Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་ནཱ་རོ་པའི་ཕྱག་རྒྱ་ལམ་རྫོགས་ཀྱི་ཁྲིད།
   
   


 
previousརྗེ་བཙུན་ནཱ་རོ་པའི་ཕྱག་རྒྱ་ལམ་རྫོགས་ཀྱི་ཁྲིད།next

རྗེ་བཙུན་ནཱ་རོ་པའི་ཕྱག་རྒྱ་ལམ་རྫོགས་ཀྱི་ཁྲིད།

རྗེ་བཙུན་ནཱ་རོ་པའི་ཕྱག་རྒྱ་ལམ་རྫོགས་ཀྱི་ཁྲིད་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཡོན་ཏན་ཀུན་གྱི་གཞིར་གྱུར་པ། །རྡོ་རྗེ་གསུམ་དབྱེར་མེད་པའི་སྐུ། །རྫོགས་པའི་སངས་རྒྱས་མངོན་སུམ་པའི། །ནཱ་རོ་ཡབ་སྲས་ལ་བཏུད་ནས། །རྡོ་རྗེའི་ས་ལ་བགྲོད་འདོད་རྣམས། །ཕོ་ཉ་ལྟ་བུས་དེར་ཕྱིན་པའི། །སྦས་པའི་ལམ་འདི་ཕྱེ་བས་སུ། །མཆོག་གི་འདུན་ས་དོག་པར་བྱ། །འདིར་རྣལ་འབྱོར་གྱི་དབང་ཕྱུག་ནཱ་རོ་པའི་ཕྱག་རྒྱ་ལམ་རྫོགས་ཀྱི་མན་ངག རྒྱུད་ཐམས་ཅད་ཀྱི་སྦས་པའི་དོན་བཤད་པ་བཙན་ཐབས་ཕོ་ཉའི་ལམ། མ་བསྒོམས་པར་འཚང་རྒྱ་བར་བྱེད་པའི་གདམས་པ། འོག་སྒོ་བདེ་བ་ཆེན་པོའི་ཁྲིད་འཆད་པར་བྱེད་པ་ལ། སྔོན་དུ་འགྲོ་བ་རྒྱུད་སྦྱང་བ་དང་། དངོས་གཞི་གནད་ཀྱི་གདམ་ངག་གོ །དང་པོ་ལ། རླུང་སྦྱང་བ། རྡོ་རྗེ་ཆུ་འཐུང་གིས་ཉམས་སད་པ་གཉིས་ལས། དང་པོ་ལ། བུམ་པ་ཅན། བཙན་ཐབས། མདའ་ལྟར་འཕང་བ། འཁོར་ལོ་ལྟར་བསྐོར་བ། རྡོ་རྗེ་ཐོད་སྦྱོར། རླུང་དབུ་འཇུག ཡི་གེ་དབུ་འཇུག རླུང་སྤེལ་བ། རྩ་དབུ་མར་གཞུག་པ་དང་དགུ་ལས། དང་པོ་བུམ་པ་ཅན་གྱི་རླུང་སྦྱོར་ནི། གཞུང་ལས། དེས་ཀྱང་སྒོམ་སྐྱེད་མ་བྱུང་ཞིང་། །ཏིང་འཛིན་བརྟན་པར་མ་གྱུར་ན། །ལས་ཀྱི་ཕྱག་རྒྱ་མཚན་ལྡན་ལས། །ལམ་ལྔ་འབྲས་བུ་ཐོབ་པར་བྱ། །སྦྱོར་ཐབས་མི་ཤེས་རྣལ་འབྱོར་དང་། །སྟན་ཡང་གཅིག་ལ་མི་བསྡད་དེ། །གལ་ཏེ་བརྒྱ་ལ་བསྡད་གྱུར་ན། །ཤི་ནས་མནར་མེད་དམྱལ་བར་སྐྱེ། །འདོད་ཆགས་ལ་སོགས་ཤལ་མ་ལི། །ཡར་ལ་བཤལ་ཅིང་མར་ལ་འདྲུད། །དེ་ཕྱིར་སྦྱོར་ཐབས་མཁས་པས་བསྟེན། །ཅེས་གསུངས་པའི་དོན་ལས། དང་པོར་བདེ་བའི་སྟན་ལ་ལུས་སྐྱིལ་ཀྲུང་བཅས། ལག་པ་མཉམ་བཞག་བསྲང་ནས་སྟོད་གཅུན། དང་ཁ་དགྱེད། ཨོག་སྐོས་མདུད་མནན་ལྕེ་ཡར་ཀན་ལ་གཏད། མིག་སྣ་རྩེར་བལྟས་ལ། སྟེང་རླུང་ནང་དུ་བརྔུབས་པས་ཁོང་པ་ཐམས་ཅད་གང་བར་བསྒོམ། དེ་ཡང་། པུས་མོ་གཉིས་དལ་བུས་བསྐོར་ཞིང་། སེ་གོལ་རེ་བརྡབས་པའི་གྲངས་བརྒྱ་རྩ་བརྒྱད་རབ། བདུན་ཅུ་རྩ་གཉིས་འབྲིང་། སུམ་ཅུ་རྩ་དྲུག་ཐ་མ་སྟེ། དེ་ནས་མ་ཐུབ་པ་གཏོང་བའི་དུས་སུ་ལུས་སྦུད་པ་སྟོང་པ་བཞིན་དུ་སོང་བར་བསམ་མོ། །གཉིས་པ་བཙན་ཐབས་སུ་བགག་པ་ནི། ལུས་གནད་འདྲ་བ་ལ། མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་བསམས་ལ། རླུང་ནང་དུ་བརྔུབས་ནས་རྩ་འདབ་མ་ཐེབས་པར་བསྡམས་པའི་མཐར་ཅི་ཡང་མི་དམིགས་པ་སྟོང་པའི་ངང་དུ་གཞག་པས་རླུང་རང་སར་ཉལ་ཞི་རུ་བཅུག ཡང་ན་གཡོན་གྱི་མགྲིན་པ་དང་དཔུང་མགོ་ལ་མ་རེག་པར་དལ་བུས་གཅུས་པའི་ཨོག་སྐོ་དཔུང་པ་གཡས་སུ་བཞག་ལ་སྟེང་རླུང་དྲག་ཏུ་བཟུང་བ་མང་དུ་བྱ། ཡང་ན། དེ་བཞིན་དུ་གཡོན་དུ་བྱ། ཡང་ན། སེང་གེ་རྣམ་རོལ་གྱི་ཕྱག་རྒྱ་བཅིངས་ལ་བགག་པ་སྟེང་རླུང་རྣམ་པར་འགོག་བའི་སྦྱོར་བའོ། །དེ་ནས་འོག་སྒོ་དྲག་ཏུ་འཛུམ་པས་འོག་རླུང་གྱེན་དུ་དྲངས། འོག་སྒོ་དྲག་ཏུ་འབྱེད་པས་སྟེང་རླུང་ཐུར་དུ་མནན། དེས་ལུས་ཐམས་ཅད་རླུང་གིས་ཁེངས་པར་འགྱུར་རོ། །གསུམ་པ་མདའ་ལྟར་འཕང་བ་ནི། རང་ལྷའི་སྟོང་རར་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་མདའ་སྨྱུག་ཙམ་ཡར་སྣ་སྤྱི་བོའི་ཧཾ་དང་མར་སྣ་གསང་བའི་རྡོ་རྗེ་ལ་བུག་པ་ཧ་རེ་ཟུག་པའི། སྤྱི་བོའི་ནང་དུ་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་བསྒོམས་ནས། རླུང་སྣ་གཉིས་ནས་བརྔུབས་པའི་དུས་ཐིག་ལེ་དྷཱུ་ཏིའི་ནང་ནས་རྩལ་པོ་ཆེས་མདའ་འཕངས་པ་བཞིན་རྡོ་རྗེའི་ཁར་ཐོན། སྟེང་རླུང་དྲག་པོར་མནན་འོག་གློད། མི་ཐུབ་པ་དང་ཧཱུྃ་རིང་དགུས་འོག་རླུང་གྱེན་དུ་དྲག་པོར་འཐེན། ཐིག་ལེ་གྱེན་དུ་མདའ་འཕངས་པ་བཞིན་སོང་བ་ཧཾ་ལ་ཕོག སྟེང་གློད་འོག་བསྡམས་ནས་ཕྱིར་ཙམ་ཐུབ་འཛིན་པར་བྱའོ། །དེ་ནི་ཐུར་སེལ་དབང་དུ་སྡུད་པའི་རླུང་སྦྱོར་རོ། །བཞི་པ་འཁོར་ལོ་ལྟར་བསྐོར་བ་ནི། རླུང་བརྔུབས་པས་ལྟེ་བའི་དཀྱིལ་འཁོར་དུ་པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བའི་ཐིག་ལེ་དང་གཅིག་ཏུ་འདྲེས་པའི་འོད་ཟེར་ཁ་དོག་དཀར་པོ་མགྲིན་པའི་བར་དུ་བྲེང་ངེ་སླེབ་ལྟེ་བའི་འཁོར་ལོ་སྒྱེར་རི་རི་འཁོར་བར་བསམས་ནས། ཁ་སྦྱོར་གྱི་རླུང་ཐུབ་ཚད་བསྡམ་པ་རླུང་སེམས་བསྲེ་བའི་རླུང་སྦྱོར་རོ། །ལྔ་པ་རྡོ་རྗེ་ཐོད་སྦྱོར་ནི། ལྟེ་བར་པད་འདབ་བཞི། རླུང་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་བརྔུབས་པས་ལྟེ་བར་ཕོག སྟེང་རླུང་དྲག་པོར་མནན། འོག་རླུང་ཤུགས་བསྐྱེད་འཐེན། པདྨ་རྡོ་རྗེ་དང་བཅས་པ་འཁོར་བར་བསམས་ཏེ། ལུས་མི་གཡོ་བར་རླུང་གཡས་གཡོན་དུ་བསྐོར་རོ། །དེ་ལ་སྟེང་འོག་བསྲེ་བའི་རླུང་སྦྱོར་ཞེས་བྱའོ། །དྲུག་པ་རླུང་དབུ་མར་གཞུག་པ་ནི། རྡོ་རྗེ་སྐྱིལ་ཀྲུང་ཁུ་ཚུར་སྙིང་གར་བསྣོལ་གྲུ་མོ་བརྒྱངས། ཁ་ཅུང་ཟད་བྱས། རླུང་ནང་དུ་འཇུག་དུས་སྲོག་པ་རྩའི་ནང་དུ་ཨ་ཝ་དྷཱུ་ཏི་པདྨའི་སྣལ་མ་ལྟ་བུར་ཕྲ་བའི་མར་སྣའི་བུ་ག་ནས་ཞུགས། ཁ་སྦྱོར་དུ་ཐུབ་ཚད་བསྒོམ་ཞིང་། ཕྱིར་གཏོང་བའི་དུས་ཀྱང་དེའི་ནང་ནས་སོང་བར་བསམ་ལ། ཁ་ནས་དལ་བུས་བརྔུབ་པ་དང་གཏང་བར་བྱའོ། །བདུན་པ་ཡི་གེ་དབུ་མར་གཞུག་པ་ནི། གཞན་འདྲ་བ་ལ། ལག་པ་བསྣོལ་བ་པུས་མོར་བཀབ། ལུས་ལི་ཁྲི་བཞིན་དུ་ཆ་ཆ་ནས་བསྒྲིམ་དམིགས་པ་རོ་བརྐྱང་སྣའི་སྒོ་དང་། དབུ་མ་སྤྱི་བོ་ནས་སུམ་མདོར་འདུས་པ་དམར་པོ། སྣ་གཡོན་པའི་སྒོར་ཨེ་སྔོན་པོ་དང་། གཡས་པར་བཾ་དམར་པོ་བསམ་ནས། སྟེང་རླུང་ནང་དུ་དྲག་ཏུ་བཅུག་པས། ཡི་གེ་གཉིས་པོ་དེ་གཡས་གཡོན་གྱི་རྩའི་ནང་ན་མར་ཐལ་ཐལ་སོང་ནས་སུམ་མདོའི་སྣ་རུ་སླེབ། ཧཱུྃ་དགུ་དྲག་ཏུ་བརྗོད་ཅིང་འོག་རླུང་གྱེན་དུ་དྲངས་པས། ཨེ་ཝཾ་དྷཱུ་ཏིར་ཞུགས་པ་སྤྱི་བོའི་བར་དུ་དྲང་ངོ་། །བརྒྱད་པ་རླུང་སྤེལ་བ་ནི། རང་ལུས་ལྷའི་སྟོང་རར་གསལ་བའི་ལྟེ་བའི་ཐད་ཀར་རླུང་གི་དཀྱིལ་འཁོར་རྩིབས་བརྒྱད་པ་ཁ་དོག་སྔོ་སྐྱ་སོར་དྲུག་བསྐོར་བའི་ཚད་ཙམ་པའི་དབུས་སུ། ཨ་ཡིག་བྷནྡྷུ་ཛི་ཝ་ཀ་གྱེན་དུ་ལངས་པ་ལྟ་བུ་ཞིག་དམིགས་ནས། སྟེང་རླུང་མནན་པ་ཨའི་ཐད་དུ་འདུས། འོག་རླུང་དྲངས་པས་རླུང་གཉིས་འཐབས་ཏེ་ལྟེ་བའི་རླུང་གི་དཀྱིལ་འཁོར་ལངས་པ་ཞེས་བྱ་བ་རྒྱ་ཇེ་ཆེ་ཇེ་ཆེར་སོང་བ་ནམ་མཁའ་ཁྱབ་པར་བསྒོམ། སྐབས་སུ་རྫ་མཁན་གྱི་འཁོར་ལོ་འཁོར་བ་ལྟར་དུ་ཡང་བསྒོམ་ཞིང་། རླུང་གཏོང་བའི་ཚེ་འཁོར་ལོ་མདའ་འཕངས་པ་བཞིན་ཚངས་པའི་བུ་ག་ཚུན་རྒྱང་གིས་འཕངས། བརྔུབ་པའི་ཚེ་སླར་ལྟེ་བར་སླེབ་པར་བསམ་མོ། །དགུ་པ་རྩ་དབུ་མར་གཞུག་པ་ནི། རྐང་པ་རྡོར་སྐྱིལ། ལག་པ་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ཁ་སྦུབ་པ་མདུན་དུ་བཙུགས། གྲུ་མོ་དང་ལུས་བསྲངས་ཆ་ཆ་ནས་གཅུན། མིག་གཙུག་ཏོར་འཁོར་ལོ་སྒྱུར་བའི་ལྟ་སྟངས་བཅས་ལ། ལྷའི་སྟོང་ར་དང་རྩ་གསུམ་གོང་བཞིན་དུ་གསལ་བཏབ་པའི་དབུ་མའི་ཡར་སྣར་ཧཾ། གཡས་སུ་ཨེ། གཡོན་དུ་བཾ། སྟེང་རླུང་བརྔུབས་ པས་ཡི་གེ་གསུམ་རྩ་གསུམ་འདུས་མདོར་སླེབ། དེ་ནས་ཧཱུྃ་རིང་དགུས་འོག་རླུང་གྱེན་དུ་དྲངས་པས་ཡི་གེ་གཞན་གཉིས་ཀྱང་དབུ་མར་ཚུད་ནས་སྤྱི་གཙུག་ཏུ་ཐིམ། དེ་ལ་གོམས་ནས་རྩ་གཉིས་ཀྱི་མར་སྣ་ཨེ་ཝཾ་གི་ཡི་གེའི་རྣམ་པར་བསམ་ནས། གོང་བཞིན་འོག་རླུང་གྱེན་དུ་དྲངས་པས་ཡི་གེ་དབུ་མར་ཚུད། དེས་རྩ་གཉིས་ཀྱང་དབུ་མར་ཚུད་དེ་སྤྱི་བོར་སླེབ། ཡང་། སྟེང་རླུང་མནན་པས་གསང་གནས་སུ་སླེབ་པར་བསམ་པ་ཡང་ནས་ཡང་དུ་བསྒོམ་པར་བྱའོ། །སྔ་མ་སྔ་མ་ལ་འཐུལ་མ་ཚུད་པར་ཕྱི་མ་མི་བསྟན་ནོ། །དེ་རྣམས་ཀྱིས་སྟེང་རླུང་འོག་ཏུ་འདྲོངས་པ་དང་། འོག་རླུང་སྟེང་དུ་འདྲོངས་པ་དང་། རྩ་བའི་རླུང་ཡན་ལག་དང་། ཡན་ལག་གི་རླུང་རྩ་བར་འདྲོངས་པར་འགྱུར་རོ། །གལ་ཏེ་རླུང་གི་གེགས་བྱུང་ན་ལམ་རྒྱས་པ་བཞིན་འཆོས་པར་བྱའོ། །གཉིས་པ་རྡོ་རྗེ་ཆུ་འཐུང་གིས་ཉམས་སད་པ་ལ་སྦྱང་བ། སད་པ། སྤོགས་པའི་ཆོ་ག་བསྟན་པ་གསུམ་ལས། དང་པོ་ནི། དབེན་པའི་གནས་སུ་ལུས་ཟུངས་རྒྱས་པར་བྱས་ལ། ལུས་ཐམས་ཅད་དང་རྡོ་རྗེ་ལ་ལོ་མར་བྱུགས། ཡུན་རིང་དུ་མཉེ་ཞིང་ཉི་མ་ལ་བདུག དེ་ལྟར་ཉི་མ་འགའ་བྱས་པའི་རྗེས་ལ་སྟན་བདེ་བ་ལ་སྐྱིལ་ཀྲུང་བཅས་ལག་པ་པུས་མོ་ལ་བསྣོལ་མར་བཀབ། ལུས་བསྲངས་མཁལ་མ་འཐེན་པའི་སྦྱོར་བས་དབུ་མ་བཙུགས་རྒྱབ་གློད་ནས་ཧཱུྃ་རིང་དགུས་འོག་གི་མདུན་རླུང་དྲག་ཏུ་འཐེན། དམིགས་པ་དབུ་མའི་སྤྱི་བོ་ནས་རྡོ་རྗེའི་བུ་ག་ཚུན་ཟུག་པ་མདའ་སྨྱུག་ཙམ་པའི་ནོར་བུའི་ནང་གི་རྩེར་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་ཡོད་པ་སྤྱི་བོར་རྒྱང་རྒྱང་འཐོན་པར་བསམས། སྟེང་རླུང་དལ་བུས་མཐུར་དུ་བསྐུལ་དུས་གསང་བར་སླེབ་པར་བསམས་ནས་ཡང་ཡང་སྦྱངས་པས། མཁལ་སྐེད་ན་བ་བྱུང་ན་སྐེད་པ་བསྐོར་ཞིང་གྱེན་དུ་དྲངས། མགོ་བོ་ན་ན་མགོ་བོ་བསྐྱོད། རོ་སྟོད་ན་ན་རོ་སྟོད་གསིག དེ་ནས་ལྕགས་ཟངས་ལ་སོགས་པའམ། སྨྱུག་མའི་ཐུར་མ་སྦོམ་ཕྲ་རན་པ། རིང་ཐུང་མཐོ་གང་སོར་བཞི་ཙམ་པ་རྡོ་རྗེའི་བུ་གར་བཙུགས། བཤང་ལམ་དང་ཆུ་ལམ་གྱི་ཐེར་ཡ་ལ་ཐུག་གི་བར་བཏང་། །སྟེང་རླུང་དྲག་ཏུ་མནན་ཏེ་མདུན་རླུང་སོར་གཞག །རྒྱབ་རླུང་ཐུར་ལ་ཆུ་བཙིར་བ་བཞིན་ཕུལ་བས། དེ་ཕྱིར་རྒྱང་གིས་འཐོན་ན་སྟེང་རླུང་འོག་ཏུ་སྤོ་བ་འབྱོངས་པ་ཡིན་ཞིང་། དེ་ནས་རྡོ་རྗེའི་བུ་གར་སོར་གཅིག་ཙམ་བཅུག མདུན་རླུང་མནན། རྒྱབ་རླུང་གྱེན་དུ་དྲག་ཏུ་འཐེན་པས་སམ། རྒྱབ་རླུང་ཐུར་དུ་མནན། མདུན་རླུང་གྱེན་དུ་དྲངས་པ་དང་རུ་སྦལ་བསྐུམ་པའི་འཁྲུལ་འཁོར་གྱིས་ནུད་ཙམ་ནུད་ཙམ་ནས་མཐར་རྡོ་རྗེའི་རྩ་བར་ལྷན་གྱིས་འདྲོངས་ན་འོག་རླུང་སྟེང་དུ་འདྲོངས་པ་འབྱོངས་པ་ཡིན་ནོ། །དེ་ལྟར་རེས་ཕྱིར་འཕུལ། རེས་ནང་དུ་དྲངས་པ་མང་དུ་བྱ། བར་བར་ཐམས་ཅད་དུ་མཉེ་བ་ཤིན་ཏུ་གལ་ཆེའོ། །གཉིས་པ་སད་པ་ནི། ངང་པའི་སྒོ་ངའམ། ལྒང་བུག་ནང་དུ་རའི་འོ་མ་རང་དྲོད་ཙམ་ལ་བཟང་དྲུག ཀ་ར། པདྨ་རཀྟ་བཏབ་པས་བཀང་ལ། དེའི་ནང་དུ་གསང་བའི་གནས་ཀྱི་ཐུར་མ་ཚུད་པར་བྱས་ནས་མཐའ་ཐམས་ཅད་བག་ཟན་གྱིས་བསྡམས། དེ་ནས་སྔ་མ་བཞིན་དུ་དྲངས་པས་སུམ་ཆ་དང་སུམ་གཉིས་ཙམ་དང་། རིམ་གྱིས་ཐམས་ཅད་འདྲོངས་པར་འགྱུར་རོ། །དེ་ནས་དུང་ཆོས་དང་། ཁམ་ཕོར་ལ་སོགས་པའི་སྣོད་ནས་ཀྱང་འདྲོངས་པར་འགྱུར་རོ། །དེ་ནས་འོ་མ་དང་ཁྲག་འདྲེས་པ་དང་། ཁྲག་རྐྱང་པ་གོང་བཞིན་དྲངས། དེ་ཐམས་ཅད་ལུས་ལ་མི་བཞག་པར་ཕྱིར་གདོན། དེ་ལྟར་གྱུར་ནས་མགོ་བོ་རྒྱབ་ཏུ་འཕངས། ལུས་གནད་དང་རླུང་སྦྱོར་སྔ་མ་བཞིན་གྱིས་དྲངས། དེ་ནས་སྟེང་རླུང་མནན་མགོ་བོ་མདུན་དུ་བཀུག་པས་སྣ་བུག་གཉིས་སུ་ཐོན་ན་སྲོག་ཐུར་གོང་བུ་གཅིག་ཏུ་གྱུར་པའི་རྟགས་ཡིན་ནོ། །སྣ་བུག་ཏུ་མི་ཡོང་བར་བྱ་ཐབས་ནི། མགོ་བོ་རྒྱབ་ཏུ་མི་འཕང་བར་མདུན་དུ་བཀུག་པ་ཉིད་དོ། །མཐར་ཐུར་མ་མེད་པ་ལ་ཐུབ་ན་འབྱོངས་པའི་ཚད་དོ། །གསུམ་པ་སྤོགས་པའི་ཆོ་ག་ནི། དེ་ལྟར་མ་གྲུབ་ན་ཐུར་མ་བཙུགས། ཕུས་བཏབ་པས་སམ། ལྒང་བུག་རླུང་གིས་བཀང་བ་བཙིར་བས་ལམ་སྦྱངས། རྡོ་རྗེའི་བུམ་པར་དབུགས་བསྐྱིལ་བ་འཕུལ་འཐེན་ལ་བསླབས་པས་ངེས་པར་འགྲུབ་བོ། །ཁྲག་གཅོད་པ་དང་། འཛག་པ་བསྲུང་བ་དང་། གྲང་བ་མགོ་གནོན་པ་ལ་སོགས་པ་ལག་ལེན་མཐོང་བ་ལས་ཤེས་པར་བྱའོ། །ཞར་ལ་རྒྱབ་ཏུ་ཐུར་མ་ལག་ལེན་བཞིན་བཙུགས། དབུ་མ་རྒྱབ་ཏུ་ཕུལ་ནས་འབྱེད་འཛུམ་གྱིས་དྲངས་པས་གང་འདོད་འདྲོངས་པར་འགྱུར་ཞིང་། སྒྲེགས་འདྲེན་ནམ་སྐྱུགས་སྟངས་ཀྱིས་ཁར་ཡང་འབྱིན་པར་བྱའོ། །གཉིས་པ་དངོས་གཞི་གནད་ཀྱི་གདམ་ངག་ལ། རང་ལུས་ཐབས་ལྡན་དང་། གཞན་ལུས་ཤེས་རབ་ཕྱག་རྒྱའི་ཉམས་ལེན་གཉིས་ལས། དང་པོ་རང་ལུས་ཐབས་ལྡན་ལ། ཡིད་རིག་དམིགས་རྟེན་དུ་བྱས་པའི་ཀུན་ཏུ་རུ་དང་། དངོས་རིག་མཚོན་བྱེད་དུ་བྱས་པའི་ཀུན་ཏུ་རུ་གཉིས་ལས། དང་པོ་ཡིད་རིག་དམིགས་རྟེན་དུ་བྱས་པའི་ཀུན་ཏུ་རུ་ནི་གཞུང་ལས། བསྟན་པ་སྨོད་པས་འཇིགས་པ་ན། །རང་སེམས་ཙམ་ལ་མོས་པ་བྱ། །ཞེས་གསུངས་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པ་སྔོན་དུ་བཏང་ནས། དེའི་ཆེད་དུ་རང་ཉིད་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་བསྐྱེད། སྐུ་གསུང་ཐུགས་དང་མཁའ་གསང་བྱིན་གྱིས་བརླབས་ནས། སྙོམས་པར་ཞུགས་པའི་མོས་པས་རྗེས་སུ་ཆགས་པ་སྐྱེས་པའི་མེས་བྱང་ཆུབ་ཀྱི་སེམས་བཞུ་བའི་དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཁྱད་པར་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བ་ལ་མཉམ་པར་བཞག་པར་བྱའོ། །གཉིས་པ་དངོས་རིག་མཚོན་བྱེད་དུ་བྱས་པའི་ཀུན་ཏུ་རུ་ནི། རང་ཉིད་བཅོམ་ལྡན་འདས་དང་། ལག་པ་གཡོན་པའི་རྒན་པོ་དང་སྲིན་ཞབས་མིག་ཏུ་བྱས་པ་བཅོམ་ལྡན་འདས་མར་བལྟས་ལ། དེས་རྡོ་རྗེ་གསོལ་བ། ཡབ་ཡུམ་སྙོམས་པར་འཇུག་པར་བསྒོམས་ལ། བྱང་སེམས་འདར་བ། འཕར་བ། གཡོ་བ། བརྟན་པའི་མཚན་ཉིད་ཅན་གྱི་དགའ་བ་བཞི་ལ་རིམ་པ་བཞིན་མཉམ་པར་གཞག་ནས། འཛིན་པ་ལ་སོགས་པ་འོག་ཏུ་རྒྱས་པར་འབྱུང་བ་བཞིན་དུ་བྱའོ། །གཉིས་པ་གཞན་ལུས་ཤེས་རབ་ཕྱག་རྒྱའི་ཉམས་ལེན་ལ། སྔོན་དུ་འགྲོ་བ་ཡན་ལག་གི་ཆོས། དངོས་གཞི་གནད་ཀྱི་མན་ངག རྗེས་ལམ་དུ་ཁྱེར་བ་གསུམ་ལས། དང་པོ་སྔོན་དུ་འགྲོ་བ་ཡན་ལག་གི་ཆོས་ལ། བརྟག་པ། དགུག་པ། མི་སྣང་བར་བྱ་བ། སྲིད་བསྲུང་བ་དང་བཞི་ལས། དང་པོ་བརྟག་པ་ནི། གཞུང་ལས། པདྨ་ཅན་དང་དུང་ཅན་མ། །རི་མོ་ཅན་དང་རི་དྭགས་ཅན། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་། །དམངས་རིགས་གདོལ་པ་ལ་སོགས་དང་། །མ་དང་སྲིང་མོ་བུ་མོ་ཡང་། །ཁྱད་པར་ཅན་གྱིས་བསྟེན་གྱུར་ན། །ཡོན་ཏན་འབྱུང་གི་སྐྱོན་དུ་མིན། །བཅུ་གཅིག་མ་དང་བཅུ་གཉིས་དང་། །བཅུ་དྲུག་མ་དང་ཉི་ཤུ་མ། །ཉི་ཤུ་བཞི་ལོན་བར་དུ་བསྟེན། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་གསུངས་པའི་པདྨ་ཅན་རབ་ནི། བྱད་དཀར་ལ་རྩ་དམར་བ། ལུས་རགས་པ། མིག་རྩ་དམར་བ། སྤྱིར་ལུས་པོ་ཕྲ་ལ་ཁྱད་པར་དུ་སྐེད་པ་ཕྲ་བ། བྱ་ལྟར་རྐང་ལག་དམར་བ། སོ་ལེགས་པ། དེ་ནི་དེ་བཞིན་གཤེགས་པའི་མཚན་ཉིད་དང་ལྡན་པ་སྟེ། རིགས་ཤིན་ཏུ་བཟང་བའོ། །དེ་ལ་སྦྱོར་ན་རྒྱལ་བའི་འབྲས་བུ་ཚེ་འདི་ཉིད་ལ་འཐོབ་བོ། །འབྲིང་ནི་ཤ་རྩི་དཀར་བ། རུས་ཁྱིམ་ཆེ་བ། རུས་པ་རགས་པ། ཁོང་དལ་ཆེ་བ། སྤྱོད་ལམ་རྩིང་བ། བྱད་སྡུག་པ། བློ་འཆོས་དཀའ་བ། སྒྲུབ་པ་པོའི་རྟོག་པ་དང་བསྟུན་པ། བུ་སྐྱེས་ན་ཁྱེའུ་སྐྱེ་བ། འཇིག་རྟེན་གྱི་ལས་དང་བྱ་བ་ལ་མཁས་པ། དེ་དང་ཕྲད་ན་ལོ་རུ་མི་ཐོགས་པར་འབྲས་བུ་འཐོབ་བོ། །ཐ་མ་ནི། དཀར་མོ་མིག་འགྱུར་ཞེས་བྱ་སྟེ། །ཁ་དོག་དཀར་བ། བྱད་ལེགས་ཀྱང་སྙིང་དུ་མི་སྡུག་པ། གསང་མི་ཐུབ་པ། གཟུགས་བྱད་འཆོས་པ། བྱི་དོར་ལ་བརྩོན་པ། རྒོད་ཁ་ཡང་བ། མིག་འབོར་བ། བསླུ་བླ་བ། བསླུ་ཁ་ཡང་པ་སྟེ། དེ་ནི་བསྟེན་པའི་རིགས་མ་ཡིན་ནོ། །དུང་ཅན་མ་རབ་ནི་ཤ་སེར་ལ་རྩ་དམར་བ། སྤྱོད་ཁྱེར་མཁས་པ། འདུག་ཚུགས་ལེགས་པ། ཚིག་བརྟན་པ། མིག་ཟུར་མིག་ཏུ་བལྟ་བ། ཟུར་རྣོ་བ། དོན་གང་ལ་ཡང་བག་ཙམ་གྱིས་གོ་བ། ཤེས་རབ་ཆེ་བ། དེ་ལྟ་བུ་དང་ཕྲད་ན་ཚེ་འདི་ལ་འབྲས་བུ་འཐོབ་བོ། །འབྲིང་ནི། རྒྱབ་ནས་བལྟས་ན་དགྱེ་བ་སྙམ་བྱེད། མདུན་ནས་བལྟས་ན་དགུ་བ་སྙམ་བྱེད་པ། སྤྱིར་ལུས་ལེགས་པ། ཁྱད་པར་དུ་སྨིན་ཕྲག་གི་མཚམས་ལེགས། རྔོན་ཆུང་བ། ཁྲོམ་དུ་ཕྱིན་ན་བྱད་བྱིང་བྱིང་བྱད་ཀྱི་གཟེངས་ཆུང་བ། སྐོས་སྐོ་བྲང་ལས་ཕྱིར་དགྱེ་བ། སྙོམས་འཇུག་བྱས་པ་དང་ཤིན་ཏུ་སྙིང་ཉེ་བ། གདུང་བ་དེ་དང་རྩ་སྦྱོར་ན་ལོ་རུ་མི་ཐོགས་པར་རོ། །ཐ་མ་ནི་ཤ་སེར་བ། མིག་འབོར་ཆེ་བ། བློ་རྣོ་བ། དྲན་པ་གསལ་བ། འདུག་མི་ཚུགས་ཤིང་འགྲོ་འདུག་མང་བ། འཕྲལ་དུ་ལག་པས་ཀྱང་མི་ཚུགས་པ། ཚིག་མི་བརྟན་པ། ཆད་པ་ལ་བློ་གཏད་མེད་པ། ཅི་ལ་ཡང་གཞུང་ངན་པ། སྐྱེས་པ་མིག་ལ་འཚོ་བ། སྙིང་དུ་སྡུག་པའི་མི་ལ་བྱ་ར་ཐེངས་རེ་བྱེད་པ། དེ་མི་བསྟེན་ནོ། །རི་མོ་ཅན་རབ་ནི། ལུས་རྩུབ་པ། སྤུ་དམར་སེར་དུ་འདུག་པ། དྲི་ཞིམ་པ། འགྲོས་དལ་བ། གཟུགས་བྱད་མཛེས་ལ་སྐད་སྦོམ་པ། སྐྱེས་པ་ལྟ་བུའི་བུད་མེད་ལྟེ་བར་རི་མོ་གསུམ་གྱེན་བསྒྲེང་དུ་ཡོད་པ་དེ་དང་ཕྲད་ན་ཐིག་ལེ་འཛག་མེད་དུ་འཆིང་བའི་བསམ་གཏན་བཞི་སྐྱེའོ། །འབྲིང་ནི། ཤ་རྩི་སྔོ་བ། བྱད་དཀྱུས་རིང་བ། མཆུའི་སྐོར་ཆེ་བ། གཉེར་མ་མང་བ། མིག་ལེགས་པ། སྐད་སྙན་པ་ཞི་དེས་ཆེ་བ། སྤྱོད་ལམ་འཇམ་པ། མི་ཆོས་དང་ལྷ་ཆོས་ཀྱི་ཕྱོགས་ནས་འདྲིས་པ་ལ་ཞེན་ཆེ་བ། བཀྲ་ཤིས་པའི་ཡན་ལག་དང་ལྡན་པ། དེ་ཉིད་ལ་ཡང་དངོས་གྲུབ་དང་ཉེ་བ་ཡོ་བྱད་དང་ལྡན་པར་འོང་ངོ་། །ཐ་མ་ནི་ཤ་རྩི་གནག་པ། དཔྲལ་བ་སེར་བ། མིག་ཆུང་བ། མིག་གཏིང་ན་འདུག་པ། འཛུམ་ཁ་ཡང་བ། སྐྱེས་པ་ལ་དད་ཆེ་བ་སྟེ་མི་བསྟེན་ནོ། །རི་དྭགས་ཅན་ནམ། གླང་སྣ་མ་རབ་ནི། སྨིན་མ་རིང་བའི་ཡངས་པ། ལུས་མི་རིང་བ། ཁོང་དལ་བ། སྤྱོད་ལམ་དལ་བ། དམ་དམ་རེག་རེག་མི་ཤེས་ཅི་ལ་ཡང་ལྷོད་དེ་བར་སྡོད་པ། དབང་ཆེ་བར་འོང་ངེས་པ། དེ་དང་འབྱོར་ན། རྩ་མང་བས་བཀྲ་ཤིས་པའི་རྒྱུ་མང་སྟེ་བསྟེན་པར་བྱའོ། །འབྲིང་ནི། ཁོག་ཤེས་ཆེ་བ། བྱད་རྔོན་དང་གཟེངས་ཆེ་བ། གདོང་པ་ཞེང་ཆེ་བ། ལུས་ཁྱིམ་ལེགས་པ། བསླུར་མི་བཏུབ་པ། ནོར་གསོག་མཁས་པ། དོན་མི་འཆོར་ཞིང་མདོ་ཆེ་བ་མི་ཁྲོ་བ། སྤྲོ་རིང་བ། བསྟེན་པར་རུང་ངོ་། ཐ་མ་ནི། ལུས་ཀྱི་སྤྱོད་ལམ་དང་། ཚིག་མཐོ་དམན་མང་པོ་སྨྲ་བ། ཧེ་སྡར་མ་ཞེས་བྱ་སྟེ། སྨྲ་འདོད་པ། བརྫུན་ཆེ་བ། ཁྲོ་སླ་བ། ཚིག་མཐོ་དམན་ཆེ་བ། མགུ་བླ་བ། སྟེར་ལ་མི་དགའ་བ། གཏོང་བ་ཆུང་བ། དེ་ནི་བསྟེན་དུ་མི་རུང་ངོ་། །ཐ་མ་བཞི་མ་གཏོགས་པ་གང་རྙེད་པ་ལ་རྩ་བཙལ་ལོ། །དེ་དག་བྲམ་ཟེ་ལ་སོགས་པའི་རིགས་གང་ལས་བྱུང་ཀྱང་བསྟེན་པར་བྱའོ། །སྤྱིར་བརྟག་པ་ནི། གཟུགས་མཛེས་ལ་ཅུང་ཟད་དགུར་བ། སོ་སྒོ་ཡོད་པ་དྲི་ཞིམ་པ། རྐང་པ་གཡོན་པ་སྔོན་དུ་འདོར་བ། དཔྲལ་བ་དང་། སྙིང་ག སྤུ་ན་གུའི་མཚམས་སུ་གཉེར་མ་གྱེན་འགྲེང་གསུམ་གཤིབས་ཡོད་པ། སྐུ་གསུང་ཐུགས་ཀྱི་སྨེ་བ་ཚང་བ། སྐྱེས་པ་ལ་རྟག་ཏུ་བལྟ་བ། ཁ་སྐམ་པ། ལུས་ཀྱི་བ་སྤུ་ལྡང་བ། ཆགས་བའི་གཏམ་སྨྲ་བ། འགྲོར་མི་སྟེར་བར་ལམ་གནོན་པ། བྱ་བ་གང་ལ་ཡང་ཐུག་ཕྲད་ཙམ་དང་། གྱ་ཙམ་མང་བ་སྟེ་ཕྱིའི་རྟགས། ནང་གི་རྟགས་སུ་ཆོས་ལ་དགའ་བ། སྙིང་རྗེ་ཆེ་བ། གསང་བའི་རྟགས་བླ་མ་ལ་གུས་པ། གསང་སྔགས་ཀྱི་སྤྱོད་པ་ལ་མི་སྐྲག་པ། བྱང་ཆུབ་ཀྱི་སེམས་དང་ལྡན་པའོ། །དེ་ལྟ་བུའི་ཡོན་ཏན་ཚང་བ། བཅུ་གཅིག་མ་དང་སྙོམས་པར་ཞུགས་པའི་བྱང་སེམས་རཀྟ་དང་འདྲེས་པ་ཁ་དོག་སྔོ་བསངས་སྤྱི་བོར་དྲངས་པ་དང་ལྷག་མ་ཉ་ལྕིབས་དང་དུང་ཆོས་སུ་བླུགས་པ། ཟླ་བ་ཡར་ངོ་ལ་སྣ་བུག་ནས་བཏུང་ཞིང་། དུས་བཟང་ལ་མཐེབ་སྲིན་སྦྱར་བས་ཟོས་ན་བཅུད་ལེན་འགྲུབ་པས་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ། །བཅུ་གཉིས་མས་དུས་གསུམ་གྱི་མཁའ་འགྲོ་མ་ཐམས་ཅད་བྱིན་གྱིས་རློབ་པས་དམ་ཚིག་གི་མཆོག་འཐོབ་བོ། །བཅུ་དྲུག་མས་འདོད་པའི་དངོས་གྲུབ་ཆེན་པོ་དང་། ཉི་ཤུ་མས་ནམ་མཁའ་ལ་འཕུར་བ་དང་། ཉི་ཤུ་རྩ་བཞི་མས་རང་བྱིན་གྱིས་རློབ་པ་ཐོབ་པར་འགྱུར་རོ། །གཉིས་པ་དགུག་པ་ནི། མེ་ཏོག་རབ་སོང་སྦས་པ་ཡི། །དེ་འོག་རྡུལ་གྱི་སྦྱོར་བས་ནི། །རྒྱལ་པོ་དང་ནི་བློན་པོ་དང་། །གཞོན་ནུ་མ་ཡང་དབང་དུ་འགྱུར། །སེའུ་མ་སྐྱེས་པའི་བར་གྱི་བྱིས་པ་གཞོན་ནུ་ཤི་བའི་རོ་སྦས་པའི་འོག་ནས་བཅུས་པའི་སས་གང་ལ་རེག་པ་དེ་དབང་དུ་འགྱུར་རོ། །གསུམ་པ་མི་སྣང་བར་བྱ་བ་ནི། མི་སྣང་བ་ཡི་ལས་བྱ་སྟེ། །བྱི་ལ་ནག་མོའི་ཤ་མ་ནི། །ཁམ་ཕོར་ཁ་སྦྱར་ནང་དུ་བསྐམ། །བགེགས་བསྐྲད་པ་ཡི་ཆོ་ག་བྱ། །དེ་ལྟར་གྲིབ་སྐམ་བྱས་པའི་རྫས། །ཕྱེ་མར་བཏགས་ཏེ་རང་ཉིད་ཀྱི། མི་བསྐྱོད་པ་དང་རབ་སྦྱར་ནས། །སྲན་མ་ཙམ་གྱི་རིལ་བུ་བྱ། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་ནས། །ཁ་ཡི་ནང་དུ་གཞུག་པར་བྱ། །ཞེས་གསུངས་སོ། །བཞི་པ་སྲིད་བསྲུང་བ་ནི། ཀུན་ཏུ་རུ་ཡི་སྐབས་སུ་ནི། །བུས་པའི་སྨན་ཡང་ལག་ཏུ་བཅང་། །འགྲོན་བུ་བུ་ཆེ་མའི་ནང་དུ་དངུལ་ཆུ་ཐིགས་པ་གཅིག་དང་། མཚལ་ད་ཆུ་མ་ཅུང་ཟད་བླུག་ལ། རང་གི་རྐང་མཐིལ་གྱི་དྲེག་པས་ཁ་བཅད་ལ། སྤྲ་ཚིལ་གྱིས་བསྡམ། ལྕེ་འོག་ཏུ་བཅུག་པའམ། ཡང་ན་བཅུ་བཞིའི་ནུབ་མོ་སྦྱར་བའི་བྱང་སེམས་དཀར་དམར་ཐིགས་གཅིག་དངུལ་ཆུའི་སྟེང་དུ་བླུག རྐང་མཐིལ་གྱི་དྲེག་པས་ཁ་བཅད། དེའི་སྟེང་དུ་བྱང་སེམས་བླུག དེ་སྤྲ་ཚིལ་གྱིས་བསྡམ། ལྕེ་འོག་ཏུ་བཅུག་པ་ནི་བུས་པའི་སྨན་ནོ། །སྲེ་མོང་གི་རྒྱུས་པས་གཡོན་པའི་སྲིན་ལག་དམ་དུ་བཅིངས་བས་ཡང་ནའོ། །གཉིས་པ་དངོས་གཞི་ལ། རྩ་བཙལ་བ། དབབ་པ། བཟུང་བ། བཟློག་པ། ལུས་ཐམས་ཅད་ལ་ཁྱབ་པར་བྱ་བ་དང་ལྔ་ལས། དང་པོ་རྩ་བཙལ་བ་ནི། རང་གིས་དབང་བསྐུར་སྙིང་རྗེ་ཅན། །དེ་དང་དབེན་པའི་གནས་ཉིད་དུ། །ཉམ་ང་མེད་པའི་སྤྱོད་པ་བྱ། །ཞེས་གསུངས་པས། མཚན་དང་ལྡན་པའི་ཕྱག་རྒྱ་རྙེད་ནས། ལའུར་སྙོམས་འཇུག་མི་བྱ་བར། དགེ་བསྙེན་དང་། སེམས་བསྐྱེད་བྱིན་ནས་དབང་བསྐུར་ལ། བསྐྱེད་རྫོགས་བསླབས་ཏེ། ལུས་ལྷ་བསྒོམ་པ་དང་། ངག་སྔགས་བཟླ་བ་དང་། འཕྲིན་ལས་བཞི་སྒྲུབ་པ་མཉམ་པ་ནི། ལུས་ངག་མཉམ་པ་དང་། ཡབ་ཀྱིས་ཡུམ་གྱི་པདྨ་སྟོང་པའི་ངང་ལས། ཨ་ལས་པདྨ་འདབ་བརྒྱད་ལྟེ་བ་སྲཱིས་མཚན་པ་དེ་ལས་འོད་འཕྲོས། རིགས་ཀྱི་ཡུམ་ལྔ་སྤྱན་དྲངས་སྲཱིཿལ་ཐིམ་པར་བསམ་པ་དང་། ཡུམ་གྱིས་ཡབ་ཀྱི་རྡོ་རྗེ་སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཨོཾ་གྱིས་ནོར་བུ་བྱས་པ། དེ་ལས་འོད་འཕྲོས། སངས་རྒྱས་ལྔ་སྤྱན་དྲངས། འོད་དུ་ཞུ་ནས་ཨོཾ་ལ་ཐིམ་པར་བསམ་པ་ནི་བྱིན་རླབས་མཉམ་པའོ། །གཉིས་ཀའང་ཐ་མལ་གྱི་ཆགས་པ་མ་ཡིན་པར། གཞན་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པ་དང་། དེའི་ཆེད་དུ་འཇུག་པའི་འཇུག་པ་སེམས་བསྐྱེད་དང་ལྡན་པ་ནི་འདོད་པ་མཉམ་པའོ། །དེ་ནས་གཞུང་ལས། དབབ་པ་བསྒྲུབ་པའི་བྱེ་བྲག་གིས། །ཞེས་གསུངས་པའི་དོན། ཕྱིང་པའི་གཤགས་མ་ལྷ་བཤོས་ལྟ་བུ་བྱས་ལ། རྩེ་མོ་རྣོ་བའི་ཕྱོགས་སོར་བཞི་སྤྲ་ཚིལ་གྱིས་བྱུག ལྷག་མ་མ་བྱུགས་པའི་སོར་གཉིས་ལག་པས་འཛིན་པ་བྱ། མཁལ་མ་གཉིས་སུ་གྲུ་གུ་སྙིམ་པ་ཙམ་རེ་བཞག་ལ། དེའི་སྟེང་དུ་སྒ་ལེབ་ལྟ་བུའི་ཤིང་གིས་མནན་པ་རས་ཀྱི་གཤགས་མས་ལྟེ་བའི་སྟེང་ནས་དམ་པར་བཅིངས། སྲིན་པོའི་ལམ་དུ་སྤྲ་ཚིལ་གྱིས་བྱུགས་པ་དེ་གཞུག ནང་དུ་སོར་བཞི་ལས་མ་ཐལ་བ་བྱ། དེའི་རྐྱེན་གྱིས་པདྨ་ཕྱིར་འབུར་བ་དང་། རའི་འོ་མ་ལ་ཀ་ར་དང་པདྨའི་རྩ་བ་བཏབ་པ་སྲིན་ལག་གཡོན་པའི་སེན་མོ་བྲེགས་པས་བྱུག ཁྱད་པར་དབུ་མའི་མར་རྩེ་རྩ་བཟང་ངན་གྱི་བྱེ་བྲག་གིས། སོར་གཉིས་སམ། གསུམ་མམ། དྲུག་གི་བར་དུ་འདོན་པ་དེ་ལ་བྱུགས་པས་ཕྲ་བར་འགྱུར་རོ། །དེ་ཡང་། པདྨའི་རྩ་བ་ལྟར་ཕྲ་བ། ཁབ་ཀྱི་རྩེ་མོ་ལྟར་རྣོ་བ། རལ་གྲིའི་སོ་ལྟར་གཅོད་པ། མེ་ལོང་གིས་ངོས་ལྟར་འཇམ་པ་མཆོག་གོ །གཉིས་པ་དབབ་པ་ནི། གསང་ལ་སྦྱོར་བའི་དུས་ཙ་ན། །བལྟ་དང་འཛུམ་དང་འཁྱུད་དང་རྒོད། །དེ་ལ་རྩེད་མོ་སྣ་ཚོགས་བྱ། །དེ་ནི་ཚོགས་ཀྱི་ལམ་དུ་འདོད། །ཅེས་པས། རང་དང་ཕྱག་རྒྱ་ལུས་ཟུངས་རྒྱས་པར་བྱས་ནས། །དབེན་པའི་གནས་སུ་ཕྱག་རྒྱ་ཡིད་ཀྱི་ཡུལ་དུ་བྱ་བ་དང་། སྒྲ་ཐོས་པར་གཞག་ལ་ཆགས་པའི་གཏམ་བྱ་བ་དང་། མིག་གིས་མཐོང་བའི་ཡུལ་དུ་བཞག་ནས། བཞིན་དང་། ནུ་མ་དང་། བརླ་དང་། སྐྱེ་གནས་ལ་བལྟ། དྲི་ལ་སྣོམ་པ་དང་། རེག་པ་དང་། འོ་དང་། འཁྱུད་པ་དང་། སོ་དང་སེན་མོ་གདབ་པ་ལ་སོགས་པའི་རྩེད་མོ་ལ་བརྟེན་ནས་བསྒོམས་པས། བྱང་ཆུབ་ཀྱི་སེམས་མི་གཡོ་བར་འཆིང་ནུས་ན་ཚོགས་ཀྱི་ལམ་བགྲོད་པ་ཞེས་བྱའོ། །དེ་ནས། ཨེ་ཝཾ་གཅིག་ཏུ་སྦྱར་བྱས་ནས། །རྣམ་པ་སྣ་ཚོགས་སྦྱོར་བའི་ལམ། །ཞེས་པ། དེ་ལས་ཕྱག་རྒྱ་དང་མཉམ་པར་སྦྱར་ནས། དེའི་དབུ་མའི་མར་སྣ་རྡོ་རྗེའི་བུ་གར་བཅུག་ནས་དལ་བུར་མནན་པས། རྡོ་རྗེ་ནང་དུ་སོང་བ་དང་ཕྱིང་པའི་གཤགས་མ་ཕྱི་རུ་འཐེན། གསང་རྩེ་རྡོ་རྗེའི་ནང་དུ་སོང་བས་སྐོམ་པ་ཆུ་སྙེག་པ་བཞིན་རང་གི་དབུ་མའི་མར་སྣ་ཡང་རྩ་བར་སླེབ་ནས་ཁ་སྦྱོར་དུ་འགྱུར་ཏེ། དལ་བུར་བསྐྱོད་པས་བདེ་བ་མི་བཟོད་ན་འགུལ་འཕྲོ་བཤོལ། ཆུང་ན་དུམ་རེ་བསྐྱོད་པས་བྱང་ཆུབ་ཀྱི་སེམས་སྤྱི་བོར་ནས་མགྲིན་པའི་བར་དུ་བྱོན། ལུས་ཁུལ་བུར་བདེ་བ་སྐྱེ། རྣམ་པར་རྟོག་པ་རགས་རིམ་འགགས་པ་ནི་ཡས་བརྟན་གྱི་དགའ་བ། དེ་ནི་བྱ་བ་སྣ་ཚོགས་ལ་འཇུག་པས་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མའོ། །དེ་ནས་སྙིང་གར་བྱོན། ལུས་ཕལ་ཆེར་ལ་བདེ་བ་སྐྱེས། བདག་གི་རྣམ་རྟོག་རགས་རིམ་འགགས་པ་མཆོག་དགའ། དེ་ནི་རྩོལ་བ་ཆུང་བདེ་བ་ཆེ་བས་རྣམ་པར་སྨིན་པའི་སྐད་ཅིག་མའོ། །དེ་ནས་ལྟེ་བར་བྱོན། བདེ་བ་ལུས་ཐམས་ཅད་ལ་ཁྱབ་པར་སྐྱེས། ཕྱག་རྒྱའི་རྣམ་པར་རྟོག་པ་འགགས་པ་དགའ་བྲལ་ལམ་ཁྱད་དགའ། བདེ་བ་མི་རྟོག་པ་དང་ལྡན་པ་དེ་ཉིད་ཕྱག་རྒྱ་ཉེད་པ་ཡིན་པས་རྣམ་པར་ཉེད་པའི་སྐད་ཅིག་མའོ། །གསང་གནས་ཀྱི་རྩེ་མོར་བྱོན། ཤེས་རབ་ཀྱི་རཀྟ་དང་ཕྲད། སྣང་བའི་དངོས་པོ་ཐམས་ཅད་བདེ་བར་ཤར། དགའ་བ་གསུམ་གྱི་རྣམ་པར་རྟོག་པ་འགགས། ཁུ་བ་དང་བདེ་བ་ལྷན་ཅིག་ཏུ་སྐྱེས་པ་ལས་བྱུང་བའི་ཆགས་པ་དང་ཆགས་བྲལ་རོ་མཉམ་པའི་མཚན་ཉིད་ཅན། ལྷན་ཅིག་སྐྱེས་པའི་དགའ་བ་སོ་སོ་རང་གིས་རིག་པས་བདེ་སྟོང་གཉིས་སུ་མེད་པར་རྟོགས་པ། དེ་ཡང་། རྡོ་རྗེ་དང་པདྨ་ཁ་སྦྱོར། རང་དང་ཕྱག་རྒྱའི་དབུ་མའི་མ་སྣ་ཁ་སྦྱོར་ཐིག་ལེ་དཀར་དམར་ཁ་སྦྱོར། དུས་ཀྱི་མེའི་རླུང་གཉིས་ཁ་སྦྱོར་བས་ཁ་སྦྱོར་བཞིའི་གདམ་ངག་ཅེས་བྱ་བ་སྦྱོར་བའི་ལམ་མོ། །དེ་ནས། རྩེ་མོ་ཡུན་རིང་དྲུད་པ་ལས། །རྣམ་པར་སྨིན་པ་མཐོང་བའི་ལམ། །ཞེས་པ། རྩ་གཉིས་ཀྱི་སྣ་རྩེར་ཐིག་ལེ་དཀར་དམར་འཛག་པ་མེད་པར་འཆིང་ནུས་པའི་འཇིག་རྟེན་ཆོས་མཆོག་ཐ་མའི་ཡེ་ཤེས་ལས་སྐྱེས་པའི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱིས་འཁྱུད་པ་མངོན་དུ་བྱས་པ་ནི་མཐོང་བའི་ལམ་སྟེ། སྔར་མ་མཐོང་བའི་དངོས་པོ་གསར་དུ་མཐོང་བས་སོ། །དེ་ཡང་། ཆོས་མཆོག་ཐ་མའི་ཡེ་ཤེས་ནི་གསང་བའི་སྣ་རྩེ་བྱང་ཆུབ་ཀྱི་སེམས་ཀྱིས་གང་མ་ཐག་པ་ལ་བཞག་པས་མ་སྨིན་པ་ཞེས་བྱ་ལ། འདི་ནི་བྱང་ཆུབ་ཀྱི་སེམས་འཛག་པ་མེད་པར་བརྟན་པ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ཞེས་བྱའོ། །དེ་ཡང་། གཉིས་ཤོར་གཉིས་མཉམ་དབུས་དག་ཏུ། །དེ་ལས་མ་ཡེངས་བསྒོམས་པའི་ལམ། །ཞེས་པ། རང་དང་ཕྱག་རྒྱའི་ཐིག་ལེ་དྭངས་མའི་དྭངས་མ་དབུ་མའི་སྣ་རྩེར་ལྷུང་བ་གཉིས་ཤོར་དང་། དེ་གཉིས་གཅིག་ཏུ་འདྲེས་ནས་འཛག་པ་མེད་པ་གཉིས་མཉམ་དང་། ཆགས་པ་དང་། ཆགས་བྲལ་གྱི་མཐའ་ལ་མི་གནས་པས་དབུས་སུ། མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེས་པ་དེ་ཉིད་གོམས་པ་བརྟན་པར་བྱེད་པས་བསྒོམ་པའི་ལམ་ཞེས་བྱའོ། །དེའི་ཚུལ་ཡང་། ཇི་ལྟར་ལོ་ཀ་བ་འཁྲིག་པའི་དུས་སུ་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་གསང་བའི་སྣ་རྩེར་མྱུར་བར་འཛག་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་གསང་བའི་རྩེར་འཆིང་བའི་སྐད་ཅིག་དེ་ནས་གྱེན་དུ་རང་བྱུང་གིས་གཤེགས་པ་ཡང་འདྲ་ལ། སྦྲུལ་གདུག་གི་མཆེ་བས་ཟིན་པའི་ཟུག་རྔུ་དྲག་པོའི་སྐད་ཅིག་ལ་ལུས་ཐམས་ཅད་དུག་གིས་ཁྱབ་པར་འགྱུར་བ་བཞིན། འཛག་པ་མེད་པའི་བདེ་བ་ཆེན་པོའི་ཚོར་བ་སྐད་ཅིག་གིས་ལུས་ཐམས་ཅད་དྭངས་མའི་འཇའ་ལུས་སུ་བསྒྱུར་ནུས་པར་ཡང་ཤེས་པར་བྱའོ། །ལྟེ་བར་བྱང་སེམས་བརྟན་པ་མས་བརྟན་པའི་དགའ་བ། དེའི་ཚེ་བདེ་སྟོང་གི་ཏིང་ངེ་འཛིན་གྱིས་བདག་རྒྱུད་ལ་ཁྱབ། ལུས་ཀྱི་ཐིག་ལེ་འཛག་མེད་དུ་འཆིང་། བསམ་གཏན་དང་པོ་ཐོབ། ལུས་བཅུ་དྲུག་པའི་ལང་འཚོར་འགྱུར། སྙིང་གར་སླེབ། སྣང་བ་ཐམས་ཅད་བདེ་སྟོང་ཟུང་འཇུག་ཏུ་ཤར། ངག་གི་ཐིག་ལེ་འཛག་མེད་དུ་འཆིང་། བསམ་གཏན་གཉིས་པ་ཐོབ། ཐལ་གོང་རྒྱས། སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས། ཚན་པོ་ཆེ་གཅིག་ལ་ཡོད་ལ། དེ་བཅུའི་སྟོབས་རབ་གནོན་གཅིག་ལ་དང་། དེ་བཅུ་ཡན་ལག་མཆོག་གཅིག་ལ་དང་། དེ་བཅུ་སྟོབས་མཆོག་གཅིག་ལ་དང་། དེ་བཅུའི་སྟོབས་ནི་སྲེད་མེད་ཀྱི་བུའི་སྟོབས་ཏེ། སྟོབས་དེ་དང་མཉམ་པ་ཐོབ་པ་ཡིན་ནོ། །མགྲིན་པར་བརྟན་པས་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བདེ་སྟོང་ཟུང་འཇུག་ཏུ་རྟོགས། ཡིད་ཀྱི་ཐིག་ལེ་འཛག་མེད་དུ་འཆིང་། བསམ་གཏན་གསུམ་པ་ཐོབ། ལྕེ་འཕེལ་ཏེ་མཛོད་སྤུར་སླེབ། ལྕེའུ་ཆུང་གི་བདུད་རྩི་འཛག་པས་འཆི་མེད་ཀྱི་ཚེ་དང་ཚིག་གི་མཆོག་འགྲུབ། སྤྱི་བོར་བརྟན་པས་འཁོར་འདས་ཐམས་ཅད་བདེ་སྟོང་དབྱེར་མེད་དུ་རྟོགས། ཡེ་ཤེས་ཀྱི་ཐིག་ལེ་འཛག་མེད་དུ་འཆིང་། བསམ་གཏན་བཞི་པ་ཐོབ། གཙུག་ཏོར་བལྟར་མི་མངོན་པ་ལ་སོགས་པ་མཚན་དང་དཔེ་བྱད་དུ་ལྡན་ནོ། །དེ་ནས་དགག་སྒྲུབ་མེད་པ་ངོ་འཕྲོད་པ། མཐར་ཐུག་ལམ་དུ་འདོད་པ་ཡིན། གཙུག་ཏོར་གྱི་རྩ་པདྨ་འདབ་མ་བཞིར་བྱང་ཆུབ་ཀྱི་སེམས་བརྟན་པ་བསམ་གཏན་བཞི་པའི་རབ་ཀྱི་ཐ་མར་རྩ་དང་། རླུང་དང་། ཐིག་ལེ་དང་། འཛག་པ་མེད་པའི་འགྲོས་ཐམས་ཅད་དབུ་མར་ཐིམ་པ་སྟེ། ཉེ་བར་ཞི་བའི་ཆོས་ཀྱི་དབྱིངས་ཀྱི་མཐར་ཕྱིན་པས་འཁོར་བ་ལ་མི་གནས་པ་དམར་ཆ་རྣམ་པར་དག་པ་དང་། ཟག་པ་མེད་པའི་སྙིང་རྗེའི་ཕུང་པོ་ཡོངས་སུ་རྫོགས་པས་ཞི་བ་ལ་མི་གནས་པ་དཀར་ཆ་རྣམ་པར་དག་པ་དང་། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ལྷན་ཅིག་སྐྱེས་པ་ངོ་བོ་ཉིད་ཀྱི་སྐུ་མ་ནིང་གི་གོ་འཕང་མུན་ཅན་རྣམ་པར་དག་པས་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོར་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །དེ་ཡང་གཞུང་ལས། བསྒོམས་ནས་འཚང་རྒྱ་ཀུན་ཀྱང་རྒྱ། །མ་བསྒོམས་རྒྱ་ན་རྒྱ་བ་ཡིན། །ཞེས་གསུངས་པས་སོ། །ཕྱག་རྒྱ་ལ་འཁྲིག་པའི་སྔོན་དུ་ཆང་ཅུང་ཟད་ཅིག་སྦྱིན་ཞིང་། དངུལ་ཆུ་དུག་དབྱུང་བ་ཐིགས་པ་གཅིག་བྷ་གའི་ནང་དུ་བླུག་པས་རྩ་ཕྲ་ཞིང་རྣོ་བ་དང་། འབོལ་ལ་རིང་བར་འགྱུར་བ་ཡིན་ནོ། །གལ་ཏེ་གསང་རྩ་ཐུང་ཞིང་ཞན་ན་ཕྱག་རྒྱ་གན་རྐྱལ་དུ་བྱས་པའི་རྟིང་པ་གཉིས་རང་གི་ཕྲག་གོང་དུ་བཀལ་བ་ཁྱུང་ལྡིང་གི་འདུག་སྟངས་སོ། །ཡང་ན། བུད་མེད་སྟེང་གི་ཕྱོགས་སུ་གནས་པས། རང་གི་སྐེད་པ་མདུན་དང་། རྐང་པ་རྒྱབ་ཏུ་བཅིངས་ནས་བསྐྱོད་པ་ནཱ་རི་ཁྱོགས་ཀྱི་འདུག་སྟངས་སོ། །ཡང་ན། འཕྲེད་དུ་ཉལ་བའི་ཕྱག་རྒྱའི་རྐང་པ་གཡས་སྟེང་དུ་བཏོན་པའི་པུས་མོའི་འོག་ཏུ་གཡོན་པའི་གྲུ་མོ་བཅུག ལག་པ་གཡས་པས་དེའི་རྒྱབ་ནས་བཟུང་ནས་བསྐྱོད་པ་དང་། དེ་བཞིན་དུ་གཡོན་དུ་གོ་ལྡོག་པ་ནི་སྟེང་དུ་གནས་པའི་ཀ་ར་ཎའོ། །ཡང་ན། གན་རྐྱལ་དུ་རྐང་པ་གཡས་པ་དང་གཡོན་པའི་མཐིལ་རང་གི་ལག་པའི་མཐིལ་གྱིས་ངང་པའི་གཤོག་པ་ལྟར་བཅིངས་ནས་གཉིས་ཀ་ལུས་རབ་ཏུ་བརྐྱང་ནས་བསྒྲུབ་པར་བྱ་བ་ནི། གན་རྐྱལ་བའི་འདུག་སྟངས་སམ། ཤིན་ཏུ་བརྐྱང་བའི་འདུག་སྟངས་སོ། །གསུམ་པ་བཟུང་བ་ནི། བཟུང་བ་འཁྲུལ་འཁོར་མན་ངག་དང་། །ཟངས་ཚགས་ཅན་དང་ཏིང་འཛིན་ནོ། །དེ་ལ་འཁྲུལ་འཁོར་ནི། འོག་རླུང་དྲག་ཏུ་འཐེན། ཧ་ལ་ཧ་ལ་ཞེས་བརྗོད་ཅིང་། གླིང་བཞི་བསྡུ་བ། རྒྱ་མཚོ་རི་རབ་ལ་སྦྱར་བ། ལྕེ་ཡར་རྐན་ལ་བསྒྲིལ་བ། མཆུ་མིག་གྱེན་ལ་ལྡོག་པ་དང་དྲུག་དུས་གཅིག་ལ་འཛོམ་པས་བཟུང་བར་བྱ་ཞིང་། ལུས་གནད་དེ་ཉིད་ལ་ཧིག་དང་། ཧཱུྃ་བརྗོད་པས་ཀྱང་ངོ་། །ཟངས་ཚགས་ཅན་ནི་སྟེང་རླུང་མནན། འོག་རླུང་བསྡམས་པ་བསྲེས་ནས་མཐུར་དུ་ཆུ་བཙིར་བ་བཞིན་འཕུལ་བའོ། །ཏིང་འཛིན་གྱིས་འཛིན་པ་ནི། སྤྱི་བོའི་ཐིག་ལེ་དཀར་པོ་ལ་སེམས་མ་ཡེངས་པར་གཏད་པའོ། །དེ་ལྟར་ཟིན་པའི་རྟགས། འོག་སྒོ་བེམ་བེམ་པ་དང་། ལྕི་ཡོར་ཡོར་བ་དང་། གཙུབ་གཙུབ་པ་དང་། སྐྲ་སེང་སེང་བ་དང་། བཤང་གཅི་མི་ཐོན་པ་སྙམ་པ་དང་། ངུ་བ་དང་། རྒོད་པ་དང་། ཀུ་ཅོ་འདོན་པ་ལ་སོགས་པ་བྱུང་ན་ཟིན་པའི་རྟགས་སོ། །བཞི་པ་བཟློག་པ་ནི། བཟློག་པ་དུད་འགྲོའི་འགྱུར་བཞི་ལ། །སྦྱོར་བ་དྲུག་དང་བཞི་ལྡན་སྦྱར། །ཞེས་པས། རྡོ་རྗེ་པདྨའི་ཡར་རྐན་ལ་སྦྱར་ནས། རྡོ་རྗེ་ཆུ་འཐུང་གི་ལུས་གནད་དང་། རླུང་གནད་དེ་ཉིད་ལ། མཇིང་པ་གཡས་སུ་གཅུས་པས་འཐེན་པ་གསུམ་དང་། གཡོན་དང་དབུས་སུའང་ངོ་། །དམིགས་པ་ནོར་བུའི་བུ་གར་དཀར་ལ་དམར་བའི་ཕཊ྄་དང་། དབུ་མའི་སྣ་རྩེར་ཧཱུྃ་ཡིག་དཀར་པོ་གསལ་བཏབ་ནས། ཧཱུྃ་ཞེས་བརྗོད་པས། ཧཱུྃ་གིས་བྱང་སེམས་གྱེན་ལ་དྲངས་ཤིང་། ཕཊ྄་ཀྱིས་མས་ཡར་ཕུལ་བས་ཐིག་ལེ་དཀར་དམར་འདྲེས་པ་སྤྱི་བོར་སླེབ་པར་བསམ་མོ། །དེ་ནས་གཅན་གཟན་གྱི་བགད་གདངས་ཀྱི་འདྲེན་ནི། ཕྱག་རྒྱ་དང་བྲལ་བས་སྐྱིལ་ཀྲུང་བཅས། ལག་པ་པུས་མོ་ལ་བསྣོལ་མ་བཀབ་ལ། ཧིང་རིང་དགུས་ཐིག་ལེ་ལྟེ་བར་དྲང་ངོ་། །གཅན་གཟན་གྱི་ངར་སྐད་ཀྱི་འདྲེན་ནི། ཁུ་ཚུར་སྙིང་གར་བསྣོལ་ལ་ཧཱུྃ་རིང་དགུས་སྙིང་གར་དྲང་ངོ་། །འདི་གཉིས་ལ་རླུང་དྲག་ཏུ་འཐེན་པ་ངག་འདྲེན་གླིང་བཞི་བསྡུ་བ། རྒྱུ་ཞབས་འཐེན་ལ་ཀ་བ་གཟུགས་པ། ལྕེ་རྐན་ལ་བསྒྲིལ་བ། མཆུ་མིག་གྱེན་ལ་བཟློག་པ་དང་དྲུག་འཛོམ་པར་བྱའོ། །གཅན་གཟན་གྱི་སྐྱུག་སྟངས་ཀྱི་འདྲེན་ནི། ལག་པ་རྡོ་རྗེ་བསྡམས་པ་བརྐྱང་བའི་ཕྱག་རྒྱ་ས་ལ་བཙུགས། ཧག་དགུས་མགྲིན་པར་དྲངས། གཅན་གཟན་གྱི་སྣོམ་གྱི་འདྲེན་ནི། ལག་པ་རྡོ་རྗེ་ཁུ་ཚུར་སྟེང་གི་བར་སྣང་ལ་བརྐྱང་ནས་ཧིག་དགུས་སྤྱི་བོར་དྲངས། འདི་གཉིས་ལ་གླིང་བཞི་ནང་དུ་བསྡུ་བ་དང་། རྒྱ་མཚོ་རི་རབ་ལ་སྦྱར་བ་དང་། ལྕེ་ཡར་རྐན་ལ་གཏད་པ་དང་། དཔུང་པ་གཉིས་རེ་མོས་ཀྱིས་ཞུམ་པའི་སྦྱོར་བ་བཞི་འཛོམ་པར་བྱའོ། །རླུང་གནད་ཆུ་འཐུང་དང་འདྲའོ། །ལྔ་པ་ལུས་ཐམས་ཅད་ལ་ཁྱབ་པར་བྱ་བ་ནི། འགྲེམས་པ་རྣམ་རོལ་ཕྱག་རྒྱ་དང་། །གཟེར་ཆེན་དག་གི་མན་ངག་གོ །རླུང་བུམ་པ་ཅན་ཐུབ་ཚད་དུ་བཀག་ནས། སེང་གེ་རྣམ་རོལ་ལ་སོགས་པ་ཐིག་ལེ་ཉི་ཤུ་པའི་འཁྲུལ་འཁོར་ལ་འབད། དེ་ཡང་། ནོར་བུར་བདེ་བ་ལ་སེམས་གཏད་པས། ནོར་བུ་འགགས་པ་སྙམ་བྱེད་ཅིང་བདེ་བ་མི་བཟོད་ན་ལྟེ་བར་དྲངས་ནས་སེམས་གཟུང་བས་དེར་མི་བཟོད་པར་བྱུང་བ་དང་སྙིང་གར་གཏད། དེར་མི་བཟོད་པ་དང་། སྤྱི་བོ་དང་། ལུས་ཐམས་ཅད་ལ་གཏད་པས་ལུས་ཐམས་ཅད་བདེ་བས་བརྒྱལ་བ་དང་། དངོས་པོ་གང་ལ་དམིགས་ཤིང་བལྟས་པས་བདེ་བས་མྱོས་པ་སྙམ་བྱེད་ན། སྐྲ་དཀར། གཉེར་མ། སྲིན་བུ། ཆུ་སེར། ཁྲག་ལ་སོགས་པ་མི་འབྱུང་ངོ་། །མཐར་བདེ་བའི་རང་བཞིན་ལ་མ་ཡེངས་པར་མཉམ་པར་བཞག་པས་སྟོང་པ་ཉིད་དང་ཟུང་འཇུག་ཏུ་བསྒྲུབ་པར་བྱའོ། །གསུམ་པ་རྗེས་ལམ་དུ་ཁྱེར་བ་ལ། རྩའི་གནས་སུ་བསྲེ་བ་དང་། རླུང་དང་བསྲེ་བ་གཉིས་ལས། དང་པོ་རྩའི་གནས་སུ་བསྲེ་བ་ནི། དེ་ནས་རྩ་ཡི་ནང་ཉིད་དུ། །གཡོན་པའི་སྲིན་ལག་ས་ལ་ནི། །དྲག་ཏུ་བཙུགས་ནས་ལུས་ལྡིག་ཕབ། །ཡང་ན་ལག་པ་གཉིས་ཀྱང་རུང་། །ཞེས་སོ། །གཉིས་པ་རླུང་དང་བསྲེ་བ་ནི། རླུང་དང་བསྲེ་བའི་མན་ངག་ནི། །སྟེང་རླུང་མནན་ཅིང་འོག་རླུང་བསྡམ། །སྦྱོར་སྐོར་དེ་དག་གི་རྗེས་སུ་རླུང་བུམ་པ་ཅན་ཉི་ཤུ་རྩ་རེ་ལས་མི་ཉུང་བ་བསྒོམ་པར་བྱའོ། །དཔེར་ན་ནོར་བུ་རིན་ཆེན་དག །མ་ཕུག་པས་ནི་སྦྱོར་བྲལ་འགྱུར། །ཕུག་པས་དགའ་བ་སྦྱིན་པའོ། །དེ་ཡང་། བྱང་ཆུབ་ཀྱི་སེམས་འཛག་པ་མེད་པ་མྱ་ངན་ལས་འདས་པའི་རྒྱུའི་གཙོ་བོ་ཡིན་པས། དེ་བསྒྲུབ་པ་ལས་ཀྱི་ཕྱག་རྒྱའི་ལམ་ལས་གཞན་མ་ཡིན་པར་སྟོན་པ་སྟེ། དུས་ཀྱི་འཁོར་ལོར། མེ་དངུལ་ཆུའི་དགྲ་ཡིན་ཀྱང་། དངུལ་ཆུ་འཆིང་བ་མེ་ལ་རག་ལས་པའི་དཔེས་གསུངས་པ་དང་མཐུན་པ་སྟེ། མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་བ་མེད། མ་བཅིངས་ན་ནི་གསེར་བྱེད་མེད་དེ་གསེར་དང་བྲལ་བ་སྨྲ་བོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། དེ་བཞིན་བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམ་དག་གི་སེམས་ནི་འཆིང་མི་འགྱུར། བཅིངས་པ་མེད་ན་ལུས་འབིགས་མེད་དེ་མ་ཕུག་ལུས་ཀྱིས་འདིར་ནི་ལྷན་སྐྱེས་བདེ་བ་སྟེར་བ་མིན། །ཞེས་སོ། །ཤེལ་དང་མཚུངས་པའི་སེམས་ལ་ནི། །སྦྱོར་བས་ཡུལ་ལ་འཇུག་པ་སྟེ། །འཁོར་བའི་སྐྱོན་གྱིས་གོས་པ་ཡིན། །སྐྱོན་དང་ཡོན་ཏན་སེམས་ལ་མེད། །འདི་ལ་སྤང་བ་གཉིས་ཡོད་དེ། །ཡོན་ཏན་མེད་ནས་སྤང་བ་དང་། །ཁྱད་པར་འཕགས་ནས་སྤང་བའོ། །ཁྱད་པར་ཡོན་ཏན་ཅན་གྱིས་ཀྱང་། །ཤེས་པ་སྐྱོ་ན་བསྟེན་ཀྱང་རུང་། འགའ་དང་འགའ་ཡི་སྤྱོད་ཡུལ་ལས། །ཀུན་གྱི་སྤྱོད་ཡུལ་འདི་མ་ཡིན། །ཞེས་གསུངས་པ་ནི་གོ་བར་སླའོ། །ཐ་སྙད་མཁན་རྣམས་མགྲིན་པ་ཡི། །ཆུ་གཏེར་ངེས་པར་བསྐམས་ས་འདིར། །ལེགས་བཤད་ཚིག་གི་ཆུ་སྐྱེས་ནི། །དྲི་བཟང་འཛིན་འདི་བདག་གིས་བསྐྲུན། །ལུས་ཅན་གདུང་བ་གཞོམ་ལ་འདི། །ཧ་རི་ཙན་དན་འཁྲི་ཤིང་གི །སྙེ་མའི་ཆུན་པོ་མཱ་ལ་ཡའི། །རླུང་གིས་བསྐྱོད་པས་འགྲན་ནུས་མིན། །རྣམ་དཔྱོད་བསོད་ནམས་ལས་འོངས་པའི། །ལུས་རིགས་རྩིབས་སྟོང་འཁོར་ལོ་ཡིས། །ཐུབ་གཞུང་འཛིན་མར་དབང་བྱེད་པ། །ཆོས་ཀྱི་རྒྱལ་པོ་གཞན་པ་བཞིན། །དེ་ལྟར། རྗེ་བཙུན་ནཱ་རོ་པའི་བཀའ་རྒྱ་གནད་ཀྱི་གདམ་ངག་གི་གཞུང་། དཔལ་ཕག་མོ་གྲུ་པས་རྒྱས་པར་མངོན་རྟོགས་སུ་བཀྲལ་བ། བླ་མ་དམ་པའི་གསུང་གི་རྗེས་སུ་འབྲངས་ནས་སྙིང་པོར་བསྒྲིལ་བའི་ཁྲིད་ཡིག་འདི་ཡང་། རྡོ་རྗེ་འཆང་རྔོག་སྟོན་གྱི་གདན་རབས་བཅུ་གསུམ་པ་དབོན་དཔལ་འབྱོར་དོན་གྲུབ་ཀྱི་ཆེད་དུ། པདྨ་དཀར་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེས། མཁར་ཆུའི་བྲག་ལ་བསྒོམས་པའི་ཚེ་སྦྱར་བའོ།། །།སརྦ་མངྒལཾ།། །།


previousརྗེ་བཙུན་ནཱ་རོ་པའི་ཕྱག་རྒྱ་ལམ་རྫོགས་ཀྱི་ཁྲིད།next