲུབ། མཐའ་ཡས་པའི་རྫུ་འཕྲུལ་ལ་དབང་། གཙུག་ཏོར་བལྟར་མི་མངོན་པ་དང་སྦ་བ་སྦུབས་སུ་ནུབ། ཉི་མ་རྟོད་ལ་གནོན། ཆུ་བོ་གྱེན་ལ་ལོག་པ་ཞེས་བྱའོ། །དེ་ནས་གཙུག་ཏོར་གང་བས་སངས་རྒྱ། དེའི་ཕྱིར་རྒྱུ་མཐུན་གྱི་འབྲས་བུ། རྣམ་སྨིན་གྱི་འབྲས་བུ། སྐྱེས་བུ་བྱེད་པའི། བྲལ་བའི་འབྲས་བུ་བཞི་དང་ཡང་སྦྱར། དགའ་བ་སོགས་རེ་རེའང་ལུས་ངག་ཡིད་ཡེ་ཤེས་ཀྱི་དབྱེ་བས་དགའ་བ་བཅུ་དྲུག་འདིའི་མཐའ་མ་ཁོ་ན་སངས་རྒྱས་སོ། །ཡང་དབང་པོ་རྣོ་ན་དང་པོ་ཉིད་དུ་རྩ་རླུང་ཐིག་ལེ་རྣམ་པར་ཤེས་པའི་ཆོས་ཐམས་ཅད་གཉུག་མར་ཐིམ་པས། ལྷན་སྐྱེས་ཡེ་ཤེས་རང་བཞིན་དབྱེར་མེད་སྟོན། །སྣང་སྲིད་ཐམས་ཅད་ཟག་མེད་བདེ་བར་འཆར། །ཞེས་གསུངས་སོ། །དེས་ན་འདི་ལ་ས་ལམ་གྱི་རྣམ་གཞག་ཅུང་མེད་དེ་སྐད་ཅིག་གིས་སངས་རྒྱས་པའི་ཕྱིར་རོ། །གསང་དབང་ཕྱག་རྒྱ་བདུད་རྩི་རིལ་བུའི་ཕྱིར། །ཐིག་ལེ་བཅུ་དྲུག་ཕྱེད་ཕྱེད་བཞི་ཆ་སྦྱིན། །བཞི་གསུམ་འཁོར་ལོ་དག་ལ་བགྲམ་པར་བྱ། །ཞེས་པ་ནི་འཕོ་བ་ཉེས་མེད་དུ་བཤད་པའི་སྐབས། གཞན་སྲོག་བཞིན་དུ་བསྲུང་། ཕྱག་རྒྱ་ལ་སྲིད་ཀྱི་དགོས་པ་མེད་ན། བཞི་གསུམ་ཞེས་པས་ཐིག་ལེ་དྭངས་སྙིགས་ལན་བཞིར་ཕྱེ་བའི་བཞི་པར་སྙིགས་མ་འབའ་ཞིག་འབབ་པས་དེ་ཙམ་དབྱུང་བར་ཡང་མ་བཤད་དོ། །གཞན། བག་མེད་འདོད་སྲེད་གཞན་དབང་ཆང་གིས་མྱོས། །དོན་ལས་ཉམས་ཤིང་སླར་ཡང་ངན་སོང་ལྷུང་། །ཞེས་པ་ཉེས་པར་འགྲོ་བའི་སྐབས། དེས་ན་རྡོ་རྗེའི་ལུས་ལ་གནད་དུ་བསྣུན། །ཚེ་འདིར་སངས་རྒྱས་སྟེར་བར་ཐེ་ཚོམ་མེད། །ཅེས་པས། རྡོ་རྗེ་མཁའ་འགྲོར། པདྨ་མཆོག་ལ་རེག་བྱེད་པ། །ལོ་གཅིག་བར་དུ་མ་བྱས་ན། །སྒྲུབ་པོས་དམ་ཚིག་སྤངས་འགྱུར་ཏེ། །དང་། ཉིན་རེའམ་ཡང་ན་ཟླ་རེའམ། །ཡང་ན་དེ་བཞིན་ལོ་རེར་ནི། །ཇི་བཞིན་བྱིན་གྱིས་བརླབས་ནས་ནི། །ཕྱག་རྒྱའི་དངོས་གྲུབ་འཇུག་པར་འགྱུར། །ཞེས་གསུངས། རས་ཆུང་པའི་ཐོ་ཡིག་ཏུ། དྭངས་མའི་བདུད་རྩིས་ཤིན་ཏུ་གང་། །ས་ནི་བཅུ་གསུམ་འཐོབ་པ་དང་། བདེ་བའི་དབང་ཕྱུག་ལྟ་བུར་བཞག །ཅེས་དམར་ཆ་ལེན་པའི་དབང་དུ་མཛད་པ་དང་། དཀར་པོ་ཉིད་ཀྱི་བཞུ་བཏུལ་གྱི་དབང་དུ་བྱས་ནས། དྲིལ་ཅན་ཟླ་བའི་ལམ་གྱི་ནི། །ངེས་པའི་ལམ་ཡང་གསལ་བར་འགྱུར། །འཇིག་རྟེན་མཐའ་ཡས་ཐམས་ཅད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །འདིས་ནང་རྩ་རླུང་ཐིག་ལེ་འབྱོངས་པ་མདོ་ནས་བཤད་པའི་རྫོགས་སྨིན་སྦྱང་གསུམ་བྱས་པར་སོང་བས། བདེ་ཆེན་དྲི་མེད་ལམ་གྱི་མཆོག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བགྲོད་པ་གཅིག་པ་ཟབ་མོའི་ལམ། །ཚེ་འདིས་དངོས་པོའི་བདུད་འཇོམས་ཤོག །ཅེས་གསུངས་སོ། །འོག་སྒོའི་ཁྲིད་རྗེ་བཙུན་རྣམས་ཀྱི་མན་ངག་ཇི་ལྟ་བར་པདྨ་དཀར་པོས་སྦྱར་ཞིང་བསྲེ་ལྷད་མེད་དེ་སྤྱད་པས་ཆོག་གོ། །།མངྒ་ལཾ།། །།


previousསྙན་རྒྱུད་ལས་མཁའ་འགྲོའི་གསང་སྒྲོག་བདེ་བ་ཆེན་པོའི་ཁྲིད་ཡིགnext