Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་མཻ་ཏྲི་པའི་ལུགས་ཀྱི་བདེ་མཆོག་སྙན་རྒྱུད་ལས་ཕོ་ཁྲིད་སྙིང་གི་ནོར་བུ།
   


 
previousརྗེ་བཙུན་མཻ་ཏྲི་པའི་ལུགས་ཀྱི་བདེ་མཆོག་སྙན་རྒྱུད་ལས་ཕོ་ཁྲིད་སྙིང་གི་ནོར་བུ།next

རྗེ་བཙུན་མཻ་ཏྲི་པའི་ལུགས་ཀྱི་བདེ་མཆོག་སྙན་རྒྱུད་ལས་ཕོ་ཁྲིད་སྙིང་གི་ནོར་བུ།

རྗེ་བཙུན་མཻ་ཏྲི་པའི་ལུགས་ཀྱི་བདེ་མཆོག་སྙན་རྒྱུད་ལས་ཕོ་ཁྲིད་སྙིང་གི་ནོར་བུ་བཞུགས། །དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཆུ་གཏེར་ལས་ནི་ཟླ་བ་བཞིན། །བདེ་བའི་མཆོག་ལས་ཝཱ་རཱ་ཧི། །གང་ལ་གཟི་བརྗིད་སྤྲིན་ཕུང་ནི། །བདུད་མཁའ་མུན་པར་བྱེད་པ་འཁྲིགས། །ཧ་རི་ཙན་དན་ལྟར་བསིལ་བའི། །དེ་ཚིག་ཆར་གྱིས་ཤ་ཝ་ར། །དུབ་པའི་རྔུལ་རིས་བཀྲུས་པའི་རྒྱུན། །མཻ་ཏྲི་པ་ཡི་བྱུག་པར་ཆགས། །དྲི་མེད་བཤེས་གཉེན་དེ་ཕངས་ནས། །རས་བཟང་དག་ཏུ་ཆུང་ངུ་ལྟར། །སྦས་པ་ཆོས་གྲགས་ཀྱིས་ཕྱེ་བ། །སྒྱུ་མའི་གར་མཁན་དེ་ཡིས་སྤྱད། །དེ་ཕྱིར་གང་གིས་བསྟོད་འོས་པ། །མ་ལུས་ཚོགས་པའི་གཟུགས་གསར་འདིར། །སྙིམ་པ་སྦྱར་བའི་གཙུག་ཏོར་གྱིས། །པདྨ་དཀར་པོ་ཕྱག་བགྱིའོ། །འདིར་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་རྩ་བའི་རྒྱུད་ཉུང་ངུ་ལས་གསུངས་པའི་མན་ངག རྡོ་རྗེ་བཙུན་མོའི་ཞལ་སྐྱེམས། ཤ་ཝ་ར་དབང་ཕྱུག་གི་དགོངས་པ། དཔལ་མཻ་ཏྲི་པའི་ཁྱད་ཆོས། ཏི་པུ་གསང་སྔགས་སྡོང་པོའི་གསང་ཚིག རྗེ་བཙུན་རས་ཆུང་ཞབས་ཀྱི་རིན་པོ་ཆེ་རྣམ་ལྔ་ཞེས་གསུངས་པའི་གདམས་ངག ཆོས་ཀྱི་རྒྱལ་པོ་དཔལ་གྲགས་པའི་མཚན་ཅན་གྱིས་རྣམ་པར་ཕྱེ་བའི་སྙན་རྒྱུད། ཨ་བ་དྷཱུ་ཏཱི་པ་བཙུན་མོ་ཅན་གྱི་ཉམས་བཞེས། པདྨ་དཀར་པོའི་ཡིད་ཀྱི་བཅུད་ལེན་དུ་བབས་པ་འདི་བཤད་པ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་བརྒྱུད་པའི་ལོ་རྒྱུས་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་གཉིས་ལས། དང་པོ་ལ། བརྒྱུད་པ་རིང་ལུགས་དང་ཉེ་བརྒྱུད་གཉིས་ལས། དང་པོ་ནི། སྨིན་བྱེད་དབང་། རྒྱུད་གྲོལ་བྱེད་དང་པོ་རྣམས་ཀྱི་བརྒྱུད་པ་རིང་ལུགས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། གསང་བའི་བདག་པོ། བྱང་སེམས་བློ་གྲོས་རིན་ཆེན། གྲུབ་པའི་དབང་པོ་ཤ་བ་རི། མངའ་བདག་མཻ་ཏྲི་པ། ཏི་བུ་རས་ཆུང་པ། ལོ། སུམ། གླིང་། ཆོས་རྗེ། སེང་གེའི་མཚན་དགུ མཁན་ཆེན་རྡོ་རྗེ་རིན་ཆེན། རིགས་གསུམ་མཚན། རྒྱལ་དབང་རྗེ། ཁྱབ་བདག་ངག་གི་དབང་པོ། འཇམ་པའི་དབྱངས་ཆོས་ཀྱི་གྲགས་པ། ཀུན་སྤངས་ཤེས་རབ་རྒྱ་མཚོ། དེས་བདག་གོ གཉིས་པ་ནི། ཐུན་མོང་མ་ཡིན་པའི་བརྒྱུད་པ་འཁོར་ལོ་སྡོམ་པ། དེས་རྡོ་རྗེ་རྣལ་འབྱོར་མ། དེས་རི་ཁྲོད་ཞབས། དེས་རྒྱལ་བ་མཻ་ཏྲི་པ། དེས་ཏི་བུ་གསང་སྔགས་སྡོང་པོ། དེས་རྗེ་བཙུན་རས་ཆུང་པ་ལ་གནང་སྟེ། དེ་ཉིད་ཀྱིས། བརྡ་དོན་གསུམ་དང་རིན་ཆེན་ལྔ། ཞེས་པའི་རིན་ཆེན་ལྔ་འདི་ཡིན་པས་སོ། །དེ་དུས་བོད་དུ་སྟོན་པའི་དུས་ལ་མ་བབ་ཅིང་ཕྱིས་དར་བར་འགྱུར་བ་ནི། དེ་ལ་མི་ལ་དང་གྲུབ་པའི་རྒྱལ་མོས་སྒྲུབ་གནས་ལྔར་གདུལ་བྱ་འདུལ་བར་ལུང་བསྟན་པའི་དང་པོ་ཤམྦྷོའི་གངས་སྒྲུབ་གནས་ཀ་པཱ་ལ་ཁ་སྦུབས་པ་འདྲ་བ་དཔལ་བདེ་མཆོག་འཁོར་ལོའི་ཕོ་བྲང་དུ་བཤད། གཉིས་པ་བྲག་ཕུག་ཉི་ཟླ་ཁ་སྦྱོར་ཞེས་པ། བདེ་བ་ཅན་དང་ཁྱད་པར་མེད་པ་ཚེ་བསྒྲུབ་པའི་གནས་སུ་བསྔགས་པ་གློན་བྱེས་འགོལ། གསུམ་པ་དགེ་བསྙེན་གསལ་རྗེའི་བྱང་འདབ་རྡོ་རྗེ་གཞོན་ནུའི་སྒྲུབ་གནས་སུ་གསུངས་པ་བྱར་ཕུ་ནགས་དགོན། བཞི་པ་རྡོ་བོད་ཀྱི་མཚམས་བྲག་བྱ་ཁྱུང་གཤོག་པ་བརྐྱང་བ་འདྲ་བ་ལྕང་ལོ་ཅན་དང་ཁྱད་པར་མེད་པར་བསྟོད་པ་མོག་པ་ཚེ་ཀོང་སྟེ། སྐུ་མངོན་དུ་རྒྱུས་གདུལ་བྱ་བཏུལ་བ་ནི་དེ་དག་གོ །དེ་ནས་བདེ་ཆེན་གསང་བའི་ཕུག་པ་ཞེས་པར་ཁྱོད་ཀྱི་མཐའ་མའི་གདུལ་བྱ་ཡོད་ཀྱིས། དེའི་དོན་གྱིས་ཤིག་ཅེས་ལུང་བསྟན་པ་ནི། ལོ་རོ་དཀར་ནག་ཁྲ་གསུམ་འདུས་པའི་ས། རི་གླང་པོ་ཆེ་ཉལ་བ་ལྟ་བུ། དཔལ་བཀྲ་ཤིས་མཐོང་སྨོན་ཞེས་བྱ་བ་འདི་སྟེ། སྐུ་དངོས་ཀྱིས་གདུལ་བྱ་བཏུལ་བའི་ཕྱི་ལོགས་སུ་བྱུང་བས་མཐའ་མའི་གདུལ་བྱ་ཞེས་གསུངས་ལ། དེ་ཡང་། གང་ཞེ་ན། འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཟིགས་པའི་རྩེ་མོ་ལས་འཐོན་པ། ཇོ་བོ་ནཱ་རོ་ཏ་པ་ཆོས་ཀྱི་སྤྱན་ལྡན་ཆེན་པོ་དེའི་སྤྲུལ་པའི་སྐུ། དཔལ་འབྲུག་པ་ས་གསུམ་གྱི་མཆོད་གནས། བོད་ཡུལ་ལྷོ་ཕྱོགས་ཀྱི་རྒྱལ་ཁམས་ཆེན་པོ་ཆོས་བཞིན་དུ་སྐྱོང་བ་མིའི་དབང་ཕྱུག་གོང་མ་ཆེན་པོར་འོངས་པ་ཆོས་ཀྱི་གྲགས་པ་ཞེས་པ་དེ་ཡིན་ལ། དེའི་དོན་གྱིས་ཤིག་ཅེས་པ་ནི་གདམས་པ་འདི། རས་ཆུང་པ་ཉིད་མངོན་སུམ་དུ་བྱོན་ནས། དེ་ལ་སྩལ་བ་ཡིན་ལ། རྣམ་ཐར་བཀའ་རྒྱ་མར་མནལ་ལམ་དུ་བྱུང་ཚུལ་གསུངས་པ་ནི་ལོག་པར་རྟོག་པའི་ངོར་སྦས་པ་ཡིན་ནོ། །དེའི་སྙན་རྒྱུད་འཛིན་པའི་སློབ་མའི་གཙོ་བོ་ཡང་། མཁའ་འགྲོ་མ་སུ་ཁ་སིདྡྷིས། མི་ཏྲ་ལོ་ཡི་སྤྲུལ་པ་ཡིས། །ཁྱོད་ཀྱི་སྒྲུབ་རྒྱུད་རྒྱས་པར་བྱེད། །ཅེས་པའི་ལུང་བསྟན་སྩལ་བའི་མི་ཏྲ་ཛུ་ཀིའི་སྤྲུལ་པ་ནི་ཁོ་བོའི་རྗེ་བཙུན། མཚན་སྣང་སྲིད་ལྷ་འདྲེས་གསོལ་བ་སྒྱུ་མའི་གར་མཁན། གཞན་ཀུན་སྤངས་ཤེས་རབ་རྒྱ་མཚོ། ལོའི་སྤྲུལ་པ་ནི་ཌཱ་ཀི་རས་ཆེན་ཞེས་གྲགས་པ་དེའོ། །གཉིས་པ་ལ། བདེ་མཆོག་དངོས་གྲུབ་ཀྱི་སྐོར་མཛོད་ཕྱེ་ནས་སྐལ་ལྡན་གྱི་སྐྱེས་བུ་སངས་རྒྱས་ལ་སྦྱོར་བ། ཕག་མོ་བྱིན་རླབས་ཀྱི་སྐོར་མཛོད་ཕྱེ་ནས་མཚན་ལྡན་གྱི་བུད་མེད་ཡེ་ཤེས་ཀྱི་ས་ལ་སྐྱེལ་བ། བྱ་རོག་མ་བསྟན་སྲུངས་ཀྱི་སྐོར་མཛོད་ཕྱེ་ནས་བསྟན་པའི་དགྲ་བོ་རྡུལ་དུ་འཐག་པ་གསུམ་ལས་དང་པོ་ལ། འཇུག་པའི་ཡན་ལག་དང་། མན་ངག་དངོས་བཤད་པ་གཉིས། དང་པོ་ནི། རྒྱ་གར་སྐད་དུ། ཤྲཱི་ཙ་ཀྲ་སམྦ་ར་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་མན་ངག་ཅེས་བྱ་བ། དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། འཁོར་ལོ་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའོ། །སྡོམ་པ་ནི། དེ་དག་རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་བའི་མཆོག་ཏུ་འདུས་པའི་སྡོམ་པ་སྟེ། སྡོམ་འབྱུང་ལས། སྐུ་དང་གསུང་དང་ཐུགས་ཀྱི་ལས། རྣམ་ཀུན་མཆོག་གི་སྡོམ་པའོ། །ཞེས་དང་། སངས་རྒྱས་ཀུན་གྱི་གསང་བ་ནི། །འདུས་པ་བདེ་བའི་མཆོག་ཡིན་ཏེ། ཞེས་དང་། དེ་ཀ་ལ་བདེ་མཆོག་འཁོར་ཞེས་པའང་བཤད་དེ། རྣམ་ཀུན་གཅིག་པའི་བདེ་མཆོག་ནི། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། རྣམ་ཀུན་མཆོག་ལྡན་མཚན་ཉིད་ཀྱི། །དེ་ཉིད་དཀྱིལ་འཁོར་ཤེས་པར་བྱ། ཞེས་སོ། །འཁོར་ལོ་སྡོམ་པ་དེ་ཚེགས་ཆུང་ངུས་ཁོང་དུ་ཆུད་པར་བྱེད་པའི་ཐབས་འདི་ལ་དེའི་མན་ངག་ཅེས་བྱའོ། །དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ལོ་ཙཱ་བ་དང་བའི་ཕྱག་སྟེ། རྡོ་རྗེ་མཁའ་འགྲོ་ནི་བཅོམ་ལྡན་ཧེ་རུ་ཀའོ། །མན་ངག་དེ་འཆད་པར་བཞེད་ནས། བཅོམ་ལྡན་འདས་རྡོ་རྗེ་ཕག་མོས། གང་ཞིག་ཀུན་ཏུ་བརྟགས་པ། ཞེས་པ་ནི་ལྟ་བར་འཛིན་པ་སྟེ། གོ་བདེ་བར་བྱས་ནས་དམིགས་པ་ཐམས་ཅད་དོ། །ཡོངས་སུ་སྤངས་པའི་ཞེས་པ་དམིགས་པ་ཐམས་ཅད་ཉེ་བར་ཞི་བའམ། སྣང་བ་མེད་པའམ། འགྱུར་བ་ཐམས་ཅད་ཟད་པའི་ཆའོ། །དེ་ཉིད་ཟག་པ་མེད་པའི་ཆོས་ཀྱི་སྡེ་ཚན་ཐམས་ཅད་པར་གྱུར་པས་ཆོས་ཀྱི་ཚོགས་སམ། ཆོས་སྐུ་དང་དཔེ་མེད་བདེ་བ་ཙམ་གྱིས་མཛེས་པ། ཞེས་པ་ནི། གང་ལ་སྡུག་བསྔལ་ཟད་པ་ཉིད་ཀྱི་བདེ་བ་སྟེ་མྱ་ངན་ལས་འདས་པ་འབའ་ཞིག་བདེ་བའོ་ཞེས་པ་བཞིན། བདེ་བ་དེ་ཀའི་གདུལ་བྱའི་རྐྱེན་ཇི་ལྟ་བའི་རྗེས་སུ་འགྲོ་བའི་ཆ་དེ་ལ། ལོངས་སྤྱོད་རྫོགས་སྐུ་དང་། ཞེས་གསུངས། དེ་ཉིད་རྗེས་སུ་སོང་བ་ལས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་ལངས་པ་ནི། གང་ཞིག་ས་རྣམས་ཀུན་ཏུ་ཕན་མཛད་སྤྲུལ་པའི་སྐུར་བརྗོད་པ། །ཞེས་བྱ་སྟེ་དེའི་ཕྱིར་དེ་དག་གི་དང་པོ་གཞི་དུས་སུ་ཐིག་ལེར་གནས། ལམ་དུ་ཕོ་ཉས་སྦྱངས་པས། འབྲས་བུ་ཆོས་སྐུར་འཆར་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དམིགས་པ་མེད་པའི་བྱང་ཆུབ་ཀྱི་སེམས་ནི་རྣམ་པར་འགྱུར་པའི་ཚེ་ཐིག་ལེར་བཞག འགྱུར་བ་སྦྱངས་ན་འགྱུར་མེད་ཐུགས་རྡོ་རྗེར་འགྱུར་བའི་ཕྱིར་རོ། །གཉིས་པ་གཞི་དུས་སུ་རླུང་དུ་གནས། ལམ་དུས་སུ་ཆོས་དྲུག་གིས་སྦྱངས་པས། འབྲས་དུས་སུ་ལོངས་སྤྱོད་རྫོགས་པར་འགྱུར་ཏེ། ཐམས་ཅད་དུ་འགྱུར་བ་གཡོ་བ་སྟེ་རླུང་ཡིན་པ་དེ་སྦྱངས་པས་སྒྲ་བརྙན་གསུང་རྡོ་རྗེར་འགྲོ་བའི་ཕྱིར་རོ། །གསུམ་པ་གཞི་དུས་སུ་རྩར་གནས་པ། ལམ་དུས་སུ་བསྐྱེད་པའི་རིམ་པ་ལ་སོགས་པས་སྦྱངས་པས། འབྲས་དུས་སུ་སྤྲུལ་པའི་སྐུར་འགྱུར་ཏེ། རགས་པ་དབྱིབས་ཡིན་པས་དེ་སྦྱངས་པས་སྣ་ཚོགས་གཟུགས་བརྙན་སྐུ་རྡོ་རྗེར་འགྱུར་བའི་ཕྱིར་རོ། །དེ་གསུམ་འདུས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ་ངོ་བོ་ཉིད་ཀྱི་སྐུའམ་ལྷན་ཅིག་སྐྱེས་པའི་སྐུའམ་ཟུང་འཇུག་གི་སྐུ་མ་ནིང་གི་གོ་འཕང་དུ་གྲགས་པ་དེའོ། །འདི་ནི་སངས་རྒྱས་ནང་ཕན་ཚུན་ཁོ་ནའི་ཡུལ་ཡིན་པས་འདུས་མ་བྱས་པ་དང་། གཞན་གསུམ་ནི་གདུལ་བྱའི་རྐྱེན་ལ་བལྟོས་པས་འདུས་བྱས་སུ་བཞག་གོ །དེ་ཡིས་ཁྱེད་ལ་བདེ་ལེགས་ཤོག །ཅེས་པ་ནི་ཤིས་པ་བརྗོད་པའི་ཚིག་དང་། མཆོད་བརྗོད་འདིས་བརྗོད་བྱ་སྐུ་གསུམ་དང་འབྲེལ་བ་ཡང་བསྟན་ནོ། །ཨེ་མ་ཧོ། ཆོས་རྣམས་ཀུན་གྱི་རང་བཞིན་ལ། །འགྱུར་མེད་དེ་ནི་བསྟན་བྱའི་ཕྱིར། །ཞེས་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་མི་འགྱུར་བ་དེ་གཞན་ལ་བསྟན་པའི་ཕྱིར་འདི་བརྩམས་པ་དགོས་པ། དེ་དག་ཁོང་དུ་ཆུད་དེ་འཚང་རྒྱ་བ་ནི་ཉིང་དགོས། རྡོ་རྗེ་འཆང་གི་བཀའ་འདི་ཐོས། །ཞེས་པས། དགོས་འབྲེལ་ཕུན་སུམ་ཚོགས་པ་སྟེ། འདི་འཁོར་ལོ་སྡོམ་པའི་ཞལ་སྐྱེམས་དུ་མངོན་ནོ། །གཉིས་པ་མན་ངག་དངོས་བཤད་པ་ལ། རྒྱུའི་རྒྱུད། ཐབས་ཀྱི་རྒྱུད། འབྲས་བུའི་རྒྱུད་གསུམ་ལས། དང་པོ་ལ། རྣམ་པར་འགྱུར་བ་ལུས་སུ་བཞག་པ་དང་། མ་འགྱུར་བ་སེམས་ཀྱི་རྒྱུད་དུ་བཞག་པ་ཡིན་ལ། དང་པོ་ནི། རྡོ་རྗེའི་ལུས་ལ། ཞེས་པ། འདིར་གདུལ་བྱའི་གཙོ་བོ་ཡིན་པས། མངལ་སྐྱེས་པའི་དབང་དུ་མཛད་ལ། དེ་ཡང་མའི་ཆོས་འབྱུང་དུ། ཁུ་རྡུལ་སྒྲ་གཅན་གྱི་ཐིག་ལེ་མི་ཤིགས་པའི་རང་བཞིན་གསུམ་བདེ་བས་བྱིན་གྱིས་བརླབས་པ་ལས་གྲུབ་པས་ལུས་ཆགས་པ་ཡང་སྐུ་གསུམ་དུ་གྲུབ་པ་སྟེ། དམ་པ་དང་པོར། ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་ཉི་རྡུལ་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །ཅེས་པའོ། །དེ་ཉིད་རྩ་བའི་རྒྱུད་དུ། །དེ་ནས་ཐམས་ཅད་ཆོས་འབྱུང་བར། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ །སྔགས་པས་ཆོ་ག་བཞིན་དུ་བྲི། །ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། །ཞེས་པའི་རྐང་པ་གཉིས་ཀྱི་མེར་མེར་པོ་ལ་སོགས་པ་ཞག་བདུན་ན་དེ་ཡོངས་སུ་འགྱུར་བར་བཤད་པ་ཡིན་ནོ། །ཁམས་དྲུག་གི་དབང་ལས་མཛོད་དྲུག་རྙེད་ལ་དེ་ལ་རིགས་སུ་བརྗོད་ཅིང་དེ་ཉིད་ལ་རྡོ་རྗེའི་ལུས་ཞེས་བཏགས་པ་ཡིན་ནོ། །སྒྲ་གཅན་ཞེས་པ། དེ་ཡང་ལྟེ་བ་ན་སྐྱེ་བ་མེད་པ་མཚོན་པའི་མི་ཤིགས་པའི་ཡི་གེ་ཨ་གནས། དེ་ལས་རྩ་ཨ་བ་དྷཱུ་ཏཱི་ཆགས་ཏེ། ཕལ་སྐད་ལ་སྲོག་པའི་རྩའོ། །ཉི་ཟླའི་ལམ། ཞེས་པ། རྡུལ་དམར་ཆ་ལས་སྔ་མ་ལས་སྡོང་པོ་གྱེས་པ་ལྟ་བུ་ཉི་མའི་ལམ་རོ་མ་དང་། ཁུ་བའི་ཆ་ལས་སྔ་མ་ལས་ཟླ་བའི་ལམ་རྐྱང་མ་ཆགས་ཤིང་། དེ་གཉིས་ཀྱིས་སྔ་མའི་རྩ་ལ་གདུ་བུ་ལྟ་བུར་འཁྱུད་ཅིང་བཅེར་བའི་གནས་སུ་དེ་ཉིད་ལས་ཡལ་ག་དུ་མར་གྱེས་པ། བདེ་ཆེན་ལོངས་སྤྱོད་ཆོས་འཁོར་དང་། །སྤྲུལ་པ་བདེ་སྐྱོང་འཁོར་ལོའི་གནས། །ཞེས་པ་དག་དང་། མ་གྱེས་པ་སྨིན་མཚམས་རླུང་གི་འཁོར་ལོའོ། །དེ་བས་རྩ་གསུམ་སྐུ་གསུམ་དང་། རྒྱས་པ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་གྱེས་ཤིང་། ལས་བྱེད་པའི་ས་ལ་དེ་དག་གི་གཙོ་བོར་བསྙད་ནས། ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་ཀྱི་རྩ་སོ་གཉིས། སྙིང་ཀའི་ལྔ་བསྣན་པས་སོ་བདུན་དུ་བཤད་དོ། །དེ་ཡང་རྩ་རྒྱུད་དུ། སྡེ་ཚན་ལ་ནི་ཡོངས་བསྡོམས་པ། །བཞི་བཞི་རུ་ནི་ཤེས་བྱས་ལ། །ཐུབ་པ་མཆོག་གི་རེ་མིག་ལ། །ཞེས་པའི་ཐུབ་པ་ནི་བདུན་ཏེ། སྔར་གྱི་ཁར་དབུ་མའི་མར་སྣ་རྡོ་རྗེ་ནོར་བུར་ཟུག་པ་ལ་འདབ་མ་བཞི་བཤད་པ་དེ་བགྲང་པ་ཡིན་ནོ། །བཞི་ཞེས་པ་སྔ་མ་ནི་འཁོར་ལོའི་ནང་བསྐོར། བཞི་ཕྱི་མ་སྤྱི་མགྲིན་ལྟེ་གསང་ཡིན་ལ། སྙིང་ག་ལ་ནི་རྩ་ལྔ། ལྷག་མ་རྣམས་ནི་དེ་དག་ལས་གྱེས་སོ། །དེ་ནི་གནས་པའི་རྩ་ཞེས་བྱ་སྟེ། རྣམ་པ་ཆུ་རྒྱུས་སུ་སྣང་བ་དང་། དབུས་ན་དྭངས་མའི་རྩ། ཞེས་པ་སྒྲ་གཅན་དེའི་དབུས་ན་འོད་ཀྱི་བ་ཐག་ལྟ་བུ་ཆོས་ཉིད་ཀྱི་དབུ་མ། དེ་ཡང་ཁམས་དྲུག་གི་དབྱེ་བས། འཁོར་ལོ་དྲུག་གི་ཕུག་ནང་ན། །ཕྲ་མོའི་ལུས་ལྡན་རྩ་ནི་དྲུག །ཅེས་བཤད་དོ། །དེ་ཉིད་ལ་གཉུག་མ་ཨ་བ་དྷཱུ་ཏཱི་གནས་ཏེ། དེ་ནི་མཐའ་བྲལ་དབུ་མའོ། །དེ་དག་ལ། རྩ་རྒྱུད་དུ། འདིར་སྔགས་ཚིག་ནི་འདི་ཡིན་ཏེ། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། ཞེས། ཨཱ་ལི་ཀཱ་ལི་གཡོན་གཡས། མཉམ་བྱས་པ་མཉམ་རྒྱུ། དེ་ཡང་། གནས་ལྔའི་དཀྱིལ་དུ། ཞེས་པ། གཙུག་ཏོར་གསང་གནས་གཅིག་ཏུ་བསྡམས་པས་ལྔའི་ལྟེ་བར། དྭངས་མ་ནི། ཡིག་འབྲུའི་ཚུལ་དུ། ཞེས་པ་སྔར་གྱི་རྩ་དྲུག་པོ་དེ་ལ་གཡོ་བའི་ཆ་ནས་རླུང་དུ་བཞག་ནས། དེ་ལ་སྟོང་ཆེན་ཡི་གེ་ལྔར་བཤད་ཅིང་། ཕྱེ་ན་ཐིག་ལེ་སྟོང་པ་ཡི་གེ་དྲུག་ཏུ་ཡང་འགྱུར། ཡི་གེ་ནི་དབྱིབས་ལ་མི་ཟེར། རྣམ་རྟོག་གི་བཞོན་པའི་རླུང་སྒྲ་ཅི་ཙམ་དུ་སྣང་བ་དེ་ཡིན་ནོ། །དྭངས་མ་གནས། ཞེས་པ་ནི། དེ་ལ་བརྟེན་ནས་གཉུག་མ་ཡེ་ཤེས་ཀྱི་རླུང་གནས་ལ། མཉམ་རྒྱུ་ལ་ཡེ་ཤེས་ཀྱི་རླུང་དུ་བཤད་པ་ནི་ལས་རླུང་ཁོ་ནའི་ནང་གསེས་སོ། །ལས་རླུང་དེ་ལའང་། རྒྱུ་བར་བྱེད་པའི་རླུང་དག་ལ། །ཀླུ་དང་རུ་སྦལ་རྩངས་པ་སོགས། །བརྒྱ་བྱིན་གཞུ་རྒྱལ་ཉི་ཁྲི་དང་། ཆིག་སྟོང་དྲུག་བརྒྱ། ཞེས་པ། ཀླུ། རུ་སྦལ། རྩངས་པ། བརྒྱ་བྱིན། གཞུ་རྒྱལ་རྣམས་ནི་གནས་པའི་རྩའི་དབྱིབས་ལ་དེ་སྐད་བཏགས་ལ། ལས་བྱེད་པ་མིག་ལ་སོགས་པ་ཡིན་པས་ན་ཡན་ལག་གི་རླུང་དུ་བཞག་སོགས་ནི། ཕྱིར་རྒྱུ་བ་དེ་དག་ཡང་རྩ་བའི་རླུང་ལྔའི་རང་བཞིན་དུ་སྟོན་པ། ནང་དུ། གནས་ལྔར་ཁྱབ། ཅེས་པ་ཐུར་སེལ་ལྟེ་བ། སྲོག་འཛིན་སྙིང་ག གྱེན་རྒྱུ་མགྲིན་པ། ཁྱབ་བྱེད་ལུས། མེ་མཉམ་སྤྱི་བོར་བཤད་ལ། གསང་གནས་དང་གཙུག་ཏོར་དུ་སྟོང་པ་དང་ཡེ་ཤེས་ཀྱི་རླུང་ངོ་། །འབྱུང་འཇུག་གནས་པ་གསུམ་གཅིག་ཏུ་བྱས་པ་དབུགས། དེ་འདྲ་བ་ཉིན་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འབབ། དེ་དུས་སྦྱོར་བཅུ་གཉིས་སུ་གསིལ་བས་རེ་རེ་ལ་སྟོང་བརྒྱད་བརྒྱ་པ་རེ། དུས་སྦྱོར་རེའི་རླུང་སྣ་ཕྱོགས་རེ་ལ་རྒྱུ། དེ་ནས་ཅིག་ཤོས་སུ་འཕོ། འཕོ་མཚམས་དེར་མཉམ་རྒྱུ་ང་དྲུག་རྐང་བཅས་རེ་རྒྱུ་ལ། དེ་ཡང་ཤེད་མཉམ་པ་ནི་མ་ཡིན། དང་པོ་གང་ནས་ཡོན་པོར་འཕོ་བའི་ཕྱོགས་ཤེད་ཆེ། འཕོ་རྒྱུ་ཕྱོགས་དེ་ཞན་བར་དུ་མཉམ། རྗེས་ལ་འཕོ་རྒྱུ་ཕྱོགས་ཤེད་ཆེའོ། །འདི་རང་བཞིན་གྱི་མཉམ་རྒྱུའི་དབང་དུ་བྱས་ལ། སྲོག་རྩོལ་ལ་སོགས་པའི་སྟོབས་ཀྱིས་ཡིན་ན་ཤེད་མཉམ་པ་ཁོ་ན་ཡིན་ནོ། །རང་བཞིན་པའི་མཉམ་རྒྱུ་ལ་རགས་བརྩིས་དབུགས་སོ་གཉིས་ལ་སྟེ། དེས་དབྱུག་གུ་རེ་ལ་དྲག་པོ་རྐང་བཅས་སུ་ལོངས་པ་ནི་ཐོབ་སྐལ་བརྩིས་པ་ངོས་སུ་མི་རྒྱུ། དབྱུག་གུ་རེ་ལ་གྲངས་དེ་འབྲི་བ་ཡིན་ནོ། །དེ་ནི་ངག་གོ །དེ་བཞིན། ཞེས་པ། རྩ་རྒྱུད་ལས། དེར་གནས་དཔའ་བོ་བཏུ་བར་བྱ། དཔའ་བོ་ཁམས་ཏེ་སྔར་གྱི་སྟོང་ཆེན་ཡི་གེ་ལྔའམ་ཡིག་འབྲུ་ཉིད་ལ་རྣམ་པར་ཤེས་པ་དྲུག་གི་མིང་བཏགས་པ་དེ་ཁ་ཡིད་ཐིག་ལེ། ཀུན་རྫོབ་བྱང་ཆུབ་སེམས་ངོ་མ། དེ་ལ་དོན་དམ་བྱང་སེམས་བདེ་བའི་རང་བཞིན་བརྟེན་པས། ཀུན་རྫོབ་ཀུན་ད་ལྟ་བུ་ཉིད། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་གསུངས། དེ་ཡིས་ཉི་མ་དང་། ཟླ་བ། ཞེས་པ། རྩའི་ཐིག་ལེ་དེ་ལས་སྐྱེས་པ་ལ་སྙིང་སྟོབས་ཏེ་ཁམས་དཀར་པོ་བདག་པོར་གྱུར་བས་གསང་གནས་མན་གྱི་དབུ་མ་དེས་གང་། ལུས་ཀྱི་ཆ་གཞན་ཡང་དེས་གཙོ་བོར་ཁྱབ། བུད་མེད་ལ་རྡུལ་ཏེ་ཁྲག །བུད་མེད་ཀྱི་རིགས་ཅན་བཞི་བརྩི་བ་དབུ་མའི་མར་སྣའོ། །མ་ནིང་ལ་མུན་ཅན། སྐར་མ་འཛག་པར་གནས། ཞེས་པའི་སྐར་མ་ནི་སྙིགས་མའི་ཁམས་དཀར་དམར་གྱི་དྭངས་མ་གནས་སའི་མར་སྣ་དང་ཐད་མཉམ་དུ་སྐྱེས་པའི་བརྐྱང་མ་དང་བུད་མེད་ཀྱི་རོ་མའི་སྣ་གཉིས་སུ་གྱེས་པའི་གཅིག་ལ་བསམ་སེའུ་ཞེས་པ་ཁམས་དེ་གཉིས་ཀྱི་སྙིགས་མ་གནས་པ། དབུ་མའི་ཁམས་དེ། སྐྱེ་འཆི་མཉམ་དང་འདོད་ཆགས་ལས། །སྒྲ་གཅན་ས་བོན་འབབ་པར་བཤད། །ཅེས་པ་ལས་གཞན་དུ་མི་འབབ། བུད་མེད་ལ་ཕལ་པའི་ཉི་མ་རོ་མ། སྐྱེས་པ་ལ་ཕལ་པའི་ཟླ་བ་བརྐྱང་མ་ནས་འབབ། རྩ་མི་ཕྱེད་པའི་དྭངས་མ་སྐྱེས་པ་ལ་དཀར་པོ་བུད་མེད་ཀྱི་དམར་པོ་དེར་ལོངས་སྤྱད་ནས་ཐིམ་པའི་དུས་སུ་སོ་སེན་གྱི་རྒྱུར་སོང་བ་ལྟ་བུ་དེས་མཚོན་ནས་ཁམས་སོ་གཉིས་སུ་བཞག་པ་དེ་ནི་ཡིད་དོ། །གཉིས་པ་མི་འགྱུར་བ་སེམས་ཀྱི་རྒྱུད་དུ་བཞག་པ་ནི། དེ་ནི་སྔར་བཤད་པའི་གཉུག་མའི་དབུ་མ། གཉུག་མ་སེམས་ཀྱི་རླུང་། དོན་དམ་བྱང་ཆུབ་སེམས་ཞེས་བཞག་པ་རྣམས་ཏེ། དེ་དག་གཉིས་སུ་མ་བྱེ་བ་ནི་ཐོག་མ་མེད་པའི་གནས་ལུགས་ཡིན་པས། རྒྱུ་རྒྱུད། ཅེས་བྱ་དེ་ཡང་སེམས་ཀྱི་རྒྱུད་དེ། ཀུན་སྤྱོད་ལས། དེས་ན་ཧེ་རུ་ཀ་དཔལ་རྒྱུད། །སེམས་ནི་དྲི་མེད་ཡིན་པར་བཤད། །ཅེས་སོ། །དེ་རྣམ་པར་མི་རྟོག་པ། རྣམ་པ་ཐམས་ཅད་པ། ལྷན་ཅིག་སྐྱེས་པ་སྟེ་མཚན་ཉིད་གསུམ་ལྡན། ཀུན་གཞི། ཞེས་པ། དེ་ཀུན་གཞིར་རུང་བ་ནི། རྩ་བའི་རྒྱུད་ལས། ཐོག་མ་དབུས་མཐའ་ཡང་དག་གནས། ཞེས་པས་ཡིན་ལ། རྣམ་པར་ཤེས་པའི་ཚོགས་ནི་རྒྱུན་མི་བརྟན་པས་མི་རུང་། སེམས་ཅན་ཀུན་ལ་ཁྱབ་པ་པོ། །ཞེས་པ་དེ་ཆོས་ཐམས་ཅད་ཀྱི་དབྱིངས་ཡིན་པས་སོ། །གཉིས་པ་ཐབས་རྒྱུད་ལ། ལམ་ངེས་པའི་མདོར་བསྟན། ཚིག་དོན་རྣམ་པར་ཕྱེ་བའི་རྒྱས་བཤད་གཉིས་ལས། དང་པོ་ནི། ཐབས་ཀྱི་རྒྱུད་ལ་རྣམ་པ་གཉིས། །སྨིན་པར་བྱེད་དང་གྲོལ་བའི་ལམ། །ཞེས་པས། རྡོ་རྗེ་ཐེག་པའི་ལམ་ནི་གཉིས་སུ་འདུས་ཏེ། སྨིན་པར་བྱེད་པའི་དབང་དང་། །གྲོལ་བར་བྱེད་པའི་ལམ་མོ། །དེ་ཡང་། དབང་པོ་རྣོན་པོ་སྨིན་ལམ་ཉིད་དུ་མཆོག་ཐོབ་པ་ལ་གྲོལ་བྱེད་ལོགས་སུ་འཆད་མི་དགོས་ཏེ། གྲོལ་བར་བྱེད་རྒྱུ་ཅི་ཡང་མེད་པས་སོ། །འདི་ལ་ཆོ་ག་ལ་མ་བལྟོས་པ་དང་། ཅུང་ཟད་བལྟོས་པ་གཉིས་ཀྱི་ཕྱི་མའི་དབང་དུ་མཛད་ནས། ཁྱད་པར་དྲོད་ཀྱི་དབང་བསྐུར་ནི། །རྡོ་རྗེ་མཁའ་འགྲོ་རྡོ་རྗེར་བཅས། །ཞེས་པས་བསྒྲུབ་པའི་ཆོ་ག རྡོ་རྗེ་ཕ་ཡི་ཐོད་པ་ནི། །རྡོ་རྗེ་བདུད་རྩིས་བཀང་བྱ་ཞིང་། །ཞེས་པས་བསྐུར་རྫས། རྡོ་རྗེ་བདུད་རྩིའི་དབང་འདི་ཉིད། །རྡོ་རྗེ་སློབ་མའི་སྤྱི་བོ་དང་། །མགྲིན་པ་སྙིང་ག་ལྟེ་བར་བཞག །ཅེས་པ་བྱིན་བརླབ་ཏེ། རྩ་རྒྱུད་ལས། མཚལ་ཆེན་ལན་གསུམ་བཟླས་པ་ཡིས། །དེ་རྣམས་སུ་ནི་བྱུག་པ་བྱ། །ཞེས་པས་བསྟན་ལ། དེ་ཙམ་གྱིས་སྨིན་པའང་ཡོད་པས། འདི་སྨིན་ལམ་དུ་བསྟན་པའང་ཡིན་ནོ། །འབྲིང་ཐོད་བརྒལ་བ་ལ་དབང་ནུབ་གཅིག་ལ་ཚང་བར་བསྐུར་ནས་གྲོལ་བྱེད་ལ་རིམ་པའམ་རིམ་མེད་དུ་བཀྲི་བ་ཡིན་ཏེ། རྡོ་རྗེ་སྐུ་གསུམ་སྐྱེས་པ་དང་། །ཞེས་པ་བུམ་དབང་གི་ལམ། རྡོ་རྗེའི་ཆོས་དྲུག་སྒོམ་པར་གྱིས། །ཀྱིས་གསང་དབང་གི་ལམ། རྡོ་རྗེ་དབྱིངས་ཀྱི། ཞེས་པ། རྡོ་རྗེ་དབྱིངས་ཀྱི་རྩའི་ཟེ་བར་རྡོ་རྗེ་མཆོག་ཅེས་པ་ཐབས་ཀྱི་ལིངྒ་བཀོད་ནས། དེ་བཞིན་གཤེགས་པ་དང་རྡོ་རྗེ་འཆང་ཆེན་ཞེས་པ་དེའི་དབུགས་དབྱུང་བ་བརྩམ་པར་བྱ་བས། རྡོ་རྗེ་རྒྱལ། ཞེས་པ། རྡོ་རྗེ་སློབ་དཔོན་ཆེན་པོ་ཉིད་བསྒྲུབ་པ་ནི་དབང་གསུམ་པའི་ལམ་སྟེ། བྷ་གར་ལིངྒ་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་སྤྲོ་བར་བྱ། །ཞེས་སོ། །ཇི་ལྟར་རོ་བཅུད་ཀྱིས་ལྕགས་གསེར་དུ་བསྒྱུར་བ་བཞིན། རྡོ་རྗེ། ཞེས་པས་སྟོང་པ་ཉིད། བདུད་རྩིའི། ཞེས་པ་ཞུ་བའི་ཁུ་བའོ། །དབང་བསྐུར་བས། ཞེས་པས་སྟོང་པ་དེས་ཞུ་བ་མི་འཛག་པར་བསྡམས་པས་བདེ་ཆེན་དུ་འགྱུར་བ་སྟེ། ས་ར་ཧས། རླུང་དང་མེ་དང་དབང་ཆེན་འགགས་པ་ན། །བདུད་རྩི་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག །ཅེས་སོ། རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག །ཅེས་པ་ནི། དུས་དེར་རླུང་དབུ་མར་ཐིམ་པས་ལྷན་ཅིག་སྐྱེས་པའི་དགའ་བ་ངོ་མ་རྟོགས་པར་གྱིས་ཤིག་པས་དབང་བཞི་པའི་ལམ། གལ་ཏེ་བོགས་འདོན་དགོས་ན། རྡོ་རྗེའི་ལམ་མཆོག ཅེས་སོགས་རྐང་པ་དྲུག་གིས་བསྟན་པ་བཞིན་སྤྱོད་པ་བྱ། ལུང་འདི་འོག་ཏུ་རྒྱས་པར་འཆད་དོ། །དབང་པོ་མཐའ་མ་ལ་རིམ་གྱིས་ཁྲིད་དགོས་ཏེ། དཔེར་ན་འཕོང་སློབ་པ་བཞིན་ནམ་སྐས་ལ་འཛེག་པ་ལྟ་བུ། ད་ལྟ་ཕྱག་བཞེས་ནི་ཕྱི་མའི་དབང་དུ་མཛད་པས། དེ་ལྟར་རྒྱུད་རྣམས་སྨིན་བྱས་ནས། ཞེས་མང་ཚིག་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། སྔོན་དུ་འགྲོ་བ་ཐུན་མོང་གི་རིམ་པས་རྒྱུད་སྦྱང་བ་དང་། དངོས་གཞི་གསང་བའི་ཉེ་ལམ་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་གིས་རྫོགས་པའི་སངས་རྒྱས་སྒྲུབ་པ་གཉིས། དང་པོ་ལ། བློ་ཆོས་སུ་འགྲོ་བའི་ཕྱིར་འཆི་བ་བསམ་པ། ཆོས་ལམ་དུ་འགྲོ་བའི་ཕྱིར་སྐྱབས་སེམས། ལམ་གྱི་འཁྲུལ་པ་བསལ་བའི་ཕྱིར་རྡོ་རྗེ་སེམས་དཔའི་སྒོམ་བཟླས། འཁྲུལ་པ་ཡེ་ཤེས་སུ་འཆར་བའི་ཕྱིར་བླ་མའི་རྣལ་འབྱོར། རླུང་གི་གེགས་མི་ལྡང་བའི་ཕྱིར་རྩ་ལམ་སྦྱང་བ་ལྔ་ལས། དང་པོ་ནི། བདག་ངེས་པར་འཆི། ནམ་འཆི་ཆ་མེད། ཅིས་ཀྱང་མི་སྟོངས་པར་འཆི་བ་བསམ་པ་གསུམ། བདག་ངེས་པར་འཆི་བའི་རྒྱུ་མཚན། སྔར་སྐྱེས་ནས་མ་ཤི་བ་ལུས་པ་མེད་པའི་ཕྱིར་དང་། ལུས་འདུས་བྱས་ཡིན་པའི་ཕྱིར་དང་། ཚེ་སྐད་ཅིག་གིས་འཛད་པའི་ཕྱིར་རོ། །གཉིས་པ་ནམ་འཆི་ཆ་མེད་པའི་རྒྱུ་མཚན། སྒྲ་མི་སྙན་པ་མ་གཏོགས་པའི་ཚེ་ལ་ངེས་པ་མེད་པ་དང་། ལུས་ལ་རྟག་པའི་སྙིང་པོ་མེད་པའི་ཕྱིར་དང་། འཆི་བའི་རྐྱེན་མང་བའི་ཕྱིར་རོ། །ཅིས་ཀྱང་མི་སྟོངས་པར་འཆི་བ་བསམ་པ་ནི། ནོར་རྫས་ཀྱིས་མི་སྟོངས་པའི་ཕྱིར་དང་། གཉེན་བཤེས་ཀྱིས་མི་སྟོངས་པའི་ཕྱིར་དང་། ལུས་རང་གི་ངོས་ནས་མི་སྟོངས་པའི་ཕྱིར་རོ། །ཤི་ཡང་སླར་སྐྱེའོ་སྙམ་ན། སྐྱེ་དང་ལོས་སྐྱེ་སྟེ། སྔར་ཡང་ལུས་ཇི་ཙམ་ཞིག་བླངས་ཏེ། དལ་འབྱོར་གྱི་མི་ལུས་ཐོབ་པ་ད་རེས་ཙམ་ཡིན། འདི་ལ་དུས་གཏན་གྱི་དོན་བསྒྲུབ་པའི་གོ་སྐབས་ཡོད་ལ། གཞན་ལ་མེད་པས་དེའི་རིང་ལ་མ་བསྒྲུབ་ན། ད་དུང་འཁོར་བར་འཁོར་ནི་དགོས། དེ་ལ་དལ་འབྱོར་གྱི་ལུས་ནི་རྙེད་པར་དཀའ་བས་སོ། །ཤི་ནས་སྐྱེ་བ་ཡང་ཚེ་འདིའི་བྱ་གཞག་ལ་རག་ལས་ཏེ། དགེ་བ་སྤྱད་ན་མཐོ་རིས། སྡིག་པ་སྤྱད་ན་ངན་འགྲོར་འགྲོ་ལ། གཉིས་པོ་གར་སྐྱེས་ཀྱང་སྡུག་བསྔལ་ཁོ་ན་མྱོང་བ་ལས་མ་འདས་ཏེ། འཁོར་བ་ཐམས་ཅད་སྡུག་བསྔལ་ཞེས་གསུངས་པའོ། །འཁོར་བ་དེར་འཁོར་བ་མི་འདོད་ན་རང་གིས་རང་མ་བསླུས་པ་ཞིག་བྱ་འཚལ་ཏེ། དེ་ཡང་། དམ་པའི་ཆོས་ལ་འཇུག་པ་ལས་ཐབས་གཞན་ཅི་ཡང་མེད་དོ་ཞེས་བསམ་པའོ། །གཉིས་པ་ནི། མདུན་གྱི་ནམ་མཁར་ལམ་ལས་བཻ་ཌཱུརྻའི་ས་གཞི་གསེར་གྱིས་མིག་མངས་རིས་སུ་བྲིས་པ། བདུད་རྩིའི་རྒྱ་མཚོ་རིན་པོ་ཆེ་པདྨ་སྣ་ཚོགས་ཀྱིས་གང་བ་ལ་སྤྲུལ་པའི་བྱ་སྐད་སྣ་ཚོགས་པར་གྲག་པ། ནོར་བུ་སྣ་ཚོགས་པའི་འབབ་སྟེགས་དང་གསེར་གྱི་བྱེ་མས་བསྐོར་བ། དེའི་དབུས་ན་དཔག་བསམ་གྱི་ཤིང་ཡིད་བཞིན་གྱི་ནོར་བུའི་དབང་ཕྱུག་ཐམས་ཅད་ལས་གྲུབ་པ། སྟེང་གི་དབུས་སུ་གྱད་དང་སེང་གེས་བཏེག་པའི་ཁྲི་དར་གྱིས་ཀླུབས་པ་པདྨ་དང་ཉི་མ་ལ་རྩ་བའི་བླ་མ་དང་སྙན་རྒྱུད་བརྒྱུད་པ་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུར་མཐོ་བརྩེགས་སུ་བཞུགས་པ་ལ་བླ་མའི་ཚོགས་ཀྱིས་བསྐོར་བ། མདུན་དུ་འཁོར་ལོ་སྡོམ་པ་ལ་སོགས་པའི་ཡི་དམ། གཡས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་སངས་རྒྱས། རྒྱབ་ཏུ་ཡུམ་ཆེན་མོ་ཤེར་ཕྱིན་མ་ལ་ཆོས་ཀྱི་གླེགས་བམ། གཡོན་དུ་སྤྱན་རས་གཟིགས་དབང་ཕྱུག་ལ་འཕགས་པའི་དགེ་འདུན་ཏེ་མངོན་དུ་རྒྱུའི་དཀོན་མཆོག་གསུམ། མཐའ་བསྐོར་དུ་དམ་པ་ཆོས་སྐྱོང་བ་ཐམས་ཅད་བཞུགས་པར་མོས་པ། བདག་དེ་དག་གི་འབངས་དང་སངས་རྒྱས་ཉིད་ཐོབ་པར་བྱ་བ་ཁས་བླངས་ནས་སྐྱབས་སུ་འགྲོ་ཞིང་གཞན་གྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་བྱང་ཆུབ་སེམས་སྟོང་པ་སྙིང་རྗེའི་སྙིང་པོ་ཅན་བསྐྱེད་པར་བྱ་སྟེ། ཆོ་ག་ནི། ཕྱོགས་བཅུར་བཞུགས་པའི་དང་། ཇི་ལྟར་དུས་གསུམ་མགོན་པོ་ཞེས་པ་འདིས་སོ། །མཐར་སྤྱན་རས་གཟིགས་འོད་དུ་ཞུ་ནས་ཡུམ་ཆེན་མོ། དེ་སངས་རྒྱས། དེ་ཡི་དམ། དེ་བླ་མ་རྣམས། དེ་ཐམས་ཅད་རྩ་བའི་བླ་མ། དེ་རང་ལ་བསྟིམ་མོ། །གསུམ་པ་ནི། རང་གི་སྤྱི་བོར་པཾ་ལས་སོགས་ཀྱིས་ཕྱིའི་རྡོར་སེམས་ཡབ་ཡུམ་བསྐྱེད། ཡེ་ཤེས་པ་བསྟིམ། དེའི་ཐུགས་ཀར་ནང་གི་རྡོར་སེམས་ཟླ་བ་ས་བོན་ཧཱུྃ་ཡིག་བརྒྱའི་སྔགས་འཕྲེང་དཀར་པོས་བསྐོར་བ་བཀོད་དེ་བཟླས། དེ་དུས་གསང་བའི་རྡོར་སེམས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྔགས་འཕྲེང་དང་སྦྱོར་མཚམས་ནས་བདུད་རྩིར་བབས་རང་གི་གདོན་བགེགས་སྡིག་སྒྲིབ་ཐམས་ཅད་བཀྲུས་ལ་གསོལ་བ་བཏབ་སྟེ་རང་ལ་བསྟིམ་རང་དང་གཉིས་སུ་མེད་པ་དེ་ཁོ་ན་ཉིད་ཀྱི་རྡོར་སེམས་མངོན་དུ་བྱས་ཏེ་མཉམ་པར་གཞག་པར་བྱའོ། །བཞི་པ་ནི། རང་ཉིད་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་སེམས་དཔའ་སུམ་བརྩེགས། མགྲིན་པར་ཕྱག་གཉིས་པ་གསལ་བཏབ། སྔགས་ཀྱི་གནས་གསུམ་ཆོ་ག་གཉིས། སྐྱེ་མཆེད་བྱིན་བརླབ་བྱ། ཡེ་ཤེས་པ་བསྟིམ། དབང་བསྐུར་བའི་ཆུ་རྒྱུན་གྱེན་དུ་རེངས་པ་ལས། སྤྱི་བོར་རྩ་བའི་བླ་མ་མི་བསྐྱོད་རྡོ་རྗེ་འཆང་ཡུམ་ཅན། དབུ་ཐོག་ནས་བརྒྱུད་པའི་བླ་མ་རྣམས་གསལ་བཏབ་ལ། གནས་ལྷུན་གྱིས་གྲུབ་པའི་འོག་མིན་དུ། །ཆོས་ཐེག་མཆོག་བདུད་རྩིའི་རང་བཞིན་གྱི། །རྒྱུ་ཟད་མི་ཤེས་པ་ཆོས་ཀྱི་སྐུ། །རྗེ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །གནས་ཨུ་རྒྱན་དག་པའི་ཞིང་ཁམས་སུ། །ཆོས་ཟག་མེད་བདེ་བའི་དཔལ་སྤྱོད་པའི། །གདངས་རིགས་བཞིར་རྣམ་རོལ་ལོངས་སྤྱོད་རྫོགས། །རྗེ་རྣལ་འབྱོར་མ་ལྎ ངག་ནཱ་དའི་དབྱངས་སུྎ གནས་ལྷོ་ཕྱོགས་དཔལ་གྱི་རི་བོ་རུ། །ཆོས་ལྷན་སྐྱེས་གཉུག་མའི་བརྡ་སྦྱོར་མཁན། །གར་སྨིན་གྲོལ་སྒྱུ་མ་སྤྲུལ་པའི་སྐུ། །རྗེ་ཤ་བ་རི་ལྎ ལུས་འཇའ་ལུས་འགྲུབ་པརྎ གནས་དངོས་གྲུབ་ཅན་གྱི་དགོན་པ་རུ། །ཆོས་སྙིང་པོའི་དོན་རྟོགས་རིན་པོ་ཆེ། །མཚན་ཡོངས་སུ་གྲགས་པའི་མཻ་ཏྲི་པ། །རྗེ་མངའ་བདག་ཆེན་པོརྎ གཅིག་རྟོགས་པས་ཀུན་ཤེསྎ གནས་ཤིང་སྤངས་གསེར་གྱི་མཎྜྻལ་དུ། །ཆོས་རྒྱུད་སྡེ་བཞི་ཡི་འཆད་ཉན་གྱིས། །ཁོང་སྐལ་ལྡན་འགྲོ་བའི་དོན་མཛད་པའི། །རྗེ་ཏི་པུའི་ཞབས་ལྎ མཆོག་འདོད་དོན་འགྲུབ་པརྎ གནས་དག་སྣང་འོད་ཀྱི་དཀྱིལ་འཁོར་དུ། །ཆོས་ཟབ་ལམ་གདམས་པའི་གཏེར་མཛོད་མཁན། །འཁོར་ཌཱ་ཀི་རྒྱ་མཚོའི་ཚོགས་དབུས་ཀྱི། །རྗེ་རས་ཆུང་པ་ལྎ ཁམས་ཞུ་བདེ་རྒྱས་པརྎ གནས་མོག་པ་མཁའ་སྤྱོད་ཚེ་སྐོང་དུ། །ཆོས་མཁྱེན་པ་གཉིས་ཀྱི་ཉི་མ་ཤར། །དུས་སྙིགས་མའི་དཔལ་མགོན་འགྲན་ཟླ་བྲལ། །རྗེ་སངས་རྒྱས་དངོས་ལྎ ཡབ་ཁྱེད་རང་ལྟ་བུརྎ གནས་གར་བཞུགས་དག་པའི་ཕོ་བྲང་དུ། །ཆོས་རང་རིག་བདེ་བའི་གླུ་དབྱངས་མཁན། །ཉམས་ཞེན་མེད་ཆུ་ཟླའི་རྣལ་འབྱོར་པ། །རྗེ་ཤེས་རབ་རྒྱ་མཚོརྎ དུས་འདུ་འབྲལ་མེད་པརྎ གནས་ཁམས་གསུམ་འཁོར་བ་མི་ཟད་པར། །ཆོས་སྙིང་རྗེའི་དབང་པོ་སྤྱན་རས་གཟིགས། །ལྷ་གང་ལ་གང་འདུལ་དེར་འཆར་བའི། །རྗེ་པདྨ་དཀར་པོརྎ ཚེ་འདི་ཕྱི་ཀུན་ཏུྎ ཡབ་བདེ་ཆེན་ཐབས་ཀྱི་ཡི་དམ་ལྷ། །ཡུམ་སྟོང་ཆེན་ཤེས་རབ་མཁའ་འགྲོའི་སྡེ། །རྐྱེན་བར་ཆད་སེལ་མཛད་ཆོས་སྐྱོང་ལ། །བདག་རྒྱུན་ཆད་མེད་པརྎ ལམ་སྒྲུབ་པ་མཐར་ཕྱིནྎ ཐབས་རྡོ་རྗེ་ཐེག་པའི་རྟེན་འབྲེལ་གྱིས། །རྐྱེན་ཕྲ་རགས་རྩའི་མདུད་པ་ཞིག །ངག་ལས་རླུང་རྒྱུ་བ་རིམ་གྱིས་སྦྱངས། ཁམས་འཛག་བདེའི་རྒྱུད་ལམ་དག་པར་ཤོག །རྩ་དྭངས་མ་སྣང་སྟོང་ལྷ་སྐུ་ལ། །རླུང་དྭངས་མ་འཕོ་མེད་ནཱ་དའི་དབྱངས། །ཁམས་དྭངས་མ་འོད་གསལ་བདེ་བའི་ཐུགས། །དོན་གཅིག་འདྲེས་ལྷན་སྐྱེས་འགྲུབ་པར་ཤོག །གཤིས་ཀུན་ཁྱབ་ཆོས་སྐུའི་ནམ་མཁའ་ལ། །གདངས་ཅིར་ཡང་འཆར་བའི་གཟུགས་སྐུ་གཉིས། །རྩལ་མཁྱེན་པའི་འཕྲིན་ལས་མི་ཟད་པས། །མ་འགྲོ་ཀུན་བདེ་ལ་འགོད་པར་ཤོག །ཅེས་གསོལ་འདེབས་བྱས། དཀོན་མཆོག་གསུམ་ཡི་དམ་དེ་བརྒྱུད་པའི་བླ་མ་ལ། དེ་རྣམས་རྩ་བའི་བླ་མ་ལ་བསྟིམ། དེ་ཡང་ཡབ་ཡུམ་སྙོམས་པར་ཞུགས་པས་བདེ་བ་ཆེན་པོས་བདུད་རྩིར་ཞུ་བའི་རྒྱུན་རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་བས་ཟག་པ་མེད་པའི་སྐུ་གསུང་ཐུགས་ཀྱིས་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་བསམ་མོ། །ལྔ་པ་ནི། རང་ཉིད་ལྷར་གསལ་བའི་ལུས་ཀྱི་དབུས་གཡས་གཡོན་དུ་རོ་རྐྱང་ཀླད་རྒྱ་བརྒྱུད་སྣ་སྒོར་ཟུག་པ། འོག་ཏུ་རྐྱང་མ་གསང་རྩེ་དང་རོ་མ་གཅི་ལམ་དུ་ཟུག་པ་སྒོ་ཧ་རེ་དམར་པོ། གཡས་ཀྱི་ནང་དུ་ཀཱ་ལི་སོ་བཞི། གཡོན་དུ་ཨཱ་ལི་བཅུ་དྲུག་བརྩེགས་མ་པདྨའི་སྐུད་པ་ལྟ་བུར་ཕྲ་བ། རླུང་ཕྱིར་འབུད་པའི་ཚེ་སྣ་སྒོར་འཐོན། ནང་དུ་བརྔུབ་པའི་ཚེ་འོག་སྒོ་ནས་ཞུགས། ཕྱི་ནང་དུ་འཛིན་པའི་རིང་སྣ་ནས་འོག་དང་། ནང་དུ་བཤང་གཅི་གཉིས་ནས་སྣ་སྒོའི་བར་གྱི་རྩ་ཁྲིག་གང་བར་བསམ་པའོ། །གཉིས་པ་དངོས་གཞི་གསང་བའི་ཉེ་ལམ་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་གིས་རྫོགས་པའི་སངས་རྒྱས་བསྒྲུབ་པ་ལ། ཐ་མལ་གྱི་རྣམ་རྟོག་དཀྱིལ་འཁོར་གྱི་འཁོར་ལོར་བསྒྱུར་ནས་སྤྲུལ་པའི་སྐུར་འཚང་རྒྱ་བར་བྱེད་པ་རིན་པོ་ཆེ་ལྟ་བུའི་གདམས་ངག་བུམ་དབང་གི་ལམ། མཚན་མའི་སྣང་བ་ཡེ་ཤེས་སུ་ཁྱེར་ནས་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བར་བྱེད་པ་རིན་པོ་ཆེ་ལྟ་བུའི་གདམས་ངག་གསང་དབང་གི་ལམ། ཞུ་བའི་བདེ་བ་རྣམ་བཅས་སུ་བསླངས་ནས་ཆོས་ཀྱི་སྐུར་འཚང་རྒྱ་བར་བྱེད་པ་རིན་པོ་ཆེ་ལྟ་བུའི་གདམས་ངག་དབང་གསུམ་པའི་ལམ། དམིགས་བཅས་ཐམས་ཅད་དམིགས་མེད་དུ་རོ་མཉམ་སྟེ་ལྷན་ཅིག་སྐྱེས་པའི་སྐུར་འཚང་རྒྱ་བར་བྱེད་པ་རིན་པོ་ཆེ་ལྟ་བུའི་གདམས་ངག་དབང་བཞི་པའི་ལམ། བྱ་སྤྱོད་ཐམས་ཅད་ཧེ་རུ་ཀའི་རོལ་མོར་བཏང་ནས་བཙན་ཐབས་སུ་འཚང་རྒྱ་བར་བྱེད་པ་རིན་པོ་ཆེ་ལྟ་བུའི་གདམས་ངག་སྤྱོད་པ་འཇིགས་བྲལ་རྡོ་རྗེའི་མཚོན་བྱ་དང་ལྔ་ལས། དང་པོ་ལ། ལུས་སྐུ་རྡོ་རྗེར་མ་སྨིན་པ་སྨིན་པར་བྱེད་པའི་དབང་། སྨིན་ནས་གྲོལ་བར་བྱེད་པའི་བསྐྱེད་རིམ་གཉིས་ལས། དང་པོ་ནི། སྨིན་བྱེད་དབང་གི་རིམ་པ་ནི། རི་སྟེང་སྣ་ཚོགས་པདྨ་ཡི། །ལྟེ་བར་ཨཱ་ལི་ཀཱ་ལི་སྐྱེས། །ཞེས་པ་སྒོང་སྐྱེས་ཀྱི་བསྐྱེད་ཆོག་དང་། །དཀར་མོའི་བདག་པོ་རྣམ་གནོན་ཅིང་། །ཞེས་པས་གཙོ་བོ་ཡབ་ཡུམ་དང་། ཉི་ཤུ་རྩ་བཞིའི་ཕྱེད་ལྡན་པ། །ཞེས་པས་འཁོར་ཏེ། འཁོར་ལོ་སྡོམ་པ་ལ་བརྟེན་ནས། །ཞེས་པས་དེའི་སྒོ་ནས་དབང་བསྐུར་བ་བཤད་ལ། དེ་ཡང་འདིར། བུམ་པ། ཞེས་པས་ཕྱི་བུམ་པའི་བྱ་བ་གཙོ་བོར་གྱུར་པས་དབང་བསྐུར་བ་སྟེ། དེ་ལ། གསོལ་བ་གདབ་དང་བསྙེན་པ་དང་། །ས་དང་སྟ་གོན་ཐིག་དང་ཚོན། །དཀྱིལ་འཁོར་བསྒྲུབ་དང་མཆོད་པ་དང་། །སློབ་མ་གཞུག་དང་དབང་བསྐུར་དང་། །ཡོན་འབུལ་བ་དང་བཅུ་གཅིག་ཏུ། །རྣལ་འབྱོར་དབང་ཕྱུག་ཆེན་པོས་གསུངས། །འདི་ལས་འཕྲོས་ནས་ལྷ་རབ་ཏུ་གནས་པ་བྱིན་རླབས་དཔལ་འབར། དེ་ལས་འཕྲོས་པ་རིང་བསྲེལ་གཞུག་པ་གནོད་སྦྱིན་འཁོར་ལོ་དང་བཅས་པའི་རྣམ་གཞག་ཡེ་ཤེས་སྙིང་པོ་བདུད་རྩི་རིལ་སྒྲུབ་བོ། །གཉིས་པ་ལ། སྔོན་དུ་འགྲོ་བ་དང་། དངོས་གཞི་དང་རྗེས་གསུམ། དང་པོ་ནི། གྲོལ་བྱེད་ལམ་ལ་རྣམ་པ་བཞི། །བུམ་པའི་དབང་གི་ཉམས་ལེན་ནི། །སྔོན་འགྲོ་ཚོགས་གཉིས་བསག་པ་དང་། །ཞེས་པའི་རྐང་པ་ཕྱི་མས་བསྟན། །མཎྜྻལ་བཀོད་ཅིང་མཆོད་པ་བཤམ། །ཁོན་གཅུགས་སྦྱང་ཞིང་གསོལ་བ་བཏབ། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་སོ། །ཞེས་སྔ་རབས་པ་རྣམས་འཆད་ལ། འདིར་ནི་ཐུན་མཚམས་ཀྱི་ལྷ་བསྐྱེད་པ། བླ་མའི་རྣལ་འབྱོར། རྩ་ལམ་སྦྱང་བ། དམ་རྫས་བྱིན་གྱིས་བརླབ་ནས་ལག་མཆོད་བྱ་བའི་བར་རོ། །གཉིས་པ་ནི། དངོས་གཞི་འབྲས་བུ་སྐུ་གསུམ་བསྒོམ། །ཞེས་པ། དང་པོ་བསྲུང་བའི་འཁོར་ལོ་བསྒོམ། །གཉིས་པ་མཆོད་སོགས་བྱིན་གྱིས་བརླབ། །འདི་ཡན་སྤྲུལ་སྐུའི་རྣལ་འབྱོར་རོ། །གསུམ་པ་ཕྱི་རོལ་འཁོར་ལོ་བསྐྱེད། །བཞི་པ་མཆོད་སོགས་རྫོགས་པར་འབུལ། །ལྔ་པ་སྡིག་པ་བཤགས་སོགས་བྱ། །ལོངས་སྐུའི་རྣལ་འབྱོར། དྲུག་པ་བདག་དང་རྣལ་འབྱོར་མཆོད། །ཅེས་པ་ཆོས་སྐུའི་རྣལ་འབྱོར། བདུན་པ་ཚོགས་འབུལ་ལོངས་སྤྱོད་བྱ། །བརྒྱད་པ་གླུ་དང་གར་གྱིས་མཆོད། །དགུ་པ་གཏོར་མ་བཏང་བྱ་ཞིང་། །བཅུ་པ་བཀྲ་ཤིས་སྨོན་ལམ་བྱ། །ཞེས་པའི་བར་ཞར་བསྟན། མདོར་བསྡུས་ན། ནང་གི་རྣལ་འབྱོར་ཉིད་ལ། །གནས་དང་ལྡང་བ་ཉིད་དང་ནི། །འཇུག་དང་ཡོངས་སུ་རྫོགས་པ་དང་། །ཞེས་པའི་སྔ་མ་སྔོན་འགྲོ། ལྷག་མ་གསུམ་སྤྲུལ་སྐུ། བྱིན་གྱིས་བརླབ་དང་དབང་བསྐུར་དང་། །མཆོད་དང་ཞེས་པ་ལོངས་སྐུ། ཏིང་འཛིན་ཉེ་བར་བསྡུ། ཆོས་སྐུའོ། །འདིས་བསྙེན་པ་ལ་སྦྱིན་སྲེག དེ་ལས་འཕྲོས་པ་གཤིན་པོ་རྗེས་འཛིན། གསུམ་པ་རྗེས་ནི། རྗེས་ནི་ཐུན་མཚམས་རྣལ་འབྱོར་རོ། །ཞེས་པ། ཚུལ་ཁྲིམས་ཙན་དན་ཡན་ལག་བྱུག །སོགས་རྗེས་སྤྱོད་རྣམས་སོ། །གཉིས་པ་མཚན་མའི་སྣང་བ་ཡེ་ཤེས་སུ་ཁྱེར་ནས་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བར་བྱེད་པ་རིན་པོ་ཆེ་ལྟ་བུའི་གདམ་ངག་གསང་དབང་གི་ལམ་ལ། ངག་གསུང་རྡོ་རྗེར་མ་སྨིན་པ་སྨིན་པར་བྱེད་པའི་དབང་། སྨིན་ནས་གྲོལ་བར་བྱེད་པ་ཆོས་དྲུག་གཉིས་ལས། དང་པོ་ནི། གསང་དབང་། ཞེས་པས་ནང་གསང་གནས་ཀྱི་རྫས་གཙོ་བོར་བཏོན་པས་དབང་བསྐུར་བ་དང་། གཉིས་པ་ལ། མཚན་འཛིན་ཡེ་ཤེས་ཀྱི་མེར་སྦར་བ་གཏུམ་མོ། །མཚན་འཛིན་སྒྱུ་མའི་འཕྲུལ་འཁོར་དུ་ངོ་སྤྲོད་པ་སྒྱུ་ལུས་མཚན་འཛིན་དག་སྣང་རབ་འབྱམས་སུ་ཁྱེར་བ་འོད་གསལ། མཚན་འཛིན་ཏིང་ངེ་འཛིན་གྱི་རྩལ་སྦྱོང་དུ་བྱེད་པ་རྨི་ལམ། མཚན་འཛིན་ཟུང་འཇུག་གི་བཅུད་དུ་ལེན་པ་བར་དོ། མཚན་འཛིན་ཡེ་ཤེས་ཀྱི་དབྱིངས་སུ་བཏང་བ་འཕོ་བ་དང་དྲུག་ལས། དང་པོ་ལ། བྱིན་རླབས་བླ་མའི་གཏུམ་མོ། བསྙེན་སྒྲུབ་ཡི་དམ་གྱི་གཏུམ་མོ། འཕྲིན་ལས་མཁའ་འགྲོའི་གཏུམ་མོ། མཐར་ཕྱིན་མཆོག་གི་གཏུམ་མོ་དང་བཞི། དང་པོ་ལ། ལུས་གནད། རླུང་གནད། དམིགས་པའི་གནད་གསུམ་ལས། དང་པོ་ནི། གསང་བའི་དབང་གི་ཉམས་ལེན་ནི། །གཏུམ་མོ་རྣམ་པ་བཞིས་བསྟན་ཏེ། །བྱིན་རླབས་བླ་མའི་གཏུམ་མོ་དང་། །བསྙེན་སྒྲུབ་ཡི་དམ་གཏུམ་མོ་དང་། །འཕྲིན་ལས་མཁའ་འགྲོའི་གཏུམ་མོ་དང་། །མཐར་ཕྱིན་མཆོག་གི་གཏུམ་མོའོ། །ཞེས་བསྟན་པ་ནི་ས་བཅད་ཀྱིས་རྟོགས་ལ། བྱིན་རླབས་བླ་མའི་གཏུམ་མོ་ལ། །ལུས་ཀྱི་གནད་ཐབས། ཞེས་པ། རྐང་པ་བསྣོལ་བའི་ཙོག་པུ་ལག་པ་བསྣོལ་བ་པུས་མོ་གཉིས་སུ་འཇུས་པའོ། །གཉིས་པ་ནི་རླུང་གི་གནད། ཅེས་པ་གཡས་ནས་གཡོན་དུ་བཅུ་བུས་མཐར་བརྔུབས་ཏེ་ཙམ་ཐུབ་འཛིན། དེ་བཞིན་གཡོན་ནས་གཡས་དང་དབུས་ནས་དབུས་སུའང་བྱའོ། །གསུམ་པ་དམིགས་པའི་གནད་ནི། ཞག་དང་པོ། དམིགས་གནད་སྤྱི་བོ་རུ། བླ་མ་མེའི་རང་བཞིན་ལ། གསོལ་བཏབ་བདེ་དྲོད་འཕེལ་བར་བྱེད། ཅེས་པ། འོག་ཏུ་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཤིན་ཏུ་ཆེ་བ་ཡཾ་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རཾ་གྱིས་མཚན་པ། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་རྒྱན་ཕྱག་མཚན་ཐམས་ཅད་ཡོངས་སུ་རྫོགས་པ་བརླ་མན་མེའི་དཀྱིལ་དུ་རིམ་པ་དེའི་འོག་སྒོར་རཾ་ཤིན་ཏུ་ཚ་བ་དམར་པོ། སྤྱི་བོར་པཾ་ལས་པདྨ་དང་རཾ་ལས་ཉིན་མོར་བྱེད་པའི་སྟེང་དུ་རྩ་བའི་བླ་མ་མེའི་རང་བཞིན་རྡོར་དྲིལ་འཛིན་པ་ཞལ་ཁྲོ་རྔམ་དང་ལྡན་པ། བརྒྱུད་པའི་བླ་མ་རྣམས་རང་རང་གི་སྐུ་མེའི་རང་བཞིན་མཐོ་བརྩེགས་སུ་བཞུགས་པར་བསྒོམས་ཏེ། །གསོལ་བ་འདི་སྐད་གདབ་བོ། །འཁོར་ལོ་སྡོམ་པ་དཔལ་ལྡན་ཤ་བ་ར། །རས་ཆུང་པ་དང་དྲན་མཆོག་ཆོས་ཀྱི་གྲགས། །ཙཎྜྻཱ་ལི་པ་རྩ་བའི་བླ་མའི་ཞབས། །གསོལ་བ་འདེབས་སོ་རྩ་རླུང་བྱིན་གྱིས་རློབས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ཕུང་པོ་ལྷག་མེད་འགྲུབ་པར་བྱིན་རློབས། །ལན་བཅུ། རླུང་ཕྱིར་འབུད་སུམ་ཅུ་གསོལ་འདེབས་སུམ་ཅུ། ཚུལ་དེ་ཉིན་མཚན་མེད་པར་བསྒོམ་མོ། །ཞག་གཉིས་པ་ལ། ལྟེ་བ་རུ། བླ་མ་མེའི་རང་བཞིན་ལ། །གསོལ་བཏབ་བདེ་དྲོད་འཕེལ་བར་བྱེད། །ཅེས་པ། རླུང་སྔ་མ་བཞིན་ཡང་བརྔུབ་པ་གཅིག་གསོལ་འདེབས་འདྲ། དམིགས་པ་དང་པོའི་སྟེང་དུ། རང་རྣལ་འབྱོར་མར་གསལ་བ་དེའི་སྐུའི་དབུས་ན་དབུ་མ་མེའི་རང་བཞིན་སྒོམ་པ་སྤྱི་བོ་ནས་གསང་གནས་ཀྱི་བར་དུ་ཐལ་ལེ་ཟུག་པའི་ནང་གི་ལྟེ་བའི་ཐད་དུ་རཾ་ལས་བླ་མ་མེའི་རང་བཞིན། རླུང་བཟུང་བའི་སྟོབས་ཀྱིས་དེ་ལས་མེ་འབར་དབུ་མའི་ཡས་སྣ་ནས་འཐོན། སྤྱི་བོ་ནས་མར་ལུས་ཐམས་ཅད་ལ་མེའི་གོས་ཀྱིས་གཡོགས་པར་བསམ། ཞག་གསུམ་པ་ལ། སྤྱི་བོ་ལྟེ་བ་རུ། བླ་མ་མེའི་རང་བཞིན་ལ། །གསོལ་བཏབ་བདེ་དྲོད་འཕེལ་བར་བྱེད་། །ཅེས་པ་གཉིས་ཀའི་བྱེད་ལས་སྔ་མ་བཞིན་ལ། བརྔུབ་ཆུང་ཡང་གཅིག་རྩེག ལན་གསུམ་རྡེབ་ཅིང་སྤྲུག དམིགས་པ་རྩ་དབུ་མ་དེ་ལས་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་སྐྲ་དང་བ་སྤུའི་ཁུང་བུ་ཀུན་ལ་ཟུག་པའི་ཁ་དང་དེ་རཾ་གྱིས་མཚན་པ། རླུང་བཟུང་བའི་སྟོབས་ཀྱིས་ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོས། མེ་དང་ཕྱི་ནང་གི་རཾ་བླ་མའི་སྐུ་ཐམས་ཅད་ལས་མེ་འབར། མཐོང་བའི་ཆ་ཚུན་ཆད་མེའི་ཕུང་པོ་གཅིག་ཏུ་གྱུར་པར་བསམ། མཐར་མེ་སྒོམ་མཁན་གྱི་ཤེས་པ་ངོས་གཟུང་། །མཉམ་པར་གཞག རྒྱབ་ནས་གྲོགས་གཅིག་གིས་ཕཊ྄་ཅེས་དྲག་པོ་བརྗོད་པས་སེམས་ཡེད་ཀྱིས་འབྱུང་། དེས་རྣམ་རྟོག་སྔ་མ་འགགས་ལ་ཕྱི་མ་མ་སྐྱེས་པའི་བར་དེ་ཀ་རིག་པ་དྲི་མ་མེད་པའི་གནས་ལུགས་ཡིན་ནོ་ཞེས་ངོ་སྤྲད། དེ་ངོས་ཟིན་པ་བཞིན་སྐྱོང་དུ་འཇུག་གོ །དྲོད་སྤྱི་བོ་ཚིགས་རྣམས་སུ་སྐྱེ་ན་མི་བརྟན་པས་དྲོད་འབེབས་པའི་འཁྲུལ་འཁོར་འདི་བྱའོ། །ལུས་རླུང་སྔ་མ་བཞིན་ལ་སྨད་ཀྱི་གཡས་གཡོན་དབུས་གསུམ་དུ་འཆུན་འདོན། དེ་ནས་སྟོད་དུ་འཐེན། དེ་བཞིན་ཐད་ཀར་བརྒྱངས་ལ་འཐེན། དེ་ནས་དགྱེད་དགུར་ལན་གསུམ་བྱས་སྤྲུག་ཅིང་ལན་གསུམ་རྡེབ། དེ་ལྟ་བུ་ཙམ་འཁྱོངས་སོ། །མི་འཁྱོངས་ལ་ཁད་ན། ཡང་བརྔུབ་ཆུང་བྱས་ཏེ་ལན་གསུམ་གཞིལ། ཡང་ཙམ་འཁྱོངས། མི་འཁྱོངས་པ་འདྲ་ན་རླུང་ཕྱིར་འབུད་དོ། །རྒྱུན་དུ་དེ་ལྟར་བསྒོམས་ན་ཡོན་ཏན་དྲོད་སྐྱེ། ནད་མེད། ལུས་སྟོབས་གླང་པོ་ཆེ། མདངས་པདྨ། རྩལ་སེང་གེ་ཡང་རྩལ་ཁྱུང་། བཀྲག་ཉི་ཟླ་ལས་ཀྱང་ཆེ་བར་འགྱུར་རོ། །རས་ཕུད་གཏོང་རྒྱུ་ཡིན་ན་མེ་དབང་བསྐུར། བླ་མའི་ཐུགས་ཀ་ནས་མེ་དཔག་ཏུ་མེད་པ་བྱུང་སྟེ་རས་པ་སོ་སོའི་སྙིང་ཀར་ཐིམ་པས་ལུས་ལ་བདེ་དྲོད་བསམ་གྱིས་མི་ཁྱབ་པ་སྐྱེས་པར་བསམ་མོ། །གཏོང་དུས་ཕོ་བ་ན་བ་དང་སྲིན་ནད་བྱུང་ན་ཙོག་པུ་སྒོམ་ཐག་གིས་བཅིངས་ལ་ལག་པ་སོར་མོ་བསྣོལ་བ་ཕོ་བར་བཀབ། གཞོགས་གཡས་ཕབ་སྟེ་ཉལ། དྲོད་ཆུང་ན་གཞན་དེ་འདྲ་ལ། ལག་པ་སོར་མོ་བསྣོལ་སྒྱིད་ཁུང་ནས་འཁྱུད་དེ་ཉལ། རྒྱུན་དུ་གཞན་འདྲ་ལ་ལག་པ་མཆན་ཁུང་གཡས་གཡོན་དུ་བཅུག་སྟེ་ཉལ་ལོ། །རྫས་ཀྱི་གཏུམ་མོ་ནི་ཐ་མལ་པའི་དབང་དུ་མཛད་པས་འདིར་མ་སྤྲོས་སོ། །འདི་ཡང་རྩ་རྒྱུད་ལས། བླ་མ་བརྒྱུད་པའི་རིམ་ཐོབ་པའི། །དབང་བསྐུར་བས་ནི་སྔགས་ལེགས་ལྡན། །ཕོ་ཉ་རྣམས་སུ་ཡང་དག་བཤད། །ཕྱག་རྒྱར་ལེགས་འབྱོར་ངང་ཚུལ་ཅན། །ལེགས་རྫོགས་ཡེ་ཤེས་རྒྱུ་སྐྱེས་པ། །ཞེས་པས་བཤད་དོ། །གཉིས་པ་བསྙེན་སྒྲུབ་ཡི་དམ་གྱི་གཏུམ་མ་ོལ། སྔོན་དུ་འགྲོ་བ་བསྲུང་འཁོར། དངོས་གཞི་ཉམས་ལེན་གྱི་རིམ་པ། རྗེས་ཡོན་ཏན་འབྱུང་ཚུལ་བསྟན་པ་དང་གསུམ་ལས། དང་པོ་ནི། སྐྱིལ་ཀྲུང་ཕྱེད་པའི་སྟང་སྟབས་ཀྱིས་རླུང་ཤར་གྱི་ཕྱོགས་སུ་བུས་ཏེ་རྩ་ཞལ་ནས་ཁྭ་གདོང་མ་དཔག་ཏུ་མེད་པ་འཐོན། ཤར་ཕྱོགས་འཇིག་རྟེན་ཐམས་ཅད་གང་། །དེ་བཞིན་གཡོན་ཞལ་ནས་འུག་གདོང་མ་བྱང་། །རྒྱབ་ཞལ་ནས་ཁྱི་གདོང་མ་ནུབ། །གཡས་ཞལ་ནས་ཕག་གདོང་མ་ལྷོ། །ཐུགས་ཀ་ནས་མེར་གཤིན་རྗེ་བརྟན་མ། སྲིན་པོར་གཤིན་རྗེ་ཕོ་ཉ་མོ། །རླུང་དུ་གཤིན་རྗེ་མཆེ་བ་མ། །བྱང་ཤར་དུ་གཤིན་རྗེ་འཇོམས་མ། །སྟེང་དུ་མཁའ་སྤྱོད། འོག་ཏུ་ས་སྤྱོད། །གཉིས་ཀ་ཕག་ཞལ་ཅན། དེ་རྣམས་ཀྱིས་ཕྱོགས་བཅུའི་བགེགས་ཐམས་ཅད་ཀྱི་སྙིང་ག་ནས་ལྕགས་ཀྱུས་ཕུག སྐེ་ཞགས་པས་བཅིངས་བསྒྱེལ་བའི་སྙིང་ཀར་རང་རང་གི་སྐུ་སྨད་ཕུར་བུའི་དབྱིབས་སུ་ཟུག་པས་ཕྱོགས་སོ་སོར་བཞུགས་པར་བསམ་མོ། །དེ་ནས་འོག་རྡོ་རྗེའི་རང་བཞིན་གྱི་ས་གཞི། ར་བ། གུར། བླ་རེ། མདའི་དྲ་བས་བརྒྱན་པ། བར་མཚམས་མེད་པ་ཞུན་བཏང་བ་ལྟ་བུ། མེ་ཁ་དོག་ལྔས་བསྐོར་བའི་ལྟེ་བར་སྣ་ཚོགས་རྡོ་རྗེའི་དབུས་སུ་རང་བསམ་མོ། །གཉིས་པ་ལ། ཕྱིའི་གཏུམ་མོ། ནང་གི་གཏུམ་མོ། གསང་བའི་གཏུམ་མོ་གསུམ། དང་པོ་ལ། སྟོང་ར། རྩ་འཁོར། ལུས་འདུལ་དང་རླུང་གནད། འབར་འཛག་དང་འཁྲུལ་འཁོར། རླུང་གི་ཞལ་གདམས་བསྟན་པ་དང་ལྔ་ལས། དང་པོ་ནི། ཡི་དམ་ལྷ་ཡི་གཏུམ་མོ་ལ། །དག་བྱེད། ཅེས་པས། རང་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་རྒྱན་ཕྱག་མཚན་སྤྱི་མཐུན་ལ་སོར་མོའི་མཐའ་ཚུན་སྟོང་སང་ངེ་བ་རྒྱུ་མ་ཕུས་བཏབ་པ་ལྟ་བུར་བསྒོམ་མོ། །གཉིས་པ་ནི། དེ་ཡི་སྒྲ་གཅན། ཞེས་པ་དེའི་ལུས་ཀྱི་ནང་གི་དབུས་སུ་རྩ་དབུ་མ་ཁ་དོག་སྔོ་བ་ཤས་ཆེ་བའི་ལྔ་ལྡན་ཡས་སྤྱི་གཙུག མས་ལྟེ་འོག་སོར་བཞི་ཚུན་ཡ་ཡོ་ཁྱག་འཁྱོག་མེད་པ་མདའ་སྨྱུག་ལེགས་པར་བསྲངས་པ་ལྟ་བུ་ནང་སྟོང་པ། གཡས་སུ་རོ་མ་དམར་མདངས། གཡོན་དུ་རྐྱང་མ་དཀར་ཤས་ཆེ་བའི་ཁ་དོག་ལྔ་ལྡན་ཡས་ཀླད་རྒྱ་ནས་སྣ་བུག་ཏུ་ཟུག་པ། མས་གསང་གནས་ཨ་ཤད་ཀྱི་འོག་གི་ཀྵ་གཟུགས་སུ་བུ་ག་འབྲེལ་བ། དེ་གཉིས་ཅུང་ཟད་རྙིད་པའི་རྣམ་པ། སྤྱི་བོར་རྩ་འདབ་སོ་གཉིས། མགྲིན་པར་བཅུ་དྲུག སྙིང་གར་བརྒྱད། ལྟེ་བར་དྲུག་ཅུ་རྩ་བཞི། གསང་གནས་སུ་སུམ་ཅུ་རྩ་གཉིས་རྣམས་འཇའ་ལྟ་བུ་གསུམ་པ་ནི། ནང་། ཞེས་པས་ལུས་གནད་བསྟན་ཏེ། སྒྲ་གཅན་གྱི་ནང་དུ་འཆིང་མཁན་དེས་བྱེད་པ་ཡིན་པས་སོ། །དེ་ཡང་། རྐང་པ་གཡོན་པའི་སྟེང་དུ་འཕོངས་བཞག རྐང་པ་གཡས་པ་དེའི་སྟེང་དུ་བཞག་པ་པུས་མོ་བརྩེགས། རྐང་མགོ་རྒྱབ་ཏུ་སླེབ་པར་བྱས་པའི་ལག་པ་སྤྱི་ཟུར་ནས་གཏང་རྐང་པའི་ཕྲ་མཚམས་བཟུང་བ་གསང་བའི་སྐྱིལ་ཀྲུང་ངོ་། །སྒལ་ཚིགས་གདུ་བུ་བརྩེགས་པ་ལྟ་བུ་དང་། ཐལ་གོང་དགྱེད། མགྲིན་པ་ཡིད་ཙམ་དགུག་པ། ལྕེ་ཡར་རྐན་ལ་སྦྱར་བ། མིག་མི་འཛུམ་པ་ཐད་ཀའི་བར་སྣང་ལ་ཧུར་རེར་བལྟའོ། །དེའི་སྟེང་ནས་རླུང་རོ་ལན་གསུམ་བསལ་ལ་ཡན་ལག་ལྔ་སྦྱོང་བྱའོ། །དེས་ཀླུ་ལ་སོགས་པའི་རླུང་བཅུ་རང་མལ་དུ་འཆིངས་པས་དབུ་མའི་ནང་དུ་གཞོལ་བ་ཡིན་ནོ། །རླུང་གནད་ནི། ཀླུ་དང་རུ་སྦལ་རྩངས་པ་སོགས། ནང་དུ་འཆིང་ཞིང་། ཞེས་པ། ཕྱིའི་སྣང་བ་ཐམས་ཅད་རླུང་གི་རང་བཞིན་ཁ་དོག་ལྗང་ཁུ་སྟེང་སྲོག་ཀཱ་ལིའི་རང་བཞིན་ཅན་རྣམས་ནང་དུ་བརྔུབས་ཏེ་དགང་བ་བསྟན། ཕྱིར་གཏོང་དུས། ཟླ་བ་ཉིད། ཅེས་པས། འོག་ཐུར་སེལ་ཨཱ་ལིའི་རང་བཞིན་ཅན་རྣམས་དྲག་པོར་འཆུན་དང་བཅས་ཏེ་འཐེན་ནས་བུས་པས་ཐམས་ཅད་སྔར་བཞིན་སོང་བར་བསམས་ཕྱིར་འཛིན། བཞི་པ་ནི། སྤྲུལ་པའི་གནས་ནས་འབྱུང་མེ་ཨ། །ཀླུ་སོགས་ཀྱིས་ནི་སྦར་བར་བྱ། །ཆོས་འཁོར་དང་ནི་ལོངས་སྤྱོད་དང་། །བདེ་ཆེན་གནས་སུ། ཞེས་པ། རྩ་གསུམ་འདུས་མདོའི་ཀྵའི་སྟོད་དབུ་མའི་ནང་དུ་ཨ་ཤད་རེག་བྱ་ཚ་བ་ཁ་དོག་དམར་བ། བསྐྱོད་པ་མྱུར་བ། དེ་ལས་མཆེད་པའི་མེ་རྩེ་མོ་རྣོ་བ་གསལ་བཏབ་སྟེ། སྟེང་རླུང་བརྔུབས་པས་རོ་རྐྱང་ལྟར་གྱིས་སོང་ཨ་ཤད་ལ་འཕོག་པས་ཐབ་ཀྱི་མེ་བུས་པ་བཞིན་དེ་འབར། ལྟེ་མགྲིན་སྤྱི་བོའི་འཁོར་ལོ་ཐམས་ཅད་ཁྱབ་ལུས་ཐམས་ཅད་གང་། གནས་པར་བྱ། ཞེས་པ། མེ་འབར་བྱེད་སྨད་ཀྱི་འཁྲུལ་འཁོར་ཏེ། པུས་མོ་བརྩེགས་པའི་སྟེང་དུ་ལག་པ་ཁུ་ཚུར་བརྩེགས་པ་བཞག ཕོངས་འཛུམ་ཞིང་འདེགས་པ་དང་བསྟུན། རླུང་བུམ་པ་ཅན་སྟེང་དུ་འཐེན། བརྔུབས་ནས་གནོན་དུས་འཕོངས་འབྱེད་པ་དང་བསྟུན་རྡེབ་བོ། །རི་བོང་འཛགས་པས་བདེ་བ་སྟེར། །སྟོང་པ་སོགས་དང་བདེ་བ་བཞི། །རེ་རེ་ངོ་ཡིས་ཟིན་པར་བྱ། །ཞེས་པས་སྤྱི་བོར་ཧཾ་དཀར་པོ་བདུད་རྩི་འཛག་ལ་ཁད་པ་དེ་ལ་མེ་ལྕེས་རེག་པས་དེ་ཉིད་ཞུ། མགྲིན་པར་སླེབ་པས་ཡུལ་གྱི་ངོས་ནས་སྟོང་པ། ཡུལ་ཅན་གྱི་ངོས་ནས་དགའ་བ། སྙིང་གར་སླེབ་པས་ཤིན་ཏུ་སྟོང་པ་དང་མཆོག་དགའ། ལྟེ་བར་སླེབ་པས་སྟོང་པ་ཆེན་པོ་དང་ཁྱད་དགའ། གསང་གནས་སུ་སླེབ་པས་ཐམས་ཅད་སྟོང་པ་དང་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ལ་མཉམ་པར་གཞག ཧཾ་ཞུ་བ་སྟོད་ཀྱི་འཁྲུལ་འཁོར་བྱ་སྟེ། ལག་པ་རྡོ་རྗེ་བསྡམས་པ་ལས་གུང་མོ་རྩེ་སྤྲད་པ་གསང་གནས་སུ་བཙུགས། རླུང་བུམ་པ་ཅན་མགོ་བོར་འཐེན། དེར་རང་བཀག་འདར་སི་ལི་ལི་སྤྲུག་པས་སོ། །འབར་འཛག་འཐབ་པ་ནི། འཛག་མེད་གནས་ལྔར་བཙོན་དུ་བཟུང་། །ཞེས་པས་སྟེང་འོག་བསྲེ་བའི་འཁྲུལ་འཁོར་ལག་གཉིས་ཁུ་ཚུར་ནུ་སྟེངས་སུ་བསྣུན་ལ་སྡེར་འཛིངས་བསྲངས་ལ་སྟོད་གཡས་གཡོན་དབུས་འཐེན་མཐར་ལག་གཉིས་སྤྲུག རླུང་རྟིང་མ་ལག་པ་ལྟེ་བར་གཏད་སྨད་ནས་གཡས་གཡོན་དབུས་སུ་འཕུར། རྐང་པ་གཡས་ལན་གསུམ་འཕུར་ཏེ་སྤྲུག གཡོན་ལའང་དེ་བཞིན། གན་རྐྱལ་རྐང་ལག་བརྒྱངས་ཏེ་མགོ་ཞབས་མེད་པ་སྤྲུག འདི་གསུམ་བོགས་འབྱིན་ནོ། །བདེ་བའི་གཡོས་ཀྱིས་ཁམས་འཛག་པར་ཉེ་ན་རྡོ་རྗེའི་ཀུན་རྫོགས་ལ་གནད་དུ་བསྣུན་ནོ་དེ་བཞི་ཡང་། འབེབས་སྟན་སོར་བཞི་ཁུང་ངམ་སྟེགས་དང་བཅས་པ་ལ་ཁྲུ་གང་ཡོད་པར་བྱས། ལུས་ཧར་ལངས་མར་ཤད་འབེབས་བཞི་ཀར་འདྲ། ལག་པ་དང་པོ་ལ་སོར་མོ་གཞན་བསྣོལ་མཛུབ་མོའི་རྩེ་སྤྲད་པ་ལངས་དུས་ནམ་མཁར་ཐད་འཐེན། འབེབས་དུས་སྤྱི་བོར་ལོག་པ། གཉིས་པ་རྡོ་རྗེ་ཁུ་ཚུར་ནུ་སྟེང་ནས་གྱེན་དུ་བསྒྲེང་བ་དང་། ལོག་དུས་དེ་ཁར་དགྱེན་པ། གསུམ་པ་དེ་དང་འདྲ་བ་ལ་དཔུང་མགོར་ལོག་པ། བཞི་པ་སོར་མོ་གཞན་བསྣོལ་གུང་མོ་རྩེ་སྤྲད་པ་མགོ་མ་གུག་པར་སྤྱི་བོ་མནན་པའོ། །དེ་བཞི་ཀ་ལ་འཛིན་འདྲེན་གཙོ་བོར་བྱེད་དུས་རི་བོང་། ཞེས་པ་བཟློག་ས་ཧཾ་ལ་བཟློག་རྒྱུ་སྐར་མ་སྟེ། ཁམས་གསང་བར་བབ་པ་ཐམས་ཅད་དབུ་མའི་ནང་བརྒྱུད་ཡར་ལོག་པ་ཧཾ་ལ་ཐིམ་པར་བསམ། ཟློག་བྱེད། རུ་སྦལ་བཟློག ཅེས་པ་རླུང་ཕྱིར་འབུད་དྲག་པོ་བྱས་ལྟོ་བ་སྒལ་པ་ལ་སྦྱར་བ་རུ་སྦལ་གྱི། བསྐུམ་ཚུལ་ཇི་ལྟར་བཟློག་ན། དེ་བཞིན་མཁའ་ལ་འཛུམ་མེད་བལྟ། །ཞེས་པ། མིག་འབྲས་གྱེན་ལ་བཟློག་སྟེ་ནམ་མཁའ་ལ་མི་འཛུམ་པར་བལྟ་བས་སོ། །དེ་ལྟར་བཟློག་ནས་འགྲེམས་བྱ། དེའི་དུས་སུ། སྤྲུལ་པའི་གནས་སུ་རླུང་གི་རྩལ། །གཞུ་རྒྱལ་སྒྲ་གཅན་དབུས་སུ་འཆིང་། །ཞེས་པ། ལྟེ་བའི་ཐད་ཀྱི་དབུ་མར་སྟེང་འོག་ལུས་ཐམས་ཅད་ཀྱི་རླུང་བསྡུས་པའི་བུམ་པ་ཅན་བཟུང་བ་དང་། དེ་ལྟར་ཁྲེམས་ནས་སྙིགས་མ་འབེབས་དགོས་པས། བྱ་རོག་གདོང་ནང་ཀླུ་སོགས་འཆིང་། །ཞེས་པས་འོག་གློད། སྟེང་རླུང་བརྔུབས་ཏེ་དུང་ཅན་དུ་འཕུལ། དེས་ཐིག་ལེ་བའི་ཁ་ཆུ་ལྟ་བུ་སོགས་ཕྱིར་འབབ་པར་འགྱུར་རོ། །གལ་ཏེ་སྟོད་ན་བ་ལ་སོགས་པའི་གེགས་བྱུང་ན། ལོངས་སྤྱོད་གནས་ནས་ཡི་གེའི་སྒྲ། །དེ་བཞིན་སྒྲོག་པར་བྱ་བ་བསྟན། ཞེས་པ། ཧ་ཞེས་འདོན་པ་དང་མཉམ་དུ་བྱས་པས་དེས་སེལ་བར་འགྱུར་རོ། །དྷཱུ་ཏཱིའི་སེམས་ནི་ཡེངས་མེད་བྱ། །ཞེས་པ། མཐར་སེམས་ཇི་བཞིན་དུ་མཉམ་པར་གཞག་པར་བྱ་སྟེ། བདེ་བ་ཕྱག་རྒྱ་ཆེན་པོས་སྐྱེལ་བའི་ཕྱིར་རོ། །རྗེས་ཡོན་ཏན། ཟླ་བ་སྐར་མ་ཉི་མ་སོགས། །དྭངས་མ་ས་བོན་རབ་འཕེལ་འགྱུར། །ཞེས་པ། དྲོད་ཀྱིས་གནས་པའི་རྩ་རྣམས་ཀྱི་ཁ་ཕྱེ། །དེར་རླུང་ལ་ཐིག་ལེས་ཞོན་ནས་ཕྱིན་པས་ཉམས་སྣ་ཚོགས་སྐྱེ། རྩ་མ་དུལ་བས་ཟུག་རྔུ་ཡང་འབྱུང་བས་སྡུག་བསྔལ་བསྐྱེད། ཕྱིས་དུལ་ནས་བདེ་བར་འཆར། བདེ་བ་སེམས་ཟིན་པས་མི་རྟོག་པ་འཕེལ། དེའི་དབང་གིས་རླུང་ལས་སུ་རུང་། དེ་ལས་ལ་བཀོལ་བས་སྲོག་རྩོལ་གནད་དུ་ཚུད་དེ་ཁམས་དྭངས་མ་དང་ས་བོན་ཞེས་པ་སྙིང་དཀར་ནག་མཚམས་ཀྱི་རོ་ཙ་ན་འཕེལ་བས་ཉི་ཟླ་དང་མཉམ་པའི་བཀྲག་སོགས་འབྱུང་བ་བསྟན་ནོ། །འདི་ལ་སཾ་བུ་ཊར། སྡུག་བསྔལ་དུས་དང་བདེ་བའི་དུས། །བསམ་གྱིས་མི་ཁྱབ་དུས་ཡིན་ནོ། །ཞེས་བཤད། དེ་ནས་ཉི་ཟླའི་རང་བཞིན་འགགས། །སྲོག་ཐུར་འདྲེས། དབུ་མའི་ནང་དུ་ཚུད་ཅིང་དེར་གནས་པས་སྲོག་རྩོལ་མཐར་སོན། ཁྱད་པར་གྱི་ཡོན་ཏན་བརྒྱད་ལ་སོགས་པ་འབྱུང་ངོ་། །ཉི་ཟླའི་རྒྱུ་ལམ་འགགས་པ་ཡང་དེ་ཉིད་ཀྱི་བྱེད་ལས་དག་པས་ཡིན་ལ། དེར་རླུང་མི་རྒྱུ་བ་ནི་མ་ཡིན་ཏེ། དབུ་མའི་རྗེས་སུ་འབྲང་བའི་རྒྱུ་བ་ཡོད་པས། ངོ་ལོག་པ་སླར་ངོ་བལྟས་པ་ལྟ་བུའོ། །སྒྲ་གཅན་དབུས་སུ་ཟླ་བ་བཟློག ཉི་ཟླ་སྒྲ་གཅན་གྱིས་བཟུང་བ་དེའི་ཚེ་བྱང་ཆུབ་ཀྱི་སེམས་གསང་གནས་ནས་ཁ་གྱེན་དུ་བལྟ། བཟློག་པའི་དུས་ན་བདེ་བཞི་འཛིན། །ཞེས་པ། དེ་ལས་མཆོག་མས་བརྟན་གྱི་དགའ་བ་བཞི་རྙེད་དེའི་དུས་རླུང་སེམས་དབུ་མར་རིམ་པ་བཞིན་ཐིམ་པའོ། །ལྔ་པ་ནི། དེ་ཇི་སྐད་བཤད་པ་མ་གྲུབ་ན། སྲོག་འཆིང་བ་འདི་ལ་ནན་ཏན་དུ་བྱ་སྟེ། དེ་ལ་ཕྱི་ནང་བར་གསུམ་དུ། ཞེས་པ། ཕྱི་ནང་གི་གཏུམ་མོ། བར་ནི་གསང་བའི་གཏུམ་མོ། འཛིན་སྟངས་རེ་རེ་བསྟན་པ་སྟེ། །ཞེས་པས། དེ་གསུམ་རླུང་གི་འཛིན་སྟངས་ཐ་དད་པར་བསྟན་ཏེ། ཕྱིའི་གཏུམ་མོ་རླུང་རྒོད་འདུལ་བ་ཡིན་པས་ན། སྟོད་སྨད་འཛིན་དང་། ཕྱིར་འཛིན་གྱི་ཚེ་སྟོད། ནང་འཛིན་གྱི་ཚེ་སྨད། བྱང་ནས། བར་དང་བཅས་པའི་འཛིན་སྟངས་སྦྱར་ཏེ། དེ་དབུ་མར་སྲོག་ཞུགས་བུམ་པ་ཅན་འགྲུབ་པ་ཡིན་ལ། ནང་གི་གཏུམ་མོ་ནི་ཉི་ཟླའི་ལམ་བསྒྱེལ་དབུ་མར་ཚུད་པ་དེ་བསྟན་པར་བྱ་བའི་ཕྱིར་ཏེ་ས་ཆུ་ལ་ཐིམ་པ་སོགས་ཀྱི་ཚུལ་ལས་སྨད་ནས་རིམ་གྱིས་བུམ་ཅན་འཛིན། གསང་བའི་གཏུམ་མོ་ནི་གཏུམ་མོ་སྦར་བས་ཁམས་བཞུ་སྟེ་སྤྱི་བོ་གང་བར་འཛིན་པ་ནས་གསང་བའི་སྣ་རྩེ་ཀུན་གང་བར་འཛིན་པའི་བར་ལ་སློབ་པའི་ཕྱིར་སྟོད་ནས་མཐར་ཆགས་སུ་བསྒོམ་མོ། །དེས་རླུང་གནད་སྤྱི་བཤད་ནས་སྐབས་དོན་ལ། དྲག་པོའོ། །ཞེས་པ་ལ། ལུས་གསང་སྐྱིལ། ལྟ་སྟངས་ཐད་ཀ དྲག་རླུང་ཕྱིར་བུས། དེའི་མཐར་ཕྱིར་ཐུབ་ཚད་འཛིན། མི་ཐུབ་པ་དང་ནང་དུ་བརྔུབས་ཏེ་ལྟེ་བར་ཐུབ་ཚད་འཛིན་པ་དང་། ཞི་འཛིན། ཞེས་པ། རྡོར་སྐྱིལ། ལག་གཉིས་ས་གནོན་ཁོང་ལྷོད་པར་བྱས། ཐད་ཀར་བལྟ། ཡིད་མ་ཡེངས་པར་གཞག རླུང་རང་འགྲོས་ཀྱིས་ཕྱིར་འགྲོ་ཐང་ཤ་བཅད་དེ་ཕྱིར་འཛིན་རང་གནས་ཙམ། དེ་ནས་ནང་དུ་རང་འགྲོས་ཀྱིས་འཇུག་པ་ཅུང་དྲག་ཏུ་སོང་བའི་མཐར་མནན་པ་དང་། ཕྱིར་འཛིན། ཞེས་པ། རྐང་གཡོན་གྱི་རྟིང་པས་གསང་རྩ་ལྟེམ། གཡས་པས་དེའི་སོར་མོ་བརྟེན་པ་སེམས་སྐྱིལ། རྡོ་རྗེ་ཁུ་ཚུར་བརླ་རྩར་བཞག གྱེན་ལ་བལྟ། རླུང་ཕྱིར་དྲག་ཏུ་བུས་ཐང་ཤ་བཅད། ཕྱིར་བཟུང་དུས། རླུང་ཞབས་དེ་སྟོད་དུ་འཐེན་ནས་ཙམ་ཐུབ་བསྡད་མི་ཐུབ་ལ་ཁད་ན་མར་རྒྱུ་ཞབས་སུ་འཕུལ་ལ་འཛིན། ཐུར་དུ་བལྟ། དེ་ནས་ཅུང་ཟད་མནན་ཏེ་ནང་དུ་བརྔུབས་ལ་མནན་ནོ། །སྟེང་དུ་འཛིན་དུས་ཧཾ་ཇེ་ཆེར་སོང་། མགོ་ཁེངས་པ། འོག་ཏུ་འཛིན་དུས་ཨ་ཤད་ཇེ་ཆེར་སོང་ལྟེ་བ་ཁེངས་པའོ། །འཇམ་རླུང་འཛིན། སེམས་སྐྱིལ་ས་གནོན། ཐད་ཀར་བལྟ། འཇུག་པ་ཨོཾ་དཀར། གནས་པ་ཨཱཿདམར། དབྱུང་བ་ཧཱུྃ་སྔོ་བ་ལ་སེམས་ཕྱི་ནང་དུ་ཇི་ཙམ་གནས་པའི་རིང་བུམ་པ་ཅན་སྒྲ་མེད། འཇམ་པོར་འཛིན་པ་སྔར་གྱི་ཞི་འཛིན་ལས་དབྱུང་བརྔུབ་རྩོལ་བས་བྱེད་པ་ཙམ་གྱི་ཁྱད་དོ། །སྟེང་འོག་སྦྱངས་པ་གོམས་ནས། བར་དང་བཅས་པའི་འཛིན་སྟངས་སོ། །ཞེས་པ་འདི་ལ། ངོ་བོ། རང་འགག རྣམ་གྲངས། བོགས་འདོན་བཞི་ལས། བར་རླུང་ཞེས་པ། རྐང་པ་མཐིལ་སྐྲད། པད་སྐྱིལ། ལག་པ་པུས་བཀབ། རླུང་རོ་དགུ་ཕྲུགས་བསལ། སྟེང་འོག་རང་བབས་སུ་བཞག ཕོ་བ་མདུན་དུ་འཕུལ། དེ་ལ་སྨད་མི་བདེ་ན་དེ་ཁའི་ངང་ནས་སྟོད་དུ་འཕུལ་ཞིང་། སྟོད་མི་བདེ་ན་སྨད་དུ་འཕུལ་ལོ། །གཉིས་པ། བར་གནད། ཅེས་པ་དེ་ཀའི་ངང་ནས་ལྟེ་བའི་རྒྱབ་ཉག་པོར་བཏང་བས་སྲོག་རང་འགག དེ་གཉིས་ཀའི་མཐར་བར་རླུང་མ་ཤོར་བར་ཁུན་སྟེང་གི་རྒྱབ་ནས་བཞར་ཏེ་སྣ་ནས་སྟེང་རླུང་དབྱུང་རྔུབ་བྱེད་དོ། །དེའི་བོགས་འདོན་པད་སྐྱིལ་ལ། ལག་པ་སོར་མོ་བསྣོལ་བ་བྲང་ལ་བཀབ་གྲུ་མོ་བརྒྱངས། མདུན་དུ་རྡོ་ནག་ལ་ཨ་དཀར་པོ་ཆགས་པ་ཅིག་བསྒོམ། སྤྱི་བོར་ཕོར་པ་ཆུས་བཀང་སྟེ་བཞག ལྕེ་རྩེ་གང་ལ་ཡང་མ་རེག་པས་ཡི་གེ་བདུན་པ་ཡིད་ཀྱིས་བཟླས་སོ། །གསུམ་པ་རྣམ་གྲངས་ལ། རླུང་གི་གནད། ཅེས་པ། གནད་གསུམ་འོག་ཏུ་འཕུལ་བ་གནད་གསུམ་བར་དུ་འཕུལ་བ། གནད་གསུམ་སྟེང་དུ་འཕུལ་བ། གནད་གསུམ་དེ་གསུམ་ཀར་འཕུལ་བ། གནད་གསུམ་བདེ་རླུང་དུ་འཕུལ་བ། གནད་གསུམ་དྲོད་རླུང་དུ་འཕུལ་བ་དྲུག དང་པོ། འོག་དང་། ཞེས་པ། ཐུར་སེལ་རྒྱབ་ནས་དྲངས་ཏེ་ལྟེ་འོག་ཏུ་མནན། །སྟེང་རླུང་ཤུགས་རྫོགས་པར་བརྔུབས་ཏེ་བར་རླུང་བརྒྱངས་ནས་གསུམ་བསྲེས་ཏེ་རྒྱ་མཚོ་ཕྱིར་འཕུལ་བ་དང་། གཉིས་པ། ཞི་བ། ཞེས་པས། སྟེང་མནན་འོག་འཐེན་དུས་མཉམ་པར་རླུང་བསྲེས་ནས་ལྟེ་བའི་མདུན་དུ་བརྒྱང་བ་དང་། གསུམ་པ། དྲག་པོ་ཅན། ཞེས་པ་སྟེང་མནན། འོག་འཐེན། བར་རླུང་བརྒྱངས་པ་སྟོད་དུ་འཐེན། འདི་ལ་ལྟེ་བ་བཅར་ཏེ་འགྲོ་དགོས་སོ། །བཞི་པ། འཛིན་སྟངས་དགང་བའི། ཞེས་པ། སྟེང་འོག་བར་གསུམ་བསྲེས་ནས་འོག་སྒོ་གཉིས་ཀྱི་འཛོམས་སུ་འཕུལ་བ། ལྔ་པ་དང་དྲུག་པ་གཉིས། རླུང་གནད། ཅེས་པས་བསྟན་ཏེ། དགྱེན་བྱས་སྟེང་འོག་བར་གསུམ་གསང་རྩར་གཏད་པ། དགུར་བྱས་ཏེ་གསུམ་འོག་སྒོར་འཕུལ་བ། འདི་དག་ལ་ཤའི་ཐེམས་བུ་དགོས་སོ། །དེ། དམ་ཚིག་ཅན་སྒྲོན་འདྲེན་སྟངས་ལ། །ཞེས་པ། དེ་དག་ཉི་ཟླའི་ལམ་བཀག་ནས་བསྒོམ་མོ། །བཞི་པ་བོགས་འདོན་ལ། བར་བརྒྱངས། ཞེས་པ། བར་རླུང་རང་འགག་ལྟེ་བའི་ཕྱོགས་བཞི་ཆ་མཉམ་པ་དུས་གཅིག་ལ་འཕུལ་བ། འོག་འཐེན། ཞེས་པ་སྟོད་དུ་འཐེན་པ། མཉམ་དུ་འཐེན། ཞེས་པ་འོག་བསྐུམ་སྟེ་ནུ་མ་དང་མཉམ་པར་འཐེན་པ། བར་འཛིན་ཞེས་པ་ལྟེ་བ་འཕུལ་ཏེ་གཅུད་པ། གཅུད་པ་ནི་གཡས་གཡོན་དུ་འཆུན་འདོན་པ། འོག་ཏུ་འཐེན་པ་དང་། བདེ་རླུང་དུ་འཕུལ་བ་དང་། ཡང་དྲོད་རླུང་དུ་འཕུལ་བའོ། །དེ་གཉིས་ཀར་འཕུལ་བས་བདུན། འདི་རང་འགག་གི་དང་། དེ་བཞིན་ཁ་སྦྱོར་དང་། ཕྱིར་འབུད་ལན་བདུན་བར་གྱི་གནད། ཅེས་པ། ཕྱིར་བཟུང་བའི་རླུང་ཞབས་ཀྱི་བར་རླུང་འཕུལ་བ་ལ་བདུན་ཏེ་ཉེར་གཅིག་གོ །ད་ནི་བར་རླུང་དང་ཐུར་སེལ་བསྡོངས་པའི་དབང་དུ་མཛད་ནས། བར་འཐེན། ཞེས་པ་འདི་ཐམས་ཅད་རང་འགག་སྟེ། རང་འགག་དེའི་ཁར་འོག་རླུང་དྲག་པོར་འཐེན་ནས་ཕོ་སྟོད་དུ་འཛིན་པ། ཞི་འཐེན། ཞེས་པ་དེ་ཀ་དལ་བུའི་སྒོ་ནས། མདུན་ནས་འཐེན། ཞེས་པ་འོག་སྒོ་ལྷོད་བཞག མདུན་གསང་རླུང་འཐེན་པ། གསང་བ་གློད་དང་ཨ་ལོང་འཐེན། ཞེས་པ། གསང་གནས་ལྷོད་བཞག་འོག་སྒོ་འཛུམ་པས་དྲོད་རླུང་འཐེན་པ། སྒོ་གཉིས་བཞག་ལ་བར་དང་ནི། །ཞེས་པ། འོག་གི་སྒོ་གཉིས་རང་སར་བཞག །ལྟེ་བའི་ཕྱོགས་བཞི་ནང་དུ་བསྐུམ་པ། དེར་གནས་དག་ཏུ་དབུས་འཐེན་དང་། ཞེས་པ་སྒོ་གཉིས་དང་ཕོ་བ་ལ་ཐོ་མ་བྱུང་བར་ལྟེ་བའི་མདུན་ནང་དུ་ཉག་པོར་འཐེན་པ། རྒྱ་མཚོ་འཁྱོམ་བརྡབ་བསྐྱུར་བ་དང་། །ཞེས་དང་། ལྟོ་བ་གཡས་གཡོན་བསྐོར། སྟེང་དུ་འཐེན་ནས་འོག་ཏུ་བསྐྱུར་བ། ཤུགས་འབྱུང་བྱེད་དང་ཞེས་པ། རྒྱ་མཚོ་མ་གཡོས་པར་ནང་དུ་བསྐོར་ཞིང་འཁྱོམ་པ། གནས་པར་བྱ། དེ་ཉིད་ཀྱི་རྗེས་སུ་ལུས་འགུལ་བསྐྱོད་མེད་པར་རླུང་སེམས་ལྟེ་བར་འཛིན། ཆུང་ཆུང་ཆེན་པོར་འཐེན་པར་བྱ། །ཞེས་པ། མ་བྱང་རིང་སྦྱོར་བ་དལ་བ། བྱང་ཆུབ་ནས་དྲག་ཏུ་བྱ་བ། དམ་ཚིག་སྒྲོན་མ་ཟབ་པའི་གནད། །ཕྱི་མ་རྣམས་ལ་ཡང་རྡོ་རྗེའི་རྦ་རླབས་སྦྱར་རོ། །ཕྱིའི་གཏུམ་མོ་འདི་རྩ་བའི་རྒྱུད་ལས། དཔའ་བོ་ཀུན་དང་རྣལ་འབྱོར་མ། །པདྨའི་ལྟེ་བར་ངེས་པ་བྱ། །སྨིན་མའི་དབུས་སུ་གཞུག་པར་བྱ། །ཨ་བ་དྷཱུ་ཏཱིའི་གནས་དེ་བཞིན། །དཔའ་བོ་འཆོལ་པར་ཆགས་བྱས་པས། །བཟའ་བ་ཡང་ནི་དེ་ནས་སྲེག །སོགས་ཚིག་རྐང་ལྔས་བསྟན་ནོ། །གཉིས་པ་ནང་གི་གཏུམ་མོ་ལ། གནད་དུ་བསྣུན་པ་ལུས། སྣུན་བྱེད་རླུང་། །བསྣུན་པ་དམིགས་པ་གསུམ་ལས། དང་པོ་ནི། ཨེ་མ་ངོ་མཚར་བ། གང་ལ་ངོ་མཚར་ན། ཀྱེ་ཧོ། ཞེས་བོས་ནས། བདེ་ཆེན་པོ། ཞེས་པ། རྟེན་ལུས་ལ་རླུང་དང་དམིགས་པས་གནད་དུ་བསྣུན་པས་བརྟེན་པ་བདེ་བ་ཆེན་པོའི་ཡེ་ཤེས་རང་དབང་མེད་པ་འཆར་བ་ལའོ། །དེ་ཡང་། རང་ལུས་གསང་བའི་ལུས་གནད་བྱ། །ཞེས་པ། ལུས་གནད་གསང་སྐྱིལ། དེ་ནི་འཇའ་ཚོན་འོད་མདངས་གསལ། །ཞེས་པ་ལྷའི་སྟོང་ར། དབུས་ན་རྩ་གསུམ་འཁོར་ལོ་ལྔ། །དྭངས་མའི་ཚུལ་ཅན་འཇའ་ཚོན་བཞིན། །ཞེས་པ། རྩ་གསུམ་གྱི་མདོག །དབྱིབས་འཁོར་ལོའི་རྩ་འདབ་གཟུགས་རྣམས་ཕྱི་ཇི་བཞིན་ནོ། །ཁྱད་པར། གནས་ལྔ་དག་ཏུ་འོད་འཁོར་བསྒོམ། །ཞེས་པ། གསང་གནས་ལྗང་། ལྟེ་བ་སེར་སྙིང་ག་སྔོ། མགྲིན་པ་དམར། སྤྱི་བོ་དཀར་པོ་ཤས་ཆེ་བའི་འཇའ་ཚོན་གྱི་རྣམ་པར་བསྒོམ་མོ། །གཉིས་པ་ནི། གོང་དུ། སྟོད་སྨད་འཛིན་ཞེས་པའི་སྨད་འཛིན་འདིར་སྟོན་པ་སྟེ། རྐང་པ་བསྣོལ་བའི་ཙོག་བུ་ལྷམ་སྒྲོག་འཆིངས་ནས་ལག་གཉིས་སོར་མོ་བསྣོལ་བས་འཁྱུད། མིག་ཐུར་དུ་བལྟ། གནད་གསུམ་འོག་ཏུ་འཕུལ་བའི་བུམ་ཅན། ལུས་སེམས་སྐྱིལ། ལག་པ་པུས་བཀབ། གནད་གསུམ་བར་དུ་འཕུལ་བའི་བུམ་ཅན། དེ་ནས་རྐང་པ་འདྲ་ལག་པ་བསྣོལ་ཏེ་དཔུང་མགོར་བཀབ། གྱེན་དུ་བལྟ། རླུང་གནད་གསུམ་སྟེང་དུ་འཕུལ་བ། །ལྟེ་བར་ཁ་སྦྱར། དེ་ནས་དེའི་ཁ་སྙིང་ཀར་འུབ་ཀྱིས་འཐེན་ནས་དེར་བསྒོམ། དེ་བཞིན་མགྲིན་པ་དང་སྤྱི་བོར་ཡང་ངོ་། །གསུམ་པ་ནི། དེའི་དབུས་སུ་དྭངས་མ་ནི། །པད་འདབ་བཅུ་དྲུག་བསམ་བྱ་ཞིང་། །དེ་དག་འཇའ་ཡི་རྣམ་པར་གསལ། །ཞེས་པས། གནས་དེ་དག་ཏུ་ལུས་གནད་རླུང་གནད་དང་པོ་དང་བསྟུན་དམིགས་པ་འཁོར་ལོའི་མདོག་དང་མཐུན་པའི་པདྨ་འདབ་བརྒྱད་ཉིས་རིམ། དབུས་སུ་ཉི་མ་ལ་འཇིགས་བྱེད་དུས་མཚན། གཞན་ལྷ་གནས་བཅུ་གཉིས་སུ་ཉི་མ་དང་རོའི་གདན་གསལ་གདབ། གནས་ལྔའི་དབུས་སུ་ས་བོན་ནི། །རབ་ཏུ་གསལ་བར་གནས་པར་བྱ། །ཞེས་པ་གཉིས་པ་དང་བསྟུན་སོ་སོའི་ལྟེ་བར་ཧཱུྃ་དང་། དེའི་མདུན་དུ་བཾ་སོ་སོའི་མདོག་དང་མཐུན་པ། ས་བོན་དེ་ནི་ལྷར་གསལ་ལ། །ལྷ་གནས་དཀར་དང་ལོངས་སྤྱོད་དམར། །ཆོས་འཁོར་སྔོ་ལ་སྤྲུལ་གནས་སེར། །བདེ་སྐྱོང་འཁོར་ལོ་ཁ་དོག་ལྗང་། །རེ་རེའང་དྲུག་ཟུང་འཁོར་གྱིས་བསྐོར། །ཐམས་ཅད་འཇའ་ཡི་ལུས་སུ་བསྟན། །ཞེས་པ། གསུམ་པ་དང་བསྟུན་ས་བོན། དེ་དག་མས་རིམ་གྱིས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ། འདབ་མ་ནང་མའི་ཕྱོགས་ལ་ཕྱོགས་མ་བཞི། མཚམས་སུ་བུམ་པ་ཤ་ལྔས་གང་བ་ལ་ཐོད་པ་བདུད་རྩི་ལྔས་གང་བ་འཁོད་པ། ཕྱི་སྐོར་ལ་སྒོ་མཚམས་མ་བརྒྱད་རྣམས་རྫུས་སྐྱེས་སུ་བསླང་ངོ་། །སེམས་དཔའ་གསུམ་གསལ། ཞེས་པ། གཙོ་བོའི་ཐུགས་ཀར་ཉི་མ་ལ་ཧཱུྃ། ཧཱུྃ་ཡིག་ལས་འོད་འཕྲོས། སྣོད་བཅུད། གདན། དེ་ལྷ། དེ་འཁོར། དེ་ཡུམ། དེ་ཡབ་ལ་ཐིམ་པ་སྐུའི་ངོ་བོར་གནས་པ་སྐུ་རྡོ་རྗེ་འཆང་། སྐུ་ཡང་འོད་དུ་ཞུ་ཉི་ཟླ་ལ། དེ་ཧཱུྃ་ལ་ཐིམ་པ་གསུང་རྡོ་རྗེ་འཆང་། དེའི་ཞབས་ཀྱུ་ཧ། ཧ་མགོ །དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། དེ་ཇེ་ཕྲར་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་ཞུགས་པ་ཐུགས་རྡོ་རྗེ་འཆང་ངོ་། །ཡུན་རིང་དུ་མཉམ་པར་གཞག་ནས་སྔགས་འཕྲེང་གི །ཡབ། ཡིད་བཟླས་བྱ། ཞེས་པ་བསམ་གྱིས་མི་ཁྱབ་པ་དེའི་རང་མདངས་ལས་སྔོན་བཞིན་བཞེངས་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་སྙིང་པོ་ཉེ་སྙིང་གི་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་དཀར་པོ་བདེ་བའི་རང་བཞིན་ཅན་འཕྲོས་པས་འོག་ཏུ་ཞུགས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨ་ནས་ཨ་བ་དྷཱུ་ཏཱི་བརྒྱུད་ཞལ་ནས་ཡབ་ཀྱི་ཞལ་དང་ཨ་བ་དྷཱུ་ཏཱིར་འཁོར་བར་བསམ་མོ། །ཡུམ་གཉིས་ཀྱིས་ཡིད་བཟླས་བྱ། ཞེས་པས། དེ་ནས་ཡུམ་གྱི་ཐུགས་ཀར་ཡང་ཉི་མ་ལ་གྲི་གུག་བཾ་གྱིས་མཚན་པའི་ས་བོན་གྱི་མཐའ་ལ་དེའི་སྙིང་པོ་ཉེ་སྙིང་། སྔགས་འཕྲེང་འོད་ཟེར་དམར་པོ་འཕྲོ་བ་དེའི་བྷ་ག་ནས་ཡབ་ཀྱི་ལིངྒར་ཞུགས་ཏེ་ཨ་བ་དྷཱུ་ཏཱི་ནས་ཞལ་ནས་ཞལ་དུ་འཁོར་བར་བསམ་སྟེ་བཟླས་སོ། །ལུས་སྣང་སེམས་གསུམ་ལྷར་གསལ་འགྱུར། །ཞེས་པ་སྔགས་འཕྲེང་ལས་འོད་ཟེར་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་སུ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། དཔལ་འཁོར་ལོ་སྡོམ་པའི་གོ་འཕང་ལ་བཀོད་པས། ཕྱི་སྣང་བ། ནང་སེམས་ཀྱི་འཆར་སྒོ། བར་ལུས་ཀྱི་ཁམས་ཐམས་ཅད་ལྷའི་རོལ་མོར་བལྟའོ། །དེ་ལྟར་བསྒོམས་པས་དྭངས་མ་འཕེལ་བས་དེ་ལམ་དུ་བྱེད་པའི་ཕྱིར། སྲོག་རྩོལ་གྱི་འཁྲུལ་འཁོར་བྱའོ། །དེས་སྲོག་རྩོལ་གནད་དུ་ཚུད་དེ་རླུང་ཟས་སུ་ཟ་བ་སོགས་ལས་ཚོགས་ཐམས་ཅད་འགྲུབ་པ་རྒྱས་པར་བཤད་པ་བཞིན་ཡིན་པས་འདི་དག་གཞུང་གི་ཞར་ལས་སོ། །དེ་ནི་རྩ་བའི་རྒྱུད་ལས། གསང་བ་མཆོག་གིས་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་མདོར་བསྟན་དང་རྒྱས་བཤད་སྔར་གྱི་འཕྲོས་དེར། ཀུན་ནས་སྒོ་ཡི་འཁོར་ལོ་ཉིད། །དཔའ་བོའི་དབང་པོ་ཞལ་བཞི་པ། །འདབ་མ་ཕོ་ཉ་མོ་བཞིན་ཡིན། །དཔའ་བོ་ཀུན་དང་གཉིས་མེད་བདེ། །ཞེས་པས་བསྟན་ཏེ། དེའི་དོན་བཤད་རྒྱུད་མངོན་བརྗོད་དུ། རྟག་པ་མིན་པ་རྡོ་རྗེ་ཅན། །གཟུགས་མེད་པར་ནི་བྷ་གའི་ནང་། །ལྟེ་བའི་ནང་ན་པདྨ་ཆེ། །བཅུ་དྲུག་ཐིག་ནི་གདབ་པར་བྱ། །ཡི་གེ་དང་ཡང་མཉམ་སྦྱར་བས། །ཁ་སྦྱར་བྱ་བ་བྱས་པ་ཡིན། །དེ་དབུས་རྟག་ཏུ་གསང་བ་ནི། །འབྱིན་དང་སྡུད་པ་བྱེད་པ་པོ། །དེ་ཉིད་རང་ཉིད་རྡོ་རྗེ་ཅན། །གཅིག་པུར་རང་འབྱུང་ཆེ་བའི་ལྷ། །དེ་ནི་སངས་རྒྱས་ཀུན་དངོས་ཞེས། །མཚན་ནི་རབ་ཏུ་བཤད་པ་ཡིན། །གསང་བ་མཆོག་གིས་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཐམས་ཅད་མཁྱེན་པས་འདི་བཤད་པ། །ཞེས་པས་སོ། །གསུམ་པ་གསང་བའི་གཏུམ་མོ་ལ། བཅའ་བ་ལུས་ཀྱི་གནད། དམིགས་པ་ཡུལ་གྱི་གནད། སྲོག་རྩོལ་རླུང་གི་གནད་གསུམ་ལས། དང་པོ་ནི། རྐང་པ་གསང་སྐྱིལ་མགྲིན་པ་ཡན་གྱི་དམིགས་པའི་དུས་མགྲིན་པའི་རྦ་རླབས་ལྟེམ། སྙིང་ཀ་དང་ལྟེ་བའི་དུས་ལག་པ་བསྣོལ་བའི་ཁུ་ཚུར་གྱིས་མཆན་རྩ་བསྡམ། གསང་གནས་ཀྱི་ཚེ་ཁུ་ཚུར་གྱིས་མཁལ་རྩ་མནན། གཉིས་པ་ནི། སླར་ཡང་ལྷ་སྔགས་གསལ་བ་ཡི། །ཞེས་པས་ནང་གི་གཏུམ་མོར་བཤད་པ་བཞིན་སྟོང་ར་རྩ་འཁོར་ལྔའི་ལྷ་ཚོགས་སྔགས་འཕྲེང་དང་བཅས་པ་སྐད་ཅིག་གིས་འཇའ་ཚོན་ལྟ་བུར་གསལ་བཏབ། གསུམ་པ་ནི། སྔར་སྟོད་སྨད་འཛིན་ཞེས་པའི་སྟོད་ནས་མཐར་ཆགས་འཛིན་པ་འདི་ལྟ་སྟེ། རླུང་སྔགས་གཅིག་པའི་རྣལ་འབྱོར་གྱིས། །ཕྱི་ནང་ཡི་གེའི་གཟུགས། ཞེས་པས་རླུང་བུམ་པ་ཅན་སྤྱི་བོར་བཟུང་བའི་ཚེ་བདེ་སྟོང་གི་ལྷ་དང་མི་ཕྱེད་པའི་སྔགས་དབྱིབས་ཀྱི་ཡི་གེ་མེར་འབར་བའི་དབུས་ན་གནས་པས་ལུས་གང་། ཕྱིར་གཏོང་བའི་ཚེ་དེས་འཇིག་རྟེན་གང་བ་སྤྲོ་བསྡུ་ཡས་རིམ་གྱིས་འཁོར་ལོ་ལྔར་བྱའོ། །སྒྲར་བསྒོམ། ཞེས་པ། དེའི་མཐར་ཕྱི་ནང་གང་བའི་དབྱིབས་དེ་རྣམས་ཇེ་དྭངས་ཇེ་དྭངས་སུ་གྱུར་ནས་སྒྲ་ཚུལ་གྱི་ལྷ་ཡབ་ཡུམ་དུ་སོང་བས་ཆོས་ཐམས་ཅད་སྒྲ་བརྙན་ཙམ་དུ་བསམ། དེ་ནས་ཡབ་ཡུམ་ལྷ་སྔགས་རྣམས། །སྟེང་འོག་གནས་སུ་བསྡུས་བྱས་ལ། །ཞེས་པས། སྒྲ་རྡུལ་མེ་རིའི་རི་མོ་རྣམ་པར་ཤེས་པའི་རང་བཞིན། ཚུར་ཐིག་ལེ་ཁུ་བའི་ངོ་བོ་ཧཾ་ཡིག་གི་གཟུགས་ཅན་ཡེ་ཤེས་ཀྱི་རང་བཞིན་ཏེ། ཡེ་ཤེས་ཡང་དག་པར་གྲུབ་པའི་འགྲེལ་པ་དེ་ཁོ་ན་ཉིད་བཤད་པ་ལས་འདི་ལ་ཨཾ་ནི་རྣམ་པའི་གཟུགས་ཀྱི་ལྷ་མོ་དང་། ཨུའི་རྣམ་པའི་དོན་ཡོད་གྲུབ་པའི་གཟུགས་ནི་རླུང་ངོ་། །དེ་གཉིས་ལྷན་ཅིག་འདྲེས་པ་ལས་རྫོགས་པ་ནི་བཾ་གྱི་ཡི་གེའི་གཟུགས་སུ་སྤྲུལ་ནས་ལྟེ་བའི་འཁོར་ལོ་ལའོ། །འདི་ནི་ནན་ཏན་དུ་བྱས་ནས་གཡོ་བ་མེད་པའི་སེམས་ཀྱིས་རླུང་གཉིས་འགོག་པར་བྱས་པས་ཐོབ་པར་བྱེད་པའོ། །ཞེས་པས། སྒྲ་རྡུལ་ལྟེ་བར་བཾ་ཡིག་ཏུ་འགྱུར་རོ། །ཉི་མས་ཟླ་བ་འཛག་པར་བྱེད། །ཅེས་པས། སྟེང་སྲོག་འོག་ཐུར་སེལ་གྱི་རླུང་སྒྲ་གཅན་དང་དུས་མེའི་རང་བཞིན་དེ་རྣམས་ལྟེ་བར་འདུས་པས་གཏུམ་མོའི་མེ་འབར་ཏེ། ཐིག་ལེ་ཞུ་བ། དེ་ནི་འཇའ་དང་འོད་ཁྱིམ་གསལ། །ཞེས་པའི། འཇའ་ནི། རྣལ་འབྱོར་གྱི་ལུས། འོད་ནི་བཅུད། ཁྱིམ་ནི་སྣོད་དེ། གསལ་བ། གཟུང་འཛིན་གྱི་རྣམ་རྟོག་སྤངས་པ་སངས་རྒྱས་ཀྱི་བདེ་བ་ལ་ལོངས་སྤྱོད་པ་སྟེ། སེམས་སྟོང་པ་དང་རོ་མཉམ་པ་ལ་ཡང་དག་པར་གནས་པའོ། །འདི་ཡང་རྩ་རྒྱུད་ཀྱི་ལུང་སྔར་གྱི་འཕྲོས་སུ། འཁོར་ལོའི་དབུས་སུ་བལྟ་བར་བྱ། །འཁོར་ལོ་འདི་དག་གསལ་བར་ནི། །རིམ་པ་ཇི་ལྟ་བ་བཞིན་བྱ། །ཞེས་པས་དང་། མངོན་བརྗོད་ཀྱི་ལུང་འཕྲོ་དེ་ཉིད་དུ། ཡང་ན་མི་ཤིགས་ཀུན་མཁྱེན་པ། །སྐྲ་ཡི་ཉག་མ་བརྒྱ་ཡི་ཆ། །མཆོག་གི་གཟུགས་ཅན་བསམ་པ་སྟེ། །སྟོང་པ་མ་ཡིན་དམིགས་སུ་མེད། །ཡི་གེ་མེད་ཅིང་སྟོང་པ་མིན། །གོས་པ་མེད་ཅིང་ས་བོན་མེད། །གཟུགས་མེད་མཚན་མ་མེད་པ་རྣམས། །རྣམ་ཤེས་རང་གི་ངོ་བོ་ནི། །རྣམ་ཤེས་ཡེ་ཤེས་དག་ཏུ་གཟུང་། །ཞེས་པས་སོ། །གསུམ་པ་རྗེས་ཡོན་ཏན་འབྱུང་ཚུལ་ལ། དངོས་དང་། ཀུན་ཏུ་མཁོ་བའི་ཆོས་གཉིས། དང་པོ་ནི། གནས་ལྔ་དག་གི་མདངས་གཡོས་ནས། །བདེ་སྐྱོང་གནས་སུ་འཛིན་པར་བྱེད། །ཅེས་པ་ནང་གི་གཏུམ་མོས་སྲོག་ཐིག་ལེར་བཅུག་པས་སྲོག་རྩོལ་གྱི་ཡོན་ཏན་ལུས་ལ་འཁོར་ལོ་ལྔའི་རང་མདངས་འོད་ཟེར་ཁ་དོག་ལྔ་གཡོས་པ་སྟེ་འཕྲོ་བར་འགྱུར་རོ། །དེ་ཙ་ན་དབུ་མའི་ཡས་སྣ་བྱེ་བས་འཕོ་བས་རྣལ་འབྱོར་པ་ཚེ་ཐུང་ངུར་འགྱུར་བ་སྲིད་པ་དང་། སྲོག་འཆིངས་ཀྱང་ཐིག་ལེ་འཛག་མེད་དུ་མ་གྱུར་པས་ཐར་པ་མི་འགྲུབ་པས་འཆི་བ་བླུ་བ་དང་འཛག་མེད་བསྒྲུབ་པའི་ཕྱིར་སྟོད་ནས་བུམ་པ་ཅན་རིམ་པས་མར་ཕབ་སྟེ་གསང་གནས་སུ་བཟུང་བས་བྱང་ཆུབ་ཀྱི་སེམས་བབས་པ་གནས་དེ་དག་ཏུ་འཛིན་པའི་མཐུ་འབྱུང་ལ། དེའི་རྒྱུས་རྡོ་རྗེ་ནོར་བུའི་སྣ་རྩེ་ནས། །སྐད་ཅིག་ལ་བཟློག་པར་ནུས་པ་ཡིན་ནོ། །རྟག་ཏུ་གནས་ལྔའི་འཛིན་སྟངས་བཤད། །ཅེས་པ། འཁོར་ལོ་ལྔའི་མདུད་ཀྱི་སྲོག་ཤིང་གི་ནང་དུ་འཛིན་ནོ། །གང་འཛིན་ན། ཟླ་དཀར་ཉི་མ་ཆུ་འཛག་སོགས། ཞེས་པ། ཁམས་ཕལ་པ་དང་ཁུ་རྡུལ། གང་གིས་འཛིན་ན། རླུང་ལྔ་བཟློག་དང་། ཞེས་པ་རྩ་བའི་རླུང་ལྔ་ལོག་པ་ལས་བཟློག་པ་ངེས། གཟའ་རྣམས་ནི། མཁའ་ལ་བརྟན་པར་རབ་འཆིང་ངོས། ཞེས་པ། འདི་ལ་འཕྲལ་དུ་སྐུའི་སྒོ་དགུ། གསུང་གི་སྒོ་བཞི་འགག །གནད་བྱེ་བའི་སྒོ་གཉིས་བྱེ་བས་དྷཱུ་ཏཱི་ཁར་བརྟན་པར་འཆིངས་ཏེ། བུམ་པ་ཅན་ཟླ་བ་དྲུག་བཀག་པས་སྲོག་གི་གཟུགས་གྲུབ་པ་དང་། ལོར་འགག་པས་མཐར་ཕྱིན་ཏེ། གསང་བ་འདུས་པར་རྡོར་བཟླས་ཀྱིས་ས་བརྒྱད་པ་ཐོབ་པར་བཤད་པ་དང་གནད་གཅིག་གོ །གཉིས་པ་ལ། ལུས་འཆི་མེད། ལས་རླུང་དབུ་འཇུག །སྲོག་ཐུར་བསྲེ་བ། འཁྲུལ་འཁོར། ཞར་ཚེ་བསྒྲུབ་དང་གེགས་སེལ་བསྟན་པ་ལྔ་ལས། དང་པོ་ནི། ལུས་འཆི་བ་མེད་པ་དང་རྒས་པ་མེད་པར་བྱེད་པའི་གནད། རྡོ་རྗེ་བརྡབ་པ། ཞེས་པ་གཞན་ཀུན་རྫོགས་བཞིན་ལ་རྐང་པ་བསྣོལ་བ། རྡོ་རྗེ་བསྡམས་པ། རྡོ་རྗེ་བཅངས། ཞེས་པ་རྡོ་རྗེ་བསྡམས་ལ་མཛུབ་མོ་གཉིས་བརྐྱང་བ་རྡོ་རྗེ་རྩེ་མོ་གཅིག་པའི་ཕྱག་རྒྱས། ལངས་དུས་སྙིང་ཀ་ནས་སྤྱི་བོའི་ཐད་དུ་འཐེན། འབེབས་དུས་འཁོར་ལོ་སོ་སོའི་གནས་སུ་རྩ་འདབ་ཀྱི་གྲངས་དང་མཉམ་པར་བསྣུན་ནོ། །དེས་རྩ་གུད་པ་གསོས་ཕྱི་ས་མི་ཉམས་པར་བྱེད་དོ། །བཟློག་པ་རླུང་ནི་ཕྱི་ནང་འཛིན། །ཞེས་པ། ལུས་མི་འགྱུར་བའི་གེགས་སེལ་གྱི་འཁྲུལ་འཁོར་བཞི་བསྟན། ཟླ་བ་འཇའ་ཚོན་རྣམ་པར་གསལ། །ཞེས་པས་འབྲས་བུ་ལུས་དྭངས་མར་གྱུར་པ། སྐུ་དང་རིག་པ་བསྲེས་ལ་བཞག །ཅེས་པ་དེ་ཙ་ན་དབྱིངས་རིག་བསྲེས་པས་ནམ་མཁའི་རྣལ་འབྱོར་དུ་འགྱུར་བའོ། །གཉིས་པ་ལ། འཇམ་རླུང་གིས་གཞུག་པ། དྲག་རླུང་གིས་གཞུག་པ། དབུ་མའི་སྒོ་དབྱེ་བ་དང་གསུམ། དང་པོ་ནི། རླུང་ལྔ། ཞེས་པས་ལས་རླུང་། རྩ་བ། ཞེས་པས་མི་ཤིགས་པའི་རླུང་དུ་སྡུད་པ། དེ་ཡང་གནས་གཞན་དུ་མ་ཡིན་པས། སྒྲ་གཅན་ནང་། ཞེས་སོ། །ལུས་སེམས་སྐྱིལ་པུས་བཀབ། དམིགས་པ་ཐམས་ཅད་ལ་རང་བདེ་མཆོག་ཡབ་ཡུམ་འཇའ་ལུས་སུ་བསྒོམ། རླུང་གནད་འོག་རླུང་ཅུང་ཟད་བཟུང་ཞིང་སྟེང་རླུང་མནན་ཏེ་སྐེད་པ་ཉག་གཏོང་བ་དང་རླུང་མདུན་ལ་འཕུལ་བས་སོ། །དེ་བཞིན་གསང་སྐྱིལ་རྐང་མཐེབ་བཟུང་བ་ལ་དང་། ཙོག་པུ་བརླ་ཟུར་ནས་བཟུང་བས་ཆུད། གཉིས་པ་ནི། དེར་ནི། ཞེས་པ་འཇམ་པོས་མ་ཆུད་ན་དྲག་པོས་འཇུག་པ་སྤོགས་ཆོག་བསྟན་ཏེ། རྐང་པ་པུས་བཙུགས་ལག་པ་བསྣོལ་བས་མཆན་རྩ་བསྡམས། རླུང་བརྒྱང་བ་དང་། རྒྱབ་ཏུ་དགྱེད་པ་མཉམ་དུ་བྱས་པས་ཚུད། ཡང་ན་དྲག་རླུང་འཛིན་ཧར་ལངས་ལག་པ་སྟེང་དུ་བརྐྱང་ཅུང་ཟད་དགྱེད་བྱས་པས་ཚུད། རླུང་མེད་སེམས་སྐྱིལ་པུས་བཀབ། གཡས་ཕྱོགས་ནས་སྟོད་དང་མགོ་བོ་བཀུག་པ་མཚམས་གཡོན་དུ་བསྐོར་ཏེ་མཐར་དགྱེད། གཡས་སུ་དེ་བཞིན་བསྐོར་བས་མི་ཚུད་མི་སྲིད། གསུམ་པ་ནི། འཆིང་བར་ཐེ་ཚོམ་མེད། །ཅེས་པ་བཙན་ཐབས་ཀྱིས་འཇུག་པ་སྟེ། རབ་སྨད་ཀྱི་སྒོ་འབྱེད། འབྲིང་སྟོད། མཐའ་མ་བར་གྱི་སྒོ་དབྱེ་བ་གསུམ། དང་པོ་ནི། དབུ་འཇུག་གི་ལུས་གནད་གང་རུང་གི་སྟེང་ནས་རྡོ་རྗེ་བསྡམ་པ་ལ་རྡོ་རྗེ་གཅིག་པའི་ཕྱག་རྒྱ་དང་བཅས་ནས་དུང་ཅན་མའི་གནས་སུ་ལན་བརྒྱ་ལས་མི་ཉུང་བར་བརྡེག་པ་དང་། གཉིས་པ། ཁ་སྣ་གཉིས་ཀ་ནས་རླུང་ཕྱིར་འབུད་བརྒྱ་ལས་མི་ཉུང་བ་དང་། གསུམ་པ་པུས་བཙུགས་ལུས་དགྱེད་བཏང་། མཐེབ་མཛུབ་ཀྱིས་རྦ་རླབས་ལྟེམས་པ་དམར་ལམ་གྱིས་དུས་རླུང་བརྔུབས་ཏེ་མནན་ནས་དགང་། མགོ་བོ་དགྱེ་མོར་བཏང་བས་སོ། །དེ་བཞིན་སྐུ་དང་དབྱེར་མེད་དོ། །ཞེས་པ། རྦ་རླབས་གར་ལྟེམ་ཀྱང་དང་པོ་སྣང་བ་དཀར་ལམ་གྱིས་སོང་དེ་དུས་ཕྱི་རོལ་གྱི་སྣང་བ་བུན་ལོང་འགྲོ །དེ་ཐོག་ཏུ་རང་ངོ་ཤེས་པས་མ་ཡེངས་པར་བྱ། དེ་ནས་སྣང་བ་དམར་ལམ་གྱིས་སོང་། ཕྱིའི་སྣང་བ་ནུབ། དེ་ནས་སྣང་བ་ནག་ཐུམ་གྱིས་སོང་། ནང་གི་འཆར་སྒོ་མེད་པས་གཉིད་ལོག་པ་ལྟ་བུ། དེ་ནས་སད་པ་ཤེས་པ་གསལ་དྭངས་སྟོན་ཀའི་ཉིན་གུང་ལྟ་བུ་འཆར་བ་ལ་རིམ་པ་བཞིན་སྣང་མཆེད་ཐོབ་པ་འོད་གསལ་ཞེས་བཏགས་ཏེ། ཕྱི་མ་དེ་མངོན་དུ་གྱུར་ན་སྣང་བཞི་རོ་གཅིག་པས་སྒྱུ་ལུས་སུ་ལྡང་། གཞན་ལུགས་བཟློག་ཏུའོ། །མཐར་ནི་ལུས་ངག་འཇའ་ཚོན་གསལ། །ཞེས་པ་གཏུམ་མོའི་རྣལ་འབྱོར་འདིས། །ཁམས་རགས་པ་ཐམས་ཅད་ཟོས་དྭངས་མ་འབའ་ཞིག་འཕེལ་བས་ལུས་འཇའ་ལུས་སུ་གྱུར་པས་སོ། །མཁའ་ལ་སྤྱོད་པ་འགྲུབ་པར་འགྱུར། ཞེས་པ། མཐའ་མས་སྦྱོར་པའི་ལམ་ཐོབ་སྟེ། །ཚེ་འདི་ཁར་འོག་མིན་སོགས་གཟུགས་སམ་འདོད་པའི་རིག་འཛིན་མཁའ་སྤྱོད་ཆུང་ངུར་བཤད་པ་འགྲུབ་ཀྱིས་ལུས་མེད་པར་མ་གྱུར་པས་གཟུགས་མེད་དུ་ནི་མ་ཡིན་ནོ། །འབྲིང་གིས། བདེ་ཆེན་བདེ་བ་ཆེན་པོ་འཐོབ། །ཅེས་པ་བྱང་སེམས་ཀྱི་འཕགས་ས་ལ་མཁའ་སྤྱོད་འབྲིང་དུ་བཤད་པ་དེ་འཐོབ། རབ་ཀྱིས། འཕོ་འགྱུར་མེད་པ་འགྲུབ་པར་འགྱུར། །ཞེས་པ་མཁའ་སྤྱོད་ཆེན་པོ་རྫོགས་པའི་སངས་རྒྱས་ཉིད་ཐོབ་པ་ཞེས་པའི་དོན་ནོ། །དེ་ཡང་རྩ་རྒྱུད་ཀྱི་སྔར་གྱི་འཕྲོར། ཆོ་ག་ཇི་བཞིན་རྣམ་པ་ཡི། །ཁཎྜྻ་རོ་ཧི་ཕྱི་རོལ་ནི། །རང་གི་གཟུགས་སུ་རྣམ་ཞུགས་པ། །ཞེས་པས་བསྟན་ནོ། །གསུམ་པ་ལ། སྔོན་དུ་འགྲོ་བ། དངོས་གཞི། རྗེས་ལས་སྦྱོར་གསུམ། དང་པོ་ནི། ཁ་སྣ་དལ་དྲག་གིས་འཛིན་པ་ལས། དང་པོ། བཅུ་ཕྲག་གསུམ་གྱི་རྩ་བ་ནས། །སྐྱེས་པའི་ཞེས་པ་གསང་གནས་རྩ་འདབ་སོ་གཉིས་པར་སྐྱེས་པའི་འོག་ཐུར་སེལ། ཡན་ལག །ཅེས་པ་སྣ་སྒོར་རྒྱུ་བ་རླུང་སྲོག་རྩོལ་གྱི་མིང་ཅན་བསྲེ་བ་རིལ་གྱིས་བསྟན་ལ། དེ་ལས་འདིར། ལུས་པུས་བཙུགས་ལག་པ་གཡོན་པས་གཡོན་གྱི་རྦ་རླབས་ལྟེམ། གཡས་རྡོ་རྗེ་ཁུ་ཚུར་པུས་སྟེང་དུ་བཟུང་། རླུང་ཁ་སྣ་ནས་ཧ་ཤིན་ཏུ་རིང་བའི་གཞུག་དུ་ཧག་ཅེས་རླུང་གཞུག་འཐེན་དུས་གཡས་པས་གསུས་པ་གཞོགས་ལ་མགྲིན་པ་ཚུན་འཐེན་སྒྲེགས་པ་བཅུ་གཉིས་ནས་རིམ་པ་བརྒྱའི་བར་དུ་འདོན། དེ་བཞིན་ལུས་གོ་བཟློག་པས་ཀྱང་བྱའོ། །དམིགས་པ་འོག་སྒོ་གཉིས་སུ་ཡམ་སྔོན་པོ་རེ་རེ། འཐེན་དུས་དེར་ནར་གྱིས་བྱུང་ཁ་ལས་འཐོན་སྟེང་གི་ནམ་མཁར་ཐིམ་པར་བསམ་མོ། །སྣ་ནས་འཛིན་པ། ལུས་གསང་སྐྱིལ་རྐང་པའི་རྒྱུ་ཁུགས་ནས་བཟུང་། ལུས་སེམས་གློད་པའི་ངང་ནས་རླུང་ཧཱུྃ་རིང་གིས་ཕྱིར་བཟུང་བའི་ཞབས་ཁར་སྒྲེགས་པས་འབྱིན། དལ་འཛིན། ལུས་རྐང་པ་བརྐྱང་བའི་རྒྱུ་མ་ཁུགས་ནས་བཟུང་། རྐང་ལག་མ་གུག་པ་བྱས། རླུང་ཕར་ན་ར་ར་བཏང་ནས་ཁ་རུ་སྒྲེགས་ཆུང་འདོན། དྲག་པོར་འཛིན་པ་ནི། ལུས་པུས་བཙུགས་དེའི་བར་དུ་ཁྲུ་གང་ཙམ་བྱས། ལག་གཉིས་རྦ་རླབས་དྲག་ཏུ་ལྟེམ། མགྲིན་པ་བཀུག །ལུས་སྤྱི་དགུར་གྱིས་འཐེན། རླུང་ཧ་ཧ་ཞེས་རྒྱུ་ཞབས་ཡར་འཐེན་ཞིང་སྒྲེགས་པ་འདོན་ནོ། །གཉིས་པ་ལ། སྤྱོད་ལམ་དང་། དངོས་གཉིས། དང་པོ་ནི། འབོལ་བའི་སྔས་དང་སྟན་མི་འཁྱགས་པའི་བགོ་བ། ཟས་བཙོ་ཟན་ཐུག་པས་ཕུལ་བའམ་ཆང་ཁུ་འཇམ་བསྲོས་པ་ལ་རྩམ་པ་བཏབ་པ་བཏང་ངོ་། །གཉིས་པ་ནི། ནང་གསེས། འོག་རླུང་སྟེང་དུ་འདོན་པ། སྟེང་རླུང་འོག་ཏུ་འདོན་པ། སྟེང་འོག་བར་དུ་བསྲེ་བ། བར་རླུང་འོག་ཏུ་བསྲེ་བ། འོག་རླུང་སྟེང་དུ་བསྲེ་བ། དང་པོ་ནི། རབ་སེམས་སྐྱིལ་ལྷོད་དེ་བའི་ངང་ནས་རྟིང་པས་འོག་སྒོ་དམ་པར་བཀག རྡོ་རྗེ་ཁུ་ཚུར་བསྣོལ་བ་མདུན་དུ་བཙུགས། རླུང་རོ་དགུ་བསལ་སྒྲེགས་འདྲེན་མང་དུ་བྱས། འོག་སྒོ་དང་ལྟེ་བ་དྲག་ཏུ་ཡར་འཐེན། དམིགས་པ་ལྟེ་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་ཡཾ་གྱིས་མཚན་པ། འདོན་དུས་ཡཾ་དེ་ཁར་འཐོན་པར་བསམ། སྒྲེགས་པ་འབད་མེད་འཐོན་པ་དང་མཉམ་དུ་ཐུར་སེལ་ཀྱང་འཐོན་པ་འོང་ངོ་། །འབྲིང་ལུས་པུས་བཙུགས། རྡོ་རྗེ་ཁུ་ཚུར་བརླ་སྟེངས་སུ་མནན། ཧ་ཞེས་ཤེད་བསྐྱེད། ཧཱུྃ་གི་ནང་ནས་དྲག་ཏུ་འཐེན་ཏེ་སྔ་མ་བཞིན། མཐའ་མ་པུས་མོ་ས་ལ་བཙུགས། ལག་ངར་བསྣོལ་ཏེ་ས་ལ་ཕབ། ཞིང་ལྤགས་ལ་ཁུག་མ་དཔངས་སུ་ཁྲུ་གང་ཞེང་དུ་རྐང་གང་པ་གཅིག་བྱས། དེའི་དྲི་ལྡན་གྱི་ཁ་གཏད། དེ་ལ་ཟངས་སོགས་ཀྱི་གསང་ལམ་མཛུབ་གང་པ་སྦོམ་ཕྲ་སོར་མོ་ཙམ་སྣ་གཅིག་དེར་བཅུག་རླུང་མི་འཆོར་བར་བྱ། གཅིག་ལྕི་བའི་བུ་གར་བཅུག་ལ། གྲོགས་གཅིག་གིས་དྲི་བཞོན་གྱི་ཁུག་མ་རྡེབ་པ་དང་རང་གིས་སྒྲེགས་འདོན་མཉམ་དུ་བྱས། མགྲིན་པར་སླེབ་པ་དང་གྲོགས་ཀྱིས་དེ་བཤོལ། རང་གིས་སྐྱུགས་སྟངས་སྒྲེགས་འདྲེན་སྤུངས་འཐེན་ཧཱུྃ་འཐེན་ཧཱུབ་འཐེན་པ་སོགས་ཀྱིས་ཁ་ནས་འབྱིན་ནོ། །གཉིས་པ། རྩ་སྦྱངས་ནས་ལུས་ཙོག་པུ། རྡོ་རྗེ་ཁུ་ཚུར་མགོ་སྤྲད་མདུན་དུ་བཙུགས། ཧག་དང་ཧོབ་ཀྱིས་ཕྱི་རླུང་ནང་དུ་དྲངས་སྒྲེགས་པ་བརྔུབས་ཤིང་གསུས་པ་ཁེངས་པ་དང་དྲི་བཞོན་གྱི་གསང་ལྕི་ལམ་དུ་བཙུགས། སྣེ་མོ་ལ་དར་སྲབ་མོ་བཀབ། གྲོགས་ཀྱིས་ཤེད་བསྐྱེད་ལ་འཇིབ་བོ། །དེས་སྟེང་འོག་ཏུ་འཐོན་པར་འགྱུར་རོ། །གསུམ་པ་ནི། སེམས་སྐྱིལ་རྡོ་རྗེ་ཁུ་ཚུར་པུས་མགོར་བསྣོལ། འོག་རླུང་ཡར་འཐེན། སྟེང་རླུང་མར་འཕུལ། འོག་རླུང་ཡར་འཐེན་ནོ། །ཕོ་བར་བསྲེས་ལ་རྒྱ་མཚོ་དགང་གཤོང་གི་སྦྱོར་བ་བཅུ་བྱའོ། །མཐར་རྡོ་རྗེ་བསྡམས་པ་མཛུབ་མོ་བརྐྱང་བའི་སྙིང་གར་འབོལ་རྡོ་བཅུག ལྟེ་བར་ལན་བཅུ་བསྣུན། བར་གྱི་རོ་རྐྱང་གི་རྩ་མནན། རྒྱ་མཚོ་རྡེབ་པ་བཅུ། ཡང་ལྟེ་བར་བཅུ། ལྟེ་འོག་ཏུ་འཕུལ་འཐེན་བཅུ། ཡང་བཟུང་བ་བཅུ། ལྟེ་བ་སྐོར་ཐེབས་བཅུ། ཡང་བརྔུབ་པ་བཅུ་བྱའོ། །བཞི་པ། ལུས་སེམས་སྐྱིལ་ཁུ་ཚུར་པུས་ཟུར་དུ་བཙུགས། རླུང་རྒྱ་མཚོའི་གཏིང་དུ་འཕུལ། སྲིན་པོ་ཅུང་ཟད་འཐེན་ལྟེ་འོག་ཏུ་ཁ་སྦྱར་རྡོ་རྗེ་ཁུ་ཚུར་ས་དང་མ་བྲལ་བར་ཕོངས་རྡེབ་པ་མང་དུ་བྱས། རྒྱ་མཚོའི་འོག་འཕུལ་འཐེན་མང་དུ་བྱའོ། །ལྔ་པ་ནི། སེམས་སྐྱིལ་ལྷོད་དེ་བ་ལ་རྡོ་རྗེ་ཁུ་ཚུར་མདུན་དུ་བསྣོལ་ཏེ་ས་ལ་བཙུགས། ཐུར་སེལ་དྲག་ཏུ་འཐེན་པས་མགྲིན་པར་སླེབ་དུས་རླུང་བརྔུབ་པ་དང་མཉམ་དུ་ཁུ་ཚུར་དེ་གཉིས་ཁ་ནང་དུ་བསྟན་ཏེ་བསྣོལ་བ་སྙིང་གར་བསྡམས། རླུང་སྟོད་དུ་སྟེང་འོག་ཁ་སྦྱར། དེ་ནས་རྒྱུན་ཏུ་སེམས་སྐྱིལ་ས་གནོན་བྱས་སེམས་མ་བཅོས་པར་གཞག་པས་འདུ་བ་རྣམ་བཞིས་ཕྱིན་ཆད་གནོད་པར་མི་བྱེད་ཅིང་སྲོག་རྩོལ་གྱི་ཡོན་ཏན་ཐམས་ཅད་འབྱུང་ངོ་། །གསུམ་པ་ལས་སྦྱོར་ནི། རྐང་པ་སེམས་སྐྱིལ་ཁུ་ཚུར་བསྣོལ་བ་མདུན་ནས་མཐོ་གང་བཅལ་སར་བཙུགས། གསང་ལམ་དེ་ལྕི་བའི་བུ་གར་བཙུད། གོང་གི་ལུས་གནད་ཚོས་འདྲེན་ནོ། །འདི་ཡང་རྩ་རྒྱུད་ཀྱི་སྔར་གྱི་འཕྲོར། ཕོ་ཉ་གཉིས་མེད་སྦྱོར་བའི་བདག །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པས་སོ། །བཞི་པ་ནི། འཁྲུལ་འཁོར་གྱིས། རྩ་ཁམས་རླུང་གི་གནད་འཆིངས་འགྱུར། །ཞེས་པས་གཞན་དུ་བཤད། ལྔ་པ་ཞར་ལ་བསྟན་པ་ནི། ཚེ་སྒྲུབ་པ། ཀ་པཱ་ལི་མཆོད་པའི་མན་ངག་དང་། གེགས་བྱུང་ན་ནད་བརྒྱ་སྨན་གཅིག་སོགས་བཞིན་གྱིས་སེལ་བར་བྱའོ། །དེ་དག་གཏུམ་མོའི་སྟོད་སྨད་གང་དུ་ཡང་འཇུག་པས་ཀུན་ཏུ་མཁོ་བའི་ཆོས་སུ་བཞག་གོ གསུམ་པ་འཕྲིན་ལས་མཁའ་འགྲོའི་གཏུམ་མོ་ལ། འགྲོ་བ་སྲོག་རྩོལ་གྱི་གཏུམ་མོར་སྦར་བ། འདུག་པ་རྣལ་འབྱོར་གྱི་གཏུམ་མོར་སྦར་བ། ཉལ་བ་ལྷན་སྐྱེས་ཀྱི་གཏུམ་མོར་སྦར་བ་གསུམ་ལས། དང་པོ་ནི། འཕྲིན་ལས་མཁའ་འགྲོའི་གཏུམ་མོ་ནི། རཾ་སྐྱེས་ལྡན་པས་འོད་འབར་བས། །འགྲོ་བ་སྲིན་པོའི་གྱད་འགྲོས་དང་། །ཞེས་པ་ལུས་འགྲོ་བའི་ཚེ་ཁུ་ཚུར་བརླ་ཟུར་དུ་བཅངས། རླུང་རོ་ལན་གསུམ་བསལ། རླུང་གསང་གནས་ཀྱི་སྲིན་པོའི་སྟེང་རྩ་གསུམ་འདུས་མདོར་རཾ་སྐྱེས་ཏེ་ཨ་ཤད་མེའི་རང་བཞིན་ལ་སེམས་བཅིངས་པས་གྱད་ཀྱི་བགྲོད་པ་རྐང་མགྱོགས་སུ་འགྲོ་བ། འདི་ལ་འབུམ་ལྔར། འོག་ཏུ་རྩེ་གསུམ་རྩ་རྣམས་ཀྱིས། །གང་གིས་སྦུབས་སུ་རབ་ཏུ་བརྟན། །སྐྱེ་བ་བདུན་པ་ཕྱུགས་ཉིད་ཀྱི། །མཁའ་ལ་སྤྱོད་པའི་དངོས་གྲུབ་སྟེར། །ཞེས་པའོ། །གཉིས་པ་ནི། སྡོད་པ་རྡོ་རྗེ་སྲ་ཆེན་ཉིད། །ཅེས་པས། རྣམ་སྣང་གི་ཆོས་བདུན་བཅས། རླུང་དང་རྣམ་ཤེས་ཨ་ཤད་ཀྱི་མེ་ལ་བཅུག་སྟེ་རྣམ་པར་ཤེས་པ་ཡུལ་ལ་ཡན་དུ་མི་འཇུག་པ་སེམས་ཇི་ལྟ་བ་བཞིན་དུ་གཞག་གོ རྐྱེན་གྱིས་མི་གཡོ་བས་རྡོ་རྗེ་སྲ་ཆེན་ཞེས་བྱའོ། །གསུམ་པ་ལ། གླང་པོའི་སྟབས་དང་། གྱེན་ཉལ་དང་། གཡོན་ཕབ་གསུམ། དང་པོ་ནི། ཉལ་བ་གླང་པོའི་སྟབས་ཀྱིས་ཉལ། །ཞེས་པ། ལུས་གཡས་འོག་ཏུ་ཕབ། ལག་གཡས་ཀྱིས་འགྲམ་པ་སྐྱོར། གཡོན་ཁུ་ཚུར་མཆན་ཁུང་དུ་བཅུག འཇམ་རླུང་འཛིན། སེམས་མགྲིན་པའི་ཨོཾ་མེར་སྦར་ལ་དེ་ལ་མ་ཡེངས་པར་བྱའོ། །གཉིས་པ་ནི། གྱེན་ཉལ་སྒྲ་གཅན་གདོང་བཟློག་བྱ། །གན་རྐྱལ་དུ་ཉལ་བའི་སྙིང་གར་ཁུ་ཚུར་བསྣོལ། རྐང་པ་ཅུང་ཟད་བསྒྲད་པ་བརྐྱང་། སྒལ་ཚིགས་བདུན་པའི་སྟེང་དུ་གོས་ཀྱི་འབུར་ཙམ་ཡོང་བ་བྱའོ། །གསུམ་པ་ནི། རྡོ་རྗེ་གཡས་གཡོན་བརྗེ་བར་བྱ། །ཞེས་སྔ་མ་དེ་བཟློག་པའོ། །གཡོན་རྐྱང་མར་ཞུགས་ན་དཀར་ཆ་སྟེ་སྣང་ཉམས། གཡས་རོ་མར་དམར་ཆ་སྟོང་ཉམས། དབུ་མར་ཞུགས་པས་མུན་ཅན་ཟུང་འཇུག་གི་ཉམས་ཏེ། ཐོག་མཐའ་གཉིས་ལ་རྐྱང་མ་དང་རོ་མར་ཡིན་ལ། བར་མས་དབུ་མར་འཇུག་པས། སྒྲ་གཅན། ཞེས་བྱ་ལ། དེ་ལ་འདྲེས་མནན་པ་ལྟ་བུ་འབྱུང་བས། དེ་དུས་རོ་མཉམ་དུ་ཤེས་པ་སྦྱངས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་ལ། གདོང་བཟློག་བྱ། ཞེས་སྦྱར་ཏེ་འདིས་རླུང་སེམས་ཐམས་ཅད་གཉིས་མེད་དུ་བསྒྲུབ་པར་བྱའོ། །མཁའ་འགྲོའི་གཏུམ་མོ་ཡང་རྩ་རྒྱུད་ལས། མཚན་མ་གཉིས་ལ་སྔགས་སྦྱར་ཏེ། །མཁའ་འགྲོ་དཔའ་བོ་གཉིས་མེད་པ། །སྙིང་པོ་རྣམས་ཀྱི་དེ་བཞིན་དུ། །སྔགས་པས་མཁའ་འགྲོ་མ་ལ་སྦྱར། །བློ་ལྡན་མཁའ་འགྲོ་མ་བསྒྲུབ་བྱ། །རགས་པའི་ལུས་ནི་རང་འདོད་པས། །ཞེས་པས་གསུངས། མཚན་མ་གཉིས་ཀྱང་དེ་ཉིད་དུ། །རབ་ཏུ་སྒྲུབ་པའི་སྦྱོར་དོན་ལ། །ཕྱི་རོལ་དེ་བཞིན་ནང་དེ་བཞིན། །ཞེས་འབྱུང་བས་སོ། །བཞི་པ། མཐར་ཕྱིན་མཆོག་གི་གཏུམ་མོ་ནི། མཐར་ཕྱིན་མཆོག་གི་གཏུམ་མོ་ནི། །ཞེས་པ་འདིས་ནི་ཕྱག་རྒྱ་ཆེན་པོའི་གཏུམ་མོ་སྟོན་པ་སྟེ། སེམས་ཀྱི་རྒྱུད་དྲི་མ་མེད་པ་དེ་མ་བསྒྲིབས་པར་མངོན་དུ་གྱུར་པའོ། །གནད་བཞིའི་ཞེས་པ། རྩ་རླུང་ཐིག་ལེ་རྣམ་ཤེས་དབུ་མར་ཐིམ་པས་སད་རྨི་གཉིད་འཐུག་བཞི་པའི་གནས་སྐབས་ཟད་པ། མྱོང་བ་མཐའ་ཡས་པ། ཞེས་པ། དེ་རིག་པ་སྟེ། རྒྱུ་མཐུན་དགའ་བ། རྣམ་སྨིན་མཆོག་དགའ། སྐྱེས་བུ་བྱེད་པ་ཁྱད་དགའ། བྲལ་འབྲས་ལྷན་ཅིག་སྐྱེས་དགར་བཤད་པ་སྟེ། དེ་རེ་ཡང་བཞི་བཞིར་ཕྱེ་བས་དེ་ཉིད་བཅུ་དྲུག་རིག་པས་ས་བཅུ་དྲུག་ཡོད་པའི་ཕྱི་མ་ལ་རྟོགས་པ་དང་། སྤངས་པའི་ཆ་ནས་དུས་སྦྱོར་གྱི་རླུང་རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་པས་བདེན་དོན་རྣམ་པ་བཅུ་གཉིས་དེའི་བཅུ་གཉིས་པ་ལ་རྟོགས་པའོ། །མ་ལུས་ལྷན་སྐྱེས་དབྱིངས་སུ་སྡོམ། །ཞེས་པ། དེ་བས་ན་ཆོས་ཅན་ཐམས་ཅད་ཆོས་ཉིད་དུ་སྡོམ་པ་ནི་རྫོགས་པའི་སངས་རྒྱས་ཁོ་ནར་རིག་པར་བྱ་སྟེ་གོང་དུ་བཞག་པའི་བཅུ་དྲུག་པ་དང་བཅུ་གཉིས་པའོ། །འདི་ཡང་རྩ་རྒྱུད་ལས། བསམ་གཏན་གྱིས་སྔགས་ལེགས་པར་སྦྱོར། །གཙོ་མོ་རྣམས་དང་དཔའ་བོ་ནི། །སྦུ་ལྡང་བ་དང་ལྷན་ཅིག་བདེ། །རྡོ་རྗེ་འགོམ་པར་མི་བྱ་བར། །གཡོན་པས་ཡོངས་སུ་བརྟགས་པ་ཡིན། །ཞེས་སོ། །དེ་དག་ཀྱང་རྒྱུ་རྩའི་མདུད་པ་གྲོལ་བ་དང་། རླུང་དབུ་མར་ཐིམ་པས་དང་། ཐིག་ལེ་དྭངས་མ་ཕྱག་རྒྱ་ཆེན་པོར་གྱུར་པས་དང་། རྣམ་པར་ཤེས་པའི་བྱ་བ་གནས་གྱུར་པས་ཡིན་ལ། འདིར་རྩ་མདུད་གྲོལ་བ་ཡང་གནས་པ་རྩའི་མདུད་པ་ནི་སྔར་ནས་གྲོལ་ཟིན་ལ། འཕགས་སར་རྩ་མདུད་གྲོལ་ཚུལ་ཅིག་ནི་བྱུང་ཡང་དེ་ནི་མ་རིག་པ་མདུད་པར་བྱས་ནས་དེ་ཇེ་ཆུང་ཐལ་བ་ལ་བཤད་པ་ཡིན་ཏེ། རྡོ་རྗེ་འཕྲེང་བའི་རྒྱུད་ལས། སྒྲ་དང་ཐིག་ལེའི་མིང་དུ་བྱས། །རླུང་གཉིས་ཀྱིས་ནི་ཕྱི་ནས་ནི། །མ་རིག་མདུད་པ་འབྱེད་པར་བྱེད། །ཅེས་པས་སོ། །སྦྱོར་དྲུག་ལས་ནི་སོར་བསམ་དུ་གནས་པ་རྩ་དག་ནས་ཏིང་ངེ་འཛིན་དུ་རྩ་མདུད་གྲོལ་བར་བཤད་པའི་གནད་དང་། ཕྲ་བ་ཆོས་ཉིད་ཀྱི་དབུ་མ་འོད་སྣང་ཡིན་པས་མདུད་པའི་རྣམ་གཞག་དེ་ལྟ་བུ་མ་གོ་ན་རྣམ་པར་འཁྱམས་པར་འགྱུར་རོ། །གཉིས་པ་མཚན་འཛིན་སྒྱུ་མའི་འཁྲུལ་འཁོར་དུ་ངོ་སྤྲོད་པ་སྒྱུ་ལུས་ལ། གཞག་ཐབས་ལུས་རླུང་སེམས་ཀྱི་གནད། འཆར་བ་ཉམས་ཀྱི་གནད་གཉིས། དང་པོ་ནི། མཐར་གནས་དེ་ནི་སྒྱུ་མ་ལ། །ཞེས་པས། གཏུམ་མོས་ཟུང་འཇུག་གི་ཡེ་ཤེས་གྲུབ་པར་མི་ནུས་པ་མཐར་གྱིས་སམ། རིམ་གྱིས་ཁྲིད་དགོས་པ་དེ་ལ། གཏུམ་མོས་ཉམས་མྱོང་ཅི་རིགས་པ་སྐྱེས་ནས་དེ་ལ་བོགས་འབྱིན་པའི་ཕྱིར་སྒྱུ་ལུས་སྟོན་པ་ཡིན་ནོ། །དེ་ཡང་། རླུང་། སེམས་ནི་སྟེང་འོག་བར་གསུམ་འཆིངས། །ཞེས་པས་བྱེད་ཆིངས་བསྟན་ཏེ། སྟོད་སྨད་བར་གསུམ། སྟོད་ལ་ཉི་མ་ལ་རྒྱབ་ཕྱོགས། སེམས་སྐྱིལ་པུས་བཀབ་ལུས་བྱིན་དྲང་པོ་ལ། མགོ་རྒྱབ་ཏུ་དགྱེད་པས་མིག་འབྲས་ནམ་མཁའི་མཐོངས་སུ་གཏད་པ། རླུང་སེམས་སྟེང་དུ་མ་ཡེངས་པར་བཅིང་བ། སྨད་ནི་གཞན་འདྲ་ལ། མགོ་ཅུང་ཟད་གུག་པ་དང་། མིག་འབྲས་གཉའ་ཤིང་གང་ཙམ་དུ་བལྟ། རླུང་སེམས་ལྟེ་འོག་ཏུ་བཅིང་བ། བར་ནི་ལྟ་སྟངས་ཐད་ཀར་ཧུ་རེ། རླུང་སེམས་སྟེང་འོག་བར་གསུམ་ཁ་སྦྱར་ཕོ་བར་བཅིངས་པའོ། །སྐབས་སུ་རང་གི་མདུན་དུ་མེ་ལོང་བཙུགས། དེ་ལ་སྐུ་གསུང་ཐུགས་རྟེན་གང་རུང་འཆར་དུ་བཅུག་ལ། དེ་ལ་ཅི་ཡང་མ་གྲུབ་ལ། རྐྱེན་གྱིས་ཅིར་ཡང་འཆར་སོང་བ་བཞིན་སྣང་ཞིང་གྲགས་པའི་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུ། མི་བདེན་ཀྱང་ཐམས་ཅད་དུ་ཁྱབ་པ་ཆུ་ཟླ་ལྟ་བུའོ། །ཞེས་ཤེས་པར་བྱས་ནས། རྙེད་མ་རྙེད། གྲགས་མི་གྲགས། བདེ་སྡུག བསྟོད་སྨད། འཇིག་རྟེན་གྱི་ཆོས་བརྒྱད་པོ་ཐམས་ཅད་སྒྱུ་མ་ལྟ་བུར་བལྟ་བར་རོ་མཉམ་མོ། །གཉིས་པ་ནི། གསལ་ལ་འཛིན་མེད། ཅེས་པ། ཆོས་ཐམས་ཅད་སྣང་ཙམ་ལས་རང་བཞིན་མེད་པར་གོ་བས་ན། བདག་མེད་དོན་སྤྱིས་རྟོགས་པའམ་སྤྱི་དོན་གྱི་སྒྱུ་མ་ངོ་འཕྲོད་པ་ཞེས་བྱའོ། །སྐྱོ་ཤས་ཀྱི་ཉམས་འཆར་ན་ཤེས་པ་གློད། སྟོང་ཉམས་སུ་སོང་ན་ཡུལ་སྣ་ཚོགས་བདུད་རྩིར་བསྟེན། སྣང་ཉམས་སུ་སོང་ན་གང་ཤར་གྱི་མཁན་པོ་ངོས་གཟུང་། ཟུང་འཇུག་ཏུ་སོང་ན་དེ་ཁ་ལ་གཞག་པས་གནས་པ་བརྟན་པར་བྱའོ། །འདི་རྩ་རྒྱུད་ལས། དབང་པོ་གང་དང་གང་ལམ་འགྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །ཞེས་པས་བསྟན་ཏེ། འདུས་པ་ལས། རྣལ་འབྱོར་པ་ཡིས་གང་གང་མཐོང་། །དེ་དེ་སྒྱུ་མ་བཞིན་དུ་བརྟག །ཅེས་འབྱུང་བའི་གནད་ཀྱིས་སོ། །གསུམ་པ་མཚན་འཛིན་དག་སྣང་རབ་འབྱམས་སུ་ཁྱེར་བ་འོད་གསལ་ལ། མཚན་མོའི་རྣལ་འབྱོར་དང་། ཉིན་མོའི་རྣལ་འབྱོར་གཉིས། དང་པོ་ལ་མུན་ཁང་བཅའ་བ། བྱེད་ཆིངས། འཆར་བའི་ཉམས་མྱོང་གསུམ་ལས། དང་པོ་ནི། སྒྱུ་མ་ཆེན་པོའི་དེ་བཞིན་གནས། །སྒྱུ་མ་ཆེན་པོ་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དམ་ཤེས་རབ་མ་དམིགས་བཅས་སུ་གྲགས་པ་དེ་ཡིན་ལ། དེ་ཡང་དེ་བཞིན་ཉིད་ཀྱི་མིང་ཅན་སེམས་རྣམ་པར་དབེན་པས་རྒྱུད་བྱིན་གྱིས་རློབས་ན་ཐམས་ཅད་དེར་འཆར་བ་དེ་ལ་བདག་བྱིན་གྱིས་བརླབ་ཅེས་བརྗོད། འོད་གསལ་བསྒོམ་པའི་རྣལ་འབྱོར་གྱིས། །དེ་ལ་འོད་གསལ་རྟགས་བཅུ་དང་རྟགས་ཅན་འོད་གསལ་དུ་བཞག་པས་འདི་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན་པས་སོ། །ཐབས་མཆོག །ཅེས་དང་། དེ་ཡང་། མུན་པའི་གནས་ཉིད་དུ། ཞེས་པས། ས་རླན་ལ་སོགས་པ་མེད་པའི་ཁང་བུ་འདོམ་གང་གྲུ་བཞི་པ་ཞལ་བས་ནང་དང་བར་བྱས་པ་སྒོ་འཁྱོག་རིམ་པ་གསུམ་གྱིས་མུན་པ་ལེགས་པར་བསྒྲུབ་བོ། །གཉིས་པ་ནི། ཡེ་ཤེས་ནི་འདིར་སྒྱུ་མ་ཆེན་པོ། ལུས་ཉིད་རབ་བསྲངས་ནས་ནི། དེ་ནི་བསྐྱེད་པའི་ཕྱིར། རབ་དཔྲལ་བའི་སྒོ་འབྱེད། འབྲིང་མགྲིན་པའི་སྒོ་འབྱེད། མཐའ་མ་སྙིང་ཀའི་སྒོ་འབྱེད་པ་གསུམ་ལས། དང་པོ་ནི། ལུས་གནད་རྐང་པ་གཡོན་བརྐྱང་བའི་མཐེ་བོས་གཡས་པའི་མཐེ་བོང་མནན་པའི་ཡིན་ཙམ་གྱི་ཙོག་པུ། ལུས་བྱིན་བསྲངས། ལག་པ་འབར་བའི་ཕྱག་རྒྱ་དཔྲལ་བར་བཀོད། གྲུ་མོ་བརྒྱངས་ཀླུ་སོགས་ཀྱིས་ནི། ཞེས་པ། ཡན་ལག་གི་རླུང་ཡུལ་ལ་འཐོར་བ་སྡུད་པའི་ཕྱིར། གཟའ་རྣམས་ལ། ཞེས་པས་མིག་གྱེན་དུ་བཟློག་པ་དང་དབང་པོ་ལྷག་མ་བསྒྲིམས་པས། མཁའ། ཞེས་པས་མུན་པའི་མཁའ་ལ་བལྟ་བར་བྱའོ། །ཚུལ་ཇི་ལྟ་བུའི་བསམ་པ་ཞེ་ན། རིག་པ་གཅིག་ཏུ་མ་ཡེངས་བལྟ། །ཞེས་པས། རང་བདེ་མཆོག་དཔའ་གཅིག་སྟོང་རར་བསྒོམ་པའི་སྐུའི་དབུས་ན་རྩ་དབུ་མའི་ཡར་སྣ་གཙུག་ཏོར་ནས་སྨིན་མཚམས་སུ་ཟུག་པའི་ཡེ་ཤེས་ཀྱི་སྤྱན་ཐམས་ཅད་གཟིགས་མོར་མཛད་པ་དེར་སོང་བར་བསམས་ལ་རྩེ་གཅིག་ཏུ་བལྟ་བར་བྱའོ། །ཡང་ན་སྤྱན་དེའི་ནང་དུ་ཟླ་དཀྱིལ་ལ་ཡས་སྣ་དེར་བཅོམ་ལྡན་འདས་ལྷན་ཅིག་སྐྱེས་པ་ཡབ་ཡུམ། དེའི་མདུན་དུའང་དེ་ལྟ་བུ་བསྒོམས་ཏེ་མཐར་རང་མདུན་གྱི་དེ་ལ་བསྟིམ་མོ། །གཉིས་པ་ནི། གསང་སྐྱིལ་ཁུ་ཚུར་བརླ་ཁུགས་སུ་བཙུགས། ལྟ་སྟངས་ཐད་ཀ དམིགས་པ་རང་དཔའ་གཅིག་སྟོང་རའི་མགྲིན་པར་རྩ་འཁོར་བཅུ་དྲུག་གི་ལྟེ་བར་ཉི་མའི་སྟེང་དུ་ཟླ་བ་བསམ། ཡང་ན་ཉི་ཟླའི་སྟེང་དུ་ལྷན་སྐྱེས་ཡབ་ཡུམ་དེ་གཉིས་ཀྱི་ཐུགས་ཀར་སྔགས་འཕྲེང་དེ་ལས་དེ་ལྟ་བུ་ཞལ་ནས་འཐོན་ཕྱོགས་བཅུའི་འཇིག་རྟེན་གང་བར་བསྒོམ། ཡང་ན་ལུས་ཙོག་པུ་སྨན་ཤས་མིག་གཉིས་རན་ཙམ་མནན་ལ་མགོ་པུས་ཕྲག་ཏུ་བཅུག་པ། སེམས་བསམ་དུ་མེད་པས་ནམ་མཁའ་ཁོ་ནར་བལྟ་བ། གསུམ་པ་པུས་བཙུགས་རྟིང་པའི་ཁར་ཕོངས་བཞག་ལ་ཁུ་ཚུར་བརླ་སྟེངས་སུ་བཙུགས། དམིགས་པ་ལུས་ལྷར་གསལ་བའི་སེམས་རླུང་གིས་ནམ་མཁར་བཅིངས། ཡང་ན་རྣམ་སྣང་ཆོས་བདུན། ཐིག་ལེ་རེ་ཁཱ་ནག་པོ་ཡིད་ཀྱིས་བཀོད་པ་ལ་གཏད་དོ། །ཡང་ན་ལུས་ཙོག་པུ་སྒོམ་ཐག་གིས་བསྡམས་མཉམ་གཞག །རླུང་རོ་བསལ། བུམ་ཅན་འཛིན། མུན་ཁང་གི་ཤར་གྱི་བུ་ག་གསལ། ཟེར་མདུན་དུ་འོང་བར་བྱས། དེར་མེ་ལོང་བཞག མིག་ལ་ཁ་ཆེའི་ཆུས་བརླན་པའི་གདོང་གཡོགས་པ་ལྟ་བུས་དཀྲིས་ཏེ་མེ་ལོང་དེ་ལ་འཛིན་ནོ། །གདུལ་བྱའི་རྩ་རིགས་མ་ངེས་པས་ལུས་གནད་སོགས་མང་པོར་བཤད་ཀྱི་བསྒོམ་པའི་ཚེ་རང་ལ་གང་ཉམས་འཆར་བདེ་བ་དེ་བཟུང་ངོ་། །དེས། ནང་དག་ཏུ། འཆིང་བར་འགྱུར། ཞེས་པས། སྲོག་དབུ་མའི་ནང་དུ་འཆིངས་ནས་རྟགས་འཆར་རོ། །གསུམ་པ་ནི། བལྟས་པས་རྟགས་ནི་མཐོང་བར་འགྱུར། །ཞེས་པས། ས་རླུང་འཆིངས་པས་དུ་བ། ཆུ་རླུང་སྨིག་རྒྱུ། མེ་རླུང་སྲིན་བུ་མེ་ཁྱེར་རམ། མཁའ་སྣང་། རླུང་གི་རླུང་འཆིངས་པས་མར་མེ་ལྟ་བུ་ངེས་པའི་རྟགས། བུམ་པ་དང་སྣམ་བུ་སོགས་མ་ངེས་པའི་རྟགས། མུན་པའི་ནང་དུ་ཉི་མའི་ཐབས། །ཞེས་པས། མུན་ཁང་ཡུན་རིང་བསྟེན་པའམ། སྒོམ་པ་པོ་གནས་པ་བརྟན་པའམ། རྩ་གསལ་ན་ཐིག་ལེ་དང་རེ་ཁཱ་དེར་སྤྲུལ་ལོངས་མཐོང་བའི་བར་ཐམས་ཅད་འབྱུང་ཞིང་མངོན་པར་ཤེས་པ་ལྔ་ལ་སོགས་པ་འཆར། གཟའ་རྣམས་ཀྱིས་ནི་འཆིང་ཞིང་བལྟ། ཞེས་པ། རྟགས་དེ་ལ་ཁ་ཕྱིར་བལྟས་ཀྱི་དབང་སོགས་ཞེན་དུ་བཅུག་ན་ཉམས་གོང་འཕེལ་དུ་འགྲོའོ། །གཉིས་པ་ཉིན་མོའི་རྣལ་འབྱོར་ནི། མུན་པར། ཞེས་པས་མུན་པར་རྟགས་རྫོགས་ནས། །ཉིན་རྟགས་མཐོང་བར་འགྱུར། ཞེས་པས། དེ་ལྟ་བུའི་ཚུལ་ནི་འདི་ལྟར། བྱེད་ཆིངས་སྔར་གྱི་གང་བ་དེས་ནམ་མཁའ་སྔོ་སྟེང་ངེ་བ་ལ་རྩེ་གཅིག་པས་བལྟ། དེ་ཡང་། སྔ་དྲོ་ཁ་ནུབ། ཕྱི་དྲོ་ཤར། ཉིན་གུང་བྱང་སྟེ་མིག་ལ་ཉི་འོད་མི་འཕོག་པ་དགོས་སོ། །འཆར་བའི་ཉམས་ནི། འབར་བ་དང་། ཟླ་བ་དང་། ཉི་མ་དང་། སྒྲ་གཅན་དང་། གློག འདིར་དང་པོ། གློག་གཡོ་བ་ལྟ་བུ་འབྱུང་། དེ་ནས་དེའི་སྣ་གཉིས་འགྲིལ་བ་ལས་ཐིག་ལེར་འགྲོ །དེ་ལ་ཞན་དུ་བཅུག་སྟེ་ཁ་བལྟས་ན་རྒྱ་ཆེས་ཆེ་བ་སྟོང་གསུམ་ཁྱབ། ཞེན་དུ་མ་བཅུག་པར་སྣང་ཙམ་དུ་མི་འགག་པར་ཉམས་སུ་བླངས་ན་ཇེ་ཕྲ་ཇེ་ཕྲར་སོང་ནས་ཡུངས་འབྲུ་ལྟ་བུ་མཐིང་མདངས་ཤིན་ཏུ་དྭངས་པ་ཞིག་འཆར། དེ་ནས་དེ་ཕྱེད་གཤགས་སུ་གས་པ་དེ་ལ་རེ་ཁཱ་ནག་པོ་ཟེར། དེ་མཐོང་ནས་ད་དུང་སྔར་བཞིན་མཉམ་པར་གཞག་ན་དེ་ལས་སྒྲིབ་པ་མེད་པའི་སངས་རྒྱས་ཞི་ཁྲོ་རྐྱང་པ་དང་ཚོམ་བུ་ལ་སོགས་པ་འབྱུང་། དེ་ནས་གཞོམ་དུ་མེད་པའི་སྒྲ་ཐོས་ལ། རྟགས་དེ་དྭངས་པ་ལས་བསམ་གཏན་དུ་འགྱུར། རེ་ཁཱ་མཐོང་ནས་དམིགས་ཡུལ་ལུས་ཀྱི་ཨ་བ་དྷཱུ་ཏཱིར་གཏད་ན་རྩ་འཁོར་མཐོང་། དེ་ནས་དབུ་མ་མཐོང་། དེའི་ནང་དུ་མི་ཤིགས་པའི་ཐིག་ལེ་ལ་སངས་རྒྱས་ཀྱི་སྤྲིན་ཆེན་པོ་སྤྲོ་ནུས་པས། དམིགས་པ་གཏད་པ་དང་དམིགས་པ་གཏོད་ཚུལ་གྱིས་གང་འདོད་པ་འགྲུབ་པ། རྣལ་འབྱོར་འདི་ཡང་རྩ་རྒྱུད་ལས། །མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་པས་སོ། །མཚན་མོའི་རྣལ་འབྱོར་གྱི་རྟགས་ནི་སྲོག་རང་མལ་དུ་འཆིངས་པས་དབུ་མའི་སྲོག་ཕྱིར་མི་འཕོ་བ་ཉིད་ཀྱིས་ཡིན་ལ། ཉིན་རྟགས་ནི་རྩ་འདབ་ནས་དབུ་མར་འོང་མཁན་ཡོད་པས་དང་། བསམ་གཏན་གྱི་དུས་ནི་ལྟེ་བར་སྲོག་ཐུར་འདུས་དུང་ཅན་མའི་ཁ་བྱེ་དེ་ལས་འདབ་མའི་རླུང་འཆིངས་པས་དབུ་མར་གཞོལ་བས་ཡིན་ཏེ། འདི་དུས་གནས་པའི་རྩ་མདུད་གྲོལ་ཏེ་ཐམས་ཅད་དབུ་མར་སོང་བས་སོ། །འོན་ཀྱང་སྦྱོར་དྲུག་ཏུ་ད་དུང་ཉི་ཟླའི་ལམ་བསྒྱེལ་བར་བཤད་པ་ནི། ཕྱིར་འཕོ་བ་དགག་པའི་ཕྱིར་ཡིན་ནོ། །ཚེ་འདིར་མཆོག་གི་འོད་གསལ་འཐོབ། ཅེས་པ། རྟགས་བཅུ་ལ་འོད་གསལ་དུ་བཞག་པའི་དུས་ཀྱི་རྟགས་ཅན་འོད་གསལ་ཉམས་ཡིན་ཡང་ཀུན་རྫོབ་པའི་ཆོས་ཉིད་ཡིན་པས་ཆོས་ཉིད་མངོན་སུམ་རྟོགས་པའི་ཐ་སྙད་འཐོབ་འདི་རྣམ་པ་ཐམས་ཅད་དམ་སྦུན་སྐོགས་ཐམས་ཅད་རིམ་པས་སྦྱངས་ན་མངོན་པར་བྱང་ཆུབ་པ་མཆོག་གི་འོད་གསལ། དེ་ཀ་བདེ་གཤེགས་སྙིང་པོ་མཐོང་བ་སྒྲིབ་ཆ་ཅི་ཡང་མེད་པར་གྱུར་ན་བདེ་བར་གཤེགས་པ་ཐོབ་པའོ། །བཞི་པ་མཚན་འཛིན་ཏིང་ངེ་འཛིན་གྱི་རྩལ་སྦྱོང་དུ་བྱེད་པ་རྨི་ལམ་ལ། མ་ཟིན་པ་ཟིན་པར་བྱེད་པ། ཟིན་པ་ལམ་དུ་ཁྱེར་བ། མཐར་ཕྱིན་གོམས་པར་བྱ་བ་གསུམ་ལས། དང་པོ་ནི། མཚན་མོ་ཆུ་ཡི་གནས་དག་གི །ཞེས་པ། ཆུ་བོ་ནི་བཞི་ཡིན་པས་འཛིན་པའི་ཚུལ་བཞི་ཡོད་པར་བསྟན་ལ། ཇི་ལྟར་འཛིན་ན། རྨི་ལམ་འཛིན་བྱེད་ཤེས་པ་དང་། །ཆུ་ཡི་དུས་སུ་བསྲེས་ལ་བསྒོམ། །དེ་ཡང་ལུས་གཡས་འོག་ཏུ་ཕབ་ལ། དམིགས་པ་དང་པོར་མཛོད་སྤུར་ཐིག་ལེ་དཀར་པོ། ཡང་ན་ཁམས་དང་བསྟུན་པའི་ཁ་དོག་ཅན་ལ་རླུང་སེམས་དབྱེར་མེད་དུ་བཅིངས། བདག་གིས་རྨི་ལམ་ཟིན་པར་བྱའོ། །ཟིན་ནས་སྦྱངས་ཤིང་རྨི་ལམ་གྱི་རང་བཞིན་སྐྱེ་བ་མེད་པའི་ཆོས་སྐུར་ཤེས་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་བཏང་། ཟིན་ན་མ་ཟིན་ན་སྙམ་པའི་དོ་གལ་ཡོད་ན་ངེས་པར་ཟིན་ནོ། །འདི་བཞི་ཀ་ལ་དགོས་སོ། །གཉིས་པ་ལ། མགྲིན་པའི་རྩ་འདབ་ཀྱི་ཐིག་ལེ་ཁ་དོག་ལྔ་ལྡན་གྱི་ལྟེ་བར་ཨོཾ། མཐའ་བསྐོར་དུ། སྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄་ཀྱིས་བསྐོར་བ་ལས་འོད་ཟེར་དང་ཡིག་འབྲུའི་གཟུགས་དཔག་ཏུ་མེད་པ་འཕྲོ་འདུ་བྱེད་པ་ལ་དམིགས། གསུམ་པ། སྙིང་ཀའི་རྩ་འདབ་ཀྱི་ལྟེ་བར་རྩ་བའི་བླ་མ་ཧེ་རུ་ཀའི་ཆས་སུ་ཞུགས་པ་ལ་དམིགས། མོས་གུས་བྱ། བཞི་པ་བླ་མ་དེའི་མགྲིན་པར་བླ་མ་རང་གི་གཟུགས་ཇི་ལྟ་བ་བསྒོམས་ཏེ་མོས་གུས་བྱའོ། །གཉིས་པ་ནི། སྒོམ་བྱེད་སྒྲ་གཅན་ནང་ཚུད་ན། །ཞེས་པ། རབ་འོད་གསལ་ཆོས་སྐུར་ཁྱེར་བ་སྟེ། རྨི་ལམ་གྱི་སྣང་བ་ཤར་ཙམ་དེར་རང་ངོ་ཤེས་ནས་རང་གྲོལ་རང་དག་པས་ཉམས་མྱོང་སྤྲིན་བྲལ་གྱི་ནམ་མཁའ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་འབར་ཏེ་བཅོས་བསླད་མེད་པ་བསྐྱང་ངོ་། །བསྒོམ་བྱ་སྒོམ་བྱེད་མེད་པས་དབུ་མའི་དོན་དུ་ཚུད་པ་ཞེས་བྱའོ། །ཞིང་ཁམས་བགྲོད་པར་འགྱུར། ཞེས་པ། འབྲིང་ཞིང་ཁམས་ལོངས་སྐུར་སྦྱང་བ་བསྟན་ཏེ། རྨི་ལམ་ལ་རྨི་ལམ་དུ་ཤེས་དུས་རྨི་ལམ་འཛིན་པ་མེད་པར་མངོན་པར་དགའ་བ་ལ་སོགས་པའི་ཞིང་ཁམས་བགྲོད་པར་བྱེད་ཅིང་། དེའི་སངས་རྒྱས་ལ་ཆོས་ཉན་པའམ་རང་ཉིད་དེའི་སྟོན་པར་བསྒྱུར་ཏེ་ཆོས་འཆད་པ་སོགས་སོ། །རྨི་ལམ། ཞེས་པ་མཐའ་མ་སྤེལ་སྦྱང་། སྤྲུལ་བསྒྱུར་ལ་བསླབ་པ་བསྟན་ཏེ། རྨི་ལམ་དུ་འཛིན་པ་མ་དག་པས་རྨི་ལམ་དེ་ཉིད་དུ་ཅི་ཤར་བ་ལ་རྨི་ལམ་ཡིན་པས་གང་དགའ་དགར་བྱ་བཏུབ་སྙམ་པས་ཡ་ང་བའི་སྟེང་དུ་ཐོག་བརྫིས། བག་ཚ་བའི་སྟེང་དུ་ལྕེབ་མཆོང་བརྒྱབ། ངན་པ་བཟང་པོར་བསྒྱུར་བ་ལ་སོགས་པས་རྩལ་སྦྱོང་ངོ་། །གསུམ་པ་ནི། གང་ཟག་མཐའ་མ་དེས་འབྲིང་དང་རབ་ལ་རིམ་པ་བཞིན་བསླབ་པར་བྱའོ། །འདི་ཡང་རྩ་རྒྱུད་ལས། ཡི་གེ་བདུན་གྱི་བདག་ཉིད་ཅན། །ཤིང་རྩེར་ཁ་དོག་དམར་བསམ་ནས། །མྱུར་དུ་ལྷུང་བ་མི་ཕྱེད་པར། །ས་རྣམས་ཀྱང་ནི་གཞན་དུ་མིན། །བདག་གི་ལུས་ལ་རྣམ་བཀོད་དེ། །ས་ལ་ཀུ་ཤའི་སྟན་ལ་ཉལ། །ཡི་གེ་བདུན་གྱི་བདག་ཉིད་སྔགས། །བརྒྱ་རྩ་བརྒྱད་ནི་ཉིད་དུ་བཟླས། །རྨི་ལམ་དུ་ནི་བྱ་བ་ཀུན། །ཡིད་ལ་འདོད་པ་སྟོན་པར་འགྱུར། །ཞེས་སོ། །ལྔ་པ་མཚན་འཛིན་ཟུང་འཇུག་གི་བཅུད་དུ་ལེན་པ་བར་དོ་ལ། རབ་ཆོས་སྐུར་གྲོལ་ཚུལ། འབྲིང་ལོངས་སྐུར། མཐའ་མ་སྤྲུལ་སྐུར་གྲོལ་ཚུལ་གསུམ། དང་པོ་ནི། བར་མ་དོ་ལ་གཤིས་ཀྱིས་བལྟ། །ཞེས་པས། ཚེ་འདིར་འོད་གསལ་སྔོན་དུ་བྱས། མཐར་མི་ཕྱིན་པ་དེ་ལ་བར་མ་དོ་ནི་མཆོག་གི་བར་དོ། དེ་ཡང་འཆི་ཀར་ཆགས་སྡང་ཞེན་པའི་འཁྲི་བ་ཀུན་བཅད། བླ་མ་ལ་འོད་གསལ་ཟིན་པའི་གསོལ་བ་བཏབ། ཡན་ལག་གི་རླུང་སྡུད་པས་གཟུགས་སོགས་ཡུལ་སྣང་ནུབ། འབྱུང་བཞིའི་རླུང་ས་ཆུ་ལ་ཐིམ། ལུས་ཀྱི་ཟུངས་ཤོར། ཆུ་མེ་ལ་ཐིམ་པས་སྐོམ་ཞིང་ཁ་སྣ་བསྐམས། མེ་རླུང་ལ་ཐིམ་པས་དྲོད་ཡལ། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་དབུགས་ཆད། ནང་དབུགས་མ་ཆད་པའི་བར་དེར་སྣང་བའི་དུས་སྤྱི་མགྲིན་གྱི་རྩ་འཁོར་ཞིག་ནས་དཀར་ཆ་མར་བབས་དུས་དཀར་ལམ། མཆེད་པའི་དུས། དེ་ནས་གསང་གནས་དང་ལྟེ་བའི་རྩ་འཁོར་ཞིག་པས་དམར་ཆ་ཡར་འོངས་དུས་དམར་ལམ། ཐོབ་པའི་དུས་དེ་གཉིས་སྙིང་གར་འཛོམ་མུན་པ་ལྟ་བུ། འོད་གསལ་མ་འཆར་དུས་སྟོན་ཀའི་གནམ་ཉི་མའི་འོད་ཀྱིས་ཁྱབ་པ་ལྟ་བུར་འབྱུང་ངོ་། །དེ་ལམ་དུ་བྱེད་པ་ནི་ཐིམ་རིམ་གྱི་སྟེང་དུ་སེམས་གློད་པས་སྔ་མ་རང་ངོ་ཤེས་པས་གྲོལ་ཞིང་། ཕྱི་མ་རྣམས་འཇུག་པ་མེད་པས་ཕྱི་དབུགས་འཆད་ཀར་སྣང་རྒྱུ་མེད་དེ། དེ་ཀ་ལ་འོད་གསལ་གྱི་མེས་ཐིམ་རིམ་སྦྱངས་པ་ཟེར། རྒྱུ་དེས་འཆི་དུས་དེར་རང་བཞིན་འོད་གསལ་ལ་སྒྲིབ་མཁན་བག་ཆགས་ལྡང་རྒྱུ་མེད་པས་མ་བུ་འཕྲོད། དེ་ལས་དག་པ་སྒྱུ་ལུས་སུ་ལྡང་ངོ་། །གཉིས་པ་ནི། བར་དོའི་རླུང་སེམས་དྷཱུ་ཏཱིར་འཆིང་། །ཞེས་པ་འདིའི་དྷཱུ་ཏཱི་ནི་ཕྲ་བའི་དབུ་མ་དེར་འཆིང་བ་སྟེ་འདི་ལ་རགས་པའི་རྩ་མེད་པས་སོ། །དེ་ཡང་ཚེ་འདིར་སྒྱུ་ལུས་འབྱོངས་པ་ཞིག་ལ་སྣང་བ་རྐྱེན་གྱི་བར་དོ་འཆར་དེས་ཕྱེད་དང་བཞི་ཚིགས་ལ་བབ་པ་ན་འཆི་བ་ལ་འཆི་བར་ཤེས། དེ་ལམ་དུ་བྱེད་པ་ནི། ད་ལྟ་རྡོ་རྗེ་རྦ་རླབས་ལྟེམ། དེར་སྒྲ་དང་གཟུགས་ཅི་ཤར་ཐམས་ཅད་ལ་འདི་ནི་བར་དོ་ཡིན། ཆོས་ཉིད་ཀྱི་རང་སྒྲ་རང་འོད་ཀྱི་ལྷའོ་སྙམ་པས་ལྷར་བསྒོམ་པ་དང་སེམས་རང་ཐོག་ཏུ་གཞག་གོ །དེ་འབྱོངས་ནས་འཆི་ཀ་མར་ཆགས་སྡང་ཞེན་པའི་འཁྲི་བ་མེད་པར་བྱས། བླ་མ་ལ་བར་དོ་ངོ་སྤྲོད་པའི་གསོལ་བ་གདབ། ཐིམ་རིམ་ངོས་གཟུང་། འཆི་བའི་སྐད་ཅིག་ལས་ཡིད་གཟུགས་སུ་ལངས། འཆི་བ་བར་དོ་ཤེས་པའི་དུས་དེར་བར་དོའི་གདམས་ངག་དྲན་པ་ཁོ་ནས་ལམ་ཆོད་པས་བར་དོ་བློ་ཆོད། གདམས་ངག་ཀྱང་རང་བདེ་མཆོག་ཡབ་ཡུམ། སྒྲ་ཐམས་ཅད་སྔགས། སེམས་འོད་གསལ་སྟོང་ཉིད་དུ་དྲན་པའོ། །དེས་དཔལ་འཁོར་ལོ་སྡོམ་པའི་སྐུའི་སྣང་བརྙན་ཇི་ལྟ་བར་གྱུར་ནས་བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་བགྲོད་དེ་རྫོགས་པའི་སངས་རྒྱས་རྣམས་ལ་ཆོས་མཉན་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་སྦྱོང་བས་ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་བའི་ཐ་སྙད་བྱས་སོ། །གསུམ་པ་ནི། ལམ་ཁྱེར་གསུམ་གྱི་གནད་ལྡན་པས། །དེས་ནི་བར་དོ་རང་སངས་རྒྱ། །ཞེས་པས། ད་ལྟ་དབང་གསུམ་པ་ལ་སོགས་པས་ཆགས་སྡང་མིག་སེར་མེད། སྤྱི་དོན་སྒྱུ་མ་འབྱོངས། རྨི་ལམ་ཟིན། སྤེལ་ཙམ་ཐུབ་པ་དེ་ལ་སྲིད་པ་བར་དོ་འཆར་ལ། ཕྱེད་དང་བཞི་ཚུན་བརྒྱལ། དེ་ནས་སད། ལས་སྣང་གི་བར་དོའི་སྣང་བ་སྣ་ཚོགས་འཆར་དེ་དག་ལ་བྲེད་ནས་སྐྱབས་འཚོལ་བའམ་ཕ་མ་མཐོང་ནས་ཆགས་སྡང་གི་བློ་སྐྱེས་ན་དེ་ཉིད་དུ་མངལ་དུ་ཆུད་པར་འགྱུར་ལ། སྲིད་པ་དེ་ཡང་གང་དུ་སྐྱེ་འགྱུར་གྱི་སྲིད་པ་དེའི་ཤ་ཚུགས་ཟས་དྲི་ཟ་བ་ལས་ཀྱི་རྫུ་འཕྲུལ་དང་ལྡན་པ། ལས་མཐུན་པའི་བར་སྲིད་ནང་མཐོང་རེས་ཡོད། ལྷའི་མིག་གི་མངོན་ཤེས་ཐོབ་པས་མཐོང་བ་ནི། འདོད་པའི་ལྷའི་མིག་གིས་རང་སའི་བར་སྲིད་མཐོང་བ་ལྟ་བུ་གདམས་ངག་ནི། འཆི་ཀར་བླ་མ་ལ་གསོལ་བ་གདབ། གང་དུ་སྐྱེ་འདོད་པའི་སྨོན་ལམ་དང་འཕོ་བས་མཚམས་སྦྱར། འཆི་དུས་སུ་ཆགས་ཞེན་སྤངས་པ་གཙོ་བོ་ཡིན། དེ་ནས་ལམ་ཁྱེར་བར་དོ་རང་དུ་ངོ་ཤེས་པས་འཇིགས་སྐྲག་ཐམས་ཅད་ལ་སྒྱུ་མ་ལྟ་བུར་རྒྱས་བཏབ་པས་མངལ་མི་འདོད་པ་བགག་ཤེས་པ། གང་འདོད་ཀྱི་ཕ་མ་ཡི་དམ་དུ་བསྒོམས་ནས་ནང་དབང་ལེན་པ་བསམ་པས་ཕའི་སྤྱི་བོ་ནས་ཞུགས་པའམ། དག་པའི་ཞིང་དུ་འཕོ་ཤེས་པའི་གནད་གསུམ་ལྡན་པའོ། །དེས་བར་དོ་སྤྲུལ་པའི་སྐུར་འགྱུར་རོ། །རྩ་རྒྱུད་ལས། དེ་ནས་འདི་ལས་ཡང་དག་འཐོབ། །གསོལ་བར་གྱུར་ན་གདོན་མི་ཟ། །འཇིགས་པའི་དགྲ་ནི་རྣམ་མང་པོ། །མི་བཟད་མཁའ་འགྲོ་འཇིགས་བྱེད་པ། །དཔའ་བོ་འཇིགས་པར་གྱུར་ན་ནི། །སྐྲག་ཅིང་རྣམ་པར་འབྱེར་བར་བྱེད། །གལ་ཏེ་དཔའ་བོ་མི་འཇིགས་ན། །ལག་པ་གཡོན་པས་བཟུང་ནས་ནི། །རང་གི་གནས་སུ་ཁྱེར་ནས་སུ། །མཁའ་འགྲོ་མ་ནི་དེ་དག་དང་། །རྟག་ཏུ་མངོན་པར་རྩེ་བར་བྱེད། །ཧེ་རུ་ཀ་དཔལ་གུས་འདོད་པས། །མཁའ་ལ་འགྲོ་བའི་གནས་སུ་འཁྱེར། །སྒྲུབ་པ་པོ་ནི་སྔགས་ལུས་ཅན། །འཁོར་བར་འཆི་དང་རྒ་བ་མེད། །ཅེས་གསུངས་སོ། །དྲུག་པ་མཚན་འཛིན་ཡེ་ཤེས་ཀྱི་དབྱིངས་སུ་བཏང་བ་འཕོ་བ་ལ། དམིགས་པ་རྟེན་གྱི་གནད། བྱེད་པ་རླུང་གི་གནད། འཕོ་ས་སྨོན་ལམ་གྱི་གནད་གསུམ་ལས། དང་པོ་ནི། གང་ལས་འཕོ་ན། རྣམ་སྨིན་གཟུགས་ལས། ཞེས་པ། གང་འཕོ་ན། རིག་པ་འཕོ། ཞེས་པ། ཚུལ་ཇི་ལྟར་འཕོ་ན། རྡོ་རྗེ་ལུས་ལ་སྒྲ་གཅན་གཅིག །ཅེས་པ་ལུས་རྣལ་འབྱོར་མ་སྟོང་རའི་དབུས་སུ་དབུ་མ་སྟེང་རྒྱ་མཐོངས་ཕྱེ་བ་ལྟ་བུ་ཚངས་བུག་ཚུན་སླེབ་པ། དེའི་ནང་དུ་ཡི་གེའི་འབྲུ། བསམས་ལ། ཞེས་པ། ལྟེ་བའི་ཐད་ཀྱི་དབུ་མའི་ནང་དུ་སེམས་ཀྱི་ངོ་བོ་ཨ་དཀར་པོ། །དེའི་འོག་ཏུ་ཚེའི་ངོ་བོ་ཧི། དེའི་འོག་ཏུ་སྲོག་གི་ངོ་བོ་ཕཊ྄། བདེ་ཆེན་གནས་དག་ཏུ། རྡོ་རྗེ་འཛིན་པ་བླ་མ་ཉིད། །དེ་ཡི་ཐུགས་སུ་ཡིག་འབྲུ་ནི། །ཞེས་པས། སྤྱི་བོར་བླ་མ་འཁོར་ལོ་སྡོམ་པའི་ལྷ་ཚོགས། དེའི་ཐུགས་ཀར་ཧཱུྃ། ཡང་ན་རྣམ་ཤེས་རྡོ་རྗེ་རྣལ་འབྱོར་མར་བསྒོམ་མོ། །གཉིས་པ་ནི། ཀླུ་སོགས་ཀྱིས་ནི་འཕང་བར་བྱ། །ཞེས་པ། གང་གི་འཕེན་བྱེད་སྟེང་རླུང་བརྔུབས། འོག་རླུང་འཐེན་ཏེ་ཁ་སྦྱོར་བུམ་པ་ཅན་བཀག་པའི་མཐར་འདྲེན་སྟངས་སྦྱོར་བ་དྲུག་ཚང་བས་གྱེན་དུ་འཐེན་པས། ཨ་ཧི་ཕཊ྄་ཀྱིས་བསྐུལ་ཏེ་སྤྱི་བོ་ནས་བརྒྱངས་ཀྱིས་བཏོན་ཡི་དམ་གྱི་ཐུགས་ཀར་འཕང་། བྱང་བ་ལ་ཟུག་པ་དང་སྤྱི་བོ་ཙམ་ནས་སློག འཐེན་དུས་མགོ་མཇུག་ལོག་པར་འོངས་ནས་སྔར་གྱི་སར་མ་ལོག་པར་འདུག་པའོ། །གསུམ་པ་ནི། མཁའ་ལ་སྤྱོད་ཅིང་། ཞེས་པས། མཁའ་སྤྱོད་གསུམ་གང་དུ་སྨོན་པ་དེར་འགྲོའོ། །དེ་ཡང་རབ་འབྲིང་མཐའ་མའི་གདུལ་བྱ་ལ་བལྟོས་པའོ། །སྒྲ་གཅན་ནང་། རླུང་སེམས་ཚུད་པས་འཕོ་བར་བྱེད། །ཅེས་པས། ཚངས་བུག་རང་ནས་གཟུགས་མེད་དང་། །དབུ་མ་སྦྱངས་པ་དེར་ཟུག་པ་ནས་འཕོས་ན་སྐུ་གསུམ་གྱི་ཞིང་གང་འདོད་པ་དེར་འཕེན་ནོ། །དེའི་རྒྱུ་མཚན། དང་པོ་འཆི་དུས་དཀར་དམར་འབབ་འཛེག་གྱེས་པའི་དུས་སུ་དེ་ཡལ་ཞིང་། དབུ་མ་སྦྱངས་པ་ལ། དཀར་དམར་དང་ལྷན་ཅིག་དེ་ཡར་མས་རིམ་གྱིས་ཡལ་བར་བཤད་པས་སོ། །འདི་ཡང་རྩ་བའི་རྒྱུད་ལས། རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་དཔལ་སོགས་རྣལ་འབྱོར་མ། །ལག་ན་མེ་ཏོག་སྣ་ཚོགས་དང་། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་གླུ་ཡིས་མཆོད་པ་ཡིས། །འཆི་བ་ཞེས་བྱའི་རྣམ་རྟོག་འདི། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་པས་བསྟན་ནོ། །གསུམ་པ་ཞུ་བའི་བདེ་བ་རྣམ་བཅས་སུ་བསླངས་ནས་ཆོས་ཀྱི་སྐུར་འཚང་རྒྱ་བར་བྱེད་པ་རིན་པོ་ཆེ་ལྟ་བུའི་གདམས་ངག་དབང་གསུམ་པའི་ལམ་ལ། ཡིད་ཐུགས་རྡོ་རྗེར་མ་སྨིན་པ་སྨིན་པར་བྱེད་པ་དབང་དང་། སྨིན་ནས་གྲོལ་བར་བྱེད་པ་བཙན་ཐབས་ཕོ་ཉའི་ལམ་གཉིས་ལས། དང་པོ་ནི། ཤེས་རབ་དང་། ཞེས་པས་བསྟན་ཏེ། གསང་བ་ཤེས་རབ་མའི་ཡེ་ཤེས་གཙོ་བོར་བཏོན་པས་དབང་བསྐུར་བ་དང་། གཉིས་པ་ལ། སྔོན་དུ་འགྲོ་བ་རང་ལུས་བསྒྲུབ་པ་དང་། དངོས་གཞི་གཞན་ལུས་ལས་ལ་སྦྱར་བ་གཉིས། དང་པོ་ལ། རབ་ཡིད་ཀྱི་རིག་མ་ལ་མཉམ་པར་སྦྱོར་བ་དང་། དམན་པ་ལག་པའི་ཕྱག་རྒྱ་དང་བཅས་པས་སྒྲུབ་པ། རྗེས་བྱང་སེམས་མི་ཉམས་པར་བྱ་བའི་གནད་བཤད་པ་གསུམ་ལས། དང་པོ་ནི། ཤེས་རབ་ཡེ་ཤེས་དག་ལ་ནི། །འཕེལ་བྱེད་མདུན་དུ་པད་ཅན་བསམ། །རང་ལུས། ཞེས་པས། རང་འཁོར་ལོའི་བདག་པོར་ངེས་པའི་མདུན་དུ་ཕྱག་རྒྱ་པདྨ་ཅན་གྱི་བུ་མོ་ཡིད་དུ་འོང་བའི་ཕུལ་དུ་ཕྱིན་པ་ཞིག་བསམ། དེ་དང་གདོང་བལྟ་བ་དང་། རྒོད་པ་དང་རྩེ་བ་དང་རེག་པ་དང་འཁྱུད་པ་ཉེར་གནས་ལ་བལྟ་བ་སོགས་ཡིད་ཀྱིས་རིང་དུ་བརྟགས་ལ་ཆགས་པ་སྐྱེ་བ་དང་དངོས་འཛིན་གྱི་མཁན་པོ་རྩད་བཅད་པས་དེ་ལམ་དུ་གཏོང་བ་ཞག་འགའི་བར་དུ་བྱ། དེ་ནས་དེ་བཅོམ་ལྡན་འདས་མར་བསྒྱུར་ཏེ་སྐུ་གསུང་ཐུགས་གོ་ཆ་སྐྱེ་མཆེད་བྱིན་གྱིས་བརླབས། ཡེ་ཤེས་པ་བཅུག དབང་བསྐུར། རྒྱས་བཏབ། གསང་གནས་ཧཱུྃ་ལས་རྡོ་རྗེ་ནོར་བུ་ཨོཾ་གྱིས་མཚན་པ། སྐྱེ་གནས་ཨ་ལས་པདྨ་ཟེ་འབྲུ་སྲཱིཿམཚན་པ་ཕཊ྄་ཀྱིས་བུ་ག་བཀག་པར་བལྟས་ཏེ་འོག་དྲག་པོར་འཐེན་པའི་བུམ་པ་ཅན་དུ་གཟུང་། སྙོམས་པར་ཞུགས་པས་ཁུ་བ་འདར་བ་དགའ་བ། འཕར་བ་མཆོག་དགའ། འཛག་པ་ཁྱད་དགའ། མ་འཕོས་པའི་གང་བས་ལྷན་ཅིག་སྐྱེས་དགའ། གནམ་ལ་གདོང་གཏད་ཀྱི། ཟླ་བ་མི་འཆུགས་འཕེལ་བའི་གནད། །ཅེས་པ། དེའི་ཚེ་མིག་དང་རླུང་སེམས་སྟེང་གི་ནམ་མཁར་བཅིངས་ཏེ་གཞག་པས་བདེ་བ་སྟེ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་འཆར། དེས་བདེ་བ་དེ་ལ་འཁྱུད་པས་ཁུ་བ་མི་འཛག་ལ། རྗེས་སུ་དྲན་པ་ཞེས་པའི་དོན་ཡང་དེའོ་རྩ་རྒྱུད་ལས། ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། བདག་གི་དེ་ཉིད་རྡོ་རྗེ་འཛིན། །བདག་གི་དབུས་སུ་ཆུད་བྱས་ནས། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། །ཐམས་ཅད་རྡོ་རྗེའི་རང་བཞིན་དུ། །བྱས་ནས་དེ་ཚེ་རང་བཞིན་སྒོམ། །ཞེས་གསུངས་སོ། །གཉིས་པ་ནི། དེ་འགྲུབ་པར་དཀའ་ན། གཡོན་གྱི་སྦྱོར་བས་རྩ་ལམ་བཀག །ཞེས་པས། ཅུང་ཟད་གན་རྐྱལ། གཡོན་པའི་སྲིན་ལག་གིས་ཟླ་བའི་ལམ་བཀག་པ། གཡས་ཀྱི་སྦྱོར་བས་བྱང་སེམས་འབེབས། །ཞེས་པ། གཡས་བཅོམ་ལྡན་འདས་མར་བསམས་ཏེ་ཡབ་ཡུམ་སྔར་བཞིན་སྙོམས་འཇུག་བྱས་པར་མོས་ཏེ་དལ་བུས་རྡོ་རྗེ་གསོར་རོ། །མྱོང་བ་ངོས་ཟིན་པ་ནི་སྔར་བཞིན་ནོ།། །།གསུམ་པ་ནི། ནང་དབྱེ། འཛིན། འབྱེད། འདྲེན། འགྲེམས། འབེབས། བདེ་བ་ཕྱག་རྒྱ་ཆེན་པོར་སྐྱེལ་བ་དྲུག་གི་དང་པོ། བསྡམ་གློད། ཅེས་པ་ནི་དྲུ་བཞུད་ལྟ་བུའི་རླུང་གནད་དེ། རླུང་རང་འགག་གིས་ཕོ་བ་བརྒྱངས། འོག་སྒོ་གཉིས་རང་སར་བཞག དེ་ཀའི་སྟེང་ནས་རླུང་འཐེན། རྒྱབ་གློད། མི་ཐུབ་ན་བརྔུབ་ཆུང་བྱས། ཡང་དེ་བཞིན། ཡང་མི་ཐུབ་ལ་ཁད་ན་སྔར་བཞིན་བྱ་བ་འཛིན་སྟངས་གཅིག་ལའོ། །དེ་རྗེས་ཕྱིར་འབུད་དྲག་པོ་གསུམ་ལ་འདྲེན་སྟངས་བྱའོ། །མཚམས་སུ་ཐིག་ལེ་བཟུང་། ཞེས་པ། བདེ་བ་རྫོགས་མཚམས་སུ། གཉིས་པ། དྭངས་སྙིགས་འབྱེད། ཅེས་པ་རྒྱ་མཚོ་གཡས་གཡོན་དབུས་གསུམ་དུ་ལན་གསུམ་གསུམ་དུ་བསྐོར་ཞིང་རྡེབ་པ་གསུམ་བྱས། རྡོ་རྗེ་བསྡམས་པ་ལས། རྡོ་རྗེ་རྩེ་གཅིག་གིས་རྒྱུ་ཞབས་སུ་བསྣུན་པས་དྭངས་སྙིགས་ཕྱེའོ། །གསུམ་པ། ལྷ་རྣམས་སྤྲུག་ཅིང་གཟའ་རྣམས་བཟློག །ཅེས་པ་ལ་གཉིས་ཀྱི། མ་བཟུང་རླུང་གི ཞེས་པ་དང་འདྲེན་ནི། རླུང་རང་འགག་ལུས་གཡས་འཐེན། གཡོན། ཆ་མཉམ། མགོ་བོ་གཡས་གཡོན་དབུས། གཡོན་སྐོར་གསུམ། མི་ཐུབ་ལ་ཁད་ན་མཐར་ལུས་སྤྲུག་དབང་པོ་རྣམས་གྱེན་ལ་བཟློག་པས་འདར་ཆུང་སི་ལི་ལི་བྱེད་པའོ། །སྙིགས་འདྲེན་དྭངས་སྙིགས་འབྱེད། རླུང་ཕྱིར་འབུད་ནང་དུ་མི་འཛིན། སེམས་སྐྱིལ་པུས་བཀབ་རླུང་ཕྱིར་འབུད་དྲག་པོས་གཡས་འཐེན་གཡོན་ནས་ལུས་སྤྲུག་པ་ལན་སྔ་མ་བཞིན་ནོ། །དེ་ནས་སྤྲོས་པ་ཆེ་ན་འདྲེན་བཅུ་གཅིག་བྱ་སྟེ། གནས་སུ་མ་འཁྱོལ་ན་ཆུ་དང་བསྡོངས་ཏེ་འཛག་པའོ། །བཞི་པ་འགྲེམས་ལ། རི་རབ་སྟོད་སྨད་བར་གསུམ་རྡེབ། །རི་རབ་སྤྲུག་ཅིང་གླིང་བཞི་བརྐྱང་། །གནམ་ལ་འཕང་ཞིང་། ཞེས་པ། རླུང་བུམ་པ་ཅན་གཟུང་གན་རྐྱལ་གྱི་མགོ་སྤྲུག་ཅིང་རྡེབ། དེ་ལས་སྐྱེད་པ་དང་ཕོངས། དེ་ནས་ཡན་ལག་ཕྱོགས་བཞིར་བརྐྱང་སྤྲུག ཁ་སྦུབ་ཏུ་ཡང་བྱ། མཐར་བག་བཞི་འཁྲབ། རྒྱས་པར་སྟོད་སྨད་བར་གསུམ་གྱི་རྣལ་རོལ་སོགས་ཀྱང་བྱ་སྟེ། ལུས་ལ་མ་ཁྲེམས་ན་བཟློག་ཀྱང་ནང་ཀྱི་རྒྱུར་འགྲོའོ། །ལྔ་པ་སྙིགས་མ་འབོར། ཅེས་པ། དེའི་མཐར་འབེབས་བྱས་ནས་གསང་རྩ་བཞོས། སྙིགས་མ་འབོར། མ་ཕོ་ན་ལུས་ལ་ཤ་ལྷད་འབྱུང་ངོ་། །དྲུག་པ། བཅོས་མིན་ཤེས་པ་གཏན་ལ་འབེབས། །ཞེས་པ་དེའི་མཐར། བུམ་པ་ཅན་འགའ་ཡར་བསྒོམ། སེམས་མ་བཅོས་པ་ལ་མཉམ་པར་གཞག་པས་སྦྱོར་སྐོར་དེ་ལམ་དུ་འགྲོའོ། །རླུང་དང་མ་འདྲེས་ན་ས་དབང་དུ་ཤོར་ནས། མཐར་གཉིད་ཆོག་པ་སོགས་འབྱུང་། ཕྱག་ཆེན་དུ་སྐྱེལ་མ་ཤེས་ན་ཟབ་ཀྱང་འཁོར་བའི་རྒྱུའོ། །གཉིས་པ་དངོས་གཞི་གཞན་ལུས་ལས་ལ་སྦྱར་བ་ལ། ཕུན་སུམ་ཚོགས་པའི་རྟེན་བཙལ། ཉམས་སུ་བླང་བའི་རིམ་པ་བསྟན། གནས་སྐབས་གཉིས་ཀྱི་འབྲས་བུ་བཞག་པ་དང་གསུམ་ལས། དང་པོ་ནི། རིག་མ་དག་དང་། ཞེས་པ། རྩ་བཤད་ཀྱི་རྒྱུད་རྣམས་ལས། རྣལ་འབྱོར་མ་སོ་དྲུག་གི་དབྱེ་བས་ཕྱག་རྒྱ་དཔག་མེད་ཅིག་བཤད་ཀྱང་། རྩ་རིགས་ཀྱིས་བཞག་པ་འདི་དག་མཁོ་སྟེ། རྡོ་རྗེ་མཁའ་འགྲོ་ལས་རྩུབ་ཅེས་བྱ་བ་ནི་བ་ལང་གི་ལྕེ་ལྟར་རྩུབ་པའོ། །འཇམ་པ་ནི་པདྨ་ཅན་ཞེས་བྱའོ། །མཁྲང་བ་ནི་ཁུ་བ་སྲ་བ་སྟེ། གང་གི་ཁུ་བ་འཐས་པར་འགྱུར་བའོ། །འཛེར་པ་ཅན་ནི་དུང་ཅན་མ་སྟེ་པདྨ་ལ་ཤ་འཛེར་ཡོད་པའོ། །བུད་མེད་འདི་དག་གི་བཅུད་འཆིང་བ་ལ་དབང་དུ་གྱུར་བ་ཡིན་ནོ། །ཞེས་དང་པོ་གླང་སྣ་ཅན། གསུམ་པ་རི་མོ་ཅན། ན་ཚོད་ཀྱང་རྒྱུད་དེར། ཆུང་ངུ་ནི་དང་པོ་བཅུ་གཅིག་མའི་པདྨའི་འདབ་མ་དང་རོལ་བས་བཅུད་ཀྱིས་ལེན་བསྒྲུབ་པར་བྱའོ། །གཉིས་པ་ལོ་བཅུ་གཉིས་མ་དང་རོལ་བས་དམ་ཚིག་གི་དོན་དུ་རོལ་བར་བྱའོ། །གསུམ་པ་བཅུ་དྲུག་མ་དང་ལྷན་ཅིག་ཏུ་དགའ་བས་ནི་སྔགས་རྣམས་གོམས་པར་བྱ་བའོ། །བཞི་པར་ལོ་ཉི་ཤུ་མ་དང་ནམ་མཁར་འཕུར་བ་བསྒྲུབ་པར་བྱའོ། །ལྔ་པར་ལོ་ཉི་ཤུ་རྩ་ལྔ་མ་དང་བསྐུར་བའོ། །ཞེས་པས་དམར་ཆ་འདྲེན་པ་མཚན་ཉིད་རྩ་རིགས་གོང་དང་ལྡན་པ། ན་ཚོད་འདི་དག་གི་དབང་དུ་བྱས་པ་དགུག་པ་དང་མི་སྣང་བ་སོགས་རྒྱས་པ་ལས་སོ། །དེ་ལྟར་རྙེད་པ་སོ་སོ་ཐར་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དཔལ་འཁོར་ལོ་སྡོམ་པའི་སྒོ་ནས་རྒྱུད་ལེགས་པར་སྦྱང་བར་བྱའོ། །གཉིས་པ་ལ། རྩ་བ་སྙོམས་འཇུག་གི་གནད། སངས་རྒྱ་བ་བཙན་ཐབས་ཀྱི་གནད། རྗེས་ཤེས་སྦྱང་བ་ལམ་ཁྱེར་གྱི་གནད་གསུམ། དང་པོ་ནི། མཉམ་སྦྱོར། ཞེས་པས་རྒྱུད་སྦྱངས་པ་དེ་དང་རྩེད་འཇོ་སྣ་ཚོགས་པས་བདེ་བ་བསྐུལ་ཏེ། སྐྱེས་པ་དང་ངོས་འཛིན་གྱིས་ལམ་དུ་བཏང་། གོམས་ནས་རྩེད་འཇོའི་མཐར་ཕན་ཚུན་ལྷ་བསྐྱེད་པ་ནས་མཁའ་གསང་བྱིན་གྱིས་བརླབ་པའི་བར་སྔར་བཞིན་བྱས་ཏེ་སྙོམས་པར་ཞུགས་པས་བདེ་བ་ཆིལ་སྐྱེས་པ་སོ་སོ་རང་རིག་གི་སྟེང་དུ་བལྟའོ། །དེ་ནས་སྔ་མ་ལས་དྲག་པར་བསྐྱོད་དེ་བདེ་བ་སྔར་ལས་ཆེ་བ་དང་། ཆེས་ཆེ་བ་དང་ལྷན་ཅིག་སྐྱེས་དགར་འཇོག་པའི་བར་ཐམས་ཅད་རིགས་འདྲ་དེ་ཡང་ཡུལ་གྱི་ངོས་ནས་སྟོང་བཞི། དུས་ཀྱི་ངོས་ནས་སྐད་ཅིག་མ་བཞི། ཡུལ་ཅན་རང་ངོས་ནས་དགའ་བ་བཞི་ཡིན་ནོ། །འདིར་ཡང་རྡོ་རྗེ་མཁའ་འགྲོར། མཐའ་མའི་ཆགས་ཆེན་རིམ་པ་ཡིས། །འཁོར་ལོ་ཅན་ཀུན་བསྡུས་ནས་ནི། །བཙུན་མོའི་བྷ་གར་བདེ་ཆེན་སྤྲོ། །དེར་ནི་དཀྱིལ་འཁོར་ཀུན་ཏུ་བྲི། །གཞན་གྱིས་དེ་ཉིད་ཇི་བཞིན་གསུངས། །ཞེས་བཤད་ལ། འདིར་བྷ་གར་སྤྲོ་བའི་ཚུལ་ནི་ཐིག་ལེ་འབྱིན་པ་མ་ཡིན་ལ། བཙུན་མོའི་བྷ་གར་ཡས་བརྟན་གྱི་དགའ་བ་མཐར་ཐུག་པ་བྱས་པས་དེ་རང་ལུས་སུ་བཤད་པ་བཞིན་གྱིས་རྣམ་ཀུན་མཆོག་ལྡན་དུ་བསླང་བ་ལ་བྱེད་དགོས། གཞན་དྲི་མེད་འོད་ལས། ལན་ཅིག་རྟག་ཏུ་ཁུ་བ་ལྟུང་བའི་ཕྱིར། །གཉིས་ཀ་ལ་ཡང་མཆོག་གི་བདེ་བ་མེད། །ཅེས་གསུངས་ལ་བདུད་རྩི་རིལ་བུའི་དོན། གསང་བའི་དབང་བསྐུར་བ་དང་། གེགས་སེལ་བའི་དུས་སུ་ནི་དགོས་པ་ཁྱད་པར་ཅན་ཡིན་པའི་ཕྱིར་འབོར་ལ། ནུས་ལྡན་གྱི་རྩལ་སྦྱོང་གི་དུས་བྷ་གར་སྤྲོས། སླར་ཡང་སྡུད་པའི་ཕྱིར་ཉེས་པར་མི་འགྱུར་རོ། །ཡན་ལག་ཚང་བའི་ཁུ་བ་ཉམས་པ་རྩ་བའི་ལྟུང་བ་ལྔ་པར་བཞག་པས་བསྒྲིམ་པར་བྱའོ། །དེ་བས་བྱང་སེམས་གསང་བའི་སྣར་འཆིང་བའི་གནད་ཀྱི་གཙོ་བོ་ནི་སོ་སོ་རང་རིག་པའི་ཡེ་ཤེས། དེ་ལྟ་བུ་ཡང་དང་ཡང་དུ་ཉམས་སུ་བསྟར་བས་ཅི་ཞིག་ན་མས་བརྟན་གྱི་དགའ་བ་རྙེད་དེ། ས་ར་ཧས་ཟ་ཞིང་འཐུང་ལ་གཉིས་སྤྲོད་ཀྱིས་དགའ་ཞིང་། རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པའི་འཇིག་རྟེན་མགོ་བོ་རྡོག་པས་མནན་ནས་སོང་། །ཞེས་སོ། །གཉིས་པ་ལ། རྟེན་གྱི་སྟོབས། སྦྱོར་བའི་སྟོབས་གཉིས་སོ། །དང་པོ་ནི། དབང་པོ་རྣམས་ལ་བདེ་བའི་ཉམས། །ཞེས་པས། ཕྱག་རྒྱ་རབ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མའི་རྩ་སྣ་ཕྱིར་སོ་གསུམ་མམ་གཉིས་སམ་གཅིག་དོན་འོང་། དམན་ཀྱང་བསྐྱོད་དུས་བུ་གར་གྲ་མ་ཟུག་པ་ལྟ་བུ་འབྱུང་བས། དེ་རྡོ་རྗེའི་བུ་གར་བཅུག་པས་རང་གི་དབུ་མ་སྐོམ་པ་ཆུ་སྙེག་པ་ལྟར་འོངས་དེ་གཉིས་པོ་ཁ་སྦྱར་དུ་གྲུབ། དེའི་དབང་གིས་སྙོམས་འཇུག་གི་རླུང་གཉིས་ཁ་སྦྱར། དེ་ནས་དང་པོར་སྐྱེས་པའི་ཞུ་བའི་ཐིག་ལེ་དེའི་ཟེ་བར་ལྷུང་། དེའི་རྐྱེན་གྱིས་ཁམས་དམར་པོ་ཞུ་ཡང་དེར་སླེབ་པས་ཐིག་ལེ་ཁ་སྦྱར། སྔར་གྱི་དབང་པོ་གཉིས་དང་བཅས་པས་ཁ་སྦྱར་བཞི། རང་གི་དབུ་མའི་སྣ་རྩེར་ལྷུང་བ་དེ་ཡན་དགའ་བ། ཤེས་རབ་ཀྱི་དྭངས་མ་དང་ཕྲད་པས་མཆོག་དགའ། དེ་ཡན་ཆགས་པའི་ཕྱོགས། དེ་སྟོང་ཉིད་དུ་ལངས་པས་གཉིས་ཀ་རོ་མཉམ་པ་དང་ཆགས་པ་དང་ཆགས་བྲལ་འདྲེས་པ་དེའི་དུས་སུ་སྔར་གོམས་པར་བྱས་པ་ལ་ལྷན་སྐྱེས་ཀྱི་ཡེ་ཤེས་མཚན་ཉིད་པ་འཆར་ཏེ། དེ་ཡང་དྲི་མེད་འོད་ལས། རྣམ་པར་མི་རྟོག་པ། རྣམ་པ་ཐམས་ཅད་པ། ལྷན་ཅིག་སྐྱེས་པ་ཞེས་མཚན་ཉིད་གསུམ་ལྡན་དུ་གསུངས་པ་བཞིན་དེའི་མཐུས་ཁམས་དེ་གྱེན་དུ་ལོག་ཕྱི་ནང་གི་དངོས་པོ་ཐམས་ཅད་དྭངས་མར་འགྱུར་བ་དེ་མ་རིག་པའི་འགྱུར་བ་ཟད་པས་སོ། །དེ་ཡང་དབང་པོ་རབ་དེ་ཉིད་དུ་འཚང་རྒྱ་བ་ནི། གསེར་འགྱུར་གྱི་རྩི་དུམ་བུ་གཅིག་གིས་རེག་པའི་མོད་ལ་ལྕགས་བསྲེགས་པ་ཁལ་སྟོང་གསེར་དུ་འགྱུར་བ་ལྟ་བུའོ། །གཞན་དེ་དུས་ནས་རླུང་དབུ་མར་ཐིམ་པའི་འགོ་ཚུགས་སྟོང་བརྒྱད་བརྒྱ་ཐིམ་ཚར་ནས་ས་དང་པོའི་ཡེ་ཤེས་རྫོགས་ལ་ལྷག་མ་རྣམས་ཀྱང་ཤེས་པར་བྱའོ། །མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱ། །ཞེས་དང་། རྗེ་མར་པས། བསྒོམས་ན་འཚང་རྒྱ་ཀུན་ཀྱང་རྒྱ། །མ་བསྒོམས་རྒྱ་ན་རྒྱ་བ་ཡིན། ཞེས་གསུངས་སོ། །གཉིས་པ་ལ། རྡོ་རྗེ་ཉི་མ་དབང་སྡུད་དང་། །སྦ་བ་སྦུབས་འཐེན་གཉིས། དང་པོ་ལ། འདུག་སྟངས་དང་། ཐུར་མ་ལ་བརྟེན་པ་གཉིས། དང་པོ་ནི། གནད་རྣམས་ཀྱིས་ནི། ཞེས་པའི་རྣམས་སྒྲས། རྡོ་རྗེ་མཁའ་འགྲོར། གང་ཞིག་ཆགས་པ་སྲ་བ་རྣམས་ལ་ནི་སོར་མོ་རིང་པོ་གསུམ་སྦྲུལ་གྱི་མགོ་ལྟར་བྱས་ལ་མོ་མཚན་གྱི་བུ་གར་བཅུག་ནས་ས་ཏི་ཅེས་པའི་སྒྲ་བྱུང་བའི་བར་དུ་དྲུད་པས་རྒན་མོ་ལ་སོགས་པ་ཡང་ནི་རྡོ་རྗེ་གསོར་ཞེས་བྱའོ། །གང་ཞིག་གཞོན་ཞིང་མཉེན་པ་རྣམས་ལ་ནི། རང་གི་མཚན་མ་འོད་དང་ལྡན་པའི་བྱང་ཆུབ་སེམས་འབབ་པའི་རྩར་བཙུག་སྟེ་གསིལ་བ་ཙམ་གྱིས་དགའ་བར་བྱས་ཏེ། རྡོ་རྗེ་ལྕེའི་ཐུར་མ་ཞེས་བྱའོ། །ཞེས་དང་། ཇི་སྙེད་བསྟན་ཆོས་ཐམས་ཅད་ལས་བྱུང་བའི་ཀ་ར་ཎ་བསྙེན་པར་བྱས་ཏེ་དེ་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་ཕྱག་རྒྱར་བརྗོད་དོ། །ཞེས་པས། ཕྱག་རྒྱ་གན་རྐྱལ་དུ་འགྱེལ་བའི་ཚངས་རར་སྟེགས་བཅུག་རྐང་པ་བསྐུམ་པའི་པུས་མོ་ཕན་ཚུན་དུ་མནན། མཆན་ཁུང་གཉིས་སུ་འབོལ་རྡོ་ཁུ་ཚུར། ཉིས་སྦྱར་ཙམ་རེ་བཅུག དེ་གོང་ནེམ་ཙམ་གྱིས་བསྡམས་པའི་མདུད་པ་མདུན་དུ་བྱེད། ལྕེ་ཅུང་ཟད་བརྐྱང་དུ་བཅུག འགྲུབ་པར་འགྱུར། ཞེས། ཚུལ་དེ་ལྟ་བུ་ལ་བསྣུན་པས་རྩ་ལ་ཐུག དེ་བུ་གར་འཇུག་ཐུབ་མ་བྱུང་ན། ཕྱག་རྒྱའི་རྐང་པ་གཉིས་རང་གི་གདོང་ཕྱོགས་སུ་དྲག་ཏུ་འཐེན་དུ་བཅུག་ནས་དལ་བུས་བཙལ་བས་འགྲུབ། རྒྱས་པར་སྤྲོ་ན། གཡས་བརྐྱང་ཡུམ་འོག་ཏུ་བཞག་པའི་བརླ་བར་དུ་གཡོན་པུས་མོ་བཙུགས་རྟིང་པ་གཡོན་པས་གསང་རྩ་མནན་པས་བསྐྱོད། གཡོན་བརྐྱང་དེ་བཟློག་པ། མཉམ་པ་ཕྱག་རྒྱ་དང་གཉིས་ཀའི་པུས་མོ་ཕྱིར་དགྱེད་པ། ལག་པར་དཔྱི་ནས་བཏང་། མི་མཉམ་པ་དེའི་གཡས་བསྐུམ། ཡང་གཡོན་བསྐུམ། གཉིས་ཅར་ཤད་བརྐྱང་བས་དབུས་སུ་བསྐྱོད་པས་སོ། །རྡོ་རྗེ་གོམས་པ་ལ་གཉིས། རང་སྐྱིལ་ཀྲུང་ལྷོད་དེ་བ་བྱས་པའི་པང་དུ་བླངས་ནས་རང་རྐང་པ་འཁྲིལ་ནས་ལངས་པ། ཡུམ་ཡང་ལངས་པས། ས་ག་རང་གན་རྒྱལ་བའི་སྟེང་དུ་ཡུམ་བཞག་པ། ཟླུམ་པོ་རང་སྐེད་པ་བསྲངས་ལ་མདུན་དུ་བརྐྱང་། ཡུམ་ཡང་དེ་བཞིན། རུ་སྦལ་ནི་ཡུམ་གྱི་སྟེང་དུ་ཡབ་རྐང་པ་བསྐུམ་པའི་ནུར་འགྲོས། བུང་བ་ཡབ་སྟེང་ནས་རྐང་པ་དྲག་ཏུ་བཀུག་པ། རྒྱ་མཚོའི་རླབས། ཡབ་གན་རྐྱལ་གྱི་ལག་པས་བརླ་བཟུང་བའི་སྟེང་དུ་ཡུམ་བཞག་པས། རི་བོ་འདེགས། རང་གན་རྐྱལ་རྐང་བརྐྱང་གི་ཁར་ཕྱག་རྒྱ་བཞག་སྟེ་སྙོམས་འཇུག་གོང་འོག་གཉིས་ཀའི་མཐར་འཛིན་སོགས་རང་ལུས་བཞིན་ནོ། །གཉིས་པ་ལ། སྦྱང་སད། ལས་སྦྱར་ལས། དང་པོ་ནི། འདི་ཡང་། གནད་རྣམས་ཀྱིས་ནི། ཞེས་པའི་རྣམས་སྒྲས་བསྟན་ཏེ། ལུས་པུས་བཙུགས་བར་ལ་མཐོ་གསུམ་ཙམ་ཡོང་བ་ལུས་སྟེང་དུ་ལག་པ་རྡོ་རྗེ་ཁུ་ཚུར་བཞག་ནས་རླུང་བཟུང་། ཕོ་སྐོར་གཡས་གཡོན་གཉིས་ཀར་གསུམ་གསུམ། རླུང་དེ་སྟོད་ལ་ཤེད་བསྐྱེད་ལ་འཐེན། ལག་པ་གཡོན་མ་གུག་པར་བརླ་ཤ་གཡོན་གྱི་ཁ་ནས་ཡར་ནུད་ཙམ་སྤོ་རུང་འོང་། བརླ་ཁུགས་སུ་སླེབ་པ་དང་། གཡོན་ཕྱོགས་ཀྱི་སྟོད་ཤེད་བསྐྱེད་ལ་འཐེན། ཡང་རླུང་དེ་ཕྱིར་ཤེད་བསྐྱེད་ནས་འབུད་པ་དང་ལག་མགོ་པུས་མགོར་སྐྱེལ་བ་སྒྲག ཡང་གཡོན་ཕྱོགས་ཀྱི་སྟོད་འཐེན། དེ་བཞིན་གཡས་ལའང་བྱའོ། །དབུས་ནས་མདུན་རྒྱབ་ཀྱི་རླུང་འཐེན། མདུན་རླུང་ཕོ་བ་བཀང་གསང་གནས་སུ་རྡེབ་པ་ལན་གསུམ། དེ་ནས་བསྐོར་བ་སྟོད་འཐེན་ཕྱིར་འབུད་རྣམས་སྔ་མ་བཞིན་ནོ། །འདི་ཐུན་དྲུག་ཏུ་ཉམས་སུ་ལེན་ཅིང་ཞག་བཅུའི་བར་དུ་སྦྱངས། རྡོ་རྗེ་ལ་མར་བྱུགས་ནས་ཞག་གསུམ་གྱི་གོང་ནས་ཡང་ཡང་མཉེ། དེ་ནས་ལྕགས་ཟངས་སམ་སྨྱུག་མའི་ཐུར་མ་སྦུབས་ཡངས་པོ་ཡོད་པ་མཐོ་གང་སོར་བཞི་ཡོད་པ་ཤིན་ཏུ་འཇམ་པ་བུ་ག་ནས་འོག་ཏུ་ཞར་གྱིས་ཐལ་ཏེ་བཏང་། རླུང་གྱེན་འདྲེན་གྱིས་སྟེང་དུ་འདོན་པ་ནི། རང་འགག་གི་རླུང་ཕོ་གར་ཤེད་བསྐྱེད་ལ་བརྒྱངས། མི་ཐུབ་པ་ན་དེ་ནས་ཤེད་བསྐྱེད་ལ་འབུད། ཧ་ཞེས་སྟོད་དུ་དྲག་པོར་འཐེན། འདྲེན་བཞི་ལ་རྟགས་འདོན་བྱ། རླུང་ཐུར་བསྡིགས་ཀྱིས་འོག་ཏུ་འདོན་པ་ནི། ལག་སོར་བཅུ་དྲུག་མདོར་བཙུགས། སྟོད་ཅུང་ཟད་དགྱེ་བྱས། མདུན་རླུང་ཐུར་དུ་དྲག་ཏུ་འཕུལ་བ་དང་འཕོ་བ་ནས་འོག་ཏུ་རྡེབ་པ་ཐུར། བརྒྱངས་ཀྱིས་འཐོན། སད་པ་ནི་ཐུར་མ་བཙུགས་ནས་གྱེན་འདྲེན་གྱིས་རང་དྲོད་ཙམ་གྱི་ཆུ་དྲངས། ཁ་སྣར་མཐོན་རིང་སྦྱངས། ཐུར་བསྡིགས་ཀྱིས་ལུས་ལ་མི་བཞག་པར་ཕྱིར་འབོད་དོ། །དེས་འོ་མ་དང་ཁྲག་འདྲེན་ནུས་པ་རེད་ནས་ཐུར་མ་མེད་པ་ལ་བསླབ། ལས་སྦྱོར་ནི་འགྲུབ་པར་འགྱུར། ཞེས་པ། ཐུར་མ་མེད་པ་ལ་གོམས་ནས་སྔར་བཞིན་གྱིས་སམ། ཐུར་མ་དགོས་ན་བུད་མེད་ཀྱི་དྭངས་མ་འབབ་ཆེན་འབབ་ཆུང་གི་དུས་སམ་མཉམ་པར་ཕྱག་རྒྱ་སུ་བྷ་ག་དང་མཉམ་པར་སྦྱར་ཏེ་ཐིག་ལེ་དུམ་བུ་གཅིག་བཏང་བས་དེའི་དྭངས་མ་འབབ། དེ་དུས་ཐུར་མ་བཙུགས་ཏེ་དྲང་ངོ་། །འདི་དྲངས་ནས་དཀར་ཆ་ལས་སུམ་འགྱུར་གྱི་འདྲེན་སོགས་གནད་དུ་བསྣུན་དགོས་སོ། །དེ་ཡང་རང་གི་དཀར་དམར་དང་འདྲེས་ཏེ། སྟོབས་རྒྱས། མདངས་ལེགས། བཀྲག་མཚར། སྐྱེ་དགུའི་ཡི་གར་ཡོང་། རྒས་པའི་འཇིགས་པ་མེད། དྲོད་ལྷག་པར་འཕེལ་བས་ནད་མེད། འཇའ་ལུས་སུ་དྭངས། ཚེ་ཉི་ཟླ་དང་མཉམ་པར་འགྱུར་རོ། །རྡོ་རྗེ་ཁོང་རྒྱོངས་དང་། སྲོ་མ་གྱེན་བསྒྲེང་དང་། བྷ་ག་ཆུ་སྦེད་ལ་སོགས་པའི་རྫས་ཀྱང་། རྡོ་རྗེ་མཁའ་འགྲོར། ལིང་གས་བུད་མེད་བསྒྲུབ་བྱ་ཞིང་། །བྷ་གས་སྐྱེས་པ་བསྒྲུབ་པར་བྱ། །ཞེས་སྨན་ལ་སོགས་པས་རྒྱས་པར་བཤད་དོ། །འདི་རྩ་རྒྱུད་ལས། དབུག་ལ་འདས་ནི་སྦྱར་བྱས་ཏེ། །དུས་མིན་འཆི་བ་བླུ་བ་ལ། །ཡན་ལག་ཁ་ཊྶཱཾ་དག་དང་སྦྱར། །ཞེས་པས་སོ། །གཉིས་པ་ལ། འོག་ཏུ་རྡོ་རྗེ་སྦུབས་འཐེན་གྱིས་སྟོད་དུ་གཙུག་ཏོར་བསྒྲུབ་པ་དང་། དྲི་ཆེན་སོགས་ཀྱིས་དྭངས་མ་སྦྱངས་ནས་འཇའ་ལུས་སུ་བྱེད་པ་གཉིས་ཀྱི། དང་པོ་ལ། བྱིན་རླབས་བླ་མའི་རྣལ་འབྱོར་གྱིས་དྲང་བ། བསྙེན་སྒྲུབ་ལྷའི་རྣལ་འབྱོར་གྱིས། མཁའ་འགྲོ་ལས་ཀྱི་འགུགས་བྱེད་ཀྱིས། མཐར་ཐུག་ཡེ་རླུང་མཉམ་གནས་ཀྱིས་དྲང་བ་བཞི། དང་པོ་ལ། ལུས་རླུང་དམིགས་པའི་གནད་གསུམ་གྱི་དང་པོ་ནི། འདི་རིལ་པོ་ཡང་། གནད་རྣམས་ཀྱིས་ནི། ཞེས་པའི་རྣམས་སྒྲས་བསྟན་ལ། གཡོན་པའི་རྟིང་པས་གསང་རྩ་མནན། རྡོ་རྗེ་འབྲས་བུ་དང་བཅས་པ་སྟེང་དུ་འཐོན་པ་བྱས། གཡས་པ་དེའི་ཐད་ཀྱི་རྒྱབ་ཏུ་བསྟེན་པའི་ཚུལ་དུ་བཙུགས། གཉིས་པ། འོག་སྒོ་གཉིས་དྲག་ཏུ་འཐེན་ཏེ་ཕྱིར་ཤི་ཤི་གལ་གལ་འབུད། མཐར་བུམ་ཅན། གསུམ་པ། རང་བདེ་མཆོག་ཡབ་ཡུམ་དུ་བསྒོམས་པའི་རྡོ་རྗེའི་ནོར་བུ་ནས་མགོ་བོའི་ཚངས་བུག་གི་བར་དུ་དབུ་མ་སྦ་ལྕག་ཙམ་ཐལ་ལེ་ཟུག་པའི་ཡས་སྣར་བླ་མ་ཧེ་རུ་ཀའི་ཆས་ཅན་དུག་སྦྲུལ་གྱིས་ཐོད་བཅིངས་པ། རྒྱལ་པོ་རོལ་པས་བཞུགས་པའི་གཡས་གསེར་གྱི་ཉག་ཐག་གི་རྩ་བ་དེའི་མགོ་གཡོན་དངུལ་གྱི་ལྕགས་ཀྱུ་འཁྱུད་གང་ཙམ་ཡོད་པ་བསྣམས་པ། རང་གི་མས་སྣར་བཏང་བས་རྡོ་རྗེ་ཕྱིར་རྒྱངས་འཐོན། ལྕགས་ཀྱུས་རྡོ་རྗེའི་མགོ་ནས་རྒྱབ་ལུ་གུ་རྒྱུད་ཕྱག་གཉིས་ཀྱིས་ཤུགས་བསྐྱེད་དེ་འཐེན་པས། བུམ་ཅ་རེ་ལ་ལྟེ་བ་སོགས་གནས་ལྔར་སླེབ། བླ་མའི་ཐུགས་ཀར་རྒྱངས་བྱུང་། རྒྱུ་མ་ཕྱིར་འོག་བྱས་པ་ལྟ་བུ་དགྱེ་རེ་ཡོད་པར་བསམ། རླུང་དབྱུང་དུས་ལུ་གུ་རྒྱུད་ལྷོད་བཏང་བས་སྔར་མལ་དུ་གནས་པར་བསམ་མོ། །འགྲུབ་པར་འགྱུར། ཞེས་པས་ལུས་གནད་བཅས་རླུང་མནན་པ་ཙམ་གྱིས་སྦུབས་སུ་ནུབ་པར་འགྱུར། གལ་ཏེ་དེས་མ་ཐུབ་ན། གཉིས་པ་ལ། ཐུར་སེལ་གྱེན་རྒྱུ་དང་བསྲེ་བ། གྱེན་རྒྱུ་ཐུར་སེལ་དང་བསྲེ་བ། དྲུ་བ་ཞུད་ཀྱིས་འདྲེན་པ་གསུམ་གྱི་དང་པོ། ལུས་སྐྱིལ་ཀྲུང་ལག་བསྣོལ་པུས་བཀབ། སྒོ་གཉིས་དྲག་པོར་འཐེན། རླུང་སྟོད་དུ་ཤི་ཤི་གལ་གལ་སྦྱོར་བ་དྲུག་ལྡན་གྱིས་འབུད་པའི་མཐར་ཕྱིར་འཛིན། དེ་འདྲ་གསུམ་གཉིས་པ་རླུང་བརྔུབས་ཏེ་དྲག་པོར་འོག་ཏུ་འཕུལ། རླུང་ཙམ་ཐུབ་འཛིན། མི་ཐུབ་པ་དང་དལ་བུར་བཏང་འཕྲལ་ལ་བརྔུབས་ཏེ་མནན། ཡང་དེ་བཞིན་བྱ་བ་གསུམ་སྤེལ་གྱིན་འཁོར་མར་སྦྱང་། དམིགས་པ་སྔ་མ་ལ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ། རྡོ་རྗེའི་བུ་ག་ནས་ཡར་འགྲོ་བས་སྤྱི་བོར་འཐོན་པ་དང་། ཕྱི་མ་ལ་དེ་གོ་བཟློག་ཏུ་བྱའོ། །གསུམ་པ་ལ། གཞན་འདྲ། དབུ་མའི་མར་སྣར་རྡོ་རྗེ་ལྤགས་པ་དང་དབྱེར་མེད་དུ་བསམ། སྦྲུལ་སྦུབས་སུ་ནུབ་པ་ལྟ་བུ་དབུ་མའི་ནང་དུ་སྲིལ་ལི་ལི་བྱུང་ནས་སྤྱི་བོར་འབུར་བྱུང་བར་བསམ། རྒྱབ་གློད་གསང་རླུང་སྤྱི་བོའི་བར་དུ་འདྲེན། དེ་བཞིན་མདུན་གློད་རྒྱབ་རླུང་དེའི་བར་དུ་འཐེན་ནོ། །འདིས་སྦ་བ་སྦུབས་སུ་ནུབ་ཅིང་སྟེང་དུ་གཙུག་ཏོར་འགྲུབ། འོན་ཀྱང་རྡོ་རྗེ་དེ་ཉིད་གཙུག་ཏོར་དུ་འགྱུར་བ་ནི་མ་ཡིན་ཏེ་ནུས་པ་དུས་མཉམ་པ་ལ་དགོངས་སོ། །གཞན་སྤྲུལ་པའི་སྐུ་ལ་བཙུན་མོའི་འཁོར་དོན་མེད་པར་འགྱུར་བས་སོ། །གསུམ་པ་ནི། རྡོ་རྗེ་ལ་ལྕགས་ཕྱེ། སྤྱི་བོར་ཁབ་ལེན་བྱུག གཞན་འདྲ། བཞི་པ་ནི། རྩའི་དྭངས་མ་དབུ་མ་འཇའ་ཚོན་ལྟ་བུ་འོག་ནས་སྤྱི་བོར་ཟུག རླུང་གི་དྭངས་མ་དེ་དང་མི་ཕྱེད་པ། ཐིག་ལེའི་དྭངས་མ་རང་རིག་པའི་ཡེ་ཤེས་ཀྱིས་སྤྱི་བོར་བསྟིམ་མོ། །འདི་རྩ་རྒྱུད་སྔར་གྱི་འཕྲོར། ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆ་ངེས་པར་སྦྱར། །ཞེས་པས་སོ། །གཉིས་པ་དྲི་ཆེན་སོགས་ཀྱིས་དྭངས་མ་སྦྱངས་ནས་འཇའ་ལུས་སུ་བྱེད་པའི་ཚུལ་ནི། གནད་རྣམས་ཀྱིས་ནི། ཞེས་པའི་རྣམས་སྒྲས་བསྟན་ནོ། །ལུས་གནད་གོང་མ་བཞིན། དམིགས་པ་རང་ལྷ་ཡབ་རྐྱང་གི་སྤྱི་གཙུག་ནས་བཤང་ལམ་རྡོ་རྗེ་གཉིས་ཀྱི་བར་ལ་ཟུག་པ། རྩ་ཟངས་ཀྱི་གཟེར་བུ་བཏབ་པ་ལྟ་བུའི་སྒོ་ལུས་ཀྱི་གནས་ལྔའི་ཐད་ན་འཕྲེད་ལ་ཟུག་པ་ལུས་ཀྱི་ཕྱི་དྲ་མིག་ལྟ་བུ། རྩ་སྣོད་རེ་རེར་ཐིག་ལེ་དཀར་དམར་འཐིགས་ལ་ཁད་པ་རེ་རེ། ལྟེ་འོག་ཏུ་ཨ་ཤད། སྒོ་གཉིས་ཀྱི་ཐིག་ལེ་ཆེར་དྭངས་པ་དཀར་པོར་ཡོད་པ། རླུང་སྟེང་ནས་བསྡིགས་བསྐྱུར་དུ་བརྫངས་པས་ཨ་ཤད་ལས་མེ་བཤང་ལམ་དང་རྡོ་རྗེ་གཉིས་སུ་བྱུང་། ཐིག་ལེ་གཉིས་པོ་འོད་དུ་ཞུ། འོག་རླུང་འཐེན་བདས་བདས་པས་ཨ་ཤད་ཀྱི་སར་བྲོས། རྩའི་གཟེར་བུ་ཚོ་ནས་ཡར་འོངས་ཐིག་ལེ་རྣམས་བཞུ། རྩ་ཐམས་ཅད་མེར་གང་བར་བསྒོམས་ཏེ་འཁྲུལ་འཁོར་ལ་འབད། འཇུ་བྱེད་ཀྱི་སྨན་བསྟེན་པས། འགྲུབ་པར་འགྱུར། ཞེས། སྙིགས་མ་མེད་པར་འགྱུར་རོ། །གསུམ་པ་རྗེས་ཤེས་སྦྱང་བ་ལམ་ཁྱེར་གྱི་གནད་ནི། རྗེས་ཀྱི་ཤེས་པ་བཙོན་དུ་ཟུང་། །ཞེས་པས། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་འཛག་མེད་དུ་འཆིང་བའི་སྟོབས་མེད་པས་ཐ་མལ་པ་དེ་ལ་རྗེས་ཀྱི་ཤེས་པར་བརྗོད་ནས། གང་ཟག་དེས་དབབ་པ་ཡང་དྲག་པོར་མི་རུང་སྟེ། གྲུབ་ཐོབ་ཨོ་རྒྱན་པས། མ་ཟིན་དབབ་དྲགས་མདའ་འཕངས་འདྲ། །ཞེས་གསུངས། འོ་ན་ཇི་ལྟར་ཞེ་ན། རྗེ་ནཱ་རོ་པ་ཡབ་སྲས་ཀྱིས། འབེབས་པ་ལ་མཁས་པ་རུ་སྦལ་གྱི་འགྲོས། །ཞེས་པ་ལྟ་བུ། བདེ་བ་འགོ་སྐྱེ་བ་ཙམ་ལ་འཛིན། དེ་ནས་བཟློག་པ་སོགས་བྱ། ཡང་བསྐྱོད་པའོ། །དེ་བས་འཛིན་པ་ལ། རླུང་གི་ཐེམས་བུ། འཁྲུལ་འཁོར་གྱི་ཐེམས་བུ། རྫས་ཀྱི་ཐེམས་བུ་གསུམ་ལས། དང་པོ་ལ། རང་སར་འཛིན། ནང་འཛིན། ཕྱི་འཛིན། མ་ནིང་གི་ཐེམས་བུ་བཞི། དང་པོ་ལུས་གང་གིས་སྦྱོར་བའི་འདུག་སྟངས། རླུང་འོག་གློད་རང་འགག་གིས་སྤྱི་བོ་སོགས་གནས་ལྔ་གར་ཕབ་པ་དེ་ཁར་འཆུན་འདོན་པས་འཁོར་ལོ་ལྔའི་དབྱེ་བས་ལྔ། དང་པོ་ཡས་རིམ། གོམས་ནས་མས་རིམ་གྱིས་བསྡོམས་པས་བཅུའོ། །ནང་འཛིན་ལ་ཡང་ལུས་འདྲ་ལ། སྟེང་བརྔུབས། འོག་གློད་ནས་གནས་ལྔ་སོ་སོར་འཆུན་འདོན་པའོ། །ཕྱིར་འཛིན་རླུང་ཕྱིར་འབུད་དང་དུས་མཉམ་དུ་གནས་སོ་སོར་འཆུན་འདོན། འབུད་རྒྱུ་རྡུགས་པ་དང་འོག་གློད་དེ་ཕྱིར་འཛིན་མ་ནིང་ནི། རླུང་ཕྱིར་ན་ར་ར་རང་ཤུགས་སུ་འགྲོ་བའི་མཇུག་པད་བཅད་ནས་རྒྱབ་འཐེན་རྒྱུ་ཞབས་བརྒྱངས། དེ་བཞིན་ལྟེ་བ་སོགས་སུ་དང་། ཡང་ནང་དུ་ན་ར་ར་འོངས་པའི་གཞུག་བཅད་། བར་རླུང་མགོ་བོར་འཐེན་འཆུན་འདོན། དེ་བཞིན་མགྲིན་པ་སོགས་ལ་ཡང་ངོ་། །་དེ་ནས་དབྱེ་བ་ལྔ་ཅུ་དེ་དག་ལ་བྱང་ནས་རླུང་གཅིག་ལ་རྫོགས་པར་བྱེད་རྫས་ནི། མཁའ་འགྲོ་རྒྱ་མཚོར། བསྲུང་བའི་དུས་སུ་བློ་ལྡན་གྱིས། །རང་གི་ལག་པས་རྡོ་རྗེ་བཟུང་། །ཞེས་པ། ཐིག་ལེ་རྒྱུ་བའི་ལམ་རྟིང་པས་གནོན་པའམ། རང་ངམ་ཤེས་རབ་ཀྱི་ལག་མཐེབ་ཀྱིས་གསང་རྩ་མནན་པ། དེ་ནས་རྡོ་རྗེའི་བུམ་པ། མགོ་མནན་པས་སོ། །དེ་ལྟར་བཟུང་ནས་ཟིན་མ་ཐག་འོག་སྒོ་གཉིས་ལ་འགུལ་སྐྱོད་མེད་པར་བར་རླུང་དྲག་པོར་འཐེན། ཕྱིར་འབུད་ལན་བཅུ་གཉིས་བྱ། ཧ་ཞེས་དྲག་ཏུ་འཐེན་ཅིང་ཕྱིར་འཛིན། དེ་ནས་ནང་དུ་བརྔུབས། བར་རླུང་ཐུར་དུ་འཕུལ། འོག་སྒོ་གཉིས་ཀྱང་ཕྱིར་དྲག་ཏུ་འཕུལ། ཙམ་ཐུབ་བགག མི་ཐུབ་ན་ལྟེ་བ་ན་བར་རླུང་རྡེབ་བསྐྱུར་མང་དུ་བྱའོ། །དེ་ལྟ་བུ་ཧ་དང་ཧོ་དང་ཧ་ཧག་ཅེས་པ་ལ་བདུན་བདུན་ནོ། །དེས་མ་འདྲོངས་ན། ཕྱག་རྒྱ་དང་བྲལ་བས་རང་ལུས་ཀྱི་འདྲེན་ཀྱང་བྱའོ། །དེ་ལྟར་བཟློག་ཐུབ་ན་རྡོ་རྗེ་རང་ཞི་བ་དང་སྨད་ཡང་གི་འགྲོ། འཆུན་གར་བཏོན་སར་བདེ་ཆས་བསྐྱེད། དེ་ནས་སྔར་བཞིན་དྭངས་སྙིགས་ཕྱེ་ནས་དེ་ནས་འགྲེམས་ཏེ། དྭངས་འགྲེམས་གཡས་ས་ལ་ཕབ། དེའི་འཕར་རྩ་བསྡམས། རླུང་རང་འགྲོས་ཀྱི་གཞུག་པད་བཅད་དེ་འདར་ཕྲིག་པ་བདེ་ཟུག་དང་བཅས་པ། དེ་དུས་རླུང་དགང་སྟེ་བུམ་པ་ཅན་འཛིན། གཡོན་ལའང་དེ་བཞིན། སྐྱིལ་ཀྲུང་གིས་བཀག་སྟེ་ཕོ་བར་མནན། དབུགས་མ་བདེ་བ་ཤུགས་རིང་ན་རེ་བ་འོང་། དེ་དུས་རླུང་གཞུག་ནང་དང་ཕྱིར་བཟུང་བས་བདེ་བ་སྐྱེ། གཡས་སུའང་དེ་བཞིན། སྙིགས་འགྲེམས་རང་ལུས་བཞིན་ནོ། །མཐར་འབེབས་དང་རང་ལུས་བཞིན་གྱི་སྙིགས་མ་འབོད། དེ་ནས་བུམ་པ་ཅན་མང་དུ་འཛིན། བདེ་བ་གང་སྐྱེས་དེ་དང་ཕྱིའི་སྣང་བ་བསྲེས་པས་ཐམས་ཅད་བདེ་ཆེན་དུ་འཆར་བར་འགྱུར་རོ། །དེ་ལྟ་བུས་ཕྱག་རྒྱ་མ་བསྟེན་པའི་སྐྱོན། རྡོ་རྗེ་མཁའ་འགྲོར། སྐྱེ་བོ་ཐབས་དང་བྲལ་བ་ན། །ཚུལ་ངན་དམན་པ་དཀའ་བས་སྒྲུབ། །བདག་ཉིད་སྒྲུབ་པ་དང་བྲལ་བས། །སྐལ་མེད་ངལ་བ་དོན་མེད་ཅིང་། །དེ་ལ་དངོས་གྲུབ་ཞེས་མི་བརྗོད། །ཅེས་དང་། བསྟེན་དུས་དེ་ཉིད་དུ། ཉི་མ་རེ་རེ་ཞིང་ངོ་། །ཡང་ན་ཟླ་བས་སོ། །ཡང་ལོ་རེ་བཞིན་ཏེ། ཞེས་འབྱུང་། གང་ཟག་ཁྱད་པར་འཕགས་པར་ཡང་། །བསྟན་པ་སྨོད་པས་འཇིགས་པ་ན། །རང་སེམས་ཙམ་ལ་མོས་པ་བྱ། །ཞེས་སམ་བུ་ཊར་གསུངས་པ་བཞིན་བྱའོ། །གནད་མི་ཤེས་པར་བསྟེན་ན། ཧེ་རུ་ཀ་སྔོན་འབྱུང་ལས། རྣལ་འབྱོར་མེད་པར་རྣལ་འབྱོར་ཆོས། །ཕྱག་རྒྱ་ལ་ནི་བགྲོད་གྱུར་དང་། །ཡེ་ཤེས་མེད་པར་ཡེ་ཤེས་ཚུལ། །དམྱལ་བར་འགྲོ་བར་ཐེ་ཚོམ་མེད། །ཞེས་སོ། །བསྟེན་པའི་ཕན་ཡོན། རྡོ་རྗེ་མཁའ་འགྲོར། གང་གི་བླུན་པོ་འཆིང་གྱུར་བ། །འདིར་དེས་མཁས་རྣམས་རྣམ་གྲོལ་ཞེས། །ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ས་གསུམ་མ་ལུས་བཟའ་བར་བྱ། །གཞན་དུ་གལ་ཏེ་སྦྱོར་བ་ནི། །མ་ཚང་མར་མེ་ལྟ་བུ་འདའ། །ཞེས་པ་སྟེ། དེ་ཕྱིར་རྩ་རྒྱུད་ལས། ཕོ་ཉ་རལ་གྲིའི་སོ་དང་འདྲ། །ཞེས་གསུངས། ལམ་འདི་ཡང་རྩ་རྒྱུད་ལས། ཁ་དོག་ཕོ་ཉ་སོགས་སྔགས་གང་། །མདའ་ཡི་ཤུགས་ཀྱིས་ཡོངས་སུ་བསྐོར། །ཕན་ཚུན་འདུད་རྒྱུད་དཔའ་བོ་ནི། །ཡུལ་ཉིད་ཀྱིས་ནི་ཕྱེ་བའོ། །ས་བོན་འཕྲེང་བ་དེ་ནས་བཟུང་། །ཧཱུྃ་གི་མཐའ་རུ་གནས་པ་ཡིན། །བསྒྲུབ་བྱ་འགོག་པར་གྱུར་པ་ནི། །གོམས་པ་གཅིག་ཀྱང་མི་འགྲོའོ། །ཁ་སྦྱར་སྦྱར་བར་གྱུར་པ་དང་། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས། །རྡོ་རྗེ་དབྱེ་བ་ཉིད་དང་ནི། །དེ་བཞིན་བུང་བ་ལྟར་འཁོར་བྱ། །ལྕགས་ཀྱུ་ཉིད་ཀྱིས་དགུག་པ་དང་། །གཏུན་ཤིང་གིས་བསྐྱོད་དེ་བཞིན་ཏེ། །རྡོ་རྗེ་ཉིད་ཀྱིས་འདེབས་པར་བཤད། །ཅེས་པས་སོ། །བཞི་པ་གནས་སྐབས་གཉིས་ཀྱི་འབྲས་བུ་བཞག་པ་ནི། འཕྲལ་ནི། མཐའ་མ་འདུ་བ་རྣམ་གསུམ་འགྱུར། །ཞེས་པ། འདུ་བ་རྣམ་གསུམ་ཡང་གསང་བར་རྩ་གནས་སུ་སྲོག་དང་ཐིག་ལེ་འདུ། ནང་དུ་དཔའ་བོ་དང་མཁའ་འགྲོ་འདུ། ཕྱིར་སྐྱེ་བོ་ཕོ་མོ་དང་ཟས་ནོར་ལོངས་སྤྱོད་འདུའོ། །འབྲིང་ནི་དྭངས་མའི་ལུས་སུ་འགྱུར། དེ་ཕྱིར་ལས་རྒྱའི་འབྲས་བུ་འདོད་པའི་རིག་འཛིན་དུ་དུས་འཁོར་ལས་བཤད་པ་རྐྱང་པའི་དབང་དུ་མཛད་ལ། འདིར་ཕྱག་རྒྱ་གཉིས་གཞི་གཅིག་ལ་འདུ་བས་འོག་མིན་པའི་བར་སྒྲུབ་པ་ཡིན་ནོ། །མཐར་ཐུག་ནི། རབ་ཀྱི་ཚེ་འདིར་འཇའ་ལུས་འཐོབ། འདིར་འཇའ་ལུས་ནི་རྫོགས་པའི་སངས་རྒྱས་ཏེ སྤྱོད་རྒྱུད་དུ། འཇའ་ཚོན་ལྟ་བུའི་ལུས་དག་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །ཞེས་བཤད་དོ། །བཞི་པ་དམིགས་བཅས་ཐམས་ཅད་དམིགས་མེད་དུ་རོ་མཉམ་སྟེ་ལྷན་ཅིག་སྐྱེས་པའི་སྐུར་འཚང་རྒྱ་བར་བྱེད་པ་རིན་པོ་ཆེ་ལྟ་བུའི་གདམས་ངག་དབང་བཞི་པའི་ལམ་ལ། རྣམ་ཤེས་ཡེ་ཤེས་སུ་མ་སྨིན་པ་སྨིན་པར་བྱེད་པའི་དབང་། སྨིན་ཟིན་གྲོལ་བར་བྱེད་པ་ཕྱག་རྒྱ་ཆེན་པོའི་གདམས་ངག་གཉིས་ལས། དང་པོ་ནི། བཞི་པའི་རིམ་པས་སྨིན་པར་བྱེད། །ཅེས་པས་ཚིག་དབང་དང་། གཉིས་པ་ལ། ངོ་སྤྲོད་ལྟ་བའི་སྐོར། མཉམ་གཞག་སྒོམ་པའི་སྐོར། ལམ་ཁྱེར་སྤྱོད་པའི་སྐོར། མཐར་ཕྱིན་འབྲས་བུའི་སྐོར་དང་བཞི་ལས། དང་པོ་ནི། བརྗོད་དུ་མེད་ཅིང་། ཞེས་པས། ལུས་སེམས་རྣལ་དུ་ཕབ་ནས་རྟོག་པའི་རྒྱུན་སྦད་དེ་བཅད་པའི་དུས་དེར་བསམ་དུ་མེད་པ་བརྗོད་པས་གཏན་ལ་མི་ཕེབས་པའི་རང་ལུགས་ཅིག་འདུག་པ་དེ་ཀ་མ་སྐྱེས་པ་གཞིའི་གནས་ལུགས་སངས་རྒྱས་ཀྱི་ཡེ་ཤེས་དང་ཐ་མི་དད་པའོ། །ཡུལ་ལས་འདས། ཞེས་པ། ཡུལ་ལས་འདས་ནས་གཞན་དུ་འགྲོ་བ་སྟེ། དེ་རྐྱེན་བུམ་པ་ལྟ་བུ་དང་ཕྲད་ན། བུམ་འཛིན་རྟོག་པར་འཆར། དེ་སྔར་མེད་པ་ལ་གསར་དུ་བྱུང་བས་ཅི་སྐྱེས་ཐམས་ཅད་རྟོག་པ། རྐྱེན་གཉིས་པ་ཀ་བ་ལྟ་བུ་ཞིག་དང་ཕྲད་ན་སྔ་མའི་བུམ་འཛིན་ནུབ་ནས་ཕྱི་མའི་ཀ་འཛིན་ལངས་པས་རྟོག་པ་དེ་ཚུགས་མི་ཐུབ་པས་གློ་བུར་བ། སྤྲོས་བྲལ་ཞེས་པ། རྟོག་པ་དེ་ཀ་སྣང་དུས་སུ་ཡང་དེ་ཉིད་དུ་མ་གྲུབ་པས་སྐྱེས་པ་དང་མ་སྐྱེས་པ་དེ་གཉིས་གཉིས་སུ་མེད་པས་སྤྲོས་བྲལ་ཏེ། དོན་བུ་རམ་ལ་གཟུགས་དུ་མ་བྱས་པས། སྣང་བྱའི་ངོས་ནས་དུ་མ། རོའི་ངོས་ནས་མངར་མོར་གཅིག་པ་བཞིན་དུ། གདངས་ཀྱི་ངོས་ནས་དུ་མ། གཤིས་ཀྱི་ངོས་ནས་གཅིག་པས་འཁོར་འདས་དབྱེར་མེད་དུ་བཤད་དོ། །ས་ར་ཧས། མ་སྐྱེས་པ་ལས་རྟོག་པ་གློ་བུར་བ། །རྟོག་པ་དེ་ཉིད་དབྱིངས་ཀྱི་ངོ་བོ་ཡིན། །ཞེས་པས་སོ། །ནམ་མཁའི། ཞེས་པ་དེ་ཡང་། མཐའ་ཐམས་ཅད་དང་བྲལ་ཞིང་དབུས་མི་དམིགས་པས་ནམ་མཁའི་དབྱིངས་ལྟ་བུའོ་ཞེས་རྟག་ཆད་ལས་འདས་པར་བསྟན། ངོ་བོ་ཉིད། ཅེས་པ། གཞི་དེ་རྟོགས་པ་ན་སྡུག་བསྔལ་ཐམས་ཅད་ཟད་པས་དེ་ཉིད་ལ་གནས་ལུགས་བདེ་བ་ཆེན་པོ་ཞེས་བཏགས་སོ། །གཉིས་པ་ནི། ཤེས་རབ་ཡེ་ཤེས་ཆེན་པོ་ནི། ཞེས་པ། རབ་བླ་མ་དམ་པའི་བྱིན་རླབས་ཀྱིས་ལྟ་སྒོམ་སྤྱོད་པ་རོ་མཉམ་དུ་རྟོགས་ཏེ་བསྒོམ་བྱ་སྒོམ་བྱེད་མེད་པས་འབད་མེད་དུ་གྲོལ་བས་ཤེས་རབ་ཆེན་པོ་དབང་བཞི་པའི་ཡེ་ཤེས་སོ། །འབྲིང་། བལྟ་ན་རང་གི་སེམས་ལ་ལྟོས། །ཞེས་པ། ལྟ་ཐོག་ནས་སྒོམ་པ་འཚོལ་བ་ཞེས་བྱ་སྟེ། ལྟ་བས་གཏན་ལ་ཕབ་པ་དེ་ཀ་ལ་ཡིད་ལ་མི་བྱེད་པས་མཉམ་པར་གཞག་གོ །ཡིད་ལ་མི་བྱེད་པ་ཡང་སེམས་ཇི་བཞིན་དུ་གཞག་པ་ལས་གཞན་གཉེན་པོས་བཅོས་མི་གདབ་པའོ། །དེ་ཡང་། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་མགོན་པོ་ང་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་འདྲི་བར་མི་བྱའོ། །ཞེས་པས་སོ། །མཐའ་མ་ལ། སེམས་ཀྱི་རང་ལུགས་དང་མཐུན་པར་སྒོམ་ཏེ། ལུས་རང་བབས་སུ་གཞག དུས་གསུམ་གྱི་སྤྲོས་པ་བཅད། བྲམ་ཟེ་སྐུད་པ་འཁལ་བ་བཞིན་དུ་གྲིམས་ལྷོད་སྙོམས་པར་བྱའོ། །དེ་ཡང་། བསམ་དང་བསམ་བྱ་ཐམས་ཅད་ཡོངས་སུ་དོར་ནས་སུ། །ཇི་ལྟར་བུ་ཆུང་ལྷུག་པར་གནས་པ་བཞིན། །བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་ནི། བཞི་པ་བསྐུར་བའི་རྣལ་འབྱོར་པས། །ཞེས་པ། དབང་བཞི་པ་ཐོབ་ནས་ཆོས་ཅན་ཐམས་ཅད་ཆོས་ཉིད་རྣལ་མ་ལ་འབྱོར་བས་ཏེ། མཉམ་ཉིད་ཁོང་དུ་ཆུད་པས་སོ། །བཞི་པ་ནི། དེ་ལྟར་རྟོགས་ན་འབྲས་བུ་འཐོབ། །ཅེས་པ། སེམས་ཀྱི་གནས་ལུགས་མཐོང་བས་ས་ལམ་མ་ལུས་པ་རྟོགས་པ་གཅིག་གིས་བགྲོད་པའོ། །དེ་ཡང་། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པས་སོ། །འདི་རྩ་རྒྱུད་ལས། སངས་རྒྱས་རྣམས་ནི་བྱུང་གྱུར་ཏམ། །མ་བྱུང་ན་ཡང་རྣམ་ཀུན་ཏུ། །བསམ་མི་ཁྱབ་པའི་ཆོས་ཉིད་ནི། །འཕེལ་འགྲིབ་སྤངས་པས་གནས་པ་ཡིན། །དེ་ལྟར་རྣམ་པར་གཞག་ནས་ཀྱང་། །འཇིག་རྟེན་པ་ཀུན་ཡོངས་མི་སྨད། །དེ་ཡི་བགྲོད་པ་བསམ་ཡས་ཤིང་། །སངས་རྒྱས་རོལ་པ་བསམ་མི་ཁྱབ། །ཅེས་པས་བསྟན་ནོ། །ལྔ་པ་བྱ་སྤྱོད་ཐམས་ཅད་ཧེ་རུ་ཀའི་རོལ་མོར་བཏང་ནས་བཙན་ཐབས་སུ་འཚང་རྒྱ་བར་བྱེད་པ་རིན་པོ་ཆེ་ལྟ་བུའི་གདམས་ངག་སྤྱོད་པ་འཇིགས་བྲལ་རྡོ་རྗེའི་མཚོན་ཆ་ལ། འབྱོར་པ་ཅན་གཙང་སྦྲ་རྣམ་པ་གསུམ་གྱི་སྒོ་ནས་ཀུན་བཟང་གི་སྤྱོད་པ་མཐར་ཕྱུང་བ། ཀུ་ས་ལི་སྤྱོད་ཡུལ་བཞིའི་སྒོ་ནས་གསང་སྤྱོད་ལམ་དུ་སློང་བ། ནུས་ལྡན་གྱི་གང་ཟག་རིག་པའི་བརཏལ་ཞུགས་ལ་བརྟེན་ནས་ཧེ་རུ་ཀའི་རོལ་པས་འདའ་བ། འཚང་རྒྱ་ཁ་མ་དངོས་གྲུབ་ཀྱི་ཉེ་རྒྱུར་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བརྩམ་པ་བཞི་ལས། དང་པོ་ལ། ཕོ་ཉའི་གཙང་སྦྲ། ཞི་བའི་གཙང་སྦྲ། སྣོད་གཅིག་ཏུ་ཟ་བའི་གཙང་སྦྲ་སྟེ་གསུམ། དང་པོ་ནི། མདོར་བསྟན་དུ། རྡོ་རྗེ་ལམ་མཆོག་ཅེས་པས། སྤྲོས་བཅས་ལ་རང་རང་ཕྱག་རྒྱ་བཅུ་གསུམ་དང་བཅས་ཏེ་བརྡ་དང་བརྡའི་ལན་གྱི་འདུས་ཏེ། ཐ་མལ་པའི་འཇུག་པ་བགགས་པས་ཕྱི་རོལ་མཆོད་པའི་ཆོ་ག་ཇི་ལྟ་བས་འདོད་པའི་ཡོན་ཏན་ལྔ་ལ་ཚོགས་ཀྱི་འཁོར་ལོ་བསྐོར་བ་སྟེ། འདི་ཡང་། རྩ་རྒྱུད་ལས། ནང་པར་སྔར་ལངས་སེམས་བདག་ཉིད། །ལུས་ལ་ཐམས་ཅད་བྱས་ནས་ནི། །ཡན་ལག་ལས་འདས་མཚོན་ཆ་རྣམས། །ལུས་ལ་གནས་པས་ཀུན་ཏུ་སྤྱད། །ལུས་ནི་དག་བྱེད་བྱས་ནས་སུ། །རྟག་ཏུ་སྔགས་ནི་བརྗོད་ནས་ནི། །རྣལ་འབྱོར་གནས་རྣམས་ངེས་བསྟན་ཅིང་། །མཚོན་ཆ་རྣམས་ནི་བསྒོམ་མི་བྱ། །དམ་ཚིག་ཅན་ལ་ཁྲོ་མི་བྱ། །མངོན་པར་བརྩོན་ལས་འདའ་མི་བྱ། །དེ་དང་ལྷན་ཅིག་བདེ་བར་བྱ། །གྲོལ་བའི་དོན་དང་བདེ་དོན་དུ། །དམ་ཚིག་སྤྱོད་པ་ཉིད་དུ་བྱ། །ཞེས་སོགས་པས་སོ། །སྤྲོས་མེད་ནི་ཕྱག་རྒྱ་དྲུག་དང་། །ལོ་ལ་རེའམ་དགུན་ཟླ་འབྲིང་པོ་རིལ་པོ་ལའོ། །ཤིན་ཏུ་སྤྲོས་མེད་ནི། རང་གི་ཁྱིམ་དུ་ཕྱག་རྒྱ་གཅིག་དང་ལྷན་ཅིག་ལས་ཏེ། ཟླ་བ་བྱུང་ངོ་ཅོག་གི་ཡར་མར་གྱི་ཚེས་བཅུ་ལ་བརྩམ་མོ། །དེས་སེམས་ཞི་གནས་སྟོང་པར་དབེན་པར་འགྱུར་ཏེ། ལྷ་སྔགས་ཕྱག་རྒྱའི་རོལ་མོར་གྱུར་པས་སོ། །གཉིས་པ་ནི། དེ་ཉིད་པ་ནི་དེ་ཉིད་ཀྱིས། །ཞེས་པ། རྩ་རྒྱུད་ལས། རྣམ་འཕྲུལ་སེམས་པ་ལས་གྲོལ་ཞིང་། །ཞེས། དེ་ལ་གོམས་པར་བྱས་ན་ཞི་བའི་གཙང་སྦྲར་འགྱུར་ཏེ། དེ་ཡང་དངོས་པོར་འཛིན་པས་དབེན་པས་ན་ལྷ་སྔགས་ཕྱག་རྒྱ་དེ་དག་སྒྱུ་མ་ལྟ་བུར་རྟོགས་པའོ། །གསུམ་པ་ནི། རྡོ་རྗེའི་ལུས། ཞེས་པ། སྣང་གྲགས་ཐམས་ཅད་སྦྱངས་ཤིང་ལུས་དྭངས་མ་འཇའ་ལུས་སུ་བསྒྱུར་ནས་སངས་རྒྱས་ཀྱི་ཞིང་ཁམས་མྱུལ་བ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ་སྟེ། དེའི་ཚེ་སྣོད་གཅིག་ཏུ་ཟ་བའི་གཙང་སྦྲ་སྟེ། སྟོང་པའི་ཡེ་ཤེས་སྣང་བས་དབེན་པས་སོ། །རྩ་རྒྱུད་ལས། ཕོ་ཉ་གཙང་སྦྲ་དང་པོ་ཡིན། །གཉིས་པ་ཞི་བ་ཡིན་པར་འདོད། །སྣོད་གཅིག་ཏུ་ནི་ཟ་བ་དག །གཙང་སྦྲ་གསུམ་པ་ཡིན་པར་བཤད། །ཅེས་སོ། །དེ་བས་ན། དང་པོ་བུམ་དབང་། གཉིས་པ་གསང་དབང་། གསུམ་པ་དབང་གོང་མ་གཉིས་དང་འབྲེལ་བའི་སྤྱོད་པར་འགྱུར་རོ། །གཉིས་པ་ལ། ཕྱི་གཅོད་གཟུང་བའི་ཡུལ་ལ་བྱ་བ། ནང་གཅོད་འཛིན་པ་སེམས་ལ་བྱ་བ། བར་གཅོད་སྒྱུ་མའི་གཟུགས་ལ་བྱ་བ། གསང་གཅོད་ལྷ་འདྲེ་སྟོང་པའི་གཟུགས་བརྙན་ལ་བྱ་བ་བཞི་ལས། དང་པོ་ནི། གནད་ཅེས་པ་གཅོད་ཡུལ་གྱི་གནད་དོ། །འདི་ཞེས་པ་སྣང་ཞིང་གྲགས་པ་ཐམས་ཅད་ལའོ། །དེ་ཡང་། ཕྱི་སྣང་བ་འདི་ཐམས་ཅད་ཇི་ལྟར་སྣང་། ཇི་ལྟར་གྲགས་ཀྱང་། མ་རྟོགས་པའི་དུས་ན་དེ་དང་དེ་དག་ཏུ་གཟུང་བས་ཕྱི་ཡུལ་གྱི་སྣང་བ་དེ་ནས་བདེན་བདེན་མོར་སོང་སྟེ། དེས་ལུས་ཅན་ཐམས་ཅད་འཆིང་བར་བྱས་པ། དཔེར་བགྱིས་ན་རྫུན་སྨྲ་མཁས་པའི་རྫུན་ཚིག་བཞིན། །དེ་ཕྱིར་འདི་དག་སྣང་ན་འཁྲུལ་སྣང་ངོ་། །དེ་རྟོགས་པ་རྣམས་ལ་མི་འཆིང་བའི་ཁར་གྲོལ་བའི་རྐྱེན་ནམ་གྲོགས་སུ་འགྲོ་སྟེ། དངོས་པོར་མ་གྲུབ་པས་སྒྱུ་མ་ལྟ་བུར་སྣང་ལ། སྒྱུ་མ་ལྟ་བུ་ལ་སྒྱུ་མ་ལྟ་བུས་རྩལ་སྦྱངས་པས། མཐར་ཐུག་པ་ན་སྣང་མ་མྱོང་བ་རྟོགས་ཏེ་རྫུན་གྱི་ཕུགས་རྡིབ་པ་ལྟ་བུའོ། །དེ་ལྟར་ཤེས་པས་འཇིག་རྟེན་ཆོས་བརྒྱད་ལ་སྒྱུ་མ་ལྟ་བུར་བལྟ་ཞིང་ཐོག་བརྫིས་སུ་བྱས་པས་དེར་འཛིན་གྱི་མཁན་པོ་ཟད་ནས་སྣང་བ་སྐྱེ་མེད་དུ་འདག་གོ །མཻ་ཏྲི་པ་ཡབ་སྲས་ཀྱི་དགོངས་པ་རྗེ་བཙུན་གྱིས། སྐྱེས་མཆོག་མར་པར་འདི་སྐད་གསུང་། ཕྱི་སྣང་བ་ཇི་ལྟར་སྣང་ལགས་ཀྱང་། །མ་རྟོགས་དུས་ན་འཁྲུལ་པ་སྟེ། །ཕྱི་ཡུལ་གྱི་སྣང་བས་འཆིང་བར་བྱེད། །རྟོགས་པ་རྣམས་ལ་སྒྱུ་མར་སྣང་། །ཡུལ་སྣང་སེམས་ཀྱི་གྲོགས་སུ་འཆར། །མཐར་ཐུག་དོན་ལ་སྣང་མ་མྱོང་། །སྐྱེ་མེད་ཆོས་སྐུར་དག་གོ་གསུང་། །ཞེས་སོ། །གཉིས་པ་ནི། གནད། ཉིད། ཅེས་པ། སྣང་བ་ཕྱིར་འཕུལ་མཁན་གཞན་ན་མེད། ནང་འགྱུ་བ་ཡིད་ཀྱི་རྣམ་པར་ཤེས་པའམ་འཛིན་པ་འདི་ཉིད་ཡིན་ནོ། །དེ་ཡང་། མ་རྟོགས་པས་མ་རིག་པ་ཞེས་བཞག་སྟེ་ལུས་ཐམས་ཅད་ཉོན་མོངས་པར་བྱེད་པའི་གཞིའམ་རྩ་བར་འགྱུར་རོ། །མ་རིག་པ་སྣང་དུས་དེ་ཁར་མ་གྲུབ་པར་རྟོགས་པ་ལ་རང་རིག་པའི་ཡེ་ཤེས་ཟེར། གཞན་གྱི་རྐྱེན་འཇུག་པ་མེད་པས་སོ། །དེ་ཙ་ན་ཐར་པ་དང་གོམས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པར་འགྱུར་ཏེ། མ་རིག་པའི་འགྱུར་བ་ཟད་པ་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ལ། ཐར་པའི་གནས་སྐབས་ཐམས་ཅད་ནི་དེ་ངོ་མ་འགྱུར་བའི་ལྡོག་པས་དབྱེ་བ་ཙམ་དུ་ཟད་ལ། མཐར་ཐུག་པ་ན་རང་གི་རིག་རྒྱུ་དེ་ཁོ་ན་ཉིད་མེད་པས་ཡེ་ཤེས་ཀྱང་མེད་པས་ན་ཆོས་ཐམས་ཅད་ཟད་སར་སུས་འཁྱོལ་བ་དེ་ལ་སངས་རྒྱས་སུ་བཏགས་པར་འདུག་གོ་སྙམ་ངེས་པས། འགྱུ་བ་སྐད་ཅིག་གཉིས་སུ་ཡན་མི་འཇུག་པར་རང་ངོ་རང་ཤེས་ཀྱིས་ཐོག་བརྫིས་སུ་བྱའོ། །དེ་ཡང་རྫེ་བཙུན་གྱིས། ནང་འགྱུ་བ་ཡིད་ཀྱི་རྣམ་ཤེས་འདི། །མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་མོངས་ཀུན་གྱི་གཞི་རྩ་བྱེད། །རྟོགས་ན་རང་གི་ཡེ་ཤེས་དེ། །དཀར་པོའི་ཡོན་ཏན་རྫོགས་པར་འབྱུང་། །མཐར་ཐུག་དོན་ལ་ཡེ་ཤེས་མེད། །ཆོས་རྣམས་ཟད་སར་སྐྱོལ་ལོ་གསུངས། །གསུམ་པ་ནི། གནད། ལས། ཞེས་པ། གཟུང་འཛིན་གཉིས་སུ་སྦྱོར་མཁན་ཡང་ཉེ་བར་ལེན་པ་གཟུགས་ཕུང་འདི་ཡིན་ལ། མ་རིག་པའི་གཡོ་བ་ལས་འབྱུང་བ་བཞིར་གྲུབ་པས་ལས་སྣ་ཚོགས་སྤྱད། དེའི་འབྲས་བུ་འཁོར་བར་འཁོར། རིགས་དྲུག་ཏུ་འཁྱམས། ཆགས་སྡང་སྣ་ཚོགས་ཀྱིས་གཟིར་བས། ན་ཚ་སྡུག་བསྔལ་ཐམས་ཅད་བྱུང་ལ། རྟོགས་ན་ལྷའི་སྐུ་སྟེ། གདོད་ནས་གྲུབ་པའི་དཀྱིལ་འཁོར། རྣམ་པའི་བསྒྱུར་བསྒོམ་ལ་མ་བལྟོས་པའམ་བལྟོས་ཀྱང་འདྲ། ཐ་མལ་གྱི་ཞེན་པ་ཟློག་པར་བྱེད་པ། མཐར་ཐུག་ན་ལུས་སུ་གྲུབ་པ་མེད་དེ། སྤྲོས་པ་དང་བྲལ་བ་དེའི་གནས་ལུགས་ཡིན་པས་སོ། །ཞེས་ཤེས་པར་བྱས་ལ་ན་ཚ་སྡུག་བསྔལ་ཉོན་མོངས་ཐམས་ཅད་ལ་སྤང་བློ་མ་སྐྱེས་པར་དེ་ཐོག་ཏུ་ཐོག་བརྫིས་བྱ། དེ་ཡང་། ཉེར་ལེན་གཟུགས་ཀྱི་ཕུང་པོ་འདི། །མ་རྟོགས་དུས་ན་འབྱུང་བཞིའི་ལུས། །ན་ཚ་སྡུག་བསྔལ་དེ་ལས་བྱུང་། །རྟོགས་ན་ལྷ་སྐུ་ཟུང་འཇུག་སྟེ། །ཐ་མལ་ཞེན་པ་ཟློག་པར་བྱེད། །མཐར་ཐུག་དོན་ལ་ལུས་མེད་དེ། །སྤྲིན་བྲལ་ལྟར་མཁའ་དག་གོ་གསུངས། །ཞེས་སོ། །བཞི་པ་ལ། རྡོ་རྗེའི་ཚིག་རྐང་གི་དོན་བཤད། སྙིང་པོ་ལག་ཁྲིད་དུ་བསྟན་པ་གཉིས་ལས། དང་པོ་ནི། རྡོ་རྗེ། ཞེས་པས་སྟོང་པ་ཉིད་དེ། སྟོང་ཉིད་ཡེ་ཤེས་རྡོ་རྗེའོ་ཞེས་འབྱུང་བས་སོ། །དེ་ཡང་། སྒྱུ་མ་ལྟ་བུའི་ལྷའི་ངེས་པས་སྣང་བ་ཐམས་ཅད་སྒྲིབ་བྲལ་དུ་བཟའ་བའོ། །གསང་བ། ཞེས་པ་སྤྱོད་པ་དེ་སྦས་ནས་བྱ་བའི་ཕྱིར་དང་། མཆོག་ཐོབ་ནས། ཞེས་པ་དེས་ཐུན་མོང་གི་བར་པ་ཐོབ་ཅིང་སྒྱུ་མ་ཙམ་གྱི་སྣང་བའི་བར་སེང་འགའ་རེ་ལ་སྣང་བ་མེད་པའི་ཡེ་ཤེས་དམ་པ་ལ་གནས་པའང་བསྟན་ནོ། །གཉིས་པ་ལ། སྔོན་འགྲོ་འདུན་པའི་སྟོབས། དངོས་གཞི་སྒྱུ་མའི་གསེབ་ལམ། རྗེས་སྙིང་རྗེའི་རྩལ་འདོན་པ་དང་གསུམ་ལས། དང་པོ་ནི། གཉན་ས་འགྲིམ་པ་དང་། དགོན་གནས་གཉན་པོར་འདུག་པ་ཐམས་ཅད་ཀྱི་དུས་ལྷ་འདྲེའི་གདུག་རྩུབ། ལུས་སེམས་ཀྱི་བར་ཆད། འཇིག་རྟེན་གྱིས་སྨོད་པའི་མེ་དབལ་ཐམས་ཅད་བྱུང་ན་དགའ་བའི་འདུན་པ་དྲག་པོ་བཏང་བས་དོགས་པའི་མདུན་བསུ། ཡོན་ཏན་སྙན་གྲགས་སྐྱིད་པ་སོགས་མ་བྱུང་ན་དགའ་བས་རེ་བའི་འཕྲང་ཐམས་ཅད་བཀག་པས་དངོས་གཞི་ལམ་ཁྱེར་གྱི་གྲོགས་སུ་འགྲོ་བ་ནི། གཅིག་བྱུང་དོགས་ཅིག་ཤོས་ཡོང་རེ་བའི་འདུན་པའི་ཁྱད་ཞུགས་པས་ཇག་པ་ཉུང་ངུས་ཚོང་རྡལ་ཆེན་པོ་འཇོམས་ནུས་པ་ལྟ་བུའོ། །གཉིས་པ་ལ། རབ་བཅར་ཉལ་འཕྲིག་མེད་ཀྱི་གནད་ཀྱིས་གདོན་ཆོས་སྐུར་བལྟ་བ། འབྲིང་ཕུང་པོ་གཟན་བསྐྱུར་གྱི་གནད་ཀྱིས་གདོན་ལོངས་སྐུར་བལྟ་བ། མཐའ་མ་ཕུང་པོ་ཚོགས་འཁོར་གྱི་གནད་ཀྱིས་གདོན་སྤྲུལ་སྐུར་བལྟ་བ་གསུམ་ལས། དང་པོ་ནི། སྤྱིར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཀྱང་རང་སེམས་ཀྱི་ཆོ་འཕྲུལ་མ་གཏོགས་དོན་ལོགས་ཞིག་ན་གྲུབ་པ་ཅང་མེད། སེམས་ཀྱི་རང་བཞིན་འོད་གསལ་ཞིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བླ་མ་དམ་པས་ངོ་སྤྲད་པ་འདི་རང་ཡིན། སེམས་ཀྱི་རང་བཞིན་སྐྱེ་འགག་མེད་པ་འདི་ལ་གཤིན་རྗེའི་སྐྱེས་བུ་བྱེ་བ་དུང་འཕྱུར་གྱི་དམག་གིས་མཐའ་བསྐོར་ནས་མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་ཀྱང་བསད་ཅིང་བཅད་པ་དང་ངན་པར་བསྒྱུར་དུ་མེད་ལ། ཕྱོགས་བཅུའི་དུས་གསུམ་སངས་རྒྱས་རྣམས་ཀྱི་འོད་ཟེར་འབུམ་ཕྲག་དུ་མ་འདུས་ཤིང་ཡོན་ཏན་གྱི་མཐུ་བསྡོམས་ཀྱང་བཟང་པོར་བཅོས་སུ་མེད་དེ་གཤིས་མ་བཅོས་པ་འདི་རང་ཡིན་ནོ། །ཞེས་ཐག་བཅད་དེ་དེ་ལ་བཅར་ཉལ་འཕྲིག་མེད་དུ་གཞག་གོ །གཉིས་པ་ནི། ད་ལྟར་གྱི་ལུས་གཟུང་འཛིན་དང་ཞེན་པ་ལས་གྲུབ་པ། འབྱུང་བཞི་གདོས་བཅས་ཀྱི་བདག་ཉིད་འདི་སྐྱེས་པའི་མཐའ་མ་འཆི་བས་ཁྱེད་ཅག་ལྷ་འདྲེ་རྣམས་ལ་དགོས་ན་བྱིན་པས་ཆོག ལར་དངོས་པོ་ཐམས་ཅད་མི་རྟག་པ་འགྱུར་བའི་ཆོས་ཅན་ཡིན་པས་དུས་ད་རེས་རང་དབང་ཡོད་བཞིན་དུ་སེམས་ཀྱི་སྦྱིན་པ་བཏང་ན་དོན་ཆེན་པོ་ལུས་ཀྱི་སྦྱིན་པར་འགྱུར་སྙམ་པས་ཕང་སེམས་ཏིལ་གྱི་ཤུན་པ་ཙམ་ཡང་མེད་པར་སྦྱིན། དེ་ནས་གཟུང་འཛིན་རྟོག་པའི་འཁྲུལ་པ་ལ་ལྷ་འདྲེའི་གཟུགས་བརྙན་མཐོང་ཞིང་གནོད་བྱ་གནོད་བྱེད་དུ་སྣང་བ་འདི་རྣམས་རབ་རིབ་ཀྱི་མིག་ལ་སྐྲ་ཤད་འཛག་པ་ལྟར་འཁོར་བ་ཐོག་མ་མེད་པ་ནས་རྒྱུ་མ་རིག་པའི་དབང་གིས་བག་ཆགས་ངན་པའི་རྒྱུན་གོམས་པ་ལས་བྱུང་བའི་སྒྲིབ་པའི་སྒྲིབ་གཡོགས་གློ་བུར་གྱི་རྣམ་པར་རྟོག་པ་སྤྲིན་དང་ན་བུན་ལྟ་བུ་ཡིན་གྱིས། དེ་ལ་འཇིགས་ཤིང་སྐྲག་པའམ་ཡ་ང་བ་ཅི་དགོས་སྙམ་དུ་བསམས་ཏེ་གཞི་གནས་ལུགས་སྟོང་པ་ཉིད་ཀྱི་ངང་དེར་གཞག་གོ །གསུམ་པ་ལ། ཉམས་ལེན། མ་སློངས་ན་སློང་ཆོག ལྷོངས་ནས་ལམ་གཏོང་གི་གནད་གསུམ། དང་པོ་ནི། རང་ལུས་ཐ་མལ་དུ་གནས་པའི་རྣམ་ཤེས་ཕཊ྄་དྲག་པོས་སྤྱི་བོར་བཏོན། དེ་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཤིན་ཏུ་ཆེ་བར་གྱུར་པའི་གྲི་གུག་གིས་ཐོད་པ་བྲེགས། རང་བྱུང་གི་ཐོད་པའི་སྒྱེད་བུ་གསུམ་བྱུང་དེའི་ཁར་བཞག་པས་སྟོང་གསུམ་ཙམ་དུ་སོང་། ཕཊ་དེའི་ནང་དུ་ལུས་བཅུག་ཤ་ཁྲག་ཐམས་ཅད་ཨོཾ་གྱིས་སྦྱངས། ཨཱཿརྟོགས་པར་བྱས། ཧཱུྃ་གིས་སྦར་བས་ཚོགས་ཀྱི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར། ཕཊ྄་ཀྱིས་རྣལ་འབྱོར་མའི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཡུལ་དེར་གནས་པ་སོགས་ཀྱི་ལྷ་འདྲེ་ཐམས་ཅད་བཀུག ཐམས་ཅད་ཡི་དམ་འཁོར་ལོ་སྡོམ་པའི་ལྷ་ཚོགས་སུ་བསམས་ཏེ་ཚོགས་ཀྱི་འཁོར་ལོར་ལོངས་སྤྱད་པའི་མཐར། ཕཊ྄་ཅེས་བརྗོད་པས་རྡོ་རྗེ་རྣལ་འབྱོར་མ་ནམ་མཁར་ཡལ་བར་བསམས་ཏེ་བདག་འཛིན་བློས་བཏང་ལ་འདུག་གོ །གཉིས་པ་ནི། དེས་ལྷ་འདྲེ་ལ་སོགས་པའི་ཆོ་འཕྲུལ་བྱུང་ན། རང་ཉིད་འཁོར་ལོ་སྡོམ་པ་ཡབ་ཡུམ་གང་རུང་ངམ་ཁ་སྦྱོར་དུ་མོས་པའི་སྐུས་སྲིད་པ་གསུམ་ནི་བཀང་། ཧ་ཧ་ཧེ་ཧེ་ལ་སོགས་པ་བརྒྱད་ཀྱི་གད་མོ་དང་བཅས་པའི་གར། ཕྱག་རྒྱ་སྟེ་འཇིགས་པའི་མཚོན་ཆ་ཐམས་ཅད་ཀྱིས་ནི་བསྣུན། བ་སྤུའི་ཁུང་བུ་ལས་ཁྲོ་བོ་ཕོ་མོ་དང་མཚོན་ཆ་དང་མེ་དཔུང་ནི་འཕྲོས། དེས་ལྷ་འདྲེ་བརྡུངས། གཏགས། བསད་བཅད་བསྲེགས་བྱས་པར་བསམས་ཏེ་སྤྲོས་བཅས་དྲག་པོ་བྱ། ལྷོངས་མ་བྱུང་ངམ་གདུག་རྩུབ་ཆེ་ན། ཡང་བམ་རོ་རི་རབ་ཙམ་དུ་གྱུར་པའི་ལུས་ལས་བབས་པའི་ཁྲག་གི་རྒྱ་མཚོར་ལྷ་འདྲེ་རྣམས་དངངས་ཤིང་འཚུབས་པར་བསམ། ཡང་ན་གནམ་ས་མགོ་ཞབས་ལོག་དེའི་བར་ན་ཉི་ཟླ་ཆ་ལང་བཞིན་བརྡབས་པའི་བར་དུ་ལྷ་འདྲེ་རྣམས་གཞོབ་ཏུ་ཐུལ་སོང་བར་བསམ། དེས་མ་ལྷོངས་ན་ཕག་མོས་ལུས་ཀྱི་པགས་པ་བཤུ། ཤ་ལིངྒ་དེ་ལ་ལྷ་འདྲེ་ཐམས་ཅད་བསྟིམ། པགས་པས་གཏུམས། རྒྱུ་མས་བཀྱིགས། འོག་ཏུ་གཤིན་རྗེའི་བཙོན་ཁང་འབྲུབ་ཁུང་གྲུ་གསུམ་མེར་འབར་ཞིང་རླུང་ནག་འཁྲུག་པ་དེའི་ནང་དུ་ཧཱུྃ་གིས་ནམ་མཁར་ཕྱར། ཕཊ྄་ཀྱིས་མེ་དོང་དུ་བསྐྱུར་ནས་དེ་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད། དེའི་སྟེང་དུ་ཕག་མོ་ཉིད་གསེར་གྱི་མཆོད་རྟེན་དུ་གྱུར་པས་མནན་པར་བསམ་མོ། །ཀླུ་གདོན་ལ་བྱ་ཁྱུང་འཇིགས་སུ་རུང་བས་དེའི་གཉའ་བ་ནས་བཟུང་སྟེ་མཁའ་ལ་ཁྱེར་རི་རབ་ལ་བསྐོར་ཏེ་སྡེར་མོས་སྙིང་བཏོན་ཟ་བར་བསམ། གསུམ་པ་ནི། ཆོ་འཕྲུལ་བྱུང་ན་ལྟས་དང་ཆོ་འཕྲུལ་ཅི་བྱུང་ཀྱང་དེ་གཉིས་བཀའ་དྲིན་ཅན་ནམ་འདོད་ཐོག་ཏུ་ཁྱེར་ཏེ་ལས་དང་པོའི་གང་ཟག་ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་ཀྱི་ལྕགས་འདེབས། གཉེན་པོ་གློ་བུར་དུ་སྐྱེ་ཞིང་རིག་པའི་ངར་འདོན། འདི་གཉིས་ཀྱིས་ལུས་ངག་དགེ་སྦྱོར་ལ་བསྐུལ་བས་བསམ་གཏན་མྱུར་དུ་སྐྱེ་བའི་རྒྱུ་བྱེད་པས་སོ། །ལམ་ཅུང་ཟད་གོམས་པ་ལ་དྲན་པ་ཡེ་ཤེས་ཀྱི་གསོས་འདེབས། བརྟན་པ་ཐོབ་པ་ལ་རིག་པ་འོད་གསལ་གྱི་གདངས་འདོན་ཅིང་ནང་ཏིང་ངེ་འཛིན་གྱི་རྩལ་སྦྱོང་། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བས་ལམ་གྱི་བོགས་འདོན་དུ་འགྱུར་བའོ། །གསུམ་པ་ནི། དུས་དེ་ཐམས་ཅད་དུ་ལྷ་འདྲེ་དེ་དག་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་དྲག་པོ་ཤ་ལ་བབ་པ་ཙམ་དུ་སྒོམ། དེ་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་སྒྲུབ་པ་ལ་བརྩོན་པ་དང་རཏལ་བ་བརྟན་པར་བྱའོ། །དེས་བདུད་རིགས་ཆོས་སྐྱོང་དུ་ཞལ་མཐོང་ཞིང་། ཆོས་སྐྱོང་སྤྲུལ་སྐུར་མཐོང་བས་རྐྱེན་དངོས་གྲུབ་ཏུ་བབས། བར་ཆད་ལམ་དུ་ལོངས། རྣམ་རྟོག་ཆོས་སྐུར་ཤར། སྐྱོན་ཡོན་ཏན་དུ་གྲོལ་བས་ཐུན་མོང་ལམ་གྱི་མཐུན་རྐྱེན་ཐམས་ཅད་དེ་དག་གིས་སྒྲུབ། མཐར་ཐུག་ཤེས་བྱའི་གཤིས་ལ་ལྷ་འདྲེ་གཉིས་ཀ་མ་གྲུབ། རེ་དོགས་སྤོང་ལེན་གྱི་མཚན་མ་རང་སར་གྲོལ་བས་འཁྲུལ་པ་གཞི་མེད་དུ་རྟོགས་ཤིང་འཁོར་བ་ཕྱག་རྒྱ་ཆེན་པོར་ཤར་བ་དེ་ལ་གློ་བུར་གྱི་རྟོག་པ་དབྱིངས་སུ་ཐིམ་པའི་ཆོས་སྐུ་འདུ་འབྲལ་མེད་པ་ཞེས་མིང་གིས་བཏགས་སོ། །དེ་ཡང་། གདོན་གནོད་སྦྱིན་ཕོ་མོར་སྣང་བ་འདི། །མ་རྟོགས་དུས་ན་བདུད་ཡིན་ཏེ། །ཐོ་འཚམ་བར་དུ་གཅོད་པར་བྱེད། །རྟོགས་ན་བགེགས་རྣམས་ཆོས་སྐྱོང་སྟེ། །སྣ་ཚོགས་དངོས་གྲུབ་དེ་ལས་འབྱུང་། །མཐར་ཐུག་དོན་ལ་ལྷ་འདྲེ་མེད། །རྣམ་རྟོག་ཟད་སར་ཕྱིན་ནོ་གསུང་། །ཞེས་པས་སོ། །དེ་དག་རྩ་རྒྱུད་ལས། མཚན་མོ་རྟག་པར་གཅེར་བུ་སྟེ། །གནག་དང་དམར་བར་རྟག་ཏུ་འགྱུར། །སྲོག་ཆགས་ཡན་ལག་ན་བཟར་གྱོན། །བདེ་བ་འདོད་པའི་བདེ་བསྐྱོད་བྱ། །མཆོད་ཕྱིར་ཐོགས་ནི་ཡོངས་སྤངས་ལ། །ཞེས་དང་། རྒྱས་པར། འབབ་ཆུའི་འགྲམ་དང་རྒྱ་མཚོ་དང་། །རི་བོ་དང་ནི་བཞི་མདོ་དང་། །ལྟེང་ཀ་ཁྲོན་པ་མཚེའུ་དང་། །ཁང་སྟོང་དང་ནི་ལམ་སྲང་དག །ཐམས་ཅད་དུ་ནི་མཁའ་འགྲོ་མ། །ཀུན་ཏུ་ཞེན་པར་བལྟ་ལ་གནས། །འཇིགས་པ་ཆེན་པོ་དུར་ཁྲོད་དུ། །སོགས་ཀྱིས། གསུམ་པ་ནི། རྡོ་རྗེའི་སྣོད་དུ་པདྨ་མཆོག །ཁ་སྦྱར་གྱིས་ཞུ་བ་པདྨ་ལས་ལོག་ནས། རྡོ་རྗེ་དགའ་བཞི་ཡང་དག་བརྩོན། །ཞེས་པ། མས་བརྟན་གྱི་དགའ་བ་བཞི་མངོན་དུ་བྱེད་པས་ཐབས་ཤེས་གཉིས་མེད་པས་སྣང་བ་ཐམས་ཅད་ཧེ་རུ་ཀར་སྦྱོར་བ་སྟེ། འདི་རྩ་རྒྱུད་ལས། གཙང་སྦྲ་ཤྲཱི་ཧེ་རུ་ཀར་གནས། །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །སྒྲུབ་པ་པོ་ཡི་དངོས་གྲུབ་བརྩོན། །ཞེས་པས་བཤད་དེ་བོད་དུ་མཁོ་བ་མ་ཡིན་ལ། རྒྱས་པར་གཞན་དུ་བཤད་ཟིན་ཏོ། །བཞི་པ་ནི། རྡོ་རྗེའི་ཐུགས་མཆོག་ཐོབ་པར་བགྱི། །ཞེས་པ་ནི་བརཏལ་ཞུགས་ཀྱི་སྤྱོད་པ་རྫོགས་ནས་ཕྱག་རྒྱ་དང་། ལྷན་ཅིག་ཞག་གཅིག་གམ་བདུན་གྱི་མཐར་ཐུག་པས་མངོན་པར་བྱང་ཆུབ་པ་ལྔས་འཚང་རྒྱ་བའོ། །འདི་ཡང་རྩ་རྒྱུད་ལས། རིགས་དང་རིགས་མིན་ངོར་མི་ལྟ། །སྤྱི་གཙུག་ལ་སོགས་བཅིང་པ་སྤངས། །ཞེས་པས་བསྟན་ནོ། །གསུམ་པ་འབྲས་བུའི་རྒྱུད་ནི། དུས་གཏན་བྱ་རོག་གདོང་ནང་དུ། །ཀླུ་དང་རུ་སྦལ་རྩངས་པ་དང་། །བརྒྱ་བྱིན་གཞུ་རྒྱལ་གཏན་དུ་བཅིངས། །ཞེས་པ་གསང་གནས་ཀྱི་འཁོར་ལོའི་ཕྱེད་དུ་རླུང་སྟོང་བརྒྱ་པ་རེ་དབུ་མར་ཐིམ་པས་བྱང་ཆུབ་སེམས་ཀྱིས་དེའི་ཕྱེད་གང་། ས་དང་པོ་འཐོབ། དེ་ལྟ་བུའི་འགྲོས་ཀྱིས་གཙུག་ཏོར་གྱི་རྩ་འདབ་ཀྱི་ཕྱེད་མན་གང་བས་ས་བཅུ་གཅིག་པ། ས་དེ་ཡང་རྩ་རྒྱུད་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་འདི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་འདི་འོད་འཕྲོ་བ། །ཚན་དོ་ཧ་ནི་མངོན་གྱུར་ཅིང་། །ཉེ་བའི་ཚན་དོ་སྦྱང་དཀའ་བ། །འདུས་པ་རིང་དུ་སོང་བ་ཡིན། །ཉེ་བའི་འདུས་པ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཞེས་པ་ལས་མ་གསུངས་ལ། མངོན་བརྗོད་དུ། དཔེ་མེད་པ་དང་ཡེ་ཤེས་ལྡན། །ཞེས་པས་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་རིམ་པ་བཞིན་སྦྱར་ལ། ཕ་རོལ་ཕྱིན་བཅུའི་ས་རྣམས་ནི། །ཞེས་རྒྱུའི་ཐེག་པའི་ཕར་ཕྱིན་བཅུ། དེའི་སྟེང་དུ་རྡོ་རྗེའི་ལས་ཀྱི་ཕར་ཕྱིན་དང་། རིན་པོ་ཆེ་པདྨའི་ཕར་ཕྱིན་གཉིས་བསྣན་ནས་སློབ་ས་བཅུ་གཅིག་གོ །ཚེ་འདིར་ལྷག་བཅས་ཡོད་མིན་ལ། །ལྷག་མེད་ཆེན་པོ་འགྲུབ་པར་འགྱུར། །ཞེས་པ་ཇི་ལྟར་རྒྱུའི་ཐེག་པ་ལ་གྲགས་པའི་ལྷག་བཅས་མྱང་འདས་དང་ལྷག་མེད་མྱང་འདས་ལྟ་བུ་མ་ཡིན་གྱི། དྲི་མེད་འོད་ལས། འདིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་གནས་པའི་ཕྱིར་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལྷག་མ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར། ཞེས་དང་། མཚན་བརྗོད་ལས། ལྷག་མ་ཀུན་ལས་རྣམ་གྲོལ་ཞིང་། །ནམ་མཁའི་ལམ་ལ་རབ་གནས་པ། །ཞེས་པ་དེ་ཡིན། ནམ་མཁའ་རྡོ་རྗེའི་གྲོང་དུ་ཞུགས་པ་འདི་ལ་མའི་རྒྱུད་སྡེ་ལས་རིག་མའི་སྐྱེས་བུ་དང་ཕའི་རྒྱུད་སྡེ་ལས་རིག་པའི་སྐྱེས་བུར་བཤད་ཀྱང་དོན་ཟུང་འཇུག་མ་ནིང་གི་གོ་འཕང་སྟེ། མཚན་ཉིད་ཁ་སྦྱོར་ཡན་ལག་བདུན་ནམ་འབྲས་བུའི་དབང་ཕྱུག་བརྒྱད་དང་ལྡན་པའོ། །རྗེས་ཀྱི་བྱ་བ་ནི། རྡོ་རྗེ་འཆང་གི་གསུང་ལས་ཐོས། །རྡོ་རྗེ་རྣལ་འབྱོར་མས་རྡོ་རྗེ་འཆང་ལས་ཐོས་པ། ཨེ་མ་རྡོ་རྗེའི་སློབ་མ་ལ། །གསང་བའི་གནས་སུ་འདི་བཤད་དོ། །རླུང་སེམས་མ་ལུས་སྒྲ་གཅན་ནང་། །བརྟན་དུ་འཆིང་བར་བསྟན་ནོ་ཁྱེད། །ཞེས་པས་གཞན་ལ་སྤེལ་བར་གདམས་པའོ། །འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བྱས་པ་ལས། དགེ་བ་གང་ཞིག་སེལ་མེད་མཉམ་བསྒྲུབས་པས། །དེ་ཡིས་འཇིག་རྟེན་རྟོག་པའི་དྲི་མ་ཡི། །སྒྲིབ་པ་བསལ་ནས་ཡུན་རིང་ཞི་བར་ཤོག །ཡོངས་སུ་བསྔོ་བའོ། །དཔལ་འཁོར་ལོ་སྡོམ་པའི་མན་ངག་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་མཛད་པ་རྫོགས་སོ།། །།དེ་ལྟར་ལྷོ་ཕྱོགས་ཀྱི་རིགས་ལྡན་ཆེན་པོ་གྲགས་པས་གཞན་ལ་བགོ་བཤར་བྱས་པའི་རྡོ་རྗེའི་ཚིག་མང་པོ་དུས་ཀྱིས་འཆུན་པ་དཀའ་བས་ཟིན་བྲིས་ཀྱི་ཡི་གེ་ཉུང་ངུ་སྙིང་གི་ནོར་བུ་ཞེས་བྱ་བ་བདག་གི་སྐལ་བར་བཞག་པ་ལྟར། བླ་མ་ཆེན་པོ་ཨ་བ་དྷཱུ་ཏཱི་པ་བཙུན་མོ་ཅན་ལས་བཀའ་དྲིན་ཐོབ་པ། གངས་རིའི་པཎྜྻི་ཏ་པདྨ་དཀར་པོས་རྗེ་དམ་པ་དེའི་རིགས་དབོན་རྣམ་དཔྱོད་ལྡན་པ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དང་། གསལ་རྗེ་བླ་མ་སྐལ་བཟང་དབང་པོས་ཀྱང་བསྐུལ་བ་ལྟར། དགེ་བསྙེན་ཆེན་པོ་གསལ་རྗེའི་ལྷ་ཞོལ་ཡར་འདྲེན་བྱང་ཆུབ་སྨན་གྱི་ལྗོངས་ཞེས་བྱ་བའི་ཤུག་གསེབ་ཏུ་སྦྱར་བའི་ཡི་གེ་པ་རིན་ཆེན་བསྟན་པ་རྒྱལ་མཚན་ནོ། །ཐམས་ཅད་འདིར་ཞུགས་ནས་འཁོར་ལོ་སྡོམ་པའི་གོ་འཕང་ཐོབ་པར་གྱུར་ཅིག །ཚེ་འདིར་སྦྱང་ཡུན་མངལ་གྱིས་མ་དུབ་པར། །ལེགས་བཤད་ཀུན་ཤེས་བུ་ཡིས་ཕང་མཛེས་པ། །འདི་ཅི་བློ་གསལ་རྒྱ་མཚོ་ཡིད་དགའ་བའི། །སྙིང་གི་གྲོགས་མོ་མིན་ན་གཞན་པ་སུ། །འདི་ན་བསྔགས་འོས་རིན་ཆེན་ལྔ་པའི་དུང་། །ཀུན་ཤེས་ཁྱབ་འཇུག་ཞལ་སྒོར་ཆགས་པ་དེས། །རྒྱུད་སྡེར་དོན་བཟང་ཅི་འོད་དྲིལ་བསྒྲགས་པས། །མཆོག་གཉེར་སྐྱེ་དགུའི་ཚོགས་རྣམས་ཅིས་མི་དགའ། །ཚིགས་བཅད་ལག་པ་བརྐྱང་བ་རེ་རེའི་ཁར། །བླ་མ་ལས་ཀྱང་བླ་མར་བྱེད་ཀུན་གྱིས། །ཡིད་བཞིན་ནོར་བུ་སྟེར་འདི་མཚོན་ནུས་པ། །ཟས་གཙང་བུ་ཡི་སེང་གེའི་ཁྲི་ཁོ་ན།། །།སརྦ་མངྒ་ལཾ།།


previousརྗེ་བཙུན་མཻ་ཏྲི་པའི་ལུགས་ཀྱི་བདེ་མཆོག་སྙན་རྒྱུད་ལས་ཕོ་ཁྲིད་སྙིང་གི་ནོར་བུ།next