Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

1 occurrence of འབེན་ར་
[Clear Hits]


  
  
  
  
  
  
 
དུད་སོལ་རིགས་བཞིའི་སྒོ་ནས་འཕྲིན་ལས་བཞི་སྒྲུབ་དཔག་བསམ་གྱི་འཁྲི་ཤིང་།
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འབེན་ར་
[Clear Hits]

 
previousདུད་སོལ་རིགས་བཞིའི་སྒོ་ནས་འཕྲིན་ལས་བཞི་སྒྲུབ་དཔག་བསམ་གྱི་འཁྲི་ཤིང་།next

དུད་སོལ་རིགས་བཞིའི་སྒོ་ནས་འཕྲིན་ལས་བཞི་སྒྲུབ་དཔག་བསམ་གྱི་འཁྲི་ཤིང་།

དུད་སོལ་རིགས་བཞིའི་སྒོ་ནས་འཕྲིན་ལས་བཞི་སྒྲུབ་དཔག་བསམ་གྱི་འཁྲི་ཤིང་བཞུགས་སོ། །ཡོན་ཏན་རེ་རེའི་ཚད་ཀྱང་མཁའ་མཉམ་པའི། །ཡེ་ཤེས་གོ་ས་ཆེན་པོར་གཤེགས་པའི་རྗེ། །མཚུངས་མེད་མཐུ་སྟོབས་ཞབས་མཐིལ་ལས་ཟགས་པའི། །དམར་བའི་ལི་ཁྲིས་སྤྱི་བོར་བདེ་ལེགས་མཛོད། །ཞི་རྒྱས་དབང་དང་མངོན་སྤྱོད་ཕྲིན་ལས་སོགས། །རང་འདོད་སྦྱིན་ལ་ཡིད་བཞིན་ནོར་བུ་དང་། །ཡོངས་འདུའི་ཤིང་གིས་མི་འགྲན་བཅོམ་ལྡན་མ། །དུད་སོལ་ལྷ་མོའི་གཙོ་དེས་བྱིན་གྱིས་རློབས། །འདི་ན་ཕལ་ཆེར་ཅལ་བརྒྱུགས་ཡོས་གུམ་ཕྱིར། །ངེས་གསང་རོ་བརྒྱའི་ཁ་ཟས་རྦབ་ཏུ་གྲིལ། །དེ་དག་བསམ་གྱིན་རི་དྭགས་མིག་ཅན་མ། །ཟབ་མོའི་མན་ངག་ལ་འདུན་སྔོན་བསགས་མཐུ། །དྲེགས་པར་བསྔགས་ཤིང་གྲགས་ལྡན་སྲུང་མའི་ཚོགས། །བོང་བ་ཇི་བཞིན་གངས་རིའི་ཁྲོད་འདིར་མོད། །སྙིང་ནས་རྟོགས་དང་མཐུ་རྩལ་འབྱིན་པ་ལ། །ཁམས་གསུམ་བདག་མོ་འདི་མཉམ་ག་ན་ཡོད། །དེ་ཕྱིར་དྭངས་བའི་རིན་ཆེན་བུམ་བཟང་དུ། །སྙིང་གི་ཐིག་ལེ་ཞུ་བའི་བདུད་རྩི་འདི། །བསྐྱིལ་ནས་ར་ས་ཡ་ནར་གང་གིས་སྤྱད། མི་དེ་དངོས་གྲུབ་མ་ལུས་གེགས་མེད་འགྲུབ།། འཕྲིན་ལས་བཞི་བསྒྲུབ་པ་ལ་དབང་ཕྱུག་ཆེན་པོའི་གནས་ཐོབ་པར་འདོད་ན། བཅོམ་ལྡན་འདས་དུད་སོལ་རིགས་བཞིའི་བསྒྲུབ་པ་ལ་འཇུག་པར་བྱ་སྟེ། དཀར་མོ་ལ་བརྟེན་ནས་ནད་གདོན་ཞི་བའི་ཚེ་སྒྲུབ། སེར་མོ་ལ་བརྟེན་ནས་འཛད་པ་མེད་པའི་ནོར་སྒྲུབ། དམར་མོ་ལ་བརྟེན་ནས་དབང་དུ་སྡུད་པ་སྒྲུབ། ནག་མོ་ལ་བརྟེན་ནས་དྲག་པོའི་ལས་སྒྲུབ་པ་དང་བཞི་ལས། དང་པོ་ནི། མཆོད་རྫས་གཏོར་མ་དང་བཅས་པ་བཤམས། བདེ་བའི་སྟན་ལ་འདུག་སྟེ། རང་ཉིད་ཀྱི་གསང་གནས་ཀྱི་འཁོར་ལོའི་ཐབ་ཁུང་དུ་ཨ་ཤད་ལས་མ་མོའི་ཚོགས་ཀྱི་དབང་ཕྱུག་མ་ཞི་བའི་སྐུ་ཅན་དཀར་པོ་ཞལ་གྱེན་དུ་གདངས་པ་འབར་བའི་མེའི་རང་བཞིན། སྤྱི་བོར་ཧཾ་ལས་བདུད་རྩི་གོང་བུ་འཁྱུགས་པ། སྙིང་ནང་དུ་སྡིག་སྒྲིབ་ཀྱི་ས་བོན་ཀཾ་ལས་ཕུང་པོ་ཉོན་མོངས་ལྷ་དང་འཆི་བདག་གི་བདུད་བཞི་མི་སྡུག་པའི་གཟུགས་ཅན་ཁྲོ་ཞིང་གཏུམ་པ། བརྐྱང་མའི་བླུགས་གཟར་གྱིས་བླངས། རོ་མའི་དགང་གཟར་དུ་བླུག བཅོམ་ལྡན་འདས་མའི་ཞལ་དུ་ཕུལ་བས་བཞེས། མེའི་དྲོད་ཀྱིས་སྤྱི་བོའི་བདུད་རྩི་བཞུ་བའི་རྒྱུན་གྱིས་ནད་ཐམས་ཅད་རྣག་ཁྲག་གི་རྣམ་པར་རྐང་པའི་མཐེ་བོང་ཚུན་དུ་དེད་པས། དེ་ནས་ཕྱིར་འཐོན་ལུས་དྲི་མ་མེད་པར་གྱུར་པའི་བདུད་རྩི་ལྷ་མོས་གསོལ་བས་མཉེས་ཏེ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མེར་འབར་བས་རྣམ་སྨིན་གྱི་ལུས་ཐལ་བ་ཙམ་དུ་ཡང་མ་ལུས་པར་བསྲེགས། ཨོཾ་བཾ་སྭཱ་ཧཱ་ཞེས་བརྗོད་པས་པདྨའི་གདན་ལ་རང་ཉིད་ཟླ་བ་ཆུ་ཤེལ་གྱི་བུམ་པ་བཟང་པོ་དཔག་བསམ་གྱི་མེ་ཏོག་དང་འདབ་མས་བརྒྱན་པ། ནང་དུ་ཟླ་བ་ལ་བཾ་བདུད་རྩི་འཛག་པས་བུམ་པ་མས་རིམ་གྱིས་འགེངས་པ། མདུན་གྱི་ནམ་མཁར་མ་མོའི་ཚོགས་ཀྱི་དབང་ཕྱུག་མ་དཀར་མོ་འོད་ཟེར་གྱི་སྣང་བ་མཆོག་ཏུ་འབར་བ་བཅུ་གཉིས་ལོན་པའི་ལང་ཚོ་ཅན། ནུ་འབུར་རྒྱས་ཤིང་སྐད་པ་ཕྲ་བ། མཛེས་སྡུག་མཚུངས་པ་མེད་པ་རིན་པོ་ཆེ་དང་མེ་ཏོག་དཀར་པོས་སྤྲས་པ། རྩ་བའི་ཕྱག་གཉིས་ལྷན་ཅིག་པས་ཆུ་ཤེལ་གྱི་བུམ་པ་ལྷའི་བདུད་རྩིས་གང་བ་བསྣམས་ཤིང་། །འོག་མ་སྐྱབས་དང་མཆོག་སྦྱིན་པའི་ཕྱག་རྒྱ་ཅན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཨོཾ་བ་དཱ་ར་དྷཱུ་པདྒཱ་རི་ཨཱརྒྷཾ། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱིཙྪ་ཧཱུྃ། ཟླ་བ་ཆུ་ཤེལ་གཟུགས་ཅན་བཅོམ་ལྡན་མ། །བདུད་རྩི་འོད་ཀྱི་རྦ་རླབས་ཅི་ཡང་གིས། །སྡིག་སྒྲིབ་བདུད་གདོན་ནད་རྣམས་ཞི་བྱེད་པ། །ཁྱོད་ཀྱི་ཐུགས་རྗེས་བདག་ལ་བདེ་ལེགས་མཛོད། །ཅེས་བསྟོད། དེའི་ཐུགས་ཀ་ནས་འོད་འཕྲོས་འཇིག་རྟེན་ཁམས་ཀྱི་ཚེ་ཤེས་རབ་བསོད་ནམས་ཐམས་ཅད་བསྡུས། ཕྱག་གི་བུམ་པར་ཐིམ། དེ་ལུས་དམ་ཚིག་གི་བུམ་པར་གསལ་བའི་ནང་དུ་ལྷག་མ་མེད་པར་བྱོ་བས་དམ་ཚིག་དང་ཡེ་ཤེས་འདྲེས་པ་འཆི་བ་མེད་པའི་བདུད་རྩིར་གྱུར་པ་ཆི་ལི་ལི་ལུད་པ་འགྲོ་བ་ཐམས་ཅད་ཀྱིས་འཐུངས་ཤིང་བཀྲུས་པས་སྡུག་བསྔལ་དང་མྱ་ངན་ཡིད་མི་བདེ་བ་ཐམས་ཅད་དག་ཅིང་འཆི་བ་མེད་པའི་ཚེ་གྲུབ་པར་བསམ་སྟེ། བཾ་ཨ་མཱ་ར་ཎི་ཛཱི་ཝནྟཱི་ཡེ་སྭཱ་ཧཱ། ཞེས་འབུལ་ཕྲག་བཞིར་བཟླས། མཐར་གཏོར་སྣོད་བྷཉྫྱ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་ཧ་ཧོཿསྲཱིཿཧས་གཏོར་མའི་ཁ་དོག་གསེར་ཞུན་མ་ལྟ་བུ། ཧོཿས་དྲི་ངན་པ་བཅོམ་ནས་དྲི་བཟང་པོ་སི་ལྟ་བུ། སྲཱིཿས་རོ་ངན་པ་བཅོམ་ནས་རོ་ཕུན་སུམ་ཚོགས་པ་ལྷའི་བདུད་རྩིར་གྱུར་པར་བསམས་ལ། ཨོཾ་བ་དྭ་ར་དྷཱུ་མདྒཱ་རི་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ་གྱིས་ཕུལ། ཏིལ་མར་མའི་བསྟོད་པ་བརྒྱ་རྩ་གཅིག་ཙམ་བརྗོད་པར་བྱའོ། །མཐར་བཅོམ་ལྡན་འདས་མ་མདུན་གྱི་བུམ་པར་ཐིམ། དེ་ཉིད་འཆི་བ་མེད་པའི་གཟུགས་བཾ་ཡིག་ཏུ་བརྟགས་ཏེ། དམིགས་པ་མེད་པའི་ཤེས་རབ་མའི་ཞལ་བལྟའོ། །རྗེས་མཐར་ཐུག་གི་ཚེ་འགྲུབ་པའི་རྒྱུར་དགེ་བ་བསྔོའོ། །གཉིས་པ་ནི། རིན་པོ་ཆེ་དང་སྨན་འབྲུ་དར་ཟབ་གཟུངས་སུ་བྱས་པའི་རྟེན་གཏོར། མཆོད་གཏོར། མཆོད་རྫས་དང་བཅས་པ་བཤམ། སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་དང་མི་འབྲལ་བར་འདོད་པའི་དགའ་བའི་སེམས་ཀྱིས་དེ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རྒྱས་པའི་ལས་བསྒྲུབ་པར་བྱའོ་སྙམ་པས། བདག་ཉིད་ལྷག་པའི་ལྷར་སྐད་ཅིག་གིས་གསལ་བཏབ། །མདུན་དུ་རྟེན་གཏོར། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨྨུཿསྭ་བྷཱ་ཝ་ཤུདྡྷཱོ་ཧཾ། སྟོང་པའི་ངང་ལས། དགོས་འདོད་ཐམས་ཅད་འབྱུང་བ་ཡིད་བཞིན་གྱི་ནོར་བུའི་ས་གཞིར་རིན་པོ་ཆེའི་དཔག་བསམ་གྱི་ཤིང་ལ་རྒྱབ་བརྟེན་པ། ཨཾ་ལས་མ་མོའི་ཚོགས་ཀྱི་དབང་ཕྱུག་མ་གསེར་བཙོ་མའི་མདོག་ལྟ་བུ། ཞལ་བཞད་པའི་ཉམས། སྤྱན་གསུམ་ཅུང་ཟད་ཟླུམ་པ། ཕྱག་གཡས་པ་གཉིས་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དང་དཔག་བསམ་གྱི་ཤིང་། གཡོན་བུམ་པ་བཟང་པོ་དང་འདོད་འཇོའི་བ། ཨུཏྤལ་དང་རིན་པོ་ཆེས་བརྒྱན་པ། གཅེར་བུ་ཆགས་པ་རྒྱས་པའི་ཉམས་ཅན། །ཞབས་བགྲད་པའི་མཐིལ་ཨ་པ་ར་ཙི་ཏ་ཁྱོ་ཤུག་ནོར་བུ་སྐྱུག་པའི་ནེའུ་ལེའི་གཟུགས་ཀྱི་སྤྱི་བོ་དང་ལག་པས་པདྨ་བརྟེན་པ། མདུན་དུ་ཀླུའི་རྒྱལ་པོ་རྒྱ་མཚོ་ཡིད་བཞིན་གྱི་ནོར་བུས་སྤྲས་པའི་གདེང་ཀ་བདུན་གྱིས་བརྗིད་ཅིང་ལག་ན་རིན་པོ་ཆེའི་གཞོང་པ་འཛིན་པ། བཅོམ་ལྡན་འདས་མའི་བཀའ་སྒྲུབ་པ་པོ་འདི་འདོད་པའི་རིན་པོ་ཆེ་ཐམས་ཅད་སྦྱིན་ཞིག ཅེས་བསྒོ་བ་ཐོད་དུ་བཀུར་ཞིང་ནོར་བུའི་ཁྲོན་པ་ནས་ལུས་ཕྱེད་སྣང་བ་གསལ་བཏབ་ནས། ཨོཾ་པཱ་རི་དྷཱུ་མདྒཱ་རི་ཨཱརྒྷཾ་པཱ་དྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྟ་པྲ་ཏིཙྪ་ཧཱུྃ། སྐྱེ་བོ་གཏེར་དང་རིན་ཆེན་ཁ་ཟས་ཀྱི། །ཟད་མེད་ཚིམ་བྱེད་ནམ་མཁའི་མཛོད་མངའ་བའི། །མ་མོའི་ཚོགས་རྗེ་སྲིད་གསུམ་ཚོགས་ཀྱི་བདག །ལྷ་མོ་མཆོག་གི་ཞབས་ལ་ཕྱག་འཚལ་ལོ། །དེའི་ཐུགས་ཀར་རིན་པོ་ཆེ་ཆ་དགུ་པའི་ཁོངས་སུ་ཨཾ་དེ་ལས་འོད་ཟེར་སེར་པོ་འཕྲོས་པས་རིན་པོ་ཆེའི་རིགས། གོས་མལ་ཆ། དར་ཟབ། ཇ། བཟའ་བཏུང་། སྨན། འབྲུ། མདོར་ན་ཕུན་སུམ་ཚོགས་པའི་འབྱོར་པ་ཐམས་ཅད་བསྡུས། ཞལ་ནས་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྦྱར་བ་བྷ་ག་ནམ་མཁའི་ཁམས་ནས་བདག་ཅི་འདོད་པའི་ལོངས་སྤྱོད་མོད་ལ་ཆར་བཞིན་དུ་འབེབས་པས་རང་གི་ཁང་ཁྱིམ་ཡུལ་འཁོར་ཐམས་ཅད་གང་བར་གྱུར་པར་བསམ་སྟེ། །ཨོཾ་མ་མ་ཏི་རོ་ལུ་རོ་ལུ་ག་ག་ན་གཉྫྱ་སིདྡྷི་མེ་པྲ་ཡཙྪནྟུ། ཞེས་བཟླས་པས་ནམ་མཁའི་མཛོད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །མཐར་གཏོར་མ་བྱིན་གྱིས་བརླབས། ཨོཾ་པཱི་ར་དྷཱུ་མངྒཱ་རི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་ཕུལ། ཏིལ་མར་མས་བརྒྱ་ཙ་ཙམ་བསྟོད། མཐར་དམིགས་པ་མེད་པའི་ཤེས་རབ་ཀྱི་ངང་ལ་བཞག་དགེ་བ་མི་ཟད་པའི་ལོངས་སྤྱོད་སེམས་ཅན་ལ་སྤེལ་བའི་ཆེད་དུ་བསྔོའོ། །གསུམ་པ་ནི། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་རྗེས་སུ་ཆགས་པས་དེ་དག་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཕྱིར་དབང་གི་ལས་བསྒྲུབ་པར་བྱའོ་སྙམ་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿསྭ་བྷཱ་ཝ་ཤུ་དྡྷཱོ་ཧཾ། རང་ཉིད་ཨཾ་ཡིག་ལས་མ་མོའི་ཚོགས་ཀྱི་དབང་ཕྱུག་མ་འཆར་ཀའི་འོད་ཀྱིས་འཁྱུད་པའི་བྱུ་རུའི་རི་བོ་ལྟ་བུའི་སྐུ། བརྒྱད་གཉིས་ལོན་པ། རྣམ་པར་སྒེག་ཅིག་ཞལ་མཆེ་བ་གཙིགས་པ་ལྗགས་འདྲིལ་བ། སྤྱན་གསུམ་དམར་ཟླུམ་ཁྲོ་ཞིང་གཏུམ་པ། ཕྱག་རྒྱ་ལྔ་དང་ཐོད་པ་སྐམ་པོའི་ཅོད་པན། རློན་པའི་དོ་ཤལ། སྟག་ཤམ་ཅན། ཕྱག་གཡས་གཉིས་ལྕགས་ཀྱུ་ལྕགས་སྒྲོག གཡོན་གཉིས་རྡོ་རྗེའི་ཞགས་པ་དང་དྲིལ་བུ་འཛིན་པ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་རོའི་སྙིང་གར་ཉི་མ་ལ་རོལ་པ། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས་མཚན་པ། ཙིཏྟའི་དབུས་ན་ཨཾ་སྔགས་ཀྱི་འཕྲེང་བས་བསྐོར་བས། ཐུགས་ཀ་ནས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་བཅོམ་ལྡན་འདས་མ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ལོ་ཧི་ཏ་དྷཱུ་མདྒཱ་རི་ཨརྒྷཾ་ནས་ཤཱུའི་བར་གྱིས་མཆོད། །དབང་ཕྱུག་ཚངས་པ་ཡིད་སྲུབས་ནོར་ལྷ་སྐྱོང་བ་བཞི་དང་ལྷ་མིན་དང་། །འཁོར་ལོ་བསྒྱུར་རྒྱལ་གདེངས་ཅན་དབང་དང་གཤིན་རྗེའི་བདག་པོ་སྡེར་བཅས་པ། །དབང་དུ་སྡུད་མཛད་ཉི་མ་འཆར་ཀའི་དབུས་སུ་བྱུ་རུའི་རི་ཞུགས་ལྟར། །ལྷག་པར་བརྗིད་པའི་གཟི་ཆགས་ཁྱོད་ཀྱི་བདག་ལ་རྗེས་བརྩེར་མཛད་དུ་གསོལ། །ཞེས་བསྟོད། ཛཿཧཱུྃ་བཾ་ཧོཿསླར་ཡང་ཐུགས་ཀའི་འོད་ཀྱིས་རིགས་ལྔ་བསྐུལ་བས་འདུད་རྩིས་གང་བའི་བུམ་པ་བསྣམས་ཏེ་སྤྱི་བོར་དབང་བསྐུར་ལུས་གང་། དྲི་མ་དག་ཆུ་རྒྱུན་སྤྱི་བོར་འཁྱིལ་བ་མི་བསྐྱོད་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་གང་དབང་དུ་བྱ་འདོད་པ་དེ་བཅོམ་ལྡན་འདས་མའི་ཕྱག་གི་ལྕགས་ཀྱུས་སྐྱེས་པའི་སྙིང་དང་། བུད་མེད་ཀྱི་བྷ་གར་བཏབ། །རྡོ་རྗེའི་ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་མཉེད་ཅིང་རླུང་ལ་བསྐྱོན། མེས་གདུངས་ཏེ་མདུན་དུ་བདག་ལ་ཆགས་པས་རང་དབང་མེད་པར་འདར་ཡཾ་ཡཾ་འདུད་པ་གན་རྐྱལ་མགོ་བོ་རང་གི་རྐང་པ་ལ་ཕྱོགས་པའོ། །སླར་ཡང་ཐུགས་ཀ་ནས་བདེ་བའི་འོད་ཀྱིས་དེ་སྐྱོབ་པའི་ལྷ། བསྲུང་བའི་རིམ་གྲོ་བ་ཐམས་ཅད་བདེ་བས་བརྒྱལ་བས་དེ་སྐྱབས་དང་བྲལ། དེ་ནས་ཤངས་གཡས་ནས་རླུང་ལྕགས་ཀྱུ་ལྟ་བུ་གང་ལ་རེག་པ་ཐམས་ཅད་དབང་དུ་སྡུད་ནུས་པ་སྤྲོས། བསྒྲུབ་བྱ་དེའི་སྣ་གཡས་པར་སོང་། སྙིང་ག་ནས་དེའི་སྲོག་གཟུགས་ཁ་རྗེ་དབང་ཐང་མཐུ་སྟོབས་ཀྱི་སྙིང་པོ་ལྷྭནྲི་དྲངས་ཏེ་སྣ་གཡོན་ནས་རང་གི་ཤངས་གཡོན་བརྒྱུད་སྙིང་གའི་ཨཾ་གི་གདན་དུ་ཁབ་ལེན་དང་ཕྲད་པའི་ལྕགས་བཞིན་རང་དབང་མེད་པར་ཁྲི་ལི་ལི་འདུག་པར་བསམས་ནས། ཨོཾ་ཨཾ་ཆེ་གེ་མོ་བ་ཤཾ་ཀུ་རུ་སྭཱ་ཧཱ། འབུམ་ཕྲག་གཅིག་གིས་གང་འདོད་པ་དབང་དུ་བྱེད་དོ། །ཡང་ན་སྔགས་འཕྲེང་ལས་འོད་ཟེར་གྱི་ཚོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་མཛད་ནས་སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་ཞུགས་ཏེ། དེའི་སྲོག་ཡང་དག་པར་བཀུག་ནས་རང་གི་ལྟེ་བ་ནས་ཞུགས་ཏེ་སྙིང་གའི་ས་བོན་གྱི་གདན་དུ་སྔར་བཞིན་དུ་བལྟའོ། །མཐར་ཤེས་རབ་ཀྱི་ཡུམ་དྲན་པར་བྱ། དེ་ནས་གཏོར་མགྲོན་གྱི་བཅོམ་ལྡན་འདས་མ་ཕེཾ་གྱིས་སྤྱན་དྲངས། གཏོར་མ་བྱིན་གྱིས་བརླབས་ནས། ཨོཾ་ལོ་ཧི་ཏ་དྷཱུ་མདྒཱ་རི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པས་ཕུལ། འདོད་དོན་གསོལ་ཏེ་རང་ལ་བསྡུའོ། །ཚེས་བརྒྱད་དང་བཅུ་དང་བཅུ་བཞི་ཉེར་ལྔ་ཉེར་དགུ་མཁའ་འགྲོ་འདུ་བའི་དུས་སུ་མེ་ལོང་གཙང་མའི་ཁར་ཐང་ཁྲོམ་གྱི་ཆུ་ལ་བུ་རམ་ཅུང་ཟད་སྦྱར་སྐྱེས་པ་དབང་དུ་བྱེད་འདོད་ན་པདྨ་རཀྟ། བུད་མེད་ལ་སྐྱེས་པའི་བྱང་སེམས་སྦྱངས་པས་གཤེར་བའི་ཁར་ལི་ཁྲིས་ཟླ་གམ་གྱི་དཀྱིལ་འཁོར་བྱ། དེའི་དབུས་སུ་བཅོམ་ལྡན་འདས་མའི་ས་བོན་ཨཾ་བྲིས། མཐའ་མ་གཏོར་མ་མེ་ཏོག་དང་དར་དམར་པོ་དང་ཙན་དན་དམར་པོའི་ཆུ་བདུག་སྤོས་སོགས་ལས་དང་རྗེས་སུ་མཐུན་པའི་མཆོད་པ་བཤམ། དེ་ནས་དཀྱིལ་འཁོར་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མ་མོའི་ཚོགས་ཀྱི་དབང་ཕྱུག་མ། ཞེས་ནས་དབུ་བརྒྱན་པར་གྱུར་ཅེས་པའི་བར་བདག་བསྐྱེད་བཞིན་ལ། ཆུ་གཉིས་སྔོན་དུ་འགྲོ་བའི་རྣམ་ལྔ་རོལ་མོ་དང་བཅས་པས་མཆོད། སྔར་གྱི་བསྟོད་པའི་སྟེང་དུ་ཏིལ་མར་མ་ཅི་ཙམ་ནུས་ཀྱི་བར་དུ་འདོན། མཐར་འདོད་དོན་གསོལ་ཏེ་གཏོར་མ་ཕུལ། འོད་དུ་ཞུ་བ་སིནྡྷུ་ར་ལ་བསྟིམ། དེས་རང་གི་དཔྲལ་བར་ཐིག་ལེ་བྱའོ། །དེ་ནས་བདག་བསྐྱེད་བསྒོམས་ཏེ་དགེ་བ་བསྔོ་བའི་བར་སྔར་བཞིན་ནོ། །བཞི་པ་ནི། གདུག་པ་ཅན་ཐམས་ཅད་ལ་སྙིང་རྗེའི་ཤུགས་ཀྱིས་ཆེར་ཁྲོས་པས་དེ་ཐམས་ཅད་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་འདྲེན་པའི་ཕྱིར་དྲག་པོའི་ལས་བསྒྲུབ་པར་བྱའོ་སྙམ་དུ་བསམ་པར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་ཝ་སོགས་བརྗོད། སྟོང་པའི་ངང་ལས་བཅོམ་ལྡན་འདས་མ་དུད་པའི་སོལ་བ། ནག་པོའི་སྤྲིན་དང་བུང་བ་ལྟར་གནག་པ། ཞེས་ནས་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུ་བའི་སྐུར་གྱུར་ཏེ་ཉི་མའི་གཞལ་ཡས་ཁང་འབར་རབ་ཏུ་འབར་བས་ཕས་ཀྱི་སྔགས་ཀྱི་ནུས་པ་ཐམས་ཅད་གཞོབ་ཏུ་སྲེགས་པའི་ནང་དུ་བཞུགས་པ། དེའི་ཐུགས་འོད་ཀྱི་སྒོ་ངའི་དབྱིབས་ཅན། དེའི་ནང་དུ་རང་ཉིད་དང་གང་ཙམ་བསྲུང་བར་འདོད་པའི་ཡུལ་འཁོར་ཚུད་པར་བསམས་ཏེ་ཡེ་ཤེས་ཀྱི་ལྷ་མོ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་བསྟིམ། དེ་ནས་བཅོམ་ལྡན་འདས་མའི་སྐུ་ལས་ལས་བྱེད་ཀྱི་ཕོ་ཉ་མོ་ཁྲོ་ཞིང་གཏུམ་པ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། འཇིག་རྟེན་གྱི་ཁམས་ཀྱི་བསྟན་པ་དང་སེམས་མན་ཅན་ལ་གནོད་པར་བྱེད་པ། དམ་ཚིག་གཉན་པོ་འདྲལ་བ། མཚམས་མེད་པའི་ལས་བགྱིད་པ། དངོས་གྲུབ་རྣམ་གཉིས་ལ་བར་དུ་གཅོད་པའི་བདུད་བགེགས་ལོག་འདྲེན་གདོན་ལྟས་ངན་པ་གཏོང་བའི་བདག་པོ་ཐམས་ཅད་རང་ལ་བྱད་བྱེད་པའི་དམིགས་བྱ་དེ་ལ་བསྡུས། དེའི་སྙིང་ལ་ལྕགས་ཀྱུས་བཏབ། ཞགས་པས་རྐེ་བཅིངས། ལྕགས་སྒྲོག་གིས་ཡན་ལག་བསྡམས། དྲིལ་བུས་ལུས་བརྡུང་བཞིན་དུ་མདུན་དུ་འབྲུབ་ཁུང་གཤིན་རྗེའི་བཙོན་དོང་འཇིགས་སུ་རུང་བའི་ལྕགས་ཁང་ཟུར་གསུམ་ནང་དུ་བཅུག གན་རྐྱལ་དུ་འགྱེལ་ཏེ་བཞག་པ་ལ། སླར་ཐུགས་ཀ་ནས་རྨོངས་བྱེད་རེངས་བྱེད་མྱོས་བྱེད་ཀྱི་དུག་རླངས་སྤྲོས་པ་ཁོའི་ལུས་ལ་ཞུགས། ལུས་ཐམས་ཅད་ཁྱབ་པས་ཁོའི་སྙིང་གའི་ལྷྭནྲི་ལས་སྲོག་ལྷ། ཕྲག་པ་གཡས་ཀྱི་ཨ་ལས་ཕོ་ལྷ། གཡོན་གྱི་སྙེ་ལས་ཞང་ལྷ། མཆན་གཡས་ཀྱི་ཤེ་ལས་དགྲ་ལྷ། གཡོན་གྱི་ཨུ་ལས་ཡུལ་ལྷ་ཐམས་ཅད་རྨོངས་རེངས་མྱོས་ཏེ་ཁོ་ལ་ཁྲོས་འཁྲུགས་ཆེར་འཁྲུགས་པས་དུག་གི་སྡིག་པ་ནག་པོ་འཇིགས་སུ་རུང་བ་ལྔར་གྱུར་ཏེ། སྙིང་གི་སྲོག་ལྷྭནྲི་ལ་རུབ་སྟེ་ཟོས། དེ་ནས་དོན་ལྔ་སྣོད་དང་ཤ་རུས་ཟོས་ཁྲག་འཐུངས་ཏེ་ལྷག་མ་མེད་པར་བཏང་། དེའི་མཐར་ཁོ་རང་ཚོ་གཅིག་ལ་གཅིག་འཇུས་ཏེ་འཛིང་ཞིང་བཟས་པས་ཐམས་ཅད་དངོས་མེད་དུ་སོང་བར་བསམས་ལ། ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་མ་མ་ཏྲི་རུ་ལུ་རུ་ལུ་བྷྱོ། ཧཱུྃ་བཛྭ་སརྦ་དུ་སྟན། རྦད་ནན། ཨེ་ཧུར་ཐུམ་ཛ། ཤ་ཏྲཱུན་མཱ་ར་ཡ་རྦད། ཨེ་ས་མ་ཡ་དགྲ་བོ་ལ་བྷྱོ་བྷྱོ། བྱད་མ་ཨ་མུ་ཀཾ། དགྲ་བོ་ཆེ་གེ་མོ། ཤ་ཏྲཱུན་ཏིག་ནན། ཙིཏྟ་རྦད་ནན། ལྷྭནྲི་ཧུར་ཐུམ་ཛཿམཱ་ར་ཡ་རྦད། སོད་ནན། ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། དགྲ་བོ་ཆེ་གེ་མོའི་སྲོག་རྩ་དམར་པོ་མཱ་ ་ཡ། ལྷྭནྲི་རྦད་ཙ་ཏིག་སྲོག་ཏིག་སྙིང་ཏིག་ལ་ཕོབ་ཡ། ཞེས་བཟླའོ། །དམིགས་རྟེན་འབེན ་དུ་བཅའ་ན་དམར་གྱི་གཏོར་ཆེན། དེའི་མདུན་དུ་འབྲུབ་ཁུང་། དེའི་ནང་དུ་ལིདྒ་ལ་སྔགས་ཀྱིས་བསྐོར་བ་བཅུག སྔར་གྱི་བསམ་གཏན་དང་བཟླས་པའི་མཐར་ལིདྒ་དུམ་བུར་གཏུབས་ལ་དྲག་པོའི་གཏོར་ཟོར་དང་ལྷན་ཅིག་འཕང་བར་བྱའོ། །ཀུན་ཏུ་དགའ་བས་བླ་མ་ལྷ་ཡི་ཞབས། །དཔལ་གྱི་སྒྲོན་མ་འབར་འདྲ་ཟུར་ཕུད་རྩེར། །འཛིན་པའི་ས་སྐྱོང་མ་བཞེད་སྐོང་བའི་རྒྱུར། །མན་ངག་དཔག་བསམ་འཁྲི་ཤིང་འདི་ན་འཁྲུངས། །པདྨའི་ཟབ་རྒྱས་དྲི་བཟང་རྫོགས་པ་དང་། །རྣམ་དཀར་ཡོན་ཏན་མེ་ཏོག་འབྱུང་ཁུངས་འདིས། །སློང་བ་པོ་ལ་རྒྱལ་མཚན་རྩེ་མོ་ཡི། །ཡིད་བཞིན་ནོར་བུར་སྡུད་བཞིན་མཁོ་བ་སྦྱར། །གང་གི་དགེ་ལེགས་ཡར་གྱི་ཟླ་ཤེལ་ནི། །འཕེལ་བས་ས་འདི་དཀར་ཕྱོགས་འབའ་ཞིག་ཏུ། །གྱུར་ཅེས་སྨོན་པའི་བློ་ལྡན་དེའི་རེ་བ། །གེགས་མེད་གྲུབ་པ་དུད་སོལ་ལྷ་མོས་མཛོད།། །།མདྒ་ལཾ།། །།


previousདུད་སོལ་རིགས་བཞིའི་སྒོ་ནས་འཕྲིན་ལས་བཞི་སྒྲུབ་དཔག་བསམ་གྱི་འཁྲི་ཤིང་།next