Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མོ་ཁྲིད་མཁའ་འགྲོའི་མྱུར་ལམ།


 
previousམོ་ཁྲིད་མཁའ་འགྲོའི་མྱུར་ལམ།no next

མོ་ཁྲིད་མཁའ་འགྲོའི་མྱུར་ལམ།

མོ་ཁྲིད་མཁའ་འགྲོའི་མྱུར་ལམ་བཞུགས་སོ། །རྗེ་བཙུན་ཨ་བ་དྷཱུ་ཏཱི་པ་བཙུན་མོ་ཅན་ལ་ཕྱག་འཚལ་ལོ། །བདེ་བའི་གར་མཁན་གྱིས་སྦྱར་ཡིད་ཀྱི་དཔྱིད། །བདེ་རྒྱས་ཀུན་ཏུ་གཟུགས་ཀྱི་བཅོམ་ལྡན་མ། །བདེ་ཆེན་འདོད་པའི་སྙིང་ལ་དགའ་ཆར་བཞིན། །བདེ་ལེགས་རྟག་ཏུ་མཛད་དེར་ཕྱག་འཚལ་ལོ། །འདོད་རྒྱས་བསླབ་པས་གདམས་པའི་རི་དྭགས་མིག །འདོད་རྒྱུ་གནས་སྐབས་བཞི་ཡི་སྒྲིབ་བཅོམ་ནས། །འདོད་དགོངས་སྙིང་པོའི་བསམ་གཏན་ལ་གཞོལ་བས། །འདོད་དོན་བླ་མ་གྲུབ་པ་འདི་ན་ཀོ །གཉིས་པ་ཕག་མོ་བྱིན་རླབས་ཀྱི་དཀོར་མཛོད་ཁ་ཕྱེ་ནས་མཚན་ལྡན་གྱི་བུད་མེད་ཡེ་ཤེས་ཀྱི་ས་ལ་སྐྱེལ་བ་ལ། ལམ་གྱི་ཆིངས་དང་། ལམ་དངོས་གཉིས། དང་པོ་ནི། ཅིག་ཅར་ཐོད་བརྒལ་རིམ་གྱིས་བཀྲི་བའི་ལམ་གསུམ་གྱི། ཅིག་ཅར་བ་ནི་བླ་མ་རྟོགས་པ་དང་ལྡན་པ་དང་སློབ་མ་མོས་གུས་ཅན་ཕྲད་པའི་མོད་ལ་ཚེ་གཅིག་གིས་སངས་རྒྱས་འགྲུབ་པ་དཔལ་ཤ་བ་ར་དང་། རྒྱལ་པོ་ས་ཀར་སིདྡྷི་ལྟ་བུའོ། །འབྲིང་བྱིན་རླབས་འཕོ་བའི་དབང་གིས་རྒྱུད་གྲོལ་ཏེ་བསྐྱེད་རྫོགས་ལ་བསླབ་པར་བྱ་བས་སྲིད་པ་བར་མ་དོར་མཆོག་གྲུབ་པ་རྗེ་བཙུན་མཻ་ཏྲི་པ་ལྟ་བུ། འདིའི་དབང་དུ་མཛད་ནས་སིནྡྷུ་རའི་བྱིན་བརླབས་སྔར་བསྟན་ནས་ཕྱིས་ལམ་གྱི་རིམ་པ་བསྟན་ལ། གསུམ་པ་དབང་པོ་ཐ་མ་དབང་རིམ་གྱིས་བསྐུར་ཏེ་སོ་སོའི་ལམ་ལ་བསླབ་པ་བདག་ཅག་ལྟ་བུ། འདིར་ཕྱི་མའོ། །གཉིས་པ་ལ། སྔོན་དུ་འགྲོ་བ་ཐུན་མོང་གིས་རྒྱུད་སྦྱང་བ། དངོས་གཞི་གསང་བའི་ཉེ་ལམ་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་གིས་རྫོགས་པའི་སངས་རྒྱས་བསྒྲུབ་པ་གཉིས། དང་པོ། སྙིང་གི་ནོར་བུ་བཞིན་ནོ། །གཉིས་པ་ལ། ཐ་མལ་གྱི་རྣམ་རྟོག་དཀྱིལ་འཁོར་གྱི་འཁོར་ལོར་བསྒྱུར་ནས་སྤྲུལ་པའི་སྐུར་འཚང་རྒྱ་བར་བྱེད་པ་རིན་པོ་ཆེ་ལྟ་བུའི་གདམས་ངག་བུམ་དབང་གི་ལམ། མཚན་མའི་སྣང་བ་ཡེ་ཤེས་སུ་ཁྱེར་ནས་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བར་བྱེད་པ་རིན་པོ་ཆེ་ལྟ་བུའི་གདམས་ངག་གསང་དབང་གི་ལམ། ཞུ་བའི་བདེ་བ་རྣམ་བཅས་སུ་བསླང་ནས་ཆོས་ཀྱི་སྐུར་འཚང་རྒྱ་བར་བྱེད་པ་རིན་པོ་ཆེ་ལྟ་བུའི་གདམ་ངག་དབང་གསུམ་པའི་ལམ། དམིགས་བཅས་ཐམས་ཅད་དམིགས་མེད་དུ་རོ་མཉམ་སྟེ་ལྷན་ཅིག་སྐྱེས་པའི་སྐུར་འཚང་རྒྱ་བར་བྱེད་པ་རིན་པོ་ཆེ་ལྟ་བུའི་གདམས་ངག་དབང་བཞི་པའི་ལམ། བྱ་སྤྱོད་ཐམས་ཅད་ཧེ་རུ་ཀའི་རོལ་མོར་བཏང་ནས་བཙན་ཐབས་སུ་འཚང་རྒྱ་བར་བྱེད་པ་རིན་པོ་ཆེ་ལྟ་བུའི་གདམས་ངག་སྤྱོད་པ་འཇིགས་བྲལ་རྡོ་རྗེའི་མཚོན་ཆ་ལྔ་ལས། དང་པོ་ལ་ལུས་སྐུ་རྡོ་རྗེར་མ་སྨིན་པ་སྨིན་པར་བྱེད་པ་དབང་། སྨིན་ནས་གྲོལ་བར་བྱེད་པ་བསྐྱེད་རིམ་གཉིས། ཕྱི་མ་ལ། རྩ་རྒྱུད་ལས། ཧེ་རུ་ཀ་དཔལ་རྣལ་འབྱོར་མཆོག །སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན། །རྒྱུད་འདི་རུ་ནི་རྣལ་འབྱོར་པ། །ལེགས་པར་འགྱུར་བ་ཉིད་ཡིན་ཏེ། །ཞེས་ཧེ་རུ་ཀའི་གཙོ་བོ་འཕོས་པས་ཡུམ་བཀའི་མཻ་ཏྲི་ཞབས་བཞེད་པ་ལྟར། སྤྲོས་པ་ཅན་བཅུ་གསུམ་གྱི་འཁོར་ལོ་དང་། ཀུ་སཱ་ལི་མ་བདེན་གཉིས་ཞལ་གྱི་རྣལ་འབྱོར་བསྒོམ་པ་གཉིས། གཉིས་པ་མཚན་མའི་སྣང་བ་ཡེ་ཤེས་སུ་ཁྱེར་ནས་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བར་བྱེད་པ་རིན་པོ་ཆེ་ལྟ་བུའི་གདམས་ངག་གསང་དབང་གི་ལམ་ལ། ངག་གསུང་རྡོ་རྗེ་མ་སྨིན་པར་བྱེད་པ་གསང་དབང་། སྨིན་པ་གྲོལ་བར་བྱེད་པ་ཆོས་དྲུག་གཉིས་ལས། ཕྱི་མ་ལ་མཚན་འཛིན་ཡེ་ཤེས་ཀྱི་མེར་སྤར་བ་གཏུམ་མོ། །མཚན་འཛིན་སྒྱུ་མའི་འཁྲུལ་འཁོར་དུ་ངོ་སྤྲོད་པ་སྒྱུ་ལུས། མཚན་འཛིན་དག་སྣང་རབ་འབྱམས་སུ་ཁྱེར་བ་འོད་གསལ། མཚན་འཛིན་ཏིང་ངེ་འཛིན་གྱི་རྩལ་སྦྱོང་དུ་བྱེད་པ་རྨི་ལམ། མཚན་འཛིན་ཟུང་འཇུག་གི་བཅུད་དུ་ལེན་པ་བར་དོ། །མཚན་འཛིན་ཡེ་ཤེས་ཀྱི་དབྱིངས་སུ་བཏང་བ་འཕོ་བ་དང་དྲུག གཞན་སྙིང་གི་ནོར་བུ་བཞིན་ལ། བསྙེན་སྒྲུབ་ཡི་དམ་གྱི་གཏུམ་མོའི་ལྷ་ཕག་མོ་གཙོ་བོ་དང་། བཅོམ་ལྡན་འདས་དེ་ལ་འཁྱུད་བྱ་དེ་བཞིན་སྔགས་བཟླ་བ་ལ་ཐོག་མར་ཡུམ་དང་། དེ་ནས་ཡབ་གོ་བརྗེ་བ་འདྲེན་འགྲེམས་ཀྱི་འཁྲུལ་འཁོར་མེད་པ་ཙམ་མོ། །གསུམ་པ་ཞུ་བའི་བདེ་བ་རྣམ་བཅས་སུ་བསླང་ནས་ཆོས་ཀྱི་སྐུར་འཚང་རྒྱ་བར་བྱེད་པའི་དབང་གསུམ་པའི་ལམ་ལ། ཡིད་ཐུགས་རྡོ་རྗེར་མ་སྨིན་པ་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། སྨིན་པ་གྲོལ་བར་བྱེད་པ་བཙན་ཐབས་ཕོ་ཉའི་ལམ་གཉིས་ལས། ཕྱི་མ་ལ། རླུང་སྦྱང་བ་བསྙེན་པ། རང་ལུས་སྒྲུབ་པ། གཞན་ལུས་སྒྲུབ་ཆེན་བཤད་པ་གསུམ་ལས། དང་པོ་ལ། ནུས་པ་དང་ལྡན་པས་ཕོ་ལུས་སུ་བསྒྱུར་བ། མི་ལྡན་པས་པདྨ་ཆུ་འཐུང་ལ་བསླབ་པ་གཉིས་ལས། དང་པོ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་སྔོན་འགྲོ་ནི། ཕོངས་སར་བཞག་རྐང་མཐིལ་སྤྲད་པ་པད་སྐྱིལ་ཏེ་གདན་ལ་བཅར་ཕབ། ལག་པ་གཉིས་ཀྱི་ཁུ་ཚུར་ནུ་མ་གཡས་པའི་ཟུར་ནས་བཞར་ཏེ་སྟེང་གི་ནམ་མཁར་བརྒྱངས་ཀྱིས་འཐེན་པ་དང་རླུང་ཕྱིར་འབུད་བསྟུན་པ་གསུམ་བྱེད། དེ་བཞིན་གཡོན། ཆ་མཉམ་དུ། དེ་ནས་རླུང་སྨད་དུ་སྡིག་པ་དང་ལྷན་དུ་ཁུ་ཚུར་ནུ་མ་གཡས་པའི་ཟུར་གཉིས་ནས་མར་བཞར་ཏེ་གསང་གནས་སུ་འདེད། དམིགས་པ་ནུ་མའི་ཏོག་ནང་དུ་ལོག་ནས་གསང་གནས་སུ་རྡོ་རྗེར་སོང་བར་བསམ་པ་གསུམ། དེ་བཞིན་གཡོན་དང་དབུས་སུའང་བྱ། མཐར་རླུང་ཁ་སྦྱར་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་ནུ་མའི་མཐའ་བསྐོར་ཞིང་བརྡུང་། གཡས་ནས་གསང་གནས་སུ་འདེད། དེ་བཞིན་གཡོན་དང་དབུས་སུ། དངོས་གཞི་ནི། འབེབས་གདན་ཁྲུ་གང་གི་སྟེགས་བུར། རླུང་རོ་བསལ། རྩེ་གཅིག་པའི་ཕྱག་རྒྱས་ནུ་མ་གཡས་པ་བཞར་ཏེ་སྤྱི་བོར་འཐེན་དུས་ལངས་ནམ་མཁར་བསྒྲེངས། ནུ་མ་དེ་སྤྱི་བོར་བརྒྱངས་ཀྱིས་འཐོན་པར་བསམ། ཕྱིར་ཙམ་ཐུབ་འཛིན། འབེབས་དུས་ཕྱག་རྒྱ་དེས་ནུ་མ་གཡས་ཟུར་དུ་ཤེད་དང་ལྡན་པས་དྲག་པོར་འདེད། ནུ་མའི་ཏོག་ནང་དུ་ལོག་ནས་གསང་བར་རྡོ་རྗེར་སོང་བར་བསམ་ལ་ཕོངས་རྡེབ། དེ་བཞིན་གཡོན་དང་དབུས་སུ་དེ་ཡང་ཡང་སྦྱོང་། རྗེས་ནི་པད་སྐྱིལ་གྱི་སྟེང་ནས་རྩེ་གཅིག་པའི་ཕྱག་རྒྱས་ནུ་མ་སྟོད་ནས་རིམ་གྱིས་ཐུར་དུ་འདེད་དོ། །དེས་ནུ་མ་རང་དག་ཏུ་སོང་བས་པདྨའི་ཟེའུ་འབྲུ་ཇེ་ཆེར་སོང་སྟེ་རྡོ་རྗེར་འགྱུར། འགྲམ་གཉིས་ཇེ་སྲིལ་ལ་སོང་སྟེ་འབྲས་བུར་འགྱུར་རོ། །བརྟག་གཉིས་ལས། ནུ་མ་སྤངས་པ་བོ་ལར་འགྱུར། །ཀཀྐོ་ལ་དབུས་ཡང་དག་ལྡན། །འགྲམ་གཉིས་དྲིལ་བུ་ཉིད་དུ་འགྱུར། །ཟེའུ་འབྲུ་བོ་ལ་ཅན་དུ་འགྱུར། །ལྷག་མ་བདག་ཉིད་ཆེན་པོ་ཉིད། །ཅེས་སོ། །གཉིས་པ་ལ། རླུང་སྦྱང་བ། འབྱོངས་ནས་ཆུ་འཐུང་ལ་བསླབ་པ། ཆ་ལག་བསྟན་པ་གསུམ་ལས། དང་པོ་ནི། པདྨ་སྐད་འདོན་གྱི་འཁྲུལ་འཁོར་ཏེ། གྱད་ཀྱི་བགྲད། སེང་གེའི་རྡེབ། སྟག་མོའི་འཛུམ་འདོན་ནོ། །དང་པོ་པད་སྐྱིལ་ལ་རྐང་མགོ་པདྨ་ནས་མཐོ་གང་ཙམ་པར་བཞག དེ་ལག་པ་གཉིས་ཀྱིས་བཟུང་རླུང་རང་འགག་བྱས་ཏེ་རྒྱ་མཚོ་གཡས་ནས་གཡོན་དུ་བདུན་བསྐོར། རླུང་ཞབས་མ་ལུས་པར་ཕྱིར་ཤེད་བསྐྱེད་ལ་འབུད། དེ་དུས་མཁལ་མ་གཉིས་ཀྱི་རླུང་སྟོད་དུ་འཐེན་པས་ཀ་བ་བཙུགས། མི་ཐུབ་པ་དང་ཀ་བ་མི་འགྱུར་བར་བྱས་བརྔུབས་ནས་མདུན་རླུང་དྲག་ཏུ་འཕུལ། ཡང་སྟོད་ལ་མཁལ་འཐེན་གྱིས་འཕུལ། ཡང་མདུན་དུ་བརྡབ་པ་ལན་གསུམ་རྗེས་སུ་རྐང་མགོ་བཟུང་བ་བགྲད་ལ་བཏེག་པ་དང་། ཕོངས་ས་ནས་འཕག་མཉམ་དུ་ཤེད་བསྐྱེད་ལ་བརྡབ་བོ། །དེ་བཞིན་གཡས། ཆ་མཉམ་དུ་གཉིས་པ་ཕོངས་སར་བཞག རྐང་པ་གཉིས་ཀྱི་བར་ལ་མཐོ་གང་ཙམ་ལ་པུས་མོ་ཙོག་པུར་བྱས་ལ་པུས་སྟེང་དུ་ཁུ་ཚུར་བཞག རང་འགག་གི་ངང་ནས་གསུས་པ་གཡས་ནས་གཡོན་དུ་ལན་བདུན་བསྐོར། ཁ་ནས་ཧེ་ཞེས་ཕྱིར་ཙམ་ཐུབ་ཙམ་ཅིག་བཟུང་། མི་ཐུབ་པ་དང་བརྔུབས་ལ་གཞན་འདྲ། པུས་མོ་དང་ཁུ་ཚུར་མ་བྲལ་བར་ཧར་ལངས་པུས་མོ་མ་གུག་པར་ཐང་གིས་བརྒྱངས་པའི་ངང་ནས་རྐང་པ་མདུན་དུ་ཤད་བརྐྱང་བ་དང་ཕོངས་བསྟན་ལ་ཤེད་བསྐྱེད་ལ་འབེབས་སོ། །གསུམ་པ་ཕོངས་ས་ལ་བཞག རྐང་པ་མདུན་དུ་གཤིབས། པུས་མོ་ཙོག་བྱས། ཕྱི་ནས་སོར་མོ་བསྣོལ་བས་འཁྱུད། རླུང་རང་འགག་གིས་གཡས་གཡོན་དུ་བསྐོར་བ་སོགས་དང་པོ་འདྲ། ཕོངས་བཏེག་ས་ལ་རྡེབ་པ་དང་མཉམ་དུ་པུས་མོ་གཉིས་ཀྱང་ཕྲད་བྱས་རླུང་མདུན་དུ་ཤེད་བསྐྱེད་ལ་འཕུལ་ལོ། །དེས་ཟླ་ཕྱེད་སྦྱངས་པས་ཕྱིའི་རྟགས་པདྨའི་སྟེང་གི་གསུས་ཆུང་ལ་རྩ་སྔོན་པོ་སྨྱུག་མ་ཙམ་གཅིག་གམ་གཉིས་གསུམ་གང་རིགས་འབྱུང་། དེ་ནས་གང་གི་འཁྲུལ་འཁོར་ལ་བསྐོར་རྡེབ་བཞག་ནས་ལུས་གནད་གང་གི་སྟེང་ནས་ཡིན་ཀྱང་ཕྱིར་འབུད་དྲག་པོ་དེ་དུས་མདུན་འཐེན། མི་ཐུབ་པ་དང་ནང་དུ་བརྔུབས་ལ་མདུན་རླུང་ཤེད་བསྐྱེད་ལ་ཐུར་དུ་འཕུལ་བ་ཞག་བདུན་སྦྱང་། ནང་རྟགས་སུ་རླུང་སྣ་ནས་བརྔུབས་པ་པདྨར་སྐད་དང་བཅས་འཐོན་པའོ། །གསང་རྟགས་སྲོག་ཐུར་འདྲེས་པས་ནད་ཀུན་ལས་ཐར་རོ། །གལ་ཏེ་འབྱོངས་དཀའ་ན་ལུས་སྐྱིལ་ཀྲུང་ལྷོད་དེ་བ། རླུང་བཟུང་ལྟོ་བ་གཡས་གཡོན་དུ་ལན་བདུན་བརྡབས། རླུང་ཕྱིར་འབུད་ཀྱིས་ཁ་ནས་སྒྲེགས་པས་འདོན་ནོ། །དེ་བཞིན་གཡོན་གཡས། དབུས་ལའང་བྱས་པ། རླུང་ཡར་སང་མར་སང་དུ་འགྲོའོ། །འབྱོངས་ནས་ཆུ་འཐུང་ལ་བསླབ་པ་ནི། ཆུ་བཟང་བྲེ་གང་ཙམ་གདུལ་ནས་ཕུལ་གང་དུ་སོང་བ་དེ་རྫའི་སྣོད་གཙང་མར་བླུག་ལ་དྲོད་ཡོད་ཙམ་གྱིས་བྷ་གའི་འོག་ཏུ་བཞག ལུས་གནད་སེམས་སྐྱིལ་ལག་པ་པུས་མོར་བཀབ་ནས་འདྲེན་པ། རུ་སྦལ་བསྐུམ་པའི་པུས་མོ་བགྲད་པས། པད་སྐྱིལ་གྱི་རྒྱུ་མ་ཁུགས་ནས་ལག་པས་འཛིན་པས། རྐང་བརྐྱང་གི་རྒྱུ་མ་ཁུགས་ནས་ལག་པས་འཛིན་པ། པུས་བཙུགས་ལག་པ་བརླ་སྟེང་དུ་བཞག་པས་འདྲེན་པ་ལྔ་གང་བདེ། རླུང་གནད་ཕྱིར་འབུད་ཀྱིས་འདྲེན་པ་ལ། སྔ་སོར་སྟེང་རླུང་འོག་ཏུ་མནན། དེ་ནས་རླུང་ཕྱིར་འབུད་དྲག་པོ་དང་བསྟུན་ལྟོ་བ་ཡར་འཐེན་པས་སོ། །རིགས་གཅིག་ལ་ཁ་ནས་ཕྱིར་འབུད་དང་བསྟུན་པས་འདྲོངས། རླུང་བྱང་བ་མདུན་རླུང་འཐེན་རྒྱབ་རླུང་མནན་པས་སོ། །འདྲོངས་ནས་ལྟོ་བ་བསྐོར་ཞིང་བརྡབས་ལ། སྟེང་རླུང་ཐུར་དུ་བསྡིགས་པས་འབོད། དེ་ནས་འོ་མ་ལ་བསླབ། དེ་ཁ་སྣ་གཉིས་ནས་འོང་བར་བྱ་བ། པདྨའི་ཐད་དུ་ལག་པ་རྡོ་རྗེ་ཁུ་ཚུར་གྱི་རྒྱབ་སྤྲད་དེ་བཙུགས། དྭངས་སྙིགས་འབྱེད་པའི་ཕོ་བསྐོར་ཕོ་རྡེབ་བྱས། རླུང་རང་བཀག་སྟེ་སྨད་དུ་བརྒྱངས་དེ་ནས་ཕོ་ཁར་བརྒྱངས། ཡང་སྨད་དུ། ཡང་ཕོ་ཁ། དེ་ལྟར་ལན་གསུམ་བྱས་པའི་རྗེས་ལ་ཕྱིར་འབུད་དྲག་པོ་དང་རྡོ་རྗེ་ཁུ་ཚུར་གཉིས་འཆུན་བསྐྱེད་ལ་སྤྱི་བོར་བརྐྱང་། མར་ལོག་སྣའི་ཐད་ཙམ་དུ་སླེབ་པ་དང་རླུང་བརྔུབས་མདུན་ནས་མར་སྔར་བཞིན་བཙུགས། དེའི་ངང་ནས་རླུང་དེ་སྟོད་ལ་ཤེད་བསྐྱེད་ལ་ཕུལ་བས་ཁ་སྣ་གཉིས་ཀར་འོང་། སྣ་བུག་སོ་སོར་འཐོན་པར་བྱེད་ན། རླུང་གཡས་རྒྱུ་དང་བསྟུན་པུས་མོ་ལག་ངར་ས་ལ་བཙུགས་ནས། པུས་མོ་གཉིས་ཀྱི་བར་ལ་བསྐུམ་ཁྲུ་གང་བཞག་པའི་པུས་མོ་གཡས་ཅུང་ཟད་མདུན་དུ་རིང་བར་བྱས། དེའི་འོག་ནས་ལག་སོར་བསྣོལ་བས་འཁྱུད། དྭངས་སྙིགས་འབྱེད་པའི་དུས་སུ་རླུང་རང་འགག དེ་སྟེང་དུ་ཐང་གིས་འཐེན། བར་དུ་བརྒྱངས། གཡས་ནས་གཡོན་དུ་ལན་གསུམ་བསྐོར། གཡོན་དུ་ལན་གཅིག་བསྐོར་བ་རླུང་སྣ་ནས་ཤེད་བསྐྱེད་ལ་གཡས་ཕྱོགས་སུ་འབུད་དོ། །དེ་སྣ་གཡས་ནས་འཐོན་འོང་། དེ་བཞིན་བཟློག་པས་གཡོན་དུའང་། དབུས་ནས་གཉིས་ཀར་ཡང་བྱའོ། །འདི་དག་གི་འཐེན་དུས་རླུང་གནད་འབའ་ཞིག་གིས་འཐེན་མ་ཐུབ་ན་ཐུར་མ་བཙུགས་རྒྱབ་ཐུར་ཀྱང་རླུང་གནད་འདི་རྣམས་ཀྱིས་ཐེ་མི་ཚོམ། །གསུམ་པ་ཆ་ལག་བསྟན་པ་ནི། སྐྱེས་པའི་གནོད་པ་བསྲུང་བའི་པདྨ་ཁ་སྡོམ་ལ་རྒྱུན་དུ་གསང་བའི་སྐྱིལ་ཀྲུང་བྱས། ལག་པ་རྡོ་རྗེ་ཁུ་ཚུར་བརྩེགས་པ་པུས་མོར། རླུང་ལྟེ་བར་མནན། པདྨའི་རླུང་ཡར་འཐེན་པའོ། །རྩ་རིགས་ངེས་ན་སོ་སོར་རྒྱས་པ་བཞིན་ནོ། །ཁུག་ཆོས་ཁ་མ་བྱེ་བ། སྤང་རྒྱན་ཁ་མ་བྱེ་བ། དྲིལ་ཤང་དཀར་པོ་ཁ་མ་བྱེ་བ་མེ་ཏོག་འབུས་ཙམ། བྱ་ཕོའི་ཨོག་ཞོལ། རྨ་བྱའི་མདོངས་རྣམས་ཞིབ་པར་བཏགས། ཕྱེད་མར་དང་སྦྱར་ཏེ་ཐུན་གསུམ་དུ་པདྨ་ལ་བྱུག ཕྱེད་རྩ་སྟོང་ལ་ཆང་དང་སྦྱར་ཏེ་ལྟོར་བཏང་ངོ་། །པདྨ་ཐེར་འབུད་ནི། འོག་སྒོ་གློད། མདུན་རླུང་མདུན་རང་ལ་བརྒྱངས་ནས་འཕུལ། ཡང་རླུང་བཟུང་ལ་མདུན་དུ་ཤེད་བསྐྱེད་ལ་འཕུལ། སྐྱེས་པའི་གནོད་པ་བྱུང་དུས་རྡོ་རྗེས་གླགས་མི་རྙེད་པའམ། ཆུད་ཀྱང་ནང་དུ་མི་འཆགས་སོ། །གཉིས་པ་རང་ལུས་བསྒྲུབ་པ་ལ། སྔོན་འགྲོ་ལག་པའི་སྦྱོར་བ། དངོས་གཞི་བོ་ལའི་སྦྱོར་བ། རྗེས་འདྲེན་འགྲེམས་འཁྲུལ་འཁོར་གྱི་གནད་གསུམ་ལས། དང་པོ་ནི། རྐང་པ་སེམས་སྐྱིལ་ལྷོད་བྱས། རང་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་པའི་གནས་གསུམ་བྱིན་བརླབ་གོ་བགོ ཨ་ལས་པདྨ་ཟེའུ་འབྲུ་སྲཱིཿམཚན་པ་ཕཊ྄་ཀྱིས་བུ་ག་བཀག་པ། མཐེབ་སྲིན་འཁོར་ལོ་སྡོམ་པ་སྐུ་མདོག་སྔོན་པོ་ཞལ་གཅིག་རྡོར་དྲིལ་ཐུགས་ཀར་བསྣོལ་བ་ཕྱག་རྒྱ་དྲུག་གིས་བརྒྱན་པ། སྟག་ཤམ་གྱི་མདུན་ནས་ཅུང་ཟད་གྲོལ་བས་འཁྱུད་པ་དེའི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཨོཾ་གྱིས་ནོར་བུ་མཚན་པ་ཕཊ྄་ཀྱིས་བུ་ག་བཀག་པ་སྙོམས་པར་ཞུགས་པར་བསྒོམས་ཏེ། དེས་པདྨ་མཉེས། ཁམས་གཡོས། བདེ་བའི་སྟེང་དུ་དྲན་ཤེས་མ་ཡེངས་པར་བྱས་པས་ལམ་དུ་བཏང་ངོ་། །གཉིས་པ་ནི། ཤིང་ཕོ་ཤིང་རང་གི་བྷ་ག་ལ་རན་པ་སྦོམ་ཕྲ་མཛུབ་མོ་ཙམ་པ་ཕྱི་ཐུམས་ཕྱིང་པ་རྡོ་རྗེའི་དབྱིབས་བྱས། དེར་ཚིལ་བཞུས་པའི་སྟེང་དུ། སྙིང་ཞོ་ཤ སྤ་མའི་ཁནྡ། གླ་རྩི། རུསྟ། ཁ་ཆེ། མེ་ཏོག་གླང་སྣ་དམར་པོ། རི་སྒོག་རྩ་དཀར་གྱི་རྩ་བ་ཡོད་ཙམ། སྒོག་གཅིག་ཕྱེད། རུསྟ། རྒྱ་ཚྭ། གོ་བོའི་བྲུན། དུང་སྲིན་མེད། གཡེར་མ་མཚོན་ཅིག་བཏབ་པ་བཏགས། ཕྱིང་པ་དེ་གཙོ། ཞལ་བ་ལྟ་བུར་བྱས་པ། དབྱར་ཡིན་ན་ལྡུམ་རའི་རྒྱ་ཤོ་རློན་པ་ཆར་གྱིས་ཚིམ་པའི་རྩ་བ་དང་རྐང་གི་བར་ན་དཀར་དམར་འདྲེས་པའི་འཇག་འཇོག་ཡོད་པ་དེའི་ནང་ལ་མཁྲང་བྱེད་དུ་སྨྱུག་མ་བརྫངས་པ་བྷ་ག་ལ་རན་པས་ཡབ་དང་ཡུམ་སྔར་བཞིན་རང་ངམ་གྲོགས་རིགས་མཐུན་གྱིས་སྐྱེས་པ་བཞིན་དུ་བསྐྱོད། བདེ་བ་ཆེར་སྐྱེས་པ་དྲན་ཤེས་ཀྱིས་མ་ཡེངས་པར་བྱའོ། །གསུམ་པ་ནི། འཛིན་ལྔ་སྦྱོར་བའི་འདུག་སྟངས་གང་ཡིན་གྱི་སྟེང་ནས་རླུང་སྤྱི་བོའི་བར་གང་བས་འཛིན། ཡང་སྟོད་དུ་བརྒྱངས་ལ་བཙན་ཐབས་བརྒྱབ་ལ་འཛིན། ཡང་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་ལ་དེར་ཁ་སྦྱར་གྱིས་འཛིན། ཡང་ལག་པ་གང་བདེ། རླུང་སྟེང་འོག་བར་གསུམ་ཁ་སྦྱར་ཕོ་བར་བཟུང་ལྟོ་བ་མདུན་དུ་ཕུལ་བས་འཛིན། ཡང་མདུན་རླུང་འཐེན་སྟེང་རླུང་བརྔུབ་པ་རྒྱབ་ཏུ་འཕུལ་བས་འཛིན། འདི་དག་འཁོར་ལོ་སོ་སོར་ཕབ་པ་རང་ས་ནས་བཟློག་པ་ལ་བྱ། གཞན་དུ་ཕྱི་མ་ཉིད་དོ། །དེ་ནས་འབྱེད་པ་ནི། རླུང་ཕོ་བར་བཟུང་སྟེ་ལུས་གཡས་གཡོན་དུ་བཅག ཕོ་བ་བཙུབས་ནས་རླུང་འཇམ་པོ་སུམ་བསྟུད་དུ་འབུད། མཐར་རླུང་བརྔུབས་ལ་ལྟོ་བ་བསྐོར་ཞིང་རྡེབ་གཙུབ་གང་ཐུབ་ཀྱིས་གཙུབ་པ། དེ་ནས་འདྲེན་བྱ་བ་ལ་རླུང་ཁ་སྦྱར་སྟོད་ལ་འཐེན་པ་དང་། ཕྱིར་འབུད་འཇམ་པོས་འདྲེན་པ་དང་། ཡང་ཕྱིར་འབུད་དྲག་པོས་འདྲེན་པའོ། །དེ་ནས་པདྨ་སྐད་འདོན་གྱི་འཁྲུལ་འཁོར་རྣམས་བྱའོ། །དེ་ནས་སྙིགས་མ་འབོད་པར་བྱེད་པའི་འཁྲུལ་འཁོར་བཞི་སྟེ། འབོད་ཆུང་། རུ་སྦལ་གན་རྐྱལ། རུ་སྦལ་ཁ་སྦུབ། འབོད་ཆེན་པོ། དང་པོ། ཙོག་པུ་པུས་མོ་ཕྱིར་བསྐྱེད་པའི་ཁར་ཁུ་ཚུར་བཞག འོག་གློད། སྟེང་རླུང་ཐུར་ལ་སྡིག ཕོངས་རྟིང་པ་ལ་འཆུན་ཆེ་བར་རྡེབ་པའོ། །གཉིས་པ་གན་རྐྱལ་དུ་ཡན་ལག་བསྐུམ་བྱས་སྟེ་རླུང་མནན་ཏེ་ཐུར་སྡིག གསུམ་པ་པུས་བཙུགས་ཀྱི་སྟེང་དུ་ཁུ་ཚུར་བཞག་ལ་སྟེང་རླུང་ཐུར་དུ་སྡིག དེ་དུས་པུས་མོ་ཕྲད་བྱེད་པའོ། །བཞི་པ་ནི། འབེབས་སྟན་གྱི་སྟེང་དུ་ཕོངས་བཞག་ལ་ལངས་དུས་ལག་པ་མཐེ་བོང་སྤྲེལ་བ་སྤྱི་བོར་འཐེན་པ་དང་རླུང་ཁ་སྦྱར་འཐེན་པ་མཉམ་དུ་བྱས། ལག་པ་རྒྱུ་ཞབས་གཡས་སུ་བསྣུན་པ། རླུང་སྡིག་པ། ཕོངས་རྡེབ་པ། རྐང་པ་བགྲད་པ་བཞི་མཉམ་དུ་བྱའོ། །དེ་བཞིན་གཡོན་དབུས་སུ། དེ་ནས་འགྲེམས་པ་ལ་དྭངས་འགྲེམས་སྙིགས་འགྲེམས། དྭངས་འགྲེམས་ལ་སྟོང་པར་གཉིས། དང་པོ། ལུས་སྐྱིལ་ཀྲུང་རླུང་རང་སོར་བཞག་པ་ཕྱིར་འགྲོ་བའི་ཚེ་པད་ཀྱིས་བཅད་ལ་གང་ཐུབ་ཀྱི་རིང་བཞག་པ་སྨད་རང་འདར་སིལ་གྱིས་འོང་། དེ་དུས་ལུས་སིལ་ལི་ལི་སྤྲུག བར་འགྲེམས། རླུང་ནང་དུ་གནས་པའི་མཚམས་བཅད་ལ་བཞག་པས་ལུས་འདར་སིལ་ལི་ལི་འོང་། དེ་དུས་ལུས་བྱིན་སྤྲུག་པའོ། །སྙིགས་མ་འགྲེམས་པ་ལ་སྟོད་སྨད་བར་གྱི་རྣམ་རོལ་གསུམ་རྐང་པ་སྐྱིལ་ཀྲུང་ལག་པའི་སོར་མོས་སྣ། མིག་རྣ་བ་ཁ་མཐེ་བོང་གིས་མགྲིན་པའི་རྦ་རླབས་ལྟེམ། རླུང་ཁ་སྦྱར་མགོ་ལ་འཐེན་ཞིང་བཟུང་ནས་མདུན་དུ་ཁུགས་ཚད་བཀུག ཡང་རྒྱབ་ཏུ་དགྱེད། རླུང་མི་ཐུབ་པའི་དུས་མགོ་དང་ལག་པ་མདུན་དུ་སྤྲུག རྗེས་སུ་རླུང་གང་འབུད་ཐུབ་པ་གསུམ་སྟོད་ཀྱི་རྣམ་རོལ། སྐྱིལ་ཀྲུང་ལག་གཉིས་བསྣོལ་བས་མཆན་རྩ་བསྡམ། སྐེད་པ་གཡས་གཡོན་དུ་བསྐོར། མཐར་ལུས་སི་ལི་སྤྲུག་པ་བར་གྱི་རྣམ་རོལ། སྐྱིལ་ཀྲུང་ལག་གཉིས་མཁལ་རྩ་མནན་ནས་སྐྱིལ་ཀྲུང་དང་ཕོངས་རེ་མོས་རྡེབ། མཐར་རྡེབ་པ་སྨད་ཀྱི་རྣམ་རོལ། དེའི་མཐར་རླུང་བུམ་པ་ཅན་ཁ་རེ་སྒོམ་ཤེས་པ་ཕྱག་ཆེན་གྱི་རྩིས་གཟུང་སྟེ་མཉམ་གཞག་རྒྱུན་ཅི་རིང་བསྐྱང་ངོ་། །གསུམ་པ་གཞན་ལུས་བསྒྲུབ་ཆེན་བཤད་པ་ལ། སྔོན་འགྲོ་དཔའ་བོ་བརྟག་དགུག དངོས་གཞི་མཉམ་པར་སྦྱོར་བ། རྗེས་ལམ་དུ་འཁྱེར་བའི་གནད་བཤད་པ་གསུམ། དང་པོ་ནི། རང་ཉིད་ཀྱི་རིགས་ངེས་པས་རིགས་ཀྱི་རྗེས་སུ་འགྲོ་བའི་དཔའ་བོ་མ་རྙེད་ན་ལང་ཚོ་ལ་གནས་པ་སུ་ཡང་རུང་ངོ་། །དགུག་པ་ནི། རྫས་སྔགས་ཏིང་འཛིན་བསྙེན་བཀུར་སོགས་ཀྱིས་སོ། །གཉིས་པ་ནི། དེ་དང་ཆགས་པའི་སྤྱོད་པ་སྣ་ཚོགས་ཀྱིས་བདེ་བ་བསྐུལ། འཁོར་ལོ་སྡོམ་པ་དང་རང་རྣལ་འབྱོར་མར་བསྐྱེད་མཁའ་གསང་བྱིན་གྱིས་བརླབ་པར་བྱ། རང་རྩ་བཟང་ན་དེའི་རྡོ་རྗེའི་བུ་གར་བཅུག་དལ་བུར་བསྣུན་པས་བདེ་བ་མི་བཟོད་པ་སྐྱེ། གལ་ཏེ་རྩ་ངན་ན་དེའི་ནོར་བུས་འགྲམ་ཡུན་རིང་དུ་མཉེས་ཏེ་ནང་དུ་གཞུག དེ་ནས་དལ་བུར་བསྐྱོད་དུ་བཅུག་པ་རླུང་ནུས་ཞན་ན་བདེ་བ་སྤྱི་བོར་སོགས་ནས་བཟློག་སྟེ་རིམ་པས་ཇེ་མར་ཕབ། མགྲིན་འཁོར་དུ་དགའ་བ། སྙིང་གར་མཆོག་དགའ་ལྟེ་བར་ཁྱད་དགའ། གསང་བར་ལྷན་སྐྱེས། དུས་ཀྱི་སྐད་ཅིག་མ་བཞི། ཡུལ་གྱི་སྟོང་བཞི་རྟོགས་པར་བྱའོ། །ནུས་པ་དང་རྩ་རིགས་བཟང་ན་གསང་རྩེ་ཕྲད་སར་ཕབ། དེ་དུས་སྟོང་པ་ཉིད་ལ་གཞག་པས་བདེ་བ་དེ་རྣམ་བཅས་སུ་ལྡང་། དེ་དཔེའི་ཡེ་ཤེས། དེ་ཀས་རང་འཆིང་། མེད་ན་རྩོལ་བའི་འཛིན་སོགས་བྱ། དེ་ནས་དེ་དུས་ཀྱི་བདེ་བ་མཚོན་བྱེད་དུ་བྱས་ན་ཕྱག་རྒྱ་དང་བྲལ་བའི་སྐབས་ཐམས་ཅད་དུ་དེ་བསྒོམ་ཞིང་དེས་སྣང་བ་གང་ཤར་དེའི་རོལ་པར་ཁྱེར་རོ། །དེ་ཡང་ཡང་སྦྱངས་པ་ཇི་ཞིག་ན་རྣམ་མེད་ཀྱི་བདེ་བ་ཆེན་པོ་རྟོགས་ཏེ་རླུང་སེམས་དབུ་མར་ཐིམ་མོ། །དབང་པོ་རྣོ་ན་སྐད་ཅིག་མ་དེར་འཚང་རྒྱ་ལ་འབྲིང་ན་སྟན་ཐོག་གཅིག་ཏུ་ས་ལམ་རྫོགས་ཤིང་། རཏལ་ནས་དང་པོ་ནས་རིམ་གྱིས་སོ། །གསུམ་པ་ལ། འདུག་སྟངས་དང་། རྗེས་ཤེས་ལམ་དུ་ཁྱེར་བ་གཉིས། དང་པོ་ནི། སྦྱོར་དུས་ཀྱི་འདུག་སྟངས་དྲུག་སྟེ། ཉི་མ་དག་བྱེད་ནི། རང་གན་རྐྱལ་ལག་པ་བརླའི་ནང་ནས་མར་བཏང་ཕྱིར་འཁྱུད་ལ་རྐང་པའི་མཐེབ་ཆེན་འཛིན་པའི་སྟེང་དུ་ཡབ་བཞག་པས་སོ། །རཀྟ་གྱེན་འདྲེན་ནི། རང་གན་རྐྱལ་གྱི་སྟེང་དུ་ཡབ། རང་གི་རྐང་པ་དེའི་རྒྱབ་ཏུ་བསྣོལ་བའི་མཐེ་བོང་ནས་ལག་པས་བཟུང་། རུ་སྦལ་ཁ་སྦུབ་ནི། རང་སྟེང་དུ་གནས་པའི་པུས་མོ་བཙུགས། ལག་པའི་གྲུ་མོ་གཉིས་ཡབ་ཀྱི་བྲང་ཁར་བཅར་གྱིས་ཕབ་པའོ། །རུ་སྦལ་གན་རྐྱལ་ནི། དེ་བཟློག་པའོ། །བགྲད་པའི་སྦྱོར་བ་ནི། རང་དང་དེའི་གསང་གནས་སྤྲད་པའི་རྐང་པ་བརྐྱང་པས་སོ་སོར་དགྱེད་པས་ལུས་ཀུ་རུ་ཁར་སོང་བ། བརྐྱང་བའི་སྦྱོར་བ་ནི། རང་གི་རྐང་པ་བརྐྱང་བའི་ཁར་ཡབ་ཀྱི་ཕོངས་བཞག་ལ་རྐང་པ་བརྐྱང་སྟེ་བསྐྱོད་པའོ། །གཉིས་པ་ནི། འཛིན་དང་པོ་ཉི་མ་དག་བྱེད་བཞིན་ལ། འཇམ་རླུང་ཕྱིར་ཙམ་ཐུབ་འཛིན། དབང་སོགས་གྱེན་དུ་བཟློག་གོ །མི་ཐུབ་པ་དང་ནང་དུ་བརྔུབས་ལ་བསྡིགས་བསྐྱུར་བྱས། མདུན་དུ་ཕུལ་ཙམ་བྱས་པའི་ངང་ནས་འཇམ་རླུང་ཕྱིར་ཙམ་ཐུབ་འཛིན་པ། ཡང་ན་ཕྲ་མཚམས་ནས་པུས་མོའི་ཕྱི་ཟུར་གཉིས་ནས་བཏང་བས་བཟུང་། ཁ་ནས་ཧ་ཞེས། གཞན་སྔ་མ་བཞིན། ཡང་ཡབ་ཀྱི་དཔྱི་མགོའི་སྟེང་དུ་རང་གི་ལག་པ་བསྣོལ། རྐང་མགོ་གཉིས་བཟུང་། རླུང་ཕྱིར་ཤེད་བསྐྱེད་ལ་ཕུལ། མི་ཐུབ་པ་དང་ཧབ་ཀྱིས་ཁ་ནས་བརྔུབ་སྙིང་ག་ཡན་དུ་གཟུང་། སྨད་ཀྱི་རླུང་ཞབས་དེ་སྟོད་དུ་ཐང་གིས་འཐེན། སྟོད་ཀྱི་རླུང་སྣ་གཉིས་ནས་ཕྱིར་ཤེད་བསྐྱེད་ལ་འཕུལ་ཕྱིར་ཙམ་ཐུབ་འཛིན། དབང་སོགས་གྱེན་དུ་བཟློག འབྱེད་འདྲེན་འབོད་པ་རང་ལུས་ལས་བྱུང་བ་བཞིན་བྱས་པའི་མཐར། སྲིད་སྲུང་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ། དང་པོ་འབེབས་སྟན་ཀུན་རྫོགས་བཞིན་ལ་རྐང་པ་གཉིས་ཀྱི་བར་དུ་ཁྲུ་གང་ཡོད་པ་བྱས། རླུང་བཟུང་ཡར་ཧར་གྱིས་ལངས་རླུང་ཤེད་བསྐྱེད་ལ་འབུད། ལག་པ་རྡོ་རྗེ་ཁུ་ཚུར་གན་རྐྱལ་གྱིས་རོ་བརྐྱང་བཤུད་དེ་སྤྱི་བོར་བརྐྱང་གཡས་གཡོན་དུ་གཅུས་ཏེ་རླུང་སེམས་བསྲེས། མི་ཐུབ་པ་དང་བརྔུབས། འོག་སྒོ་གཉིས་སུ་ཤེད་བསྐྱེད་ལ་འཕུལ། ལག་པ་རྡོ་རྗེ་ཁུ་ཚུར་ཁ་སྦུབ་པས་རོ་བརྐྱང་མར་བཤུད། མདུན་དུ་འབེབས་པ་དང་ཕོངས་རྡེབ་པ་བསྟུན། འདི་ཕྱི་དྲོ་ནས་བསྟན། དེའི་དགོང་བརྒྱ། སང་ཞོགས་ཉིས་བརྒྱ། དེ་དགོང་བཞི་བརྒྱ། དེའི་སང་བརྒྱད་བརྒྱ། དེའི་དགོང་སྟོང་ར་ཅན་ནོ། །འབེབས་པ་དེའི་སང་ཞོགས་རྩེག་དུས་བཞིན་ཚུར་ཉུང་བས་འབེབས་སོ། །གཉིས་པ་ནི་ལུས་གནད་གོང་བཞིན་ལ། ཆུ་རྡོ་ཁྱུད་གང་སྒོར་མོར་ཡོད་པ་གཉིས་ཆུ་ལ་སྦངས་མཁལ་ཁུང་གཉིས་སུ་བཅུག་སྐ་རགས་ཀྱིས་བསྡམས། འབེབས་ཞག་བདུན་གྱི་བར་ཞོགས་བརྒྱ་དགོང་བརྒྱ་བྱེད་པའོ། །གསུམ་པ་ནི། ལས་ལ་སྦྱར་བའི་ཚེ། སྐྱེས་པ་དང་མ་བྲལ་རིང་ལུས་གནད་གང་བདེ་ལ་རླུང་ཕྱིར་འབུད་ཙམ་ཐུབ་འཛིན། མི་ཐུབ་པ་དང་སྟོད་དུ་བརྔུབས། ཡང་ཕྱིར་ཕུ་ཕྱིར་འཛིན་དམིགས་པ་པདྨའི་ནང་དུ་རལ་གྲི་མེ་འབར་བ་བསྒོམ། ཕོ་རོག་ཉུང་མའི་ལོ་མའི་གྲང་ཐང་བཏང་། འགྲེམས་རླུང་དང་བསྲེ་བ། མཐར་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་གཞག་པས་སྦྱོར། བུད་མེད་ལ་དམར་ཆ་ཤས་ཆེ་བས་འདྲེན་མི་དྲག འབོད་འབྱེད་འབེབས་གསུམ་གཙོ་བོར་བྱའོ། །དབང་བཞི་པ་དང་སྤྱོད་པ་ཕོ་ཁྲིད་ཇི་བཞིན་ནོ། །དེ་ལྟར་མཚན་ལྡན་གྱི་བུད་མེད་རྡོ་རྗེ་ཕག་མོར་བཙན་ཐབས་སུ་སྦྱོར་བའི་ཞལ་གདམས་མཁའ་འགྲོའི་མྱུར་ལམ་འདི་ཡང་ཡར་འདྲེན་བྱང་ཆུབ་སྨན་ལྗོངས་ཞེས་བྱ་བའི་དབེན་གནས་ཉམས་བདེ་བར། ཀུན་སྤངས་རྗེའི་རིགས་དབོན་ཆོས་དཔོན་མ་ཆོས་ཀྱི་དཔལ་འདྲེན་གྱིས་བསྐུལ་བ་ལྟར་པདྨ་དཀར་པོས་སྦྱར་བའོ། །འདིར་ཞུགས་པ་ཐམས་ཅད་ཀྱང་རྡོ་རྗེ་ཕག་མོའི་གོ་འཕང་དམ་པ་ཚེ་འདི་ཉིད་ལ་ཐོབ་པར་གྱུར་ཅིག། །།སརྦ་མངྒལཾ།།


previousམོ་ཁྲིད་མཁའ་འགྲོའི་མྱུར་ལམ།no next