Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་ཀྱི་འགྲེལ་བཤད་རྡོ་རྗེ་འཆང་གི་དགོངས་རྒྱན།
   
   
   
   
   
   
   
   
   


 
previousརྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་ཀྱི་འགྲེལ་བཤད་རྡོ་རྗེ་འཆང་གི་དགོངས་རྒྱན།next

རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་ཀྱི་འགྲེལ་བཤད་རྡོ་རྗེ་འཆང་གི་དགོངས་རྒྱན།

རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་ཀྱི་འགྲེལ་བཤད་རྡོ་རྗེ་འཆང་གི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །ར་སཱ་རྡོ་རྗེ་ནོར་བུར་རྡུལ་དང་ཉི་མ་མནན་པས་ཤེས་རབ་ཕ་རོལ་ཕྱིན་བརྙེས་ཤིང་། ལ་ལ་གཙུག་ཏོར་ཁུ་བ་རི་བོང་ཅན་གྱིས་བཀང་བས་སྙིང་རྗེའི་ཕུང་པོ་རྫོགས་གྱུར་པ། དྷཱུ་ཏཱི་སྒྲ་གཅན་གཡུང་མོ་མི་ཕྱེད་སྲིད་དང་སྲིད་མིན་མཉམ་པའི་གོ་འཕང་ལ་གནས་པའི། རྩ་རླུང་ཐིག་ལེ་ཡོངས་དག་བླ་མའི་ཞབས་ཀྱི་པདྨོར་དང་བས་བདག་ནི་ཕྱག་འཚལ་ལོ། །དཔལ་ལྡན་དུས་འཁོར་ངེས་པའི་ཚིག་གྱུར་ཁང་བཟང་ནི། ཕྱི་ནང་གཞན་གསུམ་སྒོ་གླེགས་ལེགས་པར་བསྡམས་གྱུར་པར། འཇུག་འདོད་རྣམས་ལ་ཡིད་ཀྱི་རེ་བ་དོན་ལྡན་དུ། བྱེད་ལ་རྣམ་བཤད་རིན་ཆེན་ལྡེ་མིག་སྦྱིན་པར་བྱ། དེ་ཡང་། རྒྱུད་ཐམས་ཅད་ཀྱི་ངེས་པའི་ཚིགས་སུ་གྱུར་པ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་བརྗོད་བྱའི་དོན་རྣམ་པར་འགྲེལ་བར་བྱ་སྟེ། བརྒྱུད་པའི་ལོ་རྒྱུས་དང་གདམས་པ་གཉིས་སོ། །དང་པོ་ནི། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྒོད་ཚང་པའི་ལུང་བསྟན་པ་དང་བྱིན་གྱིས་བརླབས་པའི་འཕོ་བ་ཐོབ་པས། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ཆེན་པོར་བགྲོད་དེ། ས་འོག་དང་། ས་སྟེང་དང་། ས་བླ་བའི་རྣལ་འབྱོར་མ་བྱེ་བ་སྙེད་ཀྱི་དབང་ཕྱུག་མོ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཟད་མི་ཤེས་པའི་རང་བཞིན་དང་ལྡན་པའི་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཚོགས་ཀྱི་འཁོར་ལོ་ཐམས་ཅད་ཀྱི་རྗེ་མོ་གང་དང་མངོན་སུམ་དུ་མཇལ་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་འཇུག་པ་ཐོབ་ཅིང་། ཡང་དག་པའི་ལམ་ཐམས་ཅད་དེ་བཞིན་དུ་བལྟ་བའི་མིག་ཏུ་གྱུར་པའི་རྡོ་རྗེའི་ཚིག་ཐོས་པས་བསམ་པ་ཡོངས་སུ་གྲུབ་ནས། ཆོས་ཐམས་ཅད་ལ་དབང་བསྒྱུར་བ་བརྙེས་ཏེ་འགྲོ་བ་ལམ་ཉམས་པ་རྣམས་འདྲེན་པར་མཛད་པས། ཨོ་ཌི་ཡཱ་ན་པ་ཆེན་པོ་ཞེས་ཉི་མ་དང་ཟླ་བ་ལྟ་བུར་གྲགས་པ་མཚན་གཞན་རིན་ཆེན་དཔལ་ཞེས་བགྱི་བའི་ཞབས་ཀྱིས། རིན་པོ་ཆེ་མཁར་ཆུ་བ། ཟླ་བ་སེང་གེ། བསོད་ནམས་འོད་ཟེར། རང་བྱུང་རྡོ་རྗེ། ཚ་ཆུང་བ་ལ་སོགས་པའི་སློང་མ་བརྒྱ་ཕྲག་མང་པོ་ལ་ཚེ་གཅིག་གིས་འདོད་པའི་དངོས་གྲུབ་ལམ་༼༢ན༣༽འདིས་བྱིན་པར་མཛད་པ་དེ་དག་ལས་རིམ་པར་བརྒྱུད་པའི་ཐུགས་ཀྱི་བཅུད་ཞལ་གྱི་པདྨོ་ལས་འོངས་པ། རྒྱལ་དབང་ཐམས་ཅད་མཁྱེན་པའི་རྣམ་དཔྱོད་ཀྱི་སྦྲང་རྩིའི་བུས་གཞིབས་ནས། རྡོ་རྗེ་འཆང་ངག་གི་དབང་པོའི་མཁྱེན་པའི་བྱ་སྐྱིབས་སུ་བསགས་པ་རྗེ་བཙུན་དེ་ཉིད་དང་། སྲས་ངག་གི་དབང་ཕྱུག་གྲགས་པས་ཁྱོངས་ཏེ། བདག་གི་རྣམ་པར་གྲོལ་བའི་ལུས་བརྟས་པའི་ཆེད་དུ་བྱིན་པར་མཛད་དོ། །གཉིས་པ་ལ། སྦྱང་གཞི་ལུས་ངག་ཡིད། སྦྱོང་བྱེད་རྡོ་རྗེ་གསུམ། སྦྱངས་འབྲས་སྐུ་གསུམ་གྱི་རྣམ་གཞག་བཤད་པ་གསུམ་ལས། དང་པོ་ལ། སྤྱིར་ལུས་ཇི་ལྟར་གྲུབ་པའི་ཚུལ། བྱེ་བྲག་རྩ་རླུང་ཐིག་ལེ་གསུམ་གྱི་ངོས་འཛིན། ཞར་བྱུང་འཆི་ལྟས་བརྟག་པ་བཤད་པ་གསུམ་ལས་དང་པོ་ནི། འཁོར་བའི་རྩ་བ་ནི་འཕོ་བའི་བག་ཆགས་ཏེ། འཕོས་པས་ཆགས་པ་དང་བྲལ་བའི་ཞེ་སྡང་དུ་འགྱུར་བ་དང་། དེས་རྒྱུད་འཁྲུགས་པས་གཏི་མུག་ཏུ་འགྱུར་བའོ། །དེ་ལྟར་ཉོན་མོངས་པ་གསུམ་གྱི་རང་བཞིན་མ་རིག་པ་སྟེ། དེ་རྟེན་ཅིང་འབྲེལ་པར་འབྱུང་བཅུ་གཉིས་རིམ་པ་བཞིན་དུ་འགྱུར་བ་ནི་སྐྱུར་མོ་ལས་ལྕེ་འཛག་པ་བཞིན་ནོ། །ཚུལ་དེས་འཁོར་བ་ན་འཁོར་ཏེ། དྲི་མེད་འོད་ལས། འདོད་ཆགས་ཉམས་པས་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་བསྔལ་ལས་ནི་ཞེ་སྡང་སྐྱེ། སྡང་ལས་གཏི་མུག་འདི་ལས་རང་གི་རྡོ་རྗེ་ལྷུང་ལས་སེམས་ནི་རྟག་རྨོངས་ཏེ། མཆོག་མིན་མ་ལུས་བཟའ་དང་བཏུང་བ་ལ་སོགས་ཡུལ་གཞན་དག་ལ་རབ་ཏུ་འཇུག །དེ་ཡིས་སེམས་ལ་ཅོ་དྲིས་བདེ་བ་ཉམས་ཤིང་སྐྱེ་བ་དྲུག་ཏུ་འཁོར་བར་འགྱུར། ཞེས་སོ། །བྱེ་བྲག་མངལ་ནས་སྐྱེས་པ་བསྐྱེད་པའི་རིམ་པ་མའི་གཙུག་ཏོར་ནམ་མཁའི་ཁམས། དཔྲལ་བར་རླུང་། མགྲིན་པར་མེ། སྙིང་གར་ཆུ། །ལྟེ་བར་ས། ལྟེ་བ་ནས་གསང་བའི་བར་རིའི་རྒྱལ་པོ། གསང་བ་སྣ་ཚོགས་པདྨ། རྩ་གསུམ་འདུས་པ་ཟླ་ཉི་སྒྲ་གཅན། དེའི་སྟེང་དུ་ཕ་ལས་ཐོབ་པའི་དཀར་ཆ་བྱང་སེམས་ཟླ་བ་ཁུ་༼༢བ༤༽བ་ཨཱ་ལིའི་བདག་ཉིད་མཚན་གྱི་ངོ་བོ་དང་། མ་ལས་ཐོབ་པའི་དམར་ཆ་བྱང་ཆུབ་སེམས་ཉི་མ་རྡུལ་ཀཱ་ལི་བདག་ཉིད་དཔེ་བྱད་ཀྱི་ངོ་བོ་གཉིས་རོ་མཉམ་པར་གྱུར་པའི་དབུས་སུ། །ཀུན་གཞི་རྣམ་པར་ཤེས་པ་དྲི་ཟའི་སེམས་ཅན་སྒྲ་གཅན་ཨ་ཡིག་གི་རང་བཞིན་ཅན་ཞུགས་པས་ཐོག་མར་ལུས་ཆགས་ཏེ། རྩ་རྒྱུད་ལས། ཐིག་ལེ་ཟླ་བ་ཁུ་བ་སྐུ། རྣམ་པར་བཅད་པ་ཉི་རྡུལ་གསུང་། ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །ཞེས་དང་། གསང་བའི་པདྨར་ཁྲག་གི་ནང་དུ་གང་ཚེ་ལྟུང་བའི་བྱང་ཆུབ་ས་བོན་སོགས་དང་བཅས་པ་དག །ཅེས་གསུངས་སོ། །གསང་བར་གནས་པའི་ཁུ་ཁྲག་རྣམ་ཤེས་དང་བཅས་པ་དེ་ཉིད། སས་འཛིན་པར་བྱེད་ཅིག །ཆུས་འཐོར་བ་བསྡུས། མེས་སྨིན་པར་བྱས། མས་རོ་དྲུག་ཟོས་པ་རྣམས་ཀྱིས་སྟོབས་རྒྱས་པར་བྱས། རླུང་གིས་གོང་དུ་སྤེལ། ནམ་མཁས་གོ་སྐབས་ཡངས་པར་བྱེད་པ་སྟེ། ས་བོན་པདྨར་གནས་པ་དག་ནི་འཛིན་མས་འཛིན་ཏེ་དེ་ལས་ཆུ་ཡིས་སྡུད་དོ་ཕྱིས་ནས་ནི། མེ་ཡིས་སྨིན་པར་བྱེད་ཅིང་རོ་དང་རོ་ནི་ཟ་བར་བྱེད་དེ་འདི་ཡི་འཕེལ་བ་རླུང་གིས་སོ། །ནམ་མཁའ་དག་ཀྱང་འཕེལ་བའི་གོ་སྐབས་སྦྱིན་བྱེད་མི་ཡི་བདག་པོ་དུས་ལས་དེ་ལྟར་གྲུབ་པ་སྟེ། ཞེས་གསུངས་པས་སོ། །དེའི་ཚེ་སྐད་ཅིག་གཅིག་གིས་བདེ་བ་འབའ་ཞིག་ཡང་དག་པར་རིག་པ་དང་། ལུས་ཀྱང་ཉ་རོ་ཧི་ཏ་ལྟར་རྣམ་པ་ཅིག་པ་ཟླ་བ་གཅིག་ཏུ་གནས་པ་གང་ཡིན་པ་དེ་ནི་སྐད་ཅིག་གཅིག་གིས་བྱང་ཆུབ་པའོ། །ས་བོན་མྱུ་གུའི་་་་་་་་་་་སྙིང་གར་ཤིན་ཏུ་ཕྲ་བ་སྐྲའི་རྩེ་མོའི་ཚད་ཙམ་གྱི་རྩ་བཅུ་ཆགས་ཏེ། དེ་ནས་ཞག་རེ་རེར་རྩ་ཉིས་བརྒྱ་ཉིས་བརྒྱ་སྐྱེ་བས་ཁུ་བའི་ཁམས་འཕེལ་ལོ། །དེ་ལྟར་ལོ་གཅིག་གིས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས་ནས་འཕེལ་བསྟོད་ཏེ་རྩ་ཆད་དོ། །རྩ་ཆད་སྐྱེས་ནས་ཉིན་ཞག་རེ་ལ་གཉིས་གཉིས་བསྐས་པས་ལོ་བརྒྱས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འཛད་དེ། བསྡུས་རྒྱུད་ལས། རྩ་རྣམས་སྟོང་ཕྲག་དྲུག་ནི་ཉིན་མོར་བྱེད་པས་བསྒྱུར་བའང་མངལ་གྱི་དབུས་དག་ཏུ་ཡང་འཕེལ་བ་ནི། བྱས་ནས་ལོ་ནི་རྫོགས་པ་ན་ཡང་སྟོང་སྟེ་རི་བོང་འཛིན་པ་༼༣ན༥༽ཉི་མ་དག་ཀྱང་འཕེལ་བར་བྱེད། ལོ་ནི་བཅུ་གཉིས་དག་ན་ཉིན་བྱེད་ཁམས་ནི་འཕེལ་བ་སྟོང་སྟེ་རང་གི་ལུས་པོ་དག་ལའོ། །རྩ་ནི་འཆད་པ་རབ་ཏུ་སྐྱེས་ནས་ཉིན་ཞག་དག་ལ་རིམ་པས་ཟུང་གི་གྲངས་སུ་འགྱུར། ཞེས་སོ། །དེ་ལྟར་ལོ་བརྒྱ་རྫོགས་ནས་ཁམས་ཐམས་ཅད་ཟད་དེ་རྣམ་པར་ཤེས་པ་ཡུལ་གཞན་དུ་འཕོའོ། །རྩ་ཆགས་པ་ནས་གཟུང་ཟླ་བ་གཉིས་ཀྱིས་གཟུགས་ལ་སོགས་པའི་བག་ཆགས་ཀྱི་བདག་ཉིད་ཅན་ཤེས་པ་ལྔ་ཡང་དག་པར་རིག་ཅིང་། རུ་སྦལ་ལྟར་འབུར་པོ་རྣམ་པ་ལྔ་ཐོན་པ་དེའི་ཚེ་རྣམ་པར་ལྔས་མངོན་པར་བྱང་ཆུབ་བོ། །དེ་ནས་ཟླ་བ་ལྔ་ལས་རེ་རེས་ཡན་ལག་ལྔ་སྐྱེད་པ་དང་། ཤ་ཁྲག་རུས་པ་སུམ་བརྒྱ་དྲུག་ཅུ་རྫོགས་པ་དང་། དེ་དག་གོང་དུ་འཕེལ་བ་དང་། སྣོད་དང་རྒྱུས་པ་རུས་པ་སྤུ་དང་པགས་པ་ལ་སོགས་པ་རྒྱས་པ་དང་། ཁ་མིག་ལ་སོགས་པ་དབང་པོའི་སྒོ་རྣམས་དོད་ནས་བཤད་གཅི་ལ་སོགས་པ་གྲུབ་ཅིང་། ལུས་ཀྱང་ཕག་ལྟར་དུ་དབྱིབས་མཚུངས་སུ་གནས་པས་ཕག་པའི་གནས་སྐབས་ཏེ། ཤེས་པ་ལྔ་པོ་རྣམས་ཀྱི་སོ་སོ་རང་གི་ས་ལ་སོགས་པའི་ཁམས་བཞིའི་བག་ཆགས་ཀྱི་དབྱེ་བས་ལུས་ཀྱང་སོར་མོ་ཉི་ཤུ་ཡོངས་སུ་རྫོགས་པའི་ཚེ་རྣམ་པ་ཉི་ཤུས་བྱང་ཆུབ་བོ། །དེ་ནས་ཟླ་བ་གཅིག་ལ་ལུས་སེང་གེ་དང་མཚུངས་པ་ནི་སེང་གེའི་གནས་སྐབས་ཏེ་ཟླ་བ་དགུ་རྫོགས་པ། དེ་ནས་བཅུ་པ་ལ་སྐྱེས་ནས་སོ་མ་སྐྱེས་ཀྱི་བར་མིའུ་ཐུང་གི་གནས་སྐབས། དེ་ནས་སོ་མ་ལྷུང་བར་དགྲ་སྟར་མ། སོ་བ་རྗེས་པའི་མཚམས་རཱ་མའི་སྐབས། དེ་ནས་བུད་མེད་ལ་བཅུ་གཉིས་དང་སྐྱེས་པ་བཅུ་དྲུག་གི་བར་ནག་པོ། དེ་ནས་འཆི་ཀའི་བར་སངས་རྒྱས་འཆི་བ་རིགས་ལྡན་གྱི་སྐབས་ཏེ། ཉ་དང་རུ་སྦལ་ཕག་པར་འགྱུར་ཏེ་མི་ཡི་སེང་གེ་མིའུ་ཐུང་རཱ་མ་རཱ་མ་དག་དང་ནི། ནག་པོ་སངས་རྒྱས་མི་དབང་རྣམ་བཅུར་འགྱུར་ཏེ་འདི་དག་རྣམས་ཀྱང་གནས་སྐབས་རྣམ་པ་བཅུ་ཡིན་ནོ། །ཞེས་གསུངས་པས་སོ། །དེ་ལྟར་མངལ་ནས་བཙས་ནས་མཐའ་ཡས་པའི་དངོས་པོ་ཡང་དག་པར་རིག་པ་ནི་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པའོ། །་་་་་་་་པ་བྱེ་བྲག་རྩ་རླུང་༼༣བ༦༽ཐིག་ལེ་གསུམ་གྱི་ངོས་འཛིན་ལ། སྐུའི་སྦྱང་གཞི་རྩ། གསུང་གི་སྦྱང་གཞི་རླུང་། ཐུགས་ཀྱི་སྦྱང་གཞི་ཐིག་ལེ་གསུམ་ལས། དང་པོ་ནི། ཐོག་མར་སྟེང་དང་འོག་ཏུ་རྩའི་གཙོ་མོ་གསུམ་གསུམ་སྟེ། ལྟེ་བའི་སྟེང་གི་གཡོན་དུ་ཟླ་བ་འབབ་འོད་དཔག་མེད་ཀྱི་རང་བཞིན་ལ་ལནཱ་ཐབས་ཀྱི་སྐུ་དང་། གཡས་ཉི་མ་མེ་རིན་འབྱུང་གི་རང་བཞིན་ར་སཱ་ན་ཤེས་རབ་ཀྱི་གསུང་དང་། དབུས་སྒྲ་གཅན་འབར་བ་ནམ་མཁའ་མི་བསྐྱོད་པའི་རང་བཞིན་ཨ་ཝ་དྷཱུ་ཏཱི་ཐབས་ཀྱི་ཐུགས་དང་། ལྟེ་བའི་འོག་ཏུ་རྩ་དབུས་མ་བཤད་བ་འབབ་པ་ལུག་སའི་ཁམས་ལས་བྱུང་བ་རྣམ་སྣང་གི་རང་བཞིན་ཤེས་རབ་ཀྱི་སྐུ་དང་། གཡོན་གཅི་བ་འབབ་པ་སེར་སྐྱ་རླུང་གི་ཁམས་ལས་བྱུང་བ་དོན་གྲུབ་ཀྱི་རང་བཞིན་ཐབས་ཀྱི་གསུང་དང་། འོག་གི་གཡས་པ་ཁུ་བ་འབབ་པར་དུང་ཅན་མ་ཡེ་ཤེས་ཀྱི་ཁམས་ལས་བྱུང་བ་རྡོ་རྗེ་སེམས་དཔའི་རང་བཞིན་ཤེས་རབ་ཀྱི་ཐུགས་ཏེ། ཐབས་སུ་གཞོག་པ་ནི་ཁུ་བའི་ཁམས་ལས་བྱུང་བས་དང་། ཤེས་རབ་ནི་རྡུལ་གྱི་ཁམས་ལས་བྱུང་བས་སོ། །རྩ་དྲུག་པོ་དེ་ཁམས་དྲུག་པོ་དེའི་རིགས་ཡིན་ཅིང་། དེ་ལས་གྱེས་པའི་རྩ་ཐམས་ཅད་ཀྱང་རིགས་དེ་དག་ཏུ་ཤེས་པར་བྱའོ། །བུད་མེད་རྣམས་ཀྱི་དུང་ཅན་མ་དེ་ཉིད་རྡུལ་གྱི་དུས་སུ་རྡུལ་འབབ་པའི་ཕྱིར་གཏུམ་མོ་ཞེས་བརྗོད་ལ་དེ་ཉིད་སྐྱེས་པའི་ཁུ་བ་འབབ་པའི་ཕྱིར་མཁའ་འགྲོ་གདོང་མའོ། །བུད་མེད་རྣམས་ཀྱི་རྡུལ་གྱི་དུས་སུ་རྡུལ་འགག་པའི་ཕྱིར་གཡུང་མོ་ཞེས་བརྗོད་དེ། བུད་མེད་དག་ལ་སྐྱེས་པས་རེག་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །སྐྱེས་པའི་ཁུ་བ་བགྲོད་པའི་དུས་སུ་ཀུན་འདར་མ་ཞེས་བརྗོད་དེ། དེ་ལྟར་ཡང་། གཡོན་དུ་རྩ་ནི་རི་བོང་མཚན་མ་འབབ་སྟེ་ངེས་པར་དཀར་པོ་གཡས་སུ་དམར་པོ་ཉི་མའོ། །དབུས་སུ་དུས་མེའི་གཟུགས་ནི་རབ་ཏུ་འབབ་སྟེ་ཞེས་དང་། དབང་མདོར་བསྟན་ལས། ཟླ་བའི་ལམ་ནི་དྲི་ཆེན་རྩ། ཉི་མའི་དྲི་ཆུ་འབབ་པའོ། །སྐྱེ་འཆི་མཉམ་དང་འདོད་ཆགས་ལས། སྒྲ་གཅན་གཡོན་པས། ཞེས་དང་། ཡང་། དང་པོ་ལས། ཉི་ཟླ་སྒྲ་གཅན་དྲི་ཆེན་དང་། དྲི་ཆུ་ས་བོན་འབབ་པའི་ལམ། ཆུ་མེ་སྟོང་པས་དང་རླུང་། ཡེ་ཤེས་ཁམས་རྣམས་དག་གི་རིགས། ༼༤ན༧༽གང་རྣམས་ཉི་ཟླ་མན་ཅན་ནི། །ལུས་ངག་སེམས་ཀྱི་རྩ་དེ་རྣམས། །སྲོག་དང་ཐུར་སེལ་རིམ་པ་ཡིན། །དྲི་ཆུ་དྲི་ཆེན་ས་བོན་འབབ། །ཐབས་ཀྱི་སྐུ་ནི་ཟླ་བ་ལ། །ཤེས་རབ་གསུང་ནི་ཉིན་མོར་བྱེད། །ཤེས་རབ་སྐུ་ནི་དྲི་ཆེན་མ། །དྲི་ཆུ་འབབ་པ་གཙོ་བོའི་གསུང་། །སྟེང་འོག་སེམས་ཀྱི་རྩ་གཉིས་ནི། །ས་བོན་དབབ་མ་མུན་ཅན་དང་། །ཐབས་ཀྱི་ཐུགས་ནི་མུན་པ་ཅན། །ས་བོན་འབབ་མ་ཤེས་རབ་ཀྱི། །སྐུ་གསུང་ཐུགས་ཀྱི་རྣམ་དབྱེར་གྱིས། །སྟེང་འོག་རིགས་དྲུག་རྩ་རྣམས་སོ། །ཞེས་གསུངས་སོ། །དེ་ལྟར་སྲོག་དང་ཐུར་སེལ་གྱི་རྩ་འདི་རྣམས་ལྟེ་བའི་དབུས་སུ་འདུས་ནས་འཁོར་ལོ་གཞན་བཞི་ལ་ལུ་གུ་རྒྱུད་བཅིངས་པའི་ཚུལ་དུ་གནས་སོ། །རིགས་དྲུག་པོ་དེ་རྣམས་ལས་འཁོར་ལོ་དྲུག་ཏུ་འགྱུར་ཏེ། དེའང་གཙུག་ཏོར་ཏུ་རྩ་འདབ་བཞིའི་འཁོར་ལོ་ནམ་མཁའི་ཁམས་ཀྱི་རང་བཞིན། དཔྲལ་བ་ཟླ་རྐང་ཚེས་ཀྱི་རྩ་འདབ་བཅུ་དྲུག་ལ་གཉིས་སྟོང་པ་སྟེ་ཆུ་ཡི་ཁམས་སོ། །མགྲིན་པར་རྒྱུ་སྐར་གྱི་སོ་གཉིས་བཞི་སྟོང་པ་སྟེ་མེའི་ཁམས་སོ། །སྙིང་གར་གཟའི་རྩ་བརྒྱད་རླུང་གི་ཁམས་སོ། །ལྟེ་བ་ཆུ་ཚོད་ཀྱི་རྩ་འདབ་དྲུག་ཅུ་རྩ་བཞི་ལ་བཞི་སྟོང་པ་སྟེ་སའི་ཁམས་སོ། །སྟོང་པ་ཞེས་པ་རྩ་དེ་དག་ཏུ་ཉི་ཟླའི་རླུང་རྒྱུ་བ་མེད་པས་སོ། །བསྐྱེད་པའི་རིམ་པས་དམལ་བར་རླུང་དང་། སྙིང་གར་ཆུ་ཡང་གསུངས་སོ། །ལྟེ་བའི་ནང་དུ་དུས་སྦྱོར་གྱི་རྩ་བཅུ་གཉིས་དང་། དེའི་ནང་དུ་ཐུན་བརྒྱད་ཀྱི་རྩ་བརྒྱད་དང་། དེའི་ནང་དུ་ཐུན་བརྒྱད་ཀྱི་རྩ་བརྒྱད་དང་། དེའི་ནང་དུ་ཐུན་མཚམས་བཞིའི་རྩ་བཞིའོ། །བཞི་པོ་དེ་ཡེ་ཤེས་ཀྱི་ཁམས་སོ། །གསང་བའི་འཁོར་ལོ་དབྱངས་ཀྱི་རྩ་བཅུ་དྲུག་ཡེ་ཤེས་ཀྱི་ཁམས་སོ། །དེའི་ནང་དུ་ཕུང་པོ་ལྔ་དང་ཁམས་ལྔའི་རྩ་བཅུའོ། །དེའི་ནང་དུ་སྟོང་པ་དྲུག་གི་རྩ་དྲུག་སྟེ་གསང་བའི་རྩ་སུམ་ཅུ་སོ་གཉིས་སོ། །དེ་སྐད་དུ་དུས་འཁོར་ལས། གཙུག་ཏོར་ལས་ནི་ཆུ་གཏེར་སྙིང་གའི་བརྒྱད་དེ་སྤྱི་བོར་མི་བདག་མཁྲིན་པ་ལ་ཡང་སོ་ཡི་གྲངས། ལྟེ་བར་བརྒྱད་ནི་བརྒྱད་ཀྱིས་བསྒྱུར་བ་དག་སྟེ་ཉིས་འགྱུར་མི་བདག་གསང་བའི་དབུས་སུ་རབ་ཏུ་གྲགས། ཞེས་སོ། །གཙུག་ཏོར་གྱི་རྩ་ནི་དཔྲལ་བའི་འཁོར་ལོ་ནས་རྩ་གསུམ་གྱེས་པའི་དབུ་མ་སྤྱི་བོ་ནས་༼༤བ༨༽མདུན་དུ་འཁྱོགས་ཏེ་སྨིན་མཚམས་སུ་ཟུག་པ་རྩེ་མོ་བཞིར་གྱེས་པའོ། །གཡས་གཡོན་ནི་སྣར་ཟུག་གོ། །དེ་བཞིན་དཔྲལ་བ་དང་མགྲིན་པའི་འཁོར་ལོའི་ནང་དུ་རྩ་འདབ་བརྒྱད་བརྒྱད་རྣམས་དང་། རྡོ་རྗེ་ལ་རྩ་བཅུ་དྲུག་དང་ནོར་བུ་ལ་བཞི། ཕྲག་པ་དང་དཔུང་པའི་ཚིགས་གཉིས་དང་། དཔུང་པ་དང་ཉི་བའི་དཔུང་བ་དང་། ཉེ་བའི་དཔུང་པ་དང་ལག་པའི་དང་། དཔྱི་དང་བརླའི་དང་། བྱིན་པ་དང་བོལ་གྱི་ཚིགས་གཉིས་ཏེ་ལས་ཀྱི་འཁོར་ལོ་བཅུ་གཉིས་པོ་རྣམས་ལ་རྩ་འདབ་སུམ་ཅུ་སུམ་ཅུ། བྱ་བའི་འཁོར་ལོ་ལག་པ་དང་རྐང་པའི་སོར་མོའི་ཚིགས་དྲུག་ཅུ་རྣམས་ལ་རྩ་འདབ་དྲུག་དྲུག་གོ། །གཞན་ཡང་། སྐྲ་དང་བ་སྤུའི་མཐར་ཐུག་པར་རྩའི་ནུས་པ་རྒྱས་པར་རིག་པར་བྱའོ། །རྩ་དེ་རྣམས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་འགྱུར་ཏེ། སྤྱི་གཙུག་ཏུ་རྩ་འདབ་བཞིས་ལུས་ངག་སེམས་དང་། ཡེ་ཤེས་དག་པའི་གཙོ་བོ་ཡབ་ཡུམ་དང་། སྙིང་གར་ནུས་མ་བཅུ་དང་། དཔྲལ་བར་བཅུ་དྲུག་གི་སངས་རྒྱས་ཡབ་ཡུམ་བརྒྱད་ལ་ཐབས་ཤེས་ཀྱི་དབྱེ་བས་བཅུ་དྲུག་དང་། མགྲིན་པར་ས་གཉིས་སྐྱེ་མཆེད་བཅུ་གཉིས་དང་། ཁྲོ་བོ་བཞི་ལ་ཐབས་ཤེས་ཀྱི་དབྱེ་བས་སུམ་ཅུ་སོ་གཉིས་རྣམས་ཏེ་ཐུགས་ཀྱི་འཁོར་ལོ་དང་། ལྟེ་བའི་ཕྱི་རོལ་ལ་ཆུ་ཚོད་ཀྱི་ལྷ་མོ་དྲུག་ཅུ་རྩ་བཞི་དང་། དེའི་ནང་ན་བརྒྱད་ཀྱིས་གསུང་གི་གཙོ་མོ་བརྒྱད་ནི་གསུང་གི་འཁོར་ལོ་དང་། ཚིགས་ཆེན་བཅུ་གཉིས་ལ་སྐུའི་འཁོར་ལོ་བཅུ་གཉིས་ཏེ་སྐུའི་དཀྱིལ་འཁོར་དང་། རྐང་པའི་སོར་མོའི་ཚིགས་བཅུ་ལ་ཀླུའི་རྒྱལ་པོ་བཅུ་དང་། ལག་པའི་སོར་མོ་རྣམས་ལ་རབ་ཏུ་གཏུམ་མོའི་འཁོར་ལོ་དང་། ཡང་ན་གསང་བའི་པདྨ་ལ་ཀླུ་དང་རབ་ཏུ་གཏུམ་མོ་སྟེ། སྐྲ་རྣམས་ཀྱིས་གྲུབ་པ་རྣམས་དང་། བ་སྤུ་[WP:76,70]མས་ཀྱིས་འབྱུང་པོའི་རིགས་བྱེ་བ་ཕྲག་ཕྱེད་དང་བཞི་སྟེ། དེ་ལྟར་ཁམས་དྲུག་དང་ལྡན་པའི་མིའི་ལུས་དཀྱིལ་འཁོར་གྱི་བདག་ཉིད་དུ་གནས་པས་སོ། །གཉིས་པ་གསུང་གི་སྦྱང་གཞི། རླུང་ནི་མངལ་དུ་རླུང་མུན་ཅན་མར་གནས་ཤིང་དེའི་སྟོབས་ཀྱིས་མངོན་ཤེས་འབྱུང་ལ། མངལ་ཆགས་༼༥ན༩༽པའི་ཟླ་བ་དྲུག་པ་སྲོག་སྐྱེ་བའི་དུས་ནི་ཉིན་ཞག་དེའི་དུས་སྦྱོར་ཀརྐ་ཊར་བབ་པ་ལ་སྐྱེ་སྟེ། ཕྱི་རོལ་ཏུ་ཉི་མ་ཀརྐ་ཊར་སྐྱེས་པ་དང་མཚུངས་སོ། །ཁྱིམ་གཞན་དུ་འབབ་པ་ལ་ནི་མ་ཡིན་ནོ། །ཕྱི་རོལ་ཏུ་ལོ་དང་ནང་དུ་ཉིན་ཞག་གནད་མཚུངས་པ་སྟེ། བསྡུས་རྒྱུད་ལས། སྲོག་ཟུང་དགུ་བརྒྱ་ཉིས་འགྱུར་དག་གིས་འཕོ་བར་འགྱུར་ཏེ་དུས་སྦྱོར་ཀརྐ་ཊ་ནས་མི་ཡི་དབང་། དུས་སྦྱོར་གང་ལ་ཉི་མ་གནས་པས་ཉིན་དང་མཚན་མོ་འཁོར་བ་དེ་ལ་དེ་ནི་རིག་པར་བྱ། ཞེས་སོ། །དེ་ནས་མངལ་ནས་སྐྱེ་བའི་ཚེ་དང་པོར་དབུགས་ལྔ་བཅུད་དྲུག་དང་བཞི་ཆ་ཅིག་དབུ་མ་ནས་འབབ་བོ། །དེ་ལྟར་སྲོག་སྐྱེས་ནས་ཇི་སྲིད་མ་བཅོས་ཀྱི་བར་དེ་སྲིད་རླུང་གི་ཁམས་འཕེལ་ལ། དེ་ནས་འཕེལ་བ་སྟོང་པས་དབུགས་ཕྱིར་འབྱུང་བ་ནི་འཆི་བཞུགས་པ་སྟེ་བདུད་ཀྱི་བུ་མོར་བརྗོད་དོ། །རླུང་བཅུ་རྩ་བཅུ་དང་ལྷན་དུ་ཆགས་ཀྱང་འགྲོ་འོང་བྱེད་པ་མེད་ལ། མངལ་ཆགས་ནས་ཟླ་བ་དྲུག་གིས་སྲོག་སྤྱི་བོ་ནས་ལྟེ་བའི་བར་དུ་རྒྱུ་བས་སྲོག་སྐྱེ་བ་ཞེས་བྱའོ། །དེ་ནས་ལུག་ལ་སོགས་མི་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་ཡིན་ན་རྩ་གཡོན་པ་ནས་སྲོག་རླུང་ཟླ་བ། ཨ་ལིའི་རང་བཞིན་ཏེ། རྣམ་པར་ཤེས་པ་དང་། འདུ་བྱེད་དང་། ཚོར་བ་དང་། འདུ་ཤེས་དང་། གཟུགས་ཀྱི་ཕུང་པོ་རྣམས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་ལྔ་རྣམས་བསྐྱེད་པའི་རིམ་པས་འབབ་སྟེ། དབང་མདོར་བསྟན་ལས། སྣ་བུག་གཡོན་པའི་རྩ་ལ་ནི། རྣམ་ཤེས་ལ་སོགས་དཀྱིལ་འཁོར་ལྔ། ཞེས་སོ། །གལ་ཏེ་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་ཡིན་ན། །རྩ་གཡས་ནས་སྲོག་གི་རླུང་ཉི་མ་ཀཱ་ལིའི་བདག་ཉིད་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་ལྔ་རྣམས་སྡུད་པའི་རིམ་པས་འབབ་པ་སྟེ། དེ་ཉིད་ལས། ས་ཆུ་མེ་རླུང་སྟོང་པ་ནི། སྡུད་པ་ཡི་ནི་འབབ་པའོ། །ཞེས་སོ། །དེ་ལྟར་སྲོག་ཅེས་པ་མཉམ་གནས་དང་གྱེན་དུ་རྒྱུ་བ་དང་། ཁྱབ་བྱེད་དང་། ཀླུ་དང་། རུ་སྦལ་དང་། རྩངས་པ་དང་། ལྷ་སྦྱིན་དང་། ནོར་ལས་རྒྱལ་དང་། སྲོག་དང་། ཐར་སེལ་གྱི་རླུང་རྣམས་ཏེ། སྲོག་དང་ཐུར་སེལ་མཉམ་གནས་པདྨ་ནར་༼༥བ༡༠༽གྱི་འདབ་མ་དག་ལ་རླུང་ནི་གྱེན་དུ་རྒྱུ་བ་དང་། ཁྱབ་བྱེད་ཀླུ་དང་རུ་སྦལ་དག་དང་རྩངས་པའི་རླུང་དང་ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། ཞེས་སོ། །དེ་ལྟར་རླུང་བཅུ་དང་། རྩ་བཅུ་ནི་རྩ་སྟོང་ཕག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་ལ་ཁྱབ་པར་བྱ་བ་ཡིན་ནོ། །དེ་ལྟ་བུའི་རླུང་བཅས་པོ་དེ་དག་གི་བྱེད་ལས་ཀྱང་། ཟླ་བ་དང་ཉི་མའི་རང་བཞིན་སྲོག་གི་རླུང་གིས་སྟོབས་བྱེད་དོ། །ཐུར་སེར་གྱིས་རོ་དྲུག་གི་བཟའ་བ་དང་བཏུང་བ་འོག་ཏུ་འདྲེན་པར་བྱེད་དོ། །མཉམ་གནས་ཀྱིས་ནི་སྤུ་ལ་སོགས་པ་ཁམས་བདུན་རོ་མཉམ་པར་བྱེད་དོ། །གྱེན་རྒྱུས་ཟློས་གར་དང་སྨྲ་བ་དང་འགྲོ་བ་ལ་སོགས་པ་བྱེད་དོ། །ཁྱབ་བྱེད་ཀྱིས་ལུས་འཇིག་པ་སྟེ་ནད་བྱེད་དོ། །ཀླུས་སྒྲེགས་པར་བྱེད་དོ། །རུ་སྦལ་གྱིས་རྐང་པ་དང་ལག་པ་བསྐུམ་པ་བྱེད་དོ། །རྩརས་པས་ཁྲོ་བ་དང་གཡེང་བ་མཐའ་དག་བྱེད་དོ། །ལྷ་སྦྱིན་གྱིས་གླལ་བ་བྱེད་དོ། །ནོར་ལས་རྒྱལ་བས་ཤི་བའི་ལུས་མི་གཏོང་བར་བྱེད་པ་སྟེ། སྲོག་ནི་ཉི་མ་ཟླ་བའི་ལམ་ལ་གནས་པ་དག་ཀྱང་སྲོག་བྱེད་བཟའ་དང་བཏུང་བ་བཞུ་བ་མ་ལུས་པ། དེ་དག་ཐུར་སེལ་གྱིས་ནི་འོག་ཏུ་འདྲེན་ཏེ་མཐའ་དག་རོ་མཉམ་ལུས་ལ་མཉམ་གནས་དག་གིས་ཐོབ། ལུས་ལ་གྱེན་རྒྱུས་གཡོ་བར་བྱེད། དེ་ཁ་དང་ལག་པ་རྐང་པ་རྣམས་ཀྱིས་གླུ་དང་ཟློས་གར་བྱེད། ཁྱབ་བྱེད་ཀྱིས་ནི་ནད་དག་བྱེད་དེ་རང་བཞིན་ཡོན་ཏན་དབང་གིས་ལུས་ནི་འཇིག་པ་དེ་ལྟར་ཉིད། ཀླུ་ཡང་སྒྲེགས་པ་ཉིད་དེ་གསལ་བར་ལག་པ་རྐང་པ་བསྐུམ་པ་དག་ནི་རུ་སྦལ་རླུང་གིས་སོ། །ཁྲོ་དང་གཡེང་བ་མཐའ་དག་དེ་ནི་རྩངས་པའི་རླུང་དག་གིས་ཏེ་གླལ་བ་དག་ཀྱང་ལྷ་སྦྱིན་གྱིས། ལུས་ནི་ལྔ་པ་ཉིད་འགྱུར་གཏོང་བར་མི་བྱེད་མི་ཡི་བདག་པོ་རླུང་གཅིག་ནོར་ལ་རྒྱལ་བའོ། །དེ་ལྟར་སྙོག་ལ་སོགས་པའི་རླུང་རྣམས་ཐམས་ཅད་རང་བཞིན་གྱིས་གནས་ཡོན་ཏན་དག་ནི་སྟོང་མི་བྱེད། ཅེས་སོ། །ནང་དུ་རླུང་དེ་དག་ཀྱང་སྟེང་དུ་འཁོར་ལོ་ལྔའི་ལྟེ་བར་རྒྱུ་བའི་ཚུལ་ལ་ལྟེ་བའི་ཆུ་སྐྱེས་ལ་སའི་ཡོན་ཏན་ལྔ་སྟེ། དྲི་དང་། གཟུགས་དང་། རོ་དང་། རེག་བྱ་དང་། སྒྲའི་མཚན་ཉིད་དོ། །སྙིང་ག་ཆུ་སྐྱེས་ལ་ཆུའི་ཡོན་ཏན་བཞི་སྟེ། གཟུགས་དང་། རོ་དང་། རེག་བྱ་༼༦ན༡༡༽དང་། སྒྲའི་མཚན་ཉིད་རྣམས་སོ། །མགྲིན་པའི་ཆུ་སྐྱེས་ལ་མེའི་ཡོན་ཏན་གསུམ་སྟེ། རོ་དང་། རེག་བྱ་དང་། སྒྲའི་མཚན་ཉིད་རྣམས་སོ། །དཔྲལ་བའི་ཆུ་སྐྱེས་ལ་རླུང་གི་ཡོན་ཏན་གཉིས་ཏེ། རེག་བྱ་དང་། སྒྲའི་མཚན་ཉིད་དག་གོ། །གཙུག་ཏོར་གྱི་འདམ་སྐྱེས་ལ་སྟོང་པའི་ཡོན་ཏན་གཅིག་སྟེ་སྒྲ་ཙམ་མོ། །འདི་རྣམས་བཟུང་ནས་ཨ་ཝ་དྷཱུ་ཏཱི་ར་བ་ཏུ་འབབ་པ་ནི་ལྟེ་བའི་ས་སྙིང་གའི་ཆུ་ལ་ཐིམ། ཆུ་མགྲིན་པའི་མེ་ལ་ཐིམ། མེ་དཔྲལ་བའི་རླུང་ལ་ཐིམ། རླུང་གཙུག་ཏོར་གྱི་ནམ་མཁའ་ལ་ཐིམ་པ་སྡུད་པའི་རི་པ་པ་ཡིས་ཁམས་ཟད་པར་བྱ་བའི་ཕྱིར་རླུང་ཕྱི་རོལ་དུ་འབྱུང་བར་འགྱུར་ཏེ། ས་ལས་ཆུ་དང་རྩེ་མོ་ཅན་དང་རླུང་གི་རྡུལ་ཕྲན་ཕྱེ་ནས་ཆུའི་ཁམས་ལ་འཇུག་པར་བྱེད། ཆུ་ལས་ས་མེ་རླུང་ཕྱེ་རྩེ་མོ་ཅན་ལའོ་རྩེ་མོ་ཅན་ལས་ས་དང་ཆུ་དང་རླུང་ཕྱེ་སྟེ། རླུང་ལས་ས་དང་ཆུ་དང་རྩེ་མོ་ཅན་དག་བྱེ་ནས་ལས་ཀྱི་རླུང་ཡང་སྟོང་པ་ལ། ཞེས་སོ། །སྲོག་གི་རླུང་དེ་ནི་ལུས་ཀྱི་ཁམས་འཕེལ་བར་བྱ་བའི་ཕྱིར་ནང་དུ་འཇུག་པ་དག་བསྐྱེད་པའི་རིམ་པས་འཇུག་སྟེ། གཙུག་ཏོར་ནམ་མཁའ་ནས་ལྟེ་བ་སའི་བར་ལའོ། །ས་ཡི་རྟན་ནི་ཆུ་སྟེ་འབར་བར་བྱེད་པ་དག་ཀྱང་ཆུ་ཡི་རླུང་ནི་དག་པར་བྱེད་པ་དག་གིའོ། །རླུང་གིས་སྟོང་པར་རབ་ཏུ་འགྱུར་ཏེ་མི་ཡི་དབང་པོ་འབྱུང་བའི་རྟེན་དང་བརྟེན་པ་ཇི་ལྟ་བཞིན། ཞེས་སོ། །ཨ་ཝ་དྷཱུ་ཏཱི་ནས་རླུང་ཕྱིར་འགྲོ་བ་དང་ནང་དུ་འོང་བ་ལྟེ་བ་ནས་ལྟེ་བའི་དབུས་ཕུག་ནས་ཡིན་ཏེ། དབང་མདོར་བསྟན་ལས་ལྟེ་བ་དང་ནི་ལྟེ་བའི་དབུས། ཀུན་འདར་མ་ནི་གཤེགས་ཤིང་འབྱོན། ཞེས་སོ། །ལ་ལ་ནཱ་དང་ར་སཱ་ན་དག་ནི་གཡས་དང་གཡོན་པའི་འདབ་མ་ལ་རབ་ཏུ་རྒྱུའོ། །དེ་ལྟར་ལམ་གསུམ་པ་བཞི་བྱས་ནས་ལ་ལ་ནཱ་སྣ་བུག་གཡོན་པ་དང་། ར་སཱ་ན་སྣ་བུག་གཡས་པ་དང་། ཨ་ཝ་དྷཱུ་ཏཱི་ནི་ཅིག་ཅར་དུ་སྣ་བུག་གཉིས་ནས་འགྲོའོ། །ལྟེ་བའི་རྩ་འདབ་མ་དྲུག་ཅུ་རྩ་བཞི་ལས་བཞི་སྟོང་པ་ཡིན་པས་ལྷག་མ་དྲུག་ཅུ་ལ་དཀྱིལ་འཁོར་དྲུག་ཅུ་རྩ་རྣམས་རིམ་པ་བཞིན་འབབ་པ་ལ་གཡོན་གྱི་འདབ་མ་ལ་ལུག་དང་། འཁྲིག་པ་དང་། སེང་གེ་དང་། སྲང་དང་། ༼༦བ༡༢༽གཞུ་དང་། བུམ་པའི་བདག་ཉིད་རྣམས་ལ་རྣམ་ཤེས་ལ་སོགས་དཀྱིལ་འཁོར་ལྔའི་བདག་ཉིད་ལས་དཀྱིལ་འཁོར་སུམ་ཅུའོ། །གཡས་པའི་དུས་སྦྱོར་གྱི་འདབ་མ་རྣམས་ལ་ནི་གླང་དང་། ཀརྐ་ཊ་དང་། བུ་མོ་དང་། སྡིག་པ་དང་། ཆུ་སྲིན་དང་། ཉའི་བདག་ཉིད་རྣམས་ལས་ལ་སོགས་པའི་དཀྱིལ་འཁོར་ལྔའི་བདག་ཉིད་ལས་དཀྱིལ་འཁོར་སུམ་ཅུ་རྣམས་འབབ་བོ། །རེ་རེ་པདྨ་འདབ་མ་དག་ལ་རབ་ཏུ་འབབ་སྟེ་ནུབ་ཏུ་འཛིན་མ་དང་ནི་བྱང་དུ་ཆུ། ལྷོ་རུ་མེ་དང་ཤར་དུ་རླུང་ནི་རབ་ཏུ་འབབ་སྟེ་འདབ་མའི་དབུས་དག་ཏུ་ཡང་སྟོང་པའོ། །དབྱེ་བ་ལྔ་ཡིས་འཕོ་བར་འགྱུར་ཏེ་མཉམ་པར་རབ་ཏུ་འབབ་པ་དམན་པའི་དབུགས་ནི་དྲུག་ཅུའོ། །དེ་ལྟར་འཕོ་བའི་དབྱེ་བ་རྣམས་ནི་ཉིན་ཞག་སོ་སོའི་དུས་སུ་དུས་སྦྱོར་དབྱེ་བ་དག་གིས་འགྱུར། །ཞེས་སོ། །ལྟེ་བར་གཡས་སུ་གླང་ལ་སོགས་པའི་དུས་སྦྱོར་གྱི་རྩ་དང་པོ་ལ་རྩ་འདབ་ལྔའི་ནུབ་ནས་ས་རླུང་རྒྱུ་བ་དེའི་ཚེ་སྣ་བུག་གཡས་པའི་འོག་གི་ཆ་ལས་ས་རླུང་སེར་པོ་སོར་བཅུ་གཉིས་ཕྱིར་འགྲོ་ཞིང་ནང་གི་ལྟེ་བའི་འོག་ཏུ་སོར་བཞི་འགྲོའོ། །དེ་བཞིན་དུ་བྱར་གི་འདབ་མ་ནས་རྒྱུ་བའི་ཚེ་སྣ་བུག་གི་གཡོན་སྣ་རྒྱུད་ཀྱི་ཕྱོགས་ནས་ཆུ་རླུང་དཀར་པོ་སོར་བཅུ་གསུམ་དང་། འོག་ཏུ་སོར་གསུམ། ལྷོའི་འདབ་མ་ནས་སྣ་བུག་གི་གཡས་མཁུར་བའི་ཕྱོགས་ནས་མེ་རླུང་དམར་པོ་སོར་བཅུ་བཞི། འོག་ཏུ་སོར་གཉིས། ཤར་གྱི་འདབ་མ་ནས་སྣ་བུག་གི་སྟེང་གི་ཚལ་རླུང་གི་རླུང་ནག་པོ་སོར་བཅོ་ལྔ་དང་། འོག་ཏུ་སོར་གཅིག་འདབ་མ་དབུས་མ་ནས་སྣ་བུག་གི་དབུས་སུ་ནམ་མཁའི་རླུང་སྔོན་པོ་སོར་བཅུ་དྲུག་འགྲོ་ཞིང་། ནང་དུ་ལྟེ་བའི་པདྨ་ཉིད་ནས་ལྡོག་གེ། དེ་ལྟར་དཀྱིལ་འཁོར་ལྔ་པོ་རེ་རེ་ཞིང་དབྱུག་གུ་རེ་རེའི་ཚད་དུ་འབབ་ཅིང་། དེ་ལའང་བཅུ་གཅིག་བཞི་ཆས་དམན་པ་ནི་ངེས་པའོ། །དབང་མདོར་བསྟན་ལས། གང་ཡང་དྲུག་བརྒྱས་ལྷག་པ་ཡི། སྟོང་ཕྲག་ཉི་ཤུ་རྩ་ལྔ་སྟེ། གཡས་པ་དང་ནི་གཡོན་པའི་རྩར། དེ་ཡི་དམན་པ་དེ་རྣམས་འབབ། ཅེས་སོ། །དེ་བཞིན་དུ་གཡོན་པའི་རྩ་ལ་ལུག་ལ་སོགས་པའི་དུས་སྦྱོར་ལ་སྣ་བུག་གི་དབུས་སུ་སྟོང་༼༧ན༡༣༽པའི་དཀྱིལ་འཁོར་འབབ་པ་དེའི་ཚེ་ལྟེ་བའི་དཀྱིལ་འཁོར་ལ་འདབ་མའི་དབུས་སུ་འབབ་བོ། །དེ་ནས་སྟེང་དུ་རླུང་གི་དཀྱིལ་འཁོར་འབབ་པའི་ཚེ་འདབ་མའི་ཤར་དུའོ། །དེ་བཞིན་དུ་གཡས་སུ་མེའི་དཀྱིལ་འཁོར་རོ། །གཡོན་དུ་ཆུའི་དཀྱིལ་འཁོར་རོ། །འོག་གི་ཆ་ནུབ་ལ་སའི་དཀྱིལ་འཁོར་རོ། །ཡང་། རྩ་བར་ས་ཏེ་གཡོན་དུ་ཆུ་དང་གཡས་སུ་སྲེག་ཟ་དག་ནི་རབ་ཏུ་འབབ་སྟེ་སྟེང་དུ་རླུང་། གཉིས་ཀྱི་དབུས་ན་ནམ་མཁའ་དང་ནི་མཉམ་པ་རབ་ཏུ་འབབ་སྟེ་སྣ་བུག་དག་ལ་རིམ་པས་སོ། །འདི་དག་རྣམས་ནི་དབུགས་ཏེ་ནུས་པ་མཆོག་གི་གནས་དང་བཅུ་གཉིས་མཐའ་དང་ཆ་ཡི་མཐའ་རུ་འགྲོ། །ཞེས་སོ། །རླུང་དེ་རྣམས་ཀྱང་སྣ་བུག་སོ་སོ་དང་ལྟེ་བར་ནུབ་ཏུ་རྣམ་སྣང་ལ་སོགས་པ་སའི་ཁམས་པ་རྣམས་ཀྱི་ཤར་གྱི་རླུང་ཁམས་པ་རྣམས་དང་ཤར་གྱི་དོན་ཡོད་གྲུབ་པ་ལ་སོགས་པ་རྣམས་ཀྱིའང་། ནུབ་ཀྱིས་ཁམས་མ་རྣམས་ཕན་ཚུན་ཐབས་ཤེས་སུ་བྱེད་དེ། སའི་ཁམས་ཀྱི་བདག་ཉིད་ཀྱི་ལུས་ཀྱིས་རླུང་གི་ཁམས་ཀྱི་རང་བཞིན་གྱི་ཡུལ་རེག་བྱ་འཛིན་པའི་ཕྱིར་རོ། །དེས་ན་གཞན་གྱི་རིག་མ་ལ་འཁྱུད་པས་བྱ་བ་འགྲུབ་སྟེ། རང་ཉིད་ལ་རང་ཉིད་ཀྱི་བྱ་བ་མི་འགྲུབ་པའི་ཕྱིར་རོ། །གཡས་དང་གཡོན་དུ་མེ་དང་ཆུ། །ཕན་ཚུན་ཐབས་དང་ཤེས་རབ་སྟེ། །ཞེས་པའོ། །དབུ་མ་ནས་རྒྱུ་བའི་དབུགས་ཀྱི་གྲངས་ཇི་ཙམ་ཞེ་ན། སྤྱིར་འདི་ཁམས་དྲུག་པ་ཡེ་ཤེས་ཀྱི་ཆ་ཡིན་ཅིང་། དེ་ཡང་ཟླ་ཉི་སྒྲ་གཅན་གསུམ་གྱི་ལོངས་སྤྱོད་ཀྱི་བུ་ལོན་དུ་གྱུར་པ་ཡིན་པ་ལས་འདི་ཉི་མའི་ཡེ་ཤེས་ཆ་ཡིན་ཅིང་། དེ་ལ་རགས་པར་བརྩིས་ན་སུམ་ཅུ་ཆ། ཤིན་ཏུ་ཞིབ་པར་བརྩིས་ན་སུམ་ཅུ་སོ་ཕྱེད་དང་གསུམ་ན་ཆ་རེ་ཡིན་པ་ལ། འདིར་འབྲིང་དུ་བརྩིས་ནས་སོ་ཆ་སྟེ་དབུགས་རེའི་སུམ་ཅུ་སོ་གཉིས་ཆ་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་བསགས་པས་དཀྱིལ་འཁོར་རེ་རེ་དབུགས་བཅུ་གཅིག་བཞི་ཆ་ཡེ་ཤེས་ཀྱི་ཆ་ཡིན་པས། དེ་རྣམས་སུ་མ་རྒྱུས་པར་གཟུང་ནས་དུས་སྦྱོར་གཅིག་འཆར་བའི་སྔོན་མཚམས་སུ་ཁ་དོག་ལྗང་ཁུ་དབུགས་ཀྱི་བཞི་ཆ་དང་བཅས་པའི་ལྔ་བཅུ་རྩ་དྲུག་རྒྱུའོ། །སྲོག་ནི་ལུས་ལ་ལྷག་པ་གང་ཡིན་རབ་གསལ་གསལ་མཚམས་སུ་རིག་བྱེད་རྐང་ཆབ་ཀྱིས་༼༧བ༡༤༽དམན་དྲུག་ཅུ་སྟེ། ཞེས་གསུངས་སོ། །སའི་དཀྱིལ་འཁོར་གྱི་མཐར་འབབ་པའི་ཚེ་སའི་རླུང་དང་ཚད་མཚུངས་ཤིང་། ནམ་མཁའི་རླུང་གི་མཐར་འབབ་པའི་ཚེ་ནམ་མཁའི་རླུང་དང་མཚུངས་པ་ཡིན་ནོ། །གཞན་པ་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་གྱི་མཐར་ནི་འབབ་པ་ཡོད་པ་མ་ཡིན་ནོ། །དེས་ན་ཞག་གཅིག་གི་དུས་སྦྱོར་བཅུ་གཉིས་ཀྱི་མཚམས་སུ་རྒྱུ་བ་རྣམས་བསྡོམས་ནས་དབུགས་འབྱུང་འཇུག་བདུན་ཅུ་རྩ་ལྔས་ལྷག་པའི་དྲུག་བརྒྱ་རྣམས་ཞག་གཅིག་ལ་འབབ་པའོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཞག་གཅིག་གི་དབུགས་འབྱུང་འཇུག་དྲུག་བརྒྱ་རྣམས་ཀྱིས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་པོ་རྣམས་ལས། ཞག་གཅིག་གི་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པོ་འདི་ཡིས་དམན་པའི་ལྷག་མ་གང་ཡིན་པ་དེ་རྣམས་གཡོན་པ་ལ་ལ་ནཱ་དད་གཡས་པ་ན་སཱ་ན་ཡི་རྩར་འབབ་བོ། །ཞག་རེ་རེའི་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པོ་རྣམས་ལོ་བརྒྱའི་ཉིན་ཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་པོ་རྣམས་ཀྱིས་བསྒྱུར་བ་རྣམས་ལས་ཞག་གཅིག་གི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་བགོས་པའི་ཐོབ་ནོར་སྟོང་ཕྲག་ཉི་ཤུ་རྩ་ལྔ་ནི་ཉིན་ཞག་གི་གྲངས་ཡིན་ལ། དེ་ལོ་གཅིག་གི་ཞག་སུམ་བརྒྱ་དྲུག་ཅུས་བགོས་པའི་ཐོབ་ནོར་གསུམ་ནི་ལོའི་གྲངས་ཡིན་ཅིང་། ལྷག་མ་བཞི་བཅུ་ཞེ་ལྔ་ནི་ཟླ་ཕྱེད་གསུམ་གྱི་ཞག་གྲངས་ཡིན་པས་དེ་ལྟ་ན་ལོ་བརྒྱའི་དབུ་མའི་རླུང་ཕྱོགས་གཅིག་ཏུ་བསྡོམས་ན་ཕྱོགས་ཏེ་ཟླ་ཕྱེད་གསུམ་དང་བཅས་པའི་ལོ་གསུམ་རྣམས་སོ། །ལོ་གསུམ་དང་བཅས་ཕྱོགས་གསུམ་ནི། །ལོ་བརྒྱ་ཡིས་ནི་དབུ་མར་འགྱུར། །ཞེས་སོ། །ས་ལ་སོགས་པ་སྡུད་པ་དང་། །ནམ་མཁའ་ལ་སོགས་པ་བསྐྱེད་པའི་རིམ་པས་འབབ་པའི་ཆུ་ཚོད་གཅིག་ལ་དབུགས་དུ་འབབ་ཙ་ན། ཆུ་ཚོད་གཅིག་ལ་དབུགས་འབྱུང་འཇུག་གཅིག་ཏུ་བྱས་པའི་དྲུག་ཅུ་དང་བཅས་པའི་སུམ་བརྒྱའི་དབུགས་འབབ་བོ། །དུས་སྦྱོར་གཅིག་ལ་དེ་ལྔས་བསྒྱུར་བས་དབུགས་བརྒྱ་ཕྲག་བཅོ་བརྒྱད་དེ། དེ་རྣམས་བསྡོམས་པས་ཆུ་ཚོད་ལྔར་འབབ་པའོ། །དེ་བཅུ་གཉིས་ཀྱིས་བསྒྱུར་བས་ཆུ་ཚོད་དྲུག་ཅུ་དབུགས་༼༨ན༡༥༽ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམས་ཉིན་མཚན་གཅིག་ལ་འབབ་པའོ། །དེ་ནས། འོག་འཁོར་ལོ་གསུམ་གྱི་ཆུ་སྐྱེས་ལ་ཐུར་སེལ་རྒྱུ་བའི་ཚུལ་བཤད་པར་བྱ་སྟེ། འོག་ཏུ་ལྟེ་བའི་ཆུ་སྐྱེས་ལ་དུད་ཅན་མའི་ལུས་ཀྱི་ཁམས་འབབ་པ་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་ཡོན་ཏན་གསུམ་དང་། གསང་བའི་ཆུ་སྐྱེས་ལ་ངག་ཡོན་ཏན་གཉིས་དང་། རྡོ་རྗེ་ནོར་བུའི་ཆུ་སྐྱེས་ལ་སེམས་ཡོན་ཏན་གཅིག་གི་བདག་ཉིད་འབབ་པ་ནི་ཕྱི་རོལ་ཏུ་འབྱུང་བ་སྡུད་པའི་རང་བཞིན་ཅན་ནོ། །ཐུར་སེལ་གྱི་རླུང་དེ་ནི་ནང་དུ་འཇུག་པ་དག་སེམས་དང་ངག་དང་ལུས་སྐྱེ་བའི་རིམ་པས་འཇུག་པས་སྐྱེད་པའི་རང་བཞིན་ཅན་ནོ། །མདོར་བསྟན་ལས། ལྟེ་གསང་ནོར་བུའི་པདྨ་ལས། ལུས་ངག་སེམས་ནི་འབབ་པ་སྟེ། །གཤེགས་པ་དང་ནི་བྱོན་པ་ནི། །སྡུད་དང་སྐྱེད་པའི་གཟུགས་ཅན་མ། །ཞེས་སོ། །མདོར་ན། གཡོན་པར་ཟླ་བ་གནས་པ་གང་ཡིན་པ་དེ་ཤེས་རབ་ཡུམ་དང་བཅས་པའི་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་རྣམ་ཤེས་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དང་། གཡས་པར་ཡང་ཐབས་ཡབ་དང་བཅས་པའི་སྤྱན་མ་ལ་སོགས་པའི་རང་བཞིན་ས་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ་དབུ་མ་ཨ་ཡིག་ཆོས་ཐམས་ཅད་ཀྱི་གཞིར་སྒྱུར་བའི་ཆོས་ཉིད་དང་། རོ་རྐྱང་དབྱངས་གསལ་གྱི་ཆོས་ཅན་དག་གི་རང་བཞིན་སྔགས་དང་ལྷའི་བདག་ཉིད་སྤྲོ་བ་དང་སྡུད་པའི་གཟུགས་ཅན་ལྷན་ཅིག་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་གནས་པའོ། །གསུམ་པ་ཐུགས་ཀྱི་སྦྱང་གཞི་ཐིག་ལེ་ནི། ཁུ་བ་ལས་རྐང་དང་རུས་པ་དང་ཆུ་རྒྱུས་དང་། རྡུལ་ལས་པགས་པ་དང་ཁྲག་དང་ཤ་སྐྱེ་ཞིང་། མངལ་ནས་སྐྱེས་ནས་ཟླ་བ་གསུམ་ལོན་པ་ནས་བརྩམས་ཏེ་རྡུལ་ཤེས་རབ་ཀྱི་ཁམས་ལོ་བཅུ་གཉིས་དང་། ཁུ་བ་ཐབས་ཡེ་ཤེས་ཀྱི་ཁམས་ལོ་བཅུ་དྲུག་ཚུན་འཕེལ་ཞིང་སྨིན་པས་ཕྱི་རོལ་ཏུ་མི་འཛག་ལ། དེ་ནས་བུད་མེད་ཀྱི་ལོ་བཅུ་གཉིས་དང་། སྐྱེས་པའི་ལོ་བཅུ་དྲུག་ལ་ཁམས་ཕྱིར་འཕོ་བར་འགྱུར་བས་འཕེལ་བསྟོངས་པའོ། །དེ་ལྟར་ཁ་རྡུལ་མུན་ཅན་གསུམ་སྐུ་གསུང་ཐུགས་དང་། དེ་ལས་སྐྱེས་པའི་བཤང་གཅིག་ཆེན་གྱི་དངས་མ་གསུམ་བསྣན་པ་༼༨བ༡༦༽རིགས་དྲུག་དང་། མུན་ཅན་བཞག་པ་ལྔ་ནི་རིགས་ལྔ་སྟེ། འདུ་བྱེད་དོན་ཡོན་གྲུབ་པ་ཚོར་བ་དྲི་མེད་ནོར་བུའི་ཕྱག་སྟེ་འདུ་ཤེས་སྣང་བ་མཐའ་ཡས་སོ། །གཟུགས་ནི་འཁོར་ལོ་ཅན་ནོ་རི་བོང་ཅན་དང་སྟོབས་ཁྲག་གཅི་བ་བཤང་བ་རྣམ་པར་དག་པའོ། །ཞེས་གསུངས། དེ་དག་ལས་སྤྲུལ་སོགས་པ་བཅུར་གྱུར་པ་ནི་ས་བཅུ་སྟེ། སྤུ་དང་པགས་པ་ཤ་དང་ཁྲག་དང་རོ་དང་བཅས་པ་དག་དང་དེ་བཞིན་རུས་པ་དང་ནི་རྐང་དང་རྩ། དེ་དག་རྣམས་ལ་སྲོག་རྩོལ་རླུང་སྟེ་ཀུན་ནས་རླུང་གི་དབུས་སུ་ཉི་མ་ཟླ་བའི་བགྲོད་པའོ། །ཞེས་དང་། སྤུ་ལ་སོགས་པ་ཟླ་བའི་མཐར་ནི་མཐའ་དག་ལུས་ལ་གནས་རྣམས་གང་ཞིག་ས་བཅུར་གསུངས་པ་རྣམས། ཞེས་སོ། །ཡང་། དེ་དག་ཁམས་སུམ་ཅུ་རྩ་དྲུག་ཏུ་གྱུར་པ་རིགས་སུམ་ཅུ་རྩ་དྲུག་སྟེ། བཤང་བ་གཅི་བ་དང་ནི་ཁྲག་དང་ཤ་དང་བཅས་པས་ལྷ་མོ་རྣམས་ནི་བཞི་པོར་འགྱུར་བ་སྟེ། རྣ་བ་སྣ་དང་མིག་དང་ལྕེ་དང་བཤད་ལམ་བྷ་ག་སྒྲ་ཡི་རྡོ་རྗེ་མ་ལ་སོགས་པ་དྲུག །རྣག་དང་བད་ཀན་དང་ནི་ཤིག་དང་སྲིན་བུ་ཆུ་སེར་ཞག་དང་བ་སྤུ་སྐྲ་དང་བརྒྱད་པོ་ཡང་། རྒྱུ་མ་མཁྲིས་པ་རུས་པ་རྐང་དང་སྣ་ཚོགས་ལུས་ལ་གནས་པ་མཆིན་པ་དང་ནི་གློ་བ་དང་། རྩ་དང་་་་་་་་་་་་་་དང་སྙིང་དང་ཚིལ་བུ་ལྡན་པ་བཅུ་རུ་འགྱུར་རོ་མི་ཡི་བདག །རྣ་བ་དང་ནི་སྣ་དང་མིག་དང་ཁ་དང་བཤང་ལམ་དབུགས་དང་བྷ་ག་དང་མཆན་ཁུང་སོགས། ལུས་ཀྱི་ཡན་ལག་བརྒྱད་ལ་གནས་པའི་དྲི་མ་མི་ཡི་བདག་པོ་ལྷ་མིན་མོ་རྣམས་བརྒྱད། ཅེས་སོ། །ཡང་ན། ཁམས་དེ་རྣམས་ཀྱི་སྟེངས་སུ་ཁམས་དྲུག་ཅུ་རྩ་བཞི་བསྣན་པ་དག་པས་རིགས་བརྒྱ་སྟེ། དེ་ཉིད་ལས། སེ་ན་མོ་དང་བཅས་སོ་དང་ཡན་ལག་བཅུ་གཉིས་ཐོད་པ་རྣལ་འབྱོར་མ་རྣམས་བརྒྱད་པ་བརྒྱད་དུ་འགྱུར། ཞེས་སོ། །དེ་ལྟར་ཁམས་དྲུག་པ་དེ་ཉིད་ལ་རྟེན་གྱི་སྒོ་ནས་ས་བཅུ་གཉིས་ལ་དབྱེ་བས་ཞིང་ལ་སོགས་པ་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལྟར་བཤད་པའི་ཁམས་དེ་དག་ཀྱང་མདོར་བསྡུ་ན་ཤ་ཆེན་གྱི་དངས་མ་ལུས་ཀྱི་ཐིག་ལེ་སད་པའི་གནས་སྐབས་བསྐྱེད་པ། བཤང་གཅིའི་དངས་མ་ངག་གི་ཐིག་ལེ་རྨི་ལམ་གྱི་གནས་སྐབས་བསྐྱེད་པ། ཁུ་ཁྲག་གི་དངས་མ་༼༩ན༡༧༽ཡིད་ཀྱི་ཐིག་ལེ་གཉིད་ལོག་པའི་གནས་སྐབས་བསྐྱེད་པ། དབང་པོ་ལྔའི་དངས་མ་ཡེ་ཤེས་ཀྱི་ཐིག་ལེ་བཞི་པའི་གནས་སྐབས་བསྐྱེད་པ་སྟེ། བཞི་པའི་གནས་སྐབས་ཤིན་ཏུ་གཉིད་ལོག་ངེས་པར་སླར་ཡང་གཞན་དང་ལུས་ཀྱི་དབྱེ་བས་སད་པ་སྟེ། དེ་ལྟར་ལུས་ཀྱི་རབ་ཏུ་དབྱེ་བས་སྲོག་ཆགས་རྣམས་ཀྱི་ལུས་ལ་ཡིད་ནི་རྣམ་པ་བཞི་རུ་གནས། ཞེས་སོ། །བཞི་པའི་གནས་སྐབས་ནི་སྙོམས་འཇུག་གོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དཀར་ཆ་ནི་ཡང་ངོའི་ཚེས་གཅིག་ལ་གཙུག་ཏོར་གྱི་རྩེ་དང་། ཚེས་ལྔས་དཔྲལ་བ། སྙིང་གར་ཚེས་བཅུ་དང་། གསང་བས་ཚེས་བཅོ་ལྔ་སྟེ། ཆ་བཅུ་དྲུག་པ་རྡོ་རྗེའི་རྩེ་མོར་གནས་ལ། ནག་པོའི་ཚེས་གཅིག་འོངས་པ་ན་དེ་འཕོའོ། །དེ་བཞིན་དུ་རྡུལ་གྱི་གཟུགས་ཉི་མའི་ཆ་དང་པོ་ནོར་བུའི་རྩེ་མོ་ལའོ། །གསང་བར་ཚེས་ལྔ་དང་། སྙིང་གར་ཚེས་བཅུ་དང་། དཔྲལ་བར་གནམ་སྟོང་། གཙུག་ཏོར་གྱི་པདྨར་སོན་པ་བཅུ་དྲུག་སྟེ་དེ་ནས་འཕོའོ། །གསུམ་པ། ཞར་བྱུང་འཆི་ལྟས་བཤད་པ་ནི། སྟེང་དུ་ཟླ་བའི་རྩ་འགགས་ན་འོག་ཏུ་བཤད་པའི་རྩ་འགག །དེ་བཞིན་ཉི་མ་འགགས་ན་གཅི་བ་དང་། སྒྲ་གཅན་འགགས་ན་ཁུ་བའི་རྩ་འགག་ལ། སྟེང་གི་གསུམ་གྲོལ་ན་འོག་གི་གསུམ་གྲོལ་བར་འགྱུར་རོ། །དེ་ལས་གྱེས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་མ་མཉེས་པས་ནད་དང་། ཡན་ལག་ཉམས་པ་དང་སྨྱོ་འབོག་དང་འཆི་བྱེད་དེ། གཙུག་ཏོར་དང་དཔྲལ་བའི་རྩ་ཉི་ཤུས་བད་ཀན་དང་། མགྲིན་པ་དང་སྙིང་གའི་བཞི་བཅུས་མཁྲིས་པ་དང་། ལྟེ་བ་རང་གསང་བའི་ཕྱི་སྐོར་བཅུ་དྲུག་སྟེ་བརྒྱད་ཅུས་རླུང་། གསང་བའི་ནང་སྐོར་བཅུ་དྲུག་གིས་འདུས་པའི་ཁམས་འཁྲུག་པར་བྱེད་པས་སོ། །དེ་དག་ནི་རྩ་ལས་གྱུར་པའི་འཆི་ལྟས་ཡིན་ལ། རླུང་གིས་རྒྱུ་བས་བྱེད་པ་ནི་འདི་ལྟར། གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་རྣམས་ཀྱི་གཡས་ནས་ཉིན་ཞག་ལྔ་བར་མ་ཆད་པར་རླུང་འབབ་ན་ཉི་མའི་འཆི་ལྟས་སུ་འགྱུར་ཏེ། དབང་མདོར་བསྟན་ལས། གཡོན་པ་འམ་ནི་གཡས་པ་ལས། ཉིན་མཚན་ལྔ་དང་དེ་བཞིན་གཅིག །རླུང་ནི་རབ་ཏུ་འབབ་པ་ན། དེ་ལས་ལོ་གསུམ་གྱིས་འཆི་འགྱུར། ༼༩བ༡༨༽ཞེས་དང་། དེ་བཞིན་དུ་ཁྱིམ་ལྔའི་བར་དུ་འཆི་ཞག་ལྔ་ལྔ་འཕེལ་བའི་བཅུས་གཉིས་དང་བཅོ་ལྔས་ལོ་གཅིག་དང་། ཉི་ཤུས་ཟླ་བ་དྲུག་དང་། ཉེར་ལྔས་ཟླ་བ་གསུམ་དང་། ཞག་རེ་འཕེལ་བའི་ཉེར་དྲུག་གིས་ཟླ་བ་གཉིས་དང་། ཉེར་བདུན་གྱིས་ཟླ་བ་གཅིག་དང་། དེ་ནས་འཆི་ཞག་ཁོ་ན་བར་མ་ཆད་དུ་རྒྱུ་བས་ཉིན་ཞག་བཅོ་ལྔ་དང་། བཅུ་དང་ལྔ་དང་གསུམ་ནི་འཆི་ཞག་སུམ་ཅུ་རྩ་གསུམ་མོ། །གཡས་པ་ཉི་མའི་འཆི་ལྟས་ལ། །ལྔ་དང་ཕྱོགས་ཚེས་ཉི་ཤུ་དང་། །དེ་བཞིན་གཅིག་ལྷག་གཞན་རིམ་པས། །ཉིན་ཞག་སུམ་ཅུ་གསུམ་རྒྱུ་བས། །གསུམ་གཉིས་གཅིག་ལོ་ཟླ་བ་ནི། །དྲུག་གསུམ་ཟུང་ཟླ་ཉིན་ཞག་ཚེས། །ཕྱོགས་ལྔ་ཡོན་ཏན་གཉིས་གཅིག་གིས། །ལུས་ཅན་རྣམས་ཀྱི་ཚེ་འགྲོའོ། །ཞེས་སོ། །དེ་ལ་ཉི་མའི་ལོ་གསུམ་ལ་ཁྱིམ་གྱི་འདབ་མ་དང་པོར་རྒྱུ་བ་དང་བཅས་པའི་ཉིན་ཞག་སུམ་བརྒྱ་དང་སུམ་ཅུ་ལྔས་འདོར་ཏེ། དེ་ནས་འདབ་མ་དང་པོ་བསྐམས་ནས་རྩ་འདབ་དེ་ལ་རླུང་རྒྱུ་བ་མེད་དེ། དེ་བཞིན་དུ་གཉིས་པ་ལ་སུམ་བརྒྱ་བཞི་བཅུ་ཞེ་ལྔ་རྒྱུ་བའོ། །གསུམ་པ་ལ་བརྒྱ་བདུན་ཅུའོ། །བཞི་པ་ལ་བརྒྱད་ཅུ་རྩ་གཉིས་དང་། །ལྔ་པ་ལ་ལྔ་བཅུ་རྩ་བདུན་དང་། །དྲུག་པ་ལ་ཉེར་བརྒྱད་རྒྱུས་ཏེ། དེ་ནི་རྒྱུ་བ་དང་། འཚོ་བ་ཐུན་མོང་བའི་རྣམ་གཞག་གོ། །དུས་དེ་ཡན་ཆད་ལ་འཆི་བ་བླུ་བའི་ཐབས་ཀྱིས་བཟློག་པར་ནུས་ཀྱི། དེ་ལས་འདས་ནམ་ཡིན་ཏེ། ཁྱིམ་བདུན་པ་ལ་འཆི་ལྟས་ཞུགས་པ་ནི་རྫོགས་པའི་དུས་ཏེ་ཁུ་བའི་ཁམས་ལ་འཆི་ལྟས་ཀྱི་རླུང་རབ་ཏུ་ཞུགས་པའི་ཕྱིར་རོ། །རྩ་འདབ་བརྒྱད་པ་ནས་ནི་འཆི་བ་ཁོ་ནས་རྒྱུ་བའོ། །དེ་ཡང་བདུན་པ་ལ་ཉིན་ཞག་ཉེར་བདུན་དང་། བརྒྱད་པ་ལ་བཅོ་ལྔ་དང་། དགུ་པ་ལ་བཅུ་དང་། བཅུ་པ་ལ་ལྔ་དང་། བཅུ་གཅིག་པ་ལ་གསུམ་མོ། །དེ་རྣམས་ཀྱིས་གཡས་ཀྱི་རྩ་ཟད་པར་བྱས་ནས་རྩ་བ་ཆུ་གཉིས་པ་ལ་ཉིན་ཞག་གཉིས་རྒྱུ་བ་ནི་ཁུ་བའི་ཁམས་ཟད་པའི་སླད་དུ་སྣ་བུག་གཡོན་པ་ནས་འབབ་སྟེ། གཡས་པའི་རྩ་ལ་སྲོག་རྒྱུ་བ་མེད་པའི་ཕྱིར་རོ། །དེ་ནས་དབུས་མ་ནས་ཞག་གཅིག་བབ་ནས་རྣལ་འབྱོར་པ་མ་ཡིན་པ་རྣམས་ལས་ཀྱི་དབང་གིས་འགྲོ་བ་གཞན་དུ་འཕོ་སྟེ། སྔོན་དུ་ཉི་མའི་ལོ་༼༡༠ན༡༩༽གསུམ་དག་གིས་ཉིན་ཞག་ཚོགས་ནི་མདའ་དང་མེ་དང་འཇིག་རྟེན་འདོར་བར་བྱེད། དེ་ནས་རྒྱུ་བ་དང་བཅས་མདའ་དུས་རྩེ་མོ་ཅན་དང་མཁའ་རི་ཟླ་བ་དག་ནི་གསུམ་པ་ལའོ། །མིག་སྤྲུལ་རི་བོ་མདའ་དང་ནོར་དང་ལག་པ་གཞན་ཏེ་བདུན་པ་ལ་ནི་རྒྱུ་བ་དག་ཀྱང་ངོ་། །ད་ེནས་ཚེས་ལ་སོགས་པའི་ཉིན་ཞག་ཚོགས་པ་དག་ཀྱང་གང་ཞིག་ལྟེ་བ་ཇི་སྲིད་ཉིད། ཅེས་སོ། །དེ་བཞིན་དུ་ལུག་ལ་སོགས་མི་མཉམ་པའི་དུས་སྦྱོར་ལས་སྐྱེས་པ་རྣམས་ལ་གཡོན་པ་ཟླ་བའི་འཆི་ལྟས་སུ་འགྱུར་ཏེ། དེ་ཡང་གཡོན་གྱི་འདབ་མ་དང་པོ་ནས་ཉིན་ཞག་གཅིག་བར་མ་ཆད་དུ་བབས་ན་ལོ་གསུམ་ན་འཆི་སྟེ། དེ་ཡང་ཟླ་བ་དང་པོ་ལ་གཅིག་དང་། དེ་བཞིན་དུ་ཟླ་བ་གསུམ་པ་ལ་གཉིས་པ་དང་། ལྔ་པ་ལ་གསུམ་པ་བར་མ་ཆད་དུ་རྒྱུས་ཤིང་། གཉིས་པ་དང་བཞི་པ་དང་རླུང་པ་ལ་མི་རྒྱུ་སྟེ། དེ་ལྟར་ཟླ་བ་དྲུག་གིས་ཁྱིམ་གྱི་རྩ་འདབ་དང་པོ་དོར་ནས་རྩ་དེས་སྲོག་རྒྱུ་བ་མེད་ཅིང་ཟླ་བ་སུམ་ཅུ་ན་འཆིའོ། །དེ་བཞིན་དུ་ཟླ་བ་རེ་ལ་འཆི་ཞག་རེ་རེ་འཕེལ་བའི་ཉིན་ཞག་དྲུག་གིས་འདབ་མ་གཉིས་པ་དོར་ནས་ཟླ་བ་ཉེར་བདུན་ན་འཆིའོ། །དེ་ལྟར་ཉིན་ཞག་དགུས་འདབ་མ་གསུམ་པ་དོར་ནས་ཟླ་བ་ཉེར་བཞི་ནའོ། །ཉིན་ཞག་བཅུ་གཉིས་ཀྱིས་བཞི་པ་དོར་ནས་ཉེར་གཅིག་ནའོ། །བཅོ་ལྔས་ལྔ་པ་དོར་ཏེ་བཅོ་བརྒྱད་ནའོ། །བཅོ་བརྒྱད་ཀྱིས་དྲུག་པ་དོར་ཏེ་ཟླ། ་་་་བཅོ་ལྔ་ནའོ། །ཉེར་གཅིག་གིས་བདུན་པ་དོར་ཏེ་བཅུ་གཉིས་ནའོ། །ཉེར་བཞིས་བརྒྱད་པ་འདོར་ཏེ་དགུ་ནའོ། །ཉེར་བདུན་གྱིས་དགུ་པ་དོར་ཏེ་དྲུག་ནའོ། །སུམ་ཅུས་བཅུ་པ་དོར་ཏེ་གསུམ་ནའོ། །དེ་ནས་སྔ་མ་བཞིན་དུ་ཉིན་ཞག་རེ་རེ་འཕེལ་བས་ཞག་སུམ་ཅུ་རྩ་གཅིག་དང་། རྩ་གཉིས་དང་། རྩ་གསུམ་རྣམས་ཀྱིས་ཁྱིམ་གྱི་རྩ་འདབ་མ་བཅུ་གཅིག་པ་དོར་ནས་གཡོན་གྱི་རྩལ་སྲོག་མི་རྒྱུ་བས་ལུས་ཀྱི་ཁམས་དང་སྙིང་སྟོབས་ཟད་དོ། །དེ་ནས་རྩ་འདབ་དང་པོའི་དུས་ཀྱི་ཟླ་བ་གཉིས་པ་བཞི་པ་དྲུག་པ་གསུམ་ལ་མ་རྒྱུས་པར་གཟུང་བའི་ཞག་གསུམ་པོ་དེ་ལས་རྩ་འདབ་བཅུ་གཉིས་པ་ནས་ཞག་གཉིས་གཡས་ཀྱི་རྩ་ལ་ངག་གི་ཁམས་དང་རྡུལ་ཟད་པའི་དོན་དུ་༼༡༠བ༢༠༽འབབ་བོ། །དེ་ནས་ཉིན་ཞག་གཅིག་དབུ་མའི་རྩ་ནས་ཡིད་ཀྱི་ཁམས་དང་མུན་པའི་ཁམས་ཟད་པའི་ཕྱིར་འབབ་སྟེ་རྣམ་པར་ཤེས་པ་ལས་ཀྱི་དབང་གིས་འགྲོ་བ་གཞན་དུ་འཕོའོ། །དེ་སྐད་དུ་ཡང་དབང་མདོར་བསྟན་ལས། རྩ་བ་ནས་གཅིག་ལྷག་པ་ཡིས། གཡོན་པའི་ཟླ་བའི་རྒྱུ་བར་འགྱུར། ཞེས་སོ། །བསྡུས་རྒྱུད་ལས་ཀྱང་། སྲོག་ནི་གལ་ཏེ་རྩ་གཅིག་ཉིན་ལ་ཉིན་དང་མཚན་མ་འབབ་ན་འཚོ་བ་དག་ནི་དུས་ཀྱི་ལོ། གལ་ཏེ་ཕྱོགས་ཅིག་རྣམ་པར་མ་ཆད་འབབ་ན་མི་རྣམས་ཀྱི་ནི་འཚོ་བ་ཕྱེད་དང་བཅས་པའི་ལོ། ཟླ་བ་གཅིག་ཏུ་རྣམ་པར་མ་ཆད་འབབ་ན་མི་ཡི་བདག་པོ་འཚོ་བ་དག་ཀྱང་ཟླ་བ་གསུམ། དེ་ལྟར་རྣལ་འབྱོར་པས་ནི་རང་ལུས་དག་ལ་ཟླ་བགྲོང་འཆི་བ་དུས་ཀྱི་འཁོར་ལོར་ཤེས་པར་བྱ། ཞེས་སོ། །དེ་ལྟར་ཉི་མ་དང་ཟླ་བའི་འཆི་ལྟས་ལ་དིམ་པ་བཞིན་ཉི་མ་ལྔ་དང་། ཟླ་བ་ལ་ཞག་གསུམ་རྣམས་ཀྱིས་འཆི་བའི་ལྟས་ཀྱི་ཞག་འཕེལ་ཞིང་། ཉི་མས་སུམ་བརྒྱ་སུམ་ཅུ་རྩ་ལྔ་ལ་སོགས་པ་ཞག་དང་། ཟླ་བ་ལ་ཞག་སུམ་ཅུ་པ་གསུམ་ལ་སོགས་པས་འཚོ་བ་འགྲིབ་བོ། །མཉམ་པའི་དུས་སྦྱོར་ལས་སྐྱེས་པ་དུས་མ་ཡིན་པ་འཆི་བ་མེད་པ་ཅིག་ལ་ལོ་དགུ་བཅུ་རྩ་དྲུག་དང་ཕྱེད་དང་བཅས་པའི་ཟླ་བ་བཅུའི་བར་དུ་འཆི་ལྟས་དབུགས་ཆུ་སྲང་ཆུ་ཚོད་ཀྱི་འཁོར་ལོར་རྒྱུས་པས་ཉིན་ཞག་ཏུ་སློངས་ཏེ་དེ་ནས་གཟུང་ནས་ཉིན་ཞག་ཏུ་རྒྱུ་བ་ལ་དང་པོར་སྣ་བུག་གཡས་ནས་འཆི་ལྟས་ཉིན་ཞག་གཉིས་རྒྱུའོ། །དེ་ནས་གཉིས་འཆི་ལྟས་མེད་པར་རང་བཞིན་པར་རྒྱུའོ། །དེ་ནས་སྣ་བུག་གཡོན་ལ་འཆི་ལྟས་ཞག་གཅིག་རྒྱུའོ། །དེ་ནས་གཡས་ལ་བཞི་རྒྱུའོ། །བཞི་རང་བཞིན་དུའོ། །གཡོན་ལ་གསུམ་རྒྱུའོ། །གསུམ་རང་བཞིན་དུའོ། །གཡས་ལ་དྲུག་རྒྱུའོ། །དྲུག་རང་བཞིན་དུ་སྟེ་དེ་ལྟར་གཉིས་དང་བཞི་དང་དྲུག་སྟེ་སྡེ་ཚན་གསུམ་གྱིས་གཡས་ཀྱི་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་དྲུག་པོ་རྣམས་ལ་སའི་དཀྱིལ་འཁོར་རབ་ཏུ་འབབ་པ་སྲོག་གི་རླུང་གིས་འདོར་རོ། །དེ་ནས་གཡོན་ལ་ལྔ་རྒྱུའོ། །ལྔ་རང་བཞིན་དུ་རྒྱུའོ། །དེ་༼༡༡ན༢༡༽ལྟར་གཅིག་དང་གསུམ་དང་ལྔས་མི་མཉམ་པའི་སྡེ་ཚན་གསུམ་གྱིས་ལུག་ལ་སོགས་པ་མི་མཉམ་པའི་འདབ་མ་དྲུག་པོ་རྣམས་ལ་སྟོང་པའི་དཀྱིལ་འཁོར་རབ་ཏུ་འབབ་པ་སྲོག་གི་རླུང་གིས་འདོར་རོ། །དེ་བཞིན་དུ་འཆི་ལྟས་ཀྱི་ཞག་གྲངས་ཇི་ཙམ་རྒྱུས་པ་དེ་བཞིན་དུ་རང་བཞིན་པ་ཡང་རྒྱུ་བར་འོག་མ་རྣམས་ལའང་ཤེས་པར་བྱའོ། །དེ་བཞིན་དུ་གཡས་ལ་བརྒྱད་དང་། བཅུ་དང་། བཅུ་གཉིས་ཀྱིས་ཆུའི་དཀྱིལ་འཁོར་འདོར་རོ། །གཡོན་ལ་བདུན་དང་དགུ་དང་བཅུ་གཅིག་གིས་རླུང་གི་དཀྱིལ་འཁོར་འདོར་རོ། །གཡས་ལ་བཅུ་བཞི་དང་བཅུ་དྲུག་དང་བཅོ་བརྒྱད་ཀྱིས་མེའི་དཀྱིལ་འཁོར་འདོར་རོ། །གཡོན་ལ་བཅུ་གསུམ་དང་བཅོ་ལྔ་དང་བཅུ་བདུན་གྱིས་མེའི་དཀྱིལ་འཁོར་འདོར་རོ། །གཡས་ལ་ཉི་ཤུ་དང་ཉེར་གཉིས་དང་ཉེར་བཞིས་རླུང་གི་དཀྱིལ་འཁོར་འདོར་རོ། །གཡོན་ལ་བཅུ་དགུ་དང་ཉེར་གཅིག་དང་ཉེར་གསུམ་གྱིས་ཆུའི་དཀྱིལ་འཁོར་འདོར་རོ། །གཡས་ལ་ཉེར་དྲུག་དང་ཉེར་བརྒྱད་དང་སུམ་ཅུས་ནམ་མཁའི་དཀྱིལ་འཁོར་འདོར་རོ། །གཡོན་ལ་ཉེར་ལྔ་དང་ཉེར་བདུན་དང་ཉེར་དགུས་སའི་དཀྱིལ་འཁོར་འདོར་ཏེ། དེ་ལྟར་མི་མཉམ་པ་དང་མཉམ་པའི་རྒྱུ་བའི་ཉིན་ཞག་སུམ་ཅུ་དང་འཕོ་བའི་ཉིན་ཞག་སུམ་ཅུ་ཡན་ཆད་ཀྱི་དུས་སྦྱོར་བཅུ་གཉིས་ཀྱི་རྩའི་དཀྱིལ་འཁོར་རྣམས་ལ་དཀྱིལ་འཁོར་ལྔ་འདོར་རོ། །དེ་ནས་གཡོན་པའི་རྩ་མི་མཉམ་པའི་འདབ་མ་རྣམས་ལ་འཆི་ལྟས་སོ་གཅིག་རྒྱུ་ཞིང་དེ་ནས་རང་བཞིན་སོ་གཅིག་རྒྱུ་སྟེ། དེས་བད་ཀན་གྱི་རྩ་སྙིང་སྟོབས་ཀྱི་ཁམས་ཟད་དོ། །དེ་ནས་གཡས་ལ་འཆི་ལྟས་སོ་གཉིས་དང་རང་བཞིན་པ་སོ་གཉིས་ཀྱིས་མཁྲིས་པའི་རྩ་རྡུལ་གྱི་ཁམས་ཟད་དོ། །དེ་ནས་གཡོན་ལ་འཆི་ལྟས་སོ་གསུམ་དང་རང་བཞིན་པ་སོ་གསུམ་གྱིས་རླུང་གི་རྩ་མུན་པའི་ཁམས་ཟད་དེ་ལོ་གསུམ་ཕྱོགས་གསུམ་དུ་ཞག་གསུམ་གྱིས་དམན་པ་སོང་ངོ་། །དེ་ནས་ལོ་གསུམ་ཕྱོགས་གསུམ་གྱི་ཞག་ལ་སུམ་ཅུ་སོ་ཕྱེད་དང་གསུམ་གྱིས་བགོས་པའི་ཐོབ་ནོར་ཞག་སོ་བཞི་ཆུ་ཚོད་སོ་དྲུག་ཆུ་སྲང་ང་ལྔ་དབུགས་གཉིས་དབུགས་བཅུ་གསུམ་ཆ་བཞི་རྣམས་འཆི་ལྟས་འབའ་ཞིག་པར་རྒྱུ་བ་ནི་མངལ་གྱི་རྩ་མ་ཆགས་པའི་ཟླ་བ་གཅིག་དང་ཞག་གསུམ་གཡས་གཡོན་དུ་རྒྱུ་ཞིང་གཅིག་༼༡༡བ༢༢༽ལྟེ་བ་ལ་རྒྱུ་བ་ཡིན་ལ། ཆུ་ཚོད་ལ་སོགས་པ་ནི་ཞག་སོ་སོའི་སྟེང་སུ་ཆ་བགོས་ནས་རྒྱུ་བས་ཞག་རེ་རེའང་ཆུ་ཚོད་གཅིག་ཆུ་སྲང་ལྔ་དབུགས་བཅུ་གསུམ་ཆ་བཅུ་གཉིས་དེའི་བཅུ་བདུན་རྣམས་ལྷག་པར་རྒྱུའོ། །དེ་ལ་ཉིན་ཞག་གཅིག་གཡས་ལའོ། །དེ་ནས་གཅིག་གཡོན་ལའོ། །དེ་ལྟ་བུའི་རིམ་པས་ཉིན་ཞག་སུམ་ཅུ་སོ་གསུམ་གྱི་བར་དུ་རྒྱུ་སྟེ། ཐ་མ་སོ་གསུམ་པ་གཡས་པའི་རྩལ་རྒྱུ་ཞིང་འཕོ་བ་ཐམས་ཅད་མེད་པས་ཕུང་པོ་ལྔ་ཁམས་ལྔ་དབང་པོ་ལྔ་ཡུལ་ལྔ་ལས་དབང་བྱ་བ་ལྔ་རྣམས་ཡང་དག་པར་གཅོད་ཅིང་ཕན་ཚུན་ཡང་དག་པར་སྦྱོར་བ་མེད་པར་འགྱུར་རོ། །དུས་ཀྱི་ལོ་ཡི་བར་དུ་ངེས་པར་ཉིན་ཞག་བགྲོད་པའི་དབང་གིས་འཕོ་ཞིང་རྒྱུ་བར་བྱེད་པ་སྟེ། ཟླ་བ་ཞེས་དང་ཉི་མའི་ལམ་ལ་མི་མཉམ་པ་ཡི་ཉིན་ཞག་རེ་རེ་འཕེལ་བའི་རིམ་པས་སོ། །སླར་ཡང་འཕོ་བའི་དབྱེ་བ་མི་མཉམ་པ་ཡི་ཉིན་ཞག་རྣམས་ཀྱིས་བཅུ་གཉིས་རྩིབས་ལ་བྱེད་པ་སྟེ། ཞེས་དང་། དབུགས་དང་ཆུ་སྲང་དང་ནི་ཆུ་ཚོད་ཉིན་མན་དུས་རྣམས་དེ་ནས་རིམ་པ་ནས་ནི་རྒྱུ་བ་སྟེ། བགྲོད་པའི་ཡན་ལག་ལས་ནི་ལོ་བདུན་དག་གིས་བགྲོད་པའི་འགྲོ་བའི་དབང་ལས་ལོ་ནི་དྲུག་ཅུས་ཀྱང་། ཟླ་བ་གསུམ་ལས་སུམ་ཅུའི་ལོ་ཡིས་ཉིན་ཞག་བགྲོད་པའི་དབང་ལས་དུས་ཀྱི་ལོ་དང་ཕྱོགས་ཀྱིས་ཀྱང་། དུས་ཀྱི་འཁོར་ལོ་དག་ལས་ཕྱེད་བཅས་སུམ་ཅུ་གཉིས་ཀྱིས་བགོས་པའི་ཉིན་ཞག་ཚོགས་ཀྱིས་རྒྱུ་བར་འགྱུར། །ཞེས་སོ། །དེ་ནི་སྒྲ་གཅན་གྱི་འཆི་ལྟས་ཏེ་རླུང་གི་འཆི་ལྟས་བཤད་ནས། བྱང་ཆུབ་སེམས་ཀྱི་འཕོ་བ་འཆི་ལྟས་སུ་འགྱུར་ཚུལ་བཤད་པར་བྱ་སྟེ། རྡུལ་མེའི་རང་བཞིན་སྟེང་དུ་འཛེག་པས་ཟད་ཅིང་། ཁུ་བ་ཆུའི་རང་བཞིན་འོག་ཏུ་ཟགས་པས་འཛད་ལ། དེ་གཉིས་ཟད་པས་མུན་པའི་ཁམས་ཟད་ཅིང་དེ་གསུམ་ཟད་པས་ཁམས་ཐམས་ཅད་ཟད་དེ་འཆི་འཕོ་བར་འགྱུར་རོ། །གཉིས་པ། སྦྱོང་བྱེད་རྡོ་རྗེ་གསུམ་བཤད་པ་ལ། རྒྱུད་སྨིན་པར་བྱེད་པ་དབང་གི་རྣམ་གཞག །འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་ཐབས་བསྐྱེད་རིམ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ཐབས་རྡོ་རྗེའི་རྣལ་འབྱོར་བསྟན་པ་གསུམ་ལས། དང་པོ་ནི། དབང་༼༡༢ན༢༣༽བསྐུར་བའི་ཡུལ་ནི་གཉིས་ཏེ། འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའོ། །དང་པོ་ལ། བྱིས་པ་འཇུག་པའི་དབང་བདུན་སློབ་མ་འབྱོར་པ་དང་ལྡན་པ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྦྱིན་པར་བྱ་སྟེ། དེ་ཡང་། བྱིས་པ་སྐྱེས་མ་ཐག་མས་ཁྲུས་བྱེད་པ་བཞིན་དུ། ཡུམ་ལྔའི་ཆུའི་དབང་དང་། བྱིས་པ་ལ་འདྲེག་མཁན་གྱིས་གཙུག་ཕུད་བཞག་པ་བཞིན་དུ་སངས་རྒྱས་ལྔའི་ཅོན་པན་གྱི་དབང་དང་། བྱིས་པའི་རྣ་བ་འབུགས་པ་བཞིན་དུ་ནུས་མ་བཅུའི་དར་དཔྱངས་ཀྱི་དབང་དང་། བྱིས་པ་རྒོད་པ་དང་སྨྲ་བར་བྱེད་པ་བཞིན་དུ་གཙོ་བོ་ཡབ་ཡུམ་གྱི་རྡོ་རྗེ་དྲིལ་བུའི་དབང་དང་། བྱིས་པ་འདོད་ཡོན་ལྔ་ལ་ལོངས་སྤྱོད་པར་བྱེད་པ་བཞིན་དུ་སེམས་དཔའ་སེམས་མའི་བརཏལ་ཞུགས་ཆེན་པོའི་དབང་དང་། བྱིས་པ་ལ་མིང་བཏགས་པ་བཞིན་དུ་ཁྲོ་བོ་ཁྲོ་མོའི་མིང་གི་དབང་དང་། བྱིས་པ་ལ་ཕས་ཀློག་ལ་སོགས་པ་བྱེད་དུ་འཇུག་པ་བཞིན་དུ་རྡོ་རྗེ་སེམས་དཔས་རྗེས་སུ་གནང་བ་དང་ཡང་དག་པར་ལྡན་པའི་དབང་སྟེ། དེ་ལྟར་བྱིས་པ་འཇུག་པའི་དབང་བསྐུར་བ་རྣམ་པ་བདུན་ནོ། །དེ་ཡང་། སྨན་དང་དྲི་དང་ལྡན་པའི་རྒྱལ་དང་རྣམ་རྒྱལ་བུམ་པ་རྣམས་ཀྱིས་ལྷ་མོ་རྣམས་ཀྱིས་ཁྲུས་བྱའོ། །སངས་རྒྱས་རབ་ཏུ་དབྱེ་བས་ཅོད་པན་སྦྱིན་ཏེ་མཆོག་གི་བླ་མས་ནུས་མ་རྣམས་ཀྱིས་དར་དཔྱངས་ཉིད། རྡོ་རྗེ་དྲིལ་བུ་ཉི་ཟླ་ལས་ཏེ་བརཏལ་ཞུགས་དག་ཀྱང་དབང་པོར་བཅས་པའི་ཡུལ་གྱིས་སྦྱར་བར་བྱ། ཁྲོ་བོ་རྣམས་ཀྱིས་བྱམས་སོགས་མིང་སྟེགས་ལ་བར་རྒྱལ་བའི་བདག་པོས་རྗེས་གནང་འདོགས་བཅས་རབ་ཏུ་སྦྱིན། ཞེས་གསུངས་ཤིང་། དེ་དག་གི་དག་པ་ཡང་། ཐོག་མར་ལུས་ཀྱི་དག་པ་མངལ་དུ་ཁམས་དང་ཕུང་པོ་གྲུབ་པས་ལུས་གྲུབ་པ་ཡིན་པ་བཞིན་དུ། འདིར་ཐོག་མར་ཆུ་དང་ཅོད་པན་གྱི་མངོན་པར་དབང་བསྐུར་བ་གཉིས་ཀྱིས་ལུས་ཀྱི་ཆོས་ཁམས་དང་ཕུང་པོའི་དྲི་མ་ཡོངས་སུ་དག་པས་ལུས་ལེགས་པར་དག་པར་བྱེད་དོ། །དེ་ནས་མངལ་དུ་རྩ་དང་རླུང་གྲུབ་པ་བཞིན་དུ་དར་དཔྱངས་དང་རྡོར་དྲིལ་གྱི་དབང་གཉིས་ཀྱིས་ངག་གི་ཆོས་རླུང་དང་རྩའི་དྲི་མ་དག་པས་དག་དག་པར་བྱེད་དོ། །དེ་ནས་མངལ་དུ་དབང་པོ་དང་ལས་དབང་གྲུབ་པ་བཞིན་དུ་བརཏལ་ཞུགས་༼༡༢བ༢༤༽དང་མིང་གིས་མངོན་པར་དབང་བསྐུར་བ་གཉིས་ཀྱིས་སེམས་ཀྱི་ཆོས་དབང་པོ་ལ་བརྟེན་ནས་ཡུལ་ལ་ལོངས་སྤྱོད་པར་བྱེད་པའི་དྲི་མ་དག་པས་སེམས་ནི་ལེགས་པར་དག་པར་བྱེད་དོ། །དེ་ནས་བྱིས་པ་སྐྱེས་མ་ཐག་ཡེ་ཤེས་ཀྱི་རླུང་རྒྱུ་བར་བྱེད་པ་བཞིན་དུ་རྗེས་གནང་གི་དབང་གིས་ཡེ་ཤེས་ཀྱི་ཆོས་ཆགས་པའི་དྲི་མ་དག་པས་ཡེ་ཤེས་ཡང་དག་པར་བྱེད་དོ། །ཁམས་ལ་སོགས་པའི་རྣམ་དག་ནི། ཆུའི་དབང་ནི་ས་ལ་སོགས་པ་ཁམས་ལྔ་པོ་རྣམས་ཀྱི་སྒྲིབ་པ་མེད་པ་ཉིད་དུ་དག་པར་བྱེད་པ་སྟེ་སྒྲིབ་བཅས་ཀྱི་ཁམས་ལྔ་པོ་རྣམས་སྤྱན་མ་ལ་སོགས་པའི་རིག་མ་ལྔ་པོ་ཉིད་ཀྱིས་རྫོགས་པ་ལས་ཆུའི་དབང་མཚོན་པར་བྱེད་དོ། །ཅོན་པན་གྱི་དབང་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་སྒྲིབ་པ་མེད་པ་ཉིད་དུ་རྣམ་པར་སྦྱོང་བར་བྱེད་པ་སྟེ། གཟུགས་སོགས་ཕུང་པོ་ལྔ་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་ཀྱིས་རྫོགས་པ་ཇི་སྲིད་པར་ཅོད་པན་གྱི་དབང་ངོ་། །དར་དཔྱངས་ཀྱི་དབང་ནི་དུ་བ་མ་ལ་སོགས་པའི་ནུས་མ་བཅུ་རླུང་བཅུ་སྒྲིབ་པ་མེད་པ་ཉིད་དུ་བྱེད་ཅིང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། དེ་རྣམས་ཀྱི་དག་པ་ནི་ཡོངས་སུ་རྫོགས་པ་སོ་སོར་དམིགས་པ་སྟེ་དེའི་དོན་དུ་དཔའ་བོའི་དར་དཔྱངས་ཀྱི་དབང་ངོ་། །འཁོར་བའི་སྡུག་བསྔལ་མཐའ་དག་གིས་མི་ཕྱེད་ཅིང་དེ་ཡིས་འཁོར་བའི་སྡུག་བསྔལ་དེ་འབྱེད་ཅིང་འཇོམས་པར་བྱེད་པ་ཉིད་ཀྱིས་ཀྱང་མི་འགྱུར་བའི་བདེ་བ་ཆེན་པོ་ཉིད་རྡོ་རྗེའོ། །མཐའ་ཡས་པའི་ལྷ་དང་མི་ལ་སོགས་པ་རྣམས་ལ་དེ་དང་དེའི་སྐད་ཀྱིས་ཆོས་སྟོན་པའི་སངས་རྒྱས་ཀྱི་སྐད་རྒྱུན་མི་འཆད་པར་ཆོས་ཀྱི་བདུད་རྩི་བསྟན་པའི་དོན་དུ་གཞོམ་དུ་མེད་པའི་སྒྲའི་རང་བཞིན་ནི་རྡོ་རྗེ་དྲིལ་བུའོ། །ཉི་མ་ར་སཱ་ན་དང་ཟླ་བ་ལ་ལ་ནཱ་དག་གཅིག་ཏུ་དག་པ་ནི་སྲོག་ཐུར་གཡས་གཡོན་དུ་འབབ་པ་དག་ཅིག་པ་ཉིད་ཀྱིས་ཨ་ཝ་དྷཱུ་ཏཱིར་རབ་ཏུ་ཞུགས་པ་སྟེ། དེའི་དོན་དུ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལག་པ་དག་གིས་འཁྱུད་པའི་ཚུལ་བྱེད་པ་ནི་རྡོ་རྗེ་དྲིལ་བུའི་དབང་ངོ་། །བརཏལ་ཞུགས་ཀྱི་དབང་ནི་གཟུགས་ལ་སོགས་པའི་ཡུལ་དང་མིག་ལ་སོགས་༼༡༣ན༢༥༽པའི་དབང་པོ་རྣམས་ལགས་པར་དག་པར་བྱེད་པ་སྟེ། ཐ་མལ་པའི་ཡུལ་དབང་རྣམ་ཤེས་རྣམས་འགགས་ནས་ལྷའི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་ལྷའི་རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་ཀྱི་གཟུགས་ཀྱི་ཡུལ་ལ་བེམ་པོ་མ་ཡིན་པར་རབ་ཏུ་འཇུག་པར་ངེས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱེད་པའི་ཕྱིར་འཕོ་བ་མེད་པ་རྡོ་རྗེ་བརཏལ་ཞུགས་ཀྱི་དབང་དུ་འགྱུར་རོ། །མིང་གི་དབང་ནི་བྲམ་ཟེ་ལ་སོགས་པའི་རིགས་བཞི་གཅིག་ཏུ་བྱེད་པ་ཉིད་གྱི་དགོངས་པས་ཆེ་གེ་རྡོ་རྗེ་ཞེས་མིང་བཏགས་པའི་རྒྱུ་ལས་བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཚངས་པའི་གནས་བཞི་ཡོངས་སུ་རྫོགས་པ་དུས་ཐམས་ཅད་དུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམ་པར་དག་པ་སྒྲིབ་པ་མེད་པ་ཉིད་དུ་ཡང་དག་པར་དག་པར་བྱེད་དོ། །རྗེས་གནང་གི་དབང་གིས་དཔག་ཏུ་མེད་པའི་སེམས་ཅན་གྱི་ཁམས་ལ་བསམ་པ་ཇི་ལྟ་བར་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་རྣམ་པར་དབྱེ་བས་མཆོག་ཏུ་གསང་བ་རྡོ་རྗེ་ཐེག་པ་བསྟན་པའི་དོན་དུ་རྗེས་སུ་གནང་བས་སངས་རྒྱས་ཉིད་དག་ཅིང་རྫོགས་པར་བྱེད་པ་སྟེ། ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོན་པན་ཞེས་པ་རྒྱལ་བ་དཔའ་བོའི་དར་དཔྱངས་ནུས་མ་རྣམས། །རྡོ་རྗེ་དྲིལ་བུ་ཉི་ཟླ་དག་དང་བརཏལ་ཞུགས་དག་ཀྱང་ཡུལ་རྣམས་མིང་ནི་བྱམས་སོགས་སྦྱོར་བའོ། །རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་མོ་སྲིད་པའི་འཇིགས་འཇོམས་དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་སྟེ། སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་རྣམས་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ། ཞེས་སོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དོན་དུ་གཉེར་བ་ལ། བུམ་པ་སོགས་པའི་དབང་སྦྱིན་པར་བྱ་སྟེ། དེ་ལ་ཡང་དྲི་མེད་འོད་ལས། འདིར་དབང་གོང་མ་ནི་རྣམ་པ་གཉིས་ཏེ། གཅིག་ནི་སེམས་ཅན་གཞུག་པའི་དོན་དང་། ལམ་ཡོངས་སུ་ཤེས་པའི་དོན་དང་། རྒྱུད་ཉན་པ་ལ་དབང་བའི་དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང་། སྟོན་པ་པོ་བྱེད་པའི་སླད་དུའོ། །ཞེས་གསུངས་པས་ཕྱག་རྒྱའི་ནུ་མ་ལ་རེག་པ་བུམ་པའི་དབང་། དེ་ནས་གསང་བའི་མཆོད་པ་བྱས་ནས་སློབ་༼༡༣བ༢༦༽མའི་ཁར་བདུད་རྩི་མཐེབ་སྲིན་གྱིས་སྦྱིན་ཞིང་ཕྱག་རྒྱའི་བྷ་ག་ལ་ལྟ་བར་བྱེད་པ་གསང་བའི་དབང་། ལས་ཀྱི་ཕྱག་རྒྱ་གཏད་པས་དབང་པོ་གཉིས་ལས་སྐྱེས་པ་འགྱུར་བའི་བདེ་བ་རྟོགས་པར་དབང་གསུམ་པ། ནོར་བུའི་ང་དུ་ཆུད་པའི་བྱང་ཆུབ་སེམས་ཀྱི་བདེ་བ་རྟོགས་པ་བཞི་པ་སྟེ། དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་བུམ་པའི་དབང་ནི་དེ་ཉིད་དོ། །གསང་བདག་ལས་རི་བོང་འཛིན་པ་མྱང་བ་དང་ནི་ལྟ་བ་དག་གིས་གསང་བའི་དབང་དུ་འགྱུར། ཤེས་རབ་ཡེ་ཤེས་དབང་ལ་མཐའ་དག་རྒྱལ་བའི་རིགས་ཀྱི་ཡན་ལག་ཞལ་གྱི་སྦྱང་བ་བྱས་ནས་ནི། རྒྱལ་བ་དག་ཀྱང་འདིར་ནི་བླ་མས་དབང་པོར་བྱས་ནས་སློབ་མ་ལ་ནི་ཕྱག་རྒྱ་སྦྱིན་པར་བྱ། ཞེས་སོ། །གཉིས་པ་ལ་བུམ་དབང་དང་འདྲ། གསང་དབང་ས་བོན་དང་བཅས་པའི་རྡོ་རྗེ་སློབ་མའི་ཁར་སྦྱིན་པ་གསང་དབང་། ལས་ཀྱི་ཕྱག་རྒྱ་ལ་འཁྱུད་པ་ལས་སྐྱེས་པའི་དབང་པོ་གཉིས་ཀྱི་བདེ་བ་ནི་དབང་གསུམ་པ། མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་དབང་བཞི་པའོ། །དེ་ཡང་། རྒྱན་རྣམས་ཐམས་ཅད་དང་ལྡན་ཞན་མའི་གསེར་དང་མཚུངས་ཤིང་བཅུ་གཉིས་ལ་ལོན་མཛེས་པའི་བུ་མོ་ནི། ཁྲག་དང་ལྡན་ལ་ཤེས་རབ་ཐབས་ཀྱི་བདག་ཉིད་དག་གི་རང་གི་རྡོ་རྗེ་ནོར་བུས་འདོད་སྤྱད་ནས། ས་བོན་དང་བཅས་རྡོ་རྗེ་དག་ཀྱང་སློབ་མ་དག་པར་ཤེས་ནས་ཁ་རུ་འཕང་བ་བྱས་ནས་ནི། ཕྱི་ནས་རང་གི་ཕྱག་རྒྱ་སྦྱིན་བྱ་དེ་ནས་སླར་ཡང་གཞན་ནི་དུ་བའི་ལམ་སོགས་ལྡན་པའོ། །ཞེས་སོ། །ཡང་ཕྱག་རྡོར་སྟོད་འགྲེལ་དང་། རྒྱུད་འདི་ཉིད་ལས། ཤེས་རབ་ཀྱི་ནུ་མ་ལ་རེག་པས་དགའ་བ་བུམ་དབང་། གསང་བར་རྡོ་རྗེ་བཅུག་པ་ལས་སྐྱེས་པའི་མཆོག་དགའ་གསང་དབང་། རྡོ་རྗེ་བརྟན་པར་བསྐྱོད་པ་ལས་སྐྱེས་པའི་ཁྱད་དགའ་དབང་གསུམ་པ། ཕྱག་རྒྱ་ཆེན་པོ་ལས་སྐྱེས་པའི་མི་འགྱུར་བའི་བདེ་བ་ནི་དབང་བཞི་པ་སྟེ། འདི་ནི་སློབ་དཔོན་ཆེན་པོའི་དབང་གོང་མར་ཕྱག་རྡོར་སྟོད་འགྲེལ་ལས་བཤད་ལ། སྔ་མ་ནི་དྲི་མེད་འོད་ལས་བཤད་ཅིང་། གཉིས་པོ་ཅུང་ཟད་མི་འདྲ་བར་ཡོད་པས་གཉིས་༼༡༤ན༢༧༽ཀ་ཚང་དགོས་སོ། །འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པའོ། །གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་གཞན་པ་བདུད་རྩི་མྱང་དང་འཁྱུད་པ་གང་ཡིན་དང་། ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་ཞུ་བ་དག་ལ་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང་། དེ་དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡིས་ནི་ལམ་གྱི་རྒྱུ་རུ་བསྟན། འཇིག་རྟེན་འདས་པའི་དབང་གང་མཆོག་གི་རྒྱལ་བའི་བདག་པོའོ་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ། །ཞེས་གསུངས་པས། ལས་ཀྱི་ཕྱག་རྒྱའི་རྒྱུ་ལས་སྐྱེས་པའི་རྒོད་པ་དང་། བལྟ་བ་དང་། ལག་བཅས་དང་། གཉིས་གཉིས་འཁྱུད་པ་ལས་སྐྱེས་པའི་བདེ་བ་ནི་དེ་ཁོ་ན་ཉིད་མ་ཡིན་ཏེ། སེམས་ཅན་ལམ་ལ་གཞུག་པའི་དོན་དུ་བསྟན་པ་འཇིག་རྟེན་ཀུན་རྫོབ་པའི་དབང་ཡིན་ནོ། །ཕྱག་རྒྱ་ཆེན་མོ་ལས་སྐྱེས་པ་མི་འགྱུར་བའི་བདེ་བ་གཉིས་སུ་མེད་པའི་ཡེ་ཤེས་ནི་དོན་དམ་པའི་དབང་ངོ་། །ཤེས་རབ་མ་བཅུ་གཉིས་མ་ནས་ཉི་ཤུ་མའི་བར་དབང་བསྐུར་བ་ན་རང་གི་སེམས་དགའ་བའི་སྐལ་བ་དང་ལྡན་མ་དེའི་ནུ་མར་ཡན་ལག་གིས་རེག་པས་གཙུག་ཏོར་གྱི་པདྨ་འདས་མ་བཞི་པ་ལས་བྱང་ཆུབ་སེམས་ཁུ་བ་བདུད་རྩིའི་རྒྱུན་འཕོ་བའི་ཚུལ་གྱིས་དཔྲལ་བའི་པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བར་འོངས་པས་སྐུའི་དགའ་བ་དང་། གསུང་གི་དགའ་བ་དང་། ཐུགས་ཀྱི་དགའ་བ་དང་། ཡེ་ཤེས་ཀྱི་དགའ་བའི་བདག་ཉིད་ཀྱི་བདེ་བ་ཉམས་སུ་མྱོང་བར་བྱེད་པ་གང་ཡིན་པ་དེ་ནི་ནུ་མས་དབང་བསྐུར་བ་བུམ་པའི་དབང་ལུས་ཀྱི་དྲི་མ་དག་པར་བྱེད་པ་གང་ལས་འཇིགས་པའི་བདེ་བ་ཐོབ་པ་དེ་དབང་དང་པོ་ཐོབ་པ་ཉིད་ཀྱི་ཕྱིར་བྱིས་པའོ། །གཉིས་པ་ནི་ཤེས་རབ་མའི་གསང་བར་རང་གི་རྡོ་རྗེ་བཅུག་སྟེ་དུས་ཅུང་ཟད་གཅིག་གསོལ་བ་ལས་སྐྱེས་པའི་ཁུ་བ་བྱང་ཆུབ་ཀྱི་སེམས་མགྲིན་པའི་པད་འདབ་སུམ་ཅུ་སོ་གཉིས་པ་ལས་སྙིང་གའི་པད་འདབ་བརྒྱད་པའི་ལྟེ་བའི་བར་དུ་འོངས་པས་སྐུའི་མཆོག་དགའ་དང་། གསུང་གི་མཆོག་དགའ་དང་། ཐུགས་ཀྱི་མཆོག་དགའ་དང་། ཡེ་ཤེས་ཀྱི་༼༡༤བ༢༨༽མཆོག་དགའི་བདག་ཉིད་ཀྱི་བདེ་བ་ཉམས་སུ་མྱོང་བ་ངག་གི་དྲི་མ་དག་པར་བྱེད་པ་གསང་བའི་དབང་བསྐུར་བ་སྟེ་འགྱུར་བའི་བདེ་བ་ཐོབ་པ་དེ་ནི་སྔ་མ་ལས་ཁྱད་པར་དུ་གྱུར་པ་ཉིད་ཀྱི་ཕྱིར་དར་མའོ། །གསུམ་པ་ནི་དེ་ནས་གསང་བར་རྡོ་རྗེ་ཡུན་རིང་པོར་བསྐྱོད་པ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཁུ་བ་ལྟེ་བའི་པད་འདབ་དྲུག་ཅུ་རྩ་བཞི་པོ་ལས་གསང་བའི་པད་འདབ་སུམ་ཅུ་སོ་གཉིས་པའི་བར་དུ་བགྲོད་པ་ཆ་བཅོ་ལྔའི་རྩེ་མོ་ཤིན་ཏུ་དང་བའི་ཁུ་བ་རྡོ་རྗེ་ནོར་བུའི་བུ་གའི་མཐར་ཐུག་པར་བགྲོད་པས་སྐུའི་ཁྱད་པར་གྱི་དགའ་བ་དང་། གསུང་གི་ཁྱད་པར་གྱི་དགའ་བ་དང་། ཐུགས་ཀྱི་ཁྱད་པར་གྱི་དགའ་བ་དང་། ཡེ་ཤེས་ཀྱི་ཁྱད་པར་གྱི་དགའ་བའི་བདག་ཉིད་ཀྱི་བདེ་བ་ཉམས་སུ་མྱོང་བར་བྱེད་པ་ནི་ཡིད་ཀྱི་དྲི་མ་དག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སྟེ་འཛག་པའི་བདེ་བ་ཐོབ་པ་དེ་ནི་སྔ་མ་ལས་ཆེན་པོར་གྱུར་བའི་ཕྱིར་རྒན་པོའོ། །དེའི་རྗེས་སུ་ཆགས་པའི་ཕྱི་རོལ་རང་གི་ཉམས་སུ་མྱོང་བ་བསྒོམ་པ་ལས་སྐྱེས་པ་ཐིག་ལེ་རྡོ་རྗེ་ནོར་བུ་ལས་ཕྱི་རོལ་དུ་འཛག་པ་མེད་པས་སྐུའི་ལྷན་ཅིག་སྐྱེས་དགའ་དང་། གསུང་གི་ལྷན་ཅིག་སྐྱེས་དགའ་དང་། ཐུགས་ཀྱི་ལྷན་ཅིག་སྐྱེས་དགའ་དང་། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའི་བདག་ཉིད་ཀྱི་བདེ་བ་ཉམས་སུ་མྱོང་བ་ཡེ་ཤེས་ཀྱི་དྲི་མ་དག་པར་བྱེད་པ་ཤེས་རབ་ཆེན་པོའི་དབང་བསྐུར་བ་སྟེ་ཕྱག་རྒྱ་ཆེན་པོ་ལ་རྗེས་སུ་ཆགས་པ་གང་ལས་མི་འགྱུར་བའི་བདེ་བ་རྟོགས་པ་དེ་བཞི་བ་དེ་བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་གསུངས་པའོ། །འདི་ནི་སྒྲིབ་པ་མེད་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལྷག་པར་རྟོགས་པ་སྟེ། གྲུབ་པའི་དངུལ་ཆུས་ཟངས་ལ་སོགས་པའི་ཁམས་རྣམས་གསེར་གྱི་ངོ་བོར་བསྒྱུར་བ་བཞིན་དུ། ཕུང་པོ་ལྔ་དེ་བཞིན་གཤེགས་པ་ལྔ་དང་ཁམ་ལྔ་ཡུམ་ལྔ་ལ་སོགས་པས་ཐམས་ཅད་སྒྲིབ་བྲལ་དུ་རྫོགས་པར་བྱེད་པའི་ཕྱིར་སྐྱེ་དགུའི་བདག་པོར་ཤེས་པར་བྱའོ། །དབང་མདོར་བསྟན་ལས། དབང་བསྐུར་གསུམ་གྱི་རིམ་པ་ཡིས། །ལུས་ངག་སེམས་ནི་དག་པར་བྱེད། །བཞི་པ་ཡེ་ཤེས་དག་པ་སྟེ། །ཞེས་དང་། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། ཞེས་གསུངས་པས་སོ། །དོན་དམ་པར་བཞི་༼༡༥ན༢༩༽པ་ཉིད་ཀྱི་སྐབས་སུ་ཡང་དབང་བཞི་ཅར་ཚང་སྟེ། བུམ་དབང་བསྙེན་པ་སྟེ་དེའི་མཐར་རྡོ་རྗེ་བསླང་བའི་བདེ་བ་སྐྱེས་པའི་ཕྱིར་དང་། གསང་དབང་ཉེར་བསྒྲུབ་སྟེ་དེའི་མཐར་རྡོ་རྗེ་མེ་ལ་སྲོག་ཞུགས་པའི་བདེ་བ་སྐྱེས་པའི་ཕྱིར་དང་། ཤེས་རབ་ཡེ་ཤེས་བསྒྲུབ་པ་སྟེ་མི་འགྱུར་བའི་བདེ་བའི་ཆ་དང་པོ་སྐྱེས་པ་ནི་སྔར་བླ་མས་ཚིག་གིས་བསྟན་པ་དེ་རྗེས་སུ་དྲན་པས་དེའི་དོན་རང་གིས་རིག་ཅིང་ཉམས་སུ་མྱོང་བའི་ཕྱིར་རོ། །དབང་བཞི་པ་ནི་བསྒྲུབ་པ་ཆེན་པོ་སྟེ་མི་འགྱུར་བའི་བདེ་བའི་ཆ་ཡོངས་སུ་རྫོགས་པ། ཆགས་དང་ཆགས་བྲལ་མཐའ་དང་དང་པོའི་སྐད་ཅིག་མ་ལ་དོན་གྱི་བཞི་པ་ཐོབ་བོ། །དབང་གིས་སྡོམ་པ་ཐོབ་ཚུལ་ཀྱང་འདི་ལྟར་འགྱུར་ཏེ། དང་པོར་ཆུ་དག་ལ་ནི་དགེ་བསྙེན་ཉིད་དུ་འགྱུར་ཏེ་བུམ་པ་ལ་ཡང་དགེ་ཚུལ་ཉིད་དུ་འགྱུར། གསང་བའི་དབང་ལ་དགེ་སློང་དང་ནི་གོང་མའི་བྱེད་པ་ལ་ཡང་གནས་བརྟན་ཞེས་པར་འགྱུར་བ་སྟེ། ཞེས་གསུངས། དེ་བས་དབང་བསྐུར་ལེགས་པར་ཐོབ་པའི་གང་ཟག་གིས་དམ་ཚིག་ལ་གནས་པར་བྱ་སྟེ་གང་ཞེ་ན། རྡོ་རྗེ་སེམས་དཔའི་བརཏལ་ཞུགས་ཀྱི་དམ་ཚིག་ནི། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་དག་གོ། །གང་ཞིག་གང་གི་དུས་སུ་འབྱུང་བ་ལྷ་དང་མི་ཡི་བླ་མ་དེ་ལ་མཚན་གྱིས་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང་། དབང་པོ་རྣམས་ནི་ཆགས་པ་དག་དང་དེ་ལྟར་སྲིད་པའི་བདག་པོ་དག་གི་བརཏལ་ཞུགས་ཉི་ཤུ་ལྔ། རིགས་དྲུག་གི་དྲང་ངེས་མ་ཕྱེ་བ་ནི། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་གཟུང་བར་བགྱི། རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་༼༡༥བ༣༠༽མཆོག་གི་དམ་ཚིག་བསྐྱང་བར་བགྱི། རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་དག་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། དྲང་ངེས་ཕྱེ་བ་ནི། རྡོ་རྗེ་དྲིལ་བུ་རབ་ཏུ་ཕྱིན་ནས་རབ་མཆོག་སྙིང་རྗེ་དག་གིས་དག་པའི་ཆོས་ནི་བསྟན་པར་བྱ། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ན་གཞན་ནོར་དབྲོག་བྱ་མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་ར་བྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ། གདོལ་པ་མོ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པདྨར་སྨད་མི་བྱ། སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་བསྐལ་པས་མིན་པར་རྒྱལ་བས་གསུངས། ཞེས་དང་། བསྲུང་བའི་དམ་ཚིག་ནི། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྷུང་བ་རི་བོང་འཛིན་པར་འགྱུར། དེ་ཡི་བཀའ་ལ་འགོངས་པས་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། དྲུག་པ་གྲུབ་པའི་མཐའ་ལ་སྨོད་པའོ་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང་། རྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་བའི་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པའོ། །དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མ་དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན། བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལའོ། །ཞེས་གསུངས་པ་རྣམས་ལེགས་པར་བསྐྱང་བར་བྱའོ། །གཉིས་པ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་ཐབས་བསྐྱེད་རིམ་ནི། ཕུང་ཁམས་༼༡༦ན༣༡༽སྐྱེ་མཆེད་ཀྱི་ཆོས་རྣམས་རེ་རེ་བཞིན་ལ་མ་དག་པའི་སྣང་བའི་དུག་བསལ་ནས་རྣམ་པ་སྣ་ཚོགས་སུ་སྣང་བ་འདི་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་སྣང་བ་འབའ་ཞིག་ཏུ་བསྒྱུར་བའི་ཏིང་ངེ་འཛིན་ལུས་རྫོགས་པ་དཀྱིལ་འཁོར་རྒྱལ་མཆོག་དང་། ངག་རྫོགས་པ་ལས་རྒྱལ་མཆོག་དང་། ཡིད་རྫོགས་པ་ཕྲ་མོའི་རྣལ་འབྱོར་དང་། བདེ་བ་རྫོགས་པ་ཐིག་ལེའི་རྣལ་འབྱོར་གྱིས་ཤིན་ཏུ་སྦྱངས་པ་ལས་བྱུང་བའི་ཡིད་སོ་སོ་རང་གི་རིག་པ་ཐོབ་པ་ནི་ཞི་སོགས་ལས་ཆེན་བཅུ་གཉིས་དང་། ཐུན་མོང་གི་གྲུབ་པ་བརྒྱད་ལ་སོགས་པ་འོག་མིན་གྱི་མཐར་ཐུག་པའི་དངོས་གྲུབ་ཐམས་ཅད་ལ་གང་འདོད་པ་བཞིན་བསྒྲུབས་པས་འགྲུབ་པར་འགྱུར་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ནི་མ་ཡིན་ནོ། །དེ་ཡང་དྲི་མེད་འོད་ལས། གཟུགས་བརྙན་ལ་སོགས་རྟོག་པའི་དཀྱིལ་འཁོར་གྱི། འཁོར་ལོ་བསྒོམས་པ་གོམས་པར་གྱུར་པ་ཡིས། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེ་པོ་ག་ལ་ཞིག །ཅེས་སོ། །གསུམ་པ་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ཐབས་རྡོ་རྗེའི་རྣལ་འབྱོར་བཤད་པ་ལ། །ལུས་རྩ་དག་པར་བྱེད་པ་སྐུ་རྡོ་རྗེ་བསྙེན་པའི་ཡན་ལག །ངག་རླུང་དག་པར་བྱེད་པ་གསུང་རྡོ་རྗེ་བསྒྲུབ་པའི་ཡན་ལག །ཡིད་ཐིག་ལེ་དག་པར་བྱེད་པ་ཐུགས་རྡོ་རྗེ་བསྒྲུབ་པ་ཆེན་པོའི་ཡན་ལག་གསུམ་ལས། དང་པོ་ནི། སྐུ་རྡོ་རྗེ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་སོར་སྡུད་གཙོ་བོར་བསྟན་ནས་ཐོབ་པ་མཐར་ཕྱིན་པར་བྱ་བའི་ཐབས་ཀྱི་བསམ་གཏན་ཞར་གྱིས་བསྟན་པར་མཛད་དོ། །དེ་ལ་དང་པོ་སོར་སྡུད་ཀྱི་ངོ་བོ་ནི་རང་གི་ལུས་ལ་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་ལ་ཡུལ་ཅན་མིག་ལ་སོགས་པ་དབང་པོ་བུ་དྡྷ་པོ་རྣམས་ཀྱི་འབྲེལ་པས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་རབ་ཏུ་འཇུག་པ་མེད་པར་ནང་གི་ཡུལ་སྟོང་པའི་གཟུགས་རྣམས་ལ་གཞན་ཤའི་མིག་གི་དབང་པོ་ལ་སོགས་པ་རྣམས་ཀྱི་ཤའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་རབ་ཏུ་འཇུག་པ་སྟེ། ནང་དུ་སྟོང་པ་ཉིད་ལ་དམིགས་པ་པྲ་ཕབ་པའི་གཞོན་ནུ་མས་མེ་ལོང་ལ་མཐོང་བ་ལྟར་སྟོང་པ་ལ་མ་བརྟགས་པའི་དངོས་པོ་ཐམས་ཅད་༼༡༦བ༣༢༽མཐོང་བ་ནི་སོ་སོར་སྡུད་པའི་ཡན་ལག་སྟེ། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་རབ་ཏུ་འཇུག་པ་མེད་པའོ། །ཞེས་སོ། །སྒྲ་དོན་ནི། པྲ་ཏྱ་ཧ་རའི་སྒྲ་ལས་སོ་སོར་སྡུད་པ་དང་། སོ་སོར་སྤོང་བ་རྣམ་གྲངས་ཏེ་དབང་པོ་རྣམས་སོ་སོར་ནང་དུ་བསྡུས་ནས་ཕྱིར་འདོད་པར་བྱ་བའི་ཡུལ་གཟུགས་སོགས་ལ་འཇུག་ཏུ་མི་སྟེར་བས་སོ་སོར་སྡུད་པའམ། སོ་སོར་སྤོང་གཞེས་བྱ་ལ། ཡང་ན་ཨཱ་ཧ་རའི་སྒྲ་ནི་ཟ་བ་ལ་འཇུག་པས་ཐ་མལ་གྱི་མིག་སོགས་སྐྱེ་མཆེད་དྲུག་གིས་ཡུལ་དྲུག་ཟ་བ་སྟེ་འཛིན་པའི་དོན་ཡིན་ལ། པྲ་ཏི་དགག་པའི་དོན་ཉིད་ཀྱི་ཕྱིར་ཐ་མལ་པའི་མིག་སོགས་དྲུག་གི་གཟུང་འཛིན་གྱི་འབྲེལ་བ་བཀག་པས་སོ། །ཡང་ན། པྲ་ཏི་ཟློས་པའི་དོན་དུ་གཟུང་ནས་གཞན་ཡུལ་དང་ཡུལ་ཅན་གཉིས་མེད་ཀྱི་སྣང་བ་མངོན་སུམ་དུ་མཐོང་བས་སོ་སོར་ཟ་བ་ཞེས་བྱ་སྟེ། འདུས་པར། དབང་པོ་བཅུ་པོ་རྣམས་ཀྱི་ནི། རང་ལ་འཇུག་གནས་ཐམས་ཅད་ནས། འདོད་པ་ཕྱི་ཕྱིར་སྡུད་པས་ན། སོ་སོར་སྡུད་པ་ཞེས་བརྗོད་དོ། །ཞེས་སོ། །དབྱེ་བ་ནི། སོར་སྡུད་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་ཕུང་པོ་ལ་དུ་བ་ལ་སོགས་པ་མཚན་མོའི་དབྱེ་བས་ས་བཅུ་སྟེ། སོ་སོར་སྡུད་པ་རྒྱལ་བའི་དབང་པོར་འགྱུར་ཞིང་རྣམ་པ་བཅུ་སྟེ་ཞེས་པའི་ལུང་གིས་སོ། །དེ་ལྟ་བུའི་མཚན་མ་དེ་ལམ་ཇི་ལྟ་བུ་ལས་འབྱུང་ཞེ་ན། མཚན་མོ་དང་ཉིན་མོའི་རྣལ་འབྱོར་ལས་ཏེ། དང་པོ་ནི་གནས་བུག་པ་མེད་པའི་ཁྱིམ་དུ། དུས་རླུང་གཡས་ནས་རྒྱུ་བའི་ཚེ་སྐྱིལ་ཀྲུང་གསུམ་གྱི་གནད་བཅིངས་ནས་གཙུག་ཏོར་འཁོར་ལོབ་སྒྱུར་བའི་ལྟ་སྟངས་ལ་སོགས་པ་གསུམ་གྱིས་མིག་མི་འཛུམ་པར་ལྟ་བས་ནམ་མཁའི་ཆོས་འབྱུང་ལ་ཐུགས་རྡོ་རྗེ་ཀུན་ནས་ཞེན་པའི་སེམས་རབ་ཏུ་གཞག་སྟེ། བསམ་པ་ཐམས་ཅད་ཡོངས་སུ་སྤོངས་ནས་སྟོང་པར་རྩེ་གཅིག་པའི་ཡིད་དུ་བྱས་པས་ཁམས་གསུམ་པའི་མཚན་ཉིད་བརྟན་གཡོའི་བདག་ཉིད་སངས་རྒྱས་ཀྱི་གཟུགས་བརྙན་དུ་བསྒྲུབ་པར་བྱ་ཞིང་དེ་ཉིད་ལ་དགོངས་པའི་སྐད་ཀྱིས་གཙུག་ཏོར་ཆེན་པོའི་གཟུགས་བརྙན་ཞེས་གསུངས་ཏེ། བསྙེན་པའི་དུས་སུ་གཙུག་ཏོར་ཆེའི། །གཟུགས་བརྙན་འབད་པས་རྣམ་བསྒོམ་བྱ། ཞེས་སོ། །དེ་ལྟ་བུས་ཉི་མ་གཅིག་ཡོངས་སུ་བརྟགས་ན་དུ་བ་ལ་སོགས་༼༡༧ན༣༣༽པའི་མཚན་མ་རྙེད་པ་ནི་བཅོ་ལྡན་འདས་ཀྱི་ངེས་པ་སྟེ། བསམ་ས་ཐམས་ཅད་ཡོངས་སྤངས་ནས། ཉི་མ་གཅིག་ནི་ཡོངས་སུ་བརྟག །དེ་ལ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། །ཞེས་པས་སོ། །དེ་ཡང་གཡས་པ་སའི་དཀྱིལ་འཁོར་རྒྱུ་དུས་སུ་བསྒོམས་པས་ས་རླུང་ལྟེ་བར་ཟིན་པ་སྟེ་ཇི་སྲིད་ཡིད་མ་ཡེངས་པ་དེ་སྲིད་དུ་ཕྱིར་འཕོ་བ་མེད་པས་ས་ཆུ་ལ་ཐིམ་པའི་ཚུལ་ས་རླུང་རྒྱུ་བའི་གྲངས་ཉུང་ངུ་སོང་ཞིང་ཆུ་རླུང་ཇི་ལྟ་བ་བཞིན་རྒྱུ་བའི་དབང་དེས། དང་པོར་དུ་བ་མཐོང་སྟེ་སྨིག་རྒྱུ་ནི་མ་ཡིན་ནོ་ཞེས་རང་གི་ཉམས་སུ་མྱོང་བས་ཤེས་པར་བྱའོ། །དེ་ལྟར་གོམས་པས་ཆུ་མེ་དང་། །མེ་རླུང་དང་། རླུང་ནམ་མཁའ་ལ་ཐིམ་པའི་དབང་གིས་སྨིག་རྒྱུ་དང་། མཁའ་སྣང་ངམ་མེ་ཁྱེར་དང་། སྒྲོན་མའམ་འབར་བ་མཐོང་བར་འགྱུར་བ་མཚན་མོའི་དུས་གཙོ་བོར་འབྱུང་བའི་ཕྱིར་མཚན་རྟགས་ཞེས་བྱ་ལ་དེ་དག་ཀྱང་བསྒོམས་པའི་རྟགས་ཡིན་གྱི་གྲུབ་པ་ཉི་མཚན་མ་མ་ཡིན་ཏེ། ཕྱག་རྡོར་གྱིས་ཁ་ཅིག་གྲུབ་པའི་དུས་སུ་ཞེས་སྨྲ་བར་འགྱུར་བ་དེ་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱི་དམ་བཅའ་འཇོམས་པར་བྱེད་པ་སྟེ། བསམ་པ་ཐམས་ཅད་ཡོངས་སྤངས་ནས། ཉི་མ་གཅིག་ནི་ཡོངས་སུ་བརྟགས། ཅེས་པའི་བཅོམ་ལྡན་འདས་ཀྱི་བཀའ་ལ་རྣམ་པར་འཐོ་འཚམ་པའོ། །གྲུབ་པའི་དུས་སུ་འཇིག་རྟེན་པའི་དུ་བ་ལ་སོགས་པ་གང་ཞིག་སྒྱུ་མ་དང་རྨི་ལམ་ལྟ་བུ་དེ་ནི་མཚན་མར་མི་འགྱུར་ཏེ། འདིར་དུ་བ་དང་འབར་བ་ལ་སོགས་པ་ཡོངས་སུ་བསྲེས་པའི་བྱ་བ་ནུས་པའི་ཕྱིར་རོ། །དེ་བཞིན་དུ་གུར་ཀུམ་དང་རིན་པོ་ཆེ་དང་མེ་ཏོག་དང་གསེར་ལ་སོགས་པའི་ཆར་ཡང་ངོ་། །དེའི་ཕྱིར་ཡང་ལག་དྲུག་གི་རྣལ་འབྱོར་ལས་དུ་བ་ལ་སོགས་པའི་མཚན་མར་འགྱུར་རོ། །དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡན་ལག་དྲུག་བསྒོམ་དེ་ནས་ནི། སླར་ཡང་རང་བྱིན་བརླབ་པ་སྟེ། རྗེས་མཐུན་ཆོ་གའི་རིམ་པ་ཡིས། ཕྱི་ནས་མཚན་མ་མཚོན་པར་བྱ། ཞེས་པའོ་ཞེས་གསུངས་པས་སོ། །དེ་ལ་གོམས་ནས་ཉིན་མོའི་རྣལ་འབྱོར་ནི་སྤྲིན་མེད་པའི་ནམ་མཁའ་ལ་ཉི་མའི་འོད་ཟེར་གྱི་གནོད་པས་༼༡༧བ༣༤༽མིག་རབ་རིབ་ཏུ་འགྱུར་བ་སྤང་བའི་ཕྱིར་སྔ་དྲོ་དང་ཕྱིར་སྔ་དྲོ་དང་ཕྱི་དྲོ་ཉི་མ་ལ་རྒྱབ་བསྟན་ནས་ལྟ་སྟངས་དང་འཇོག་ཚུལ་སྔར་བཞིན་དུ་བརྒད་པའི་མིག་གིས་ཉི་མ་སོ་སོར་བལྟ་བར་བྱ་སྟེ། མེའི་རྣམ་པ་སྟོང་པའི་སྣང་བ་ནི་འབར་བ་སྟེ་སེམས་རྣམ་རྟོག་ཐམས་ཅད་དང་བྲལ་བའི་ཕྱིར་སྤྲིན་མེད་ཀྱི་ནམ་མཁའ་ལས་བྱུང་བའི་སྣང་བ་དེ། ནམ་མཁའ་ལས་བྱུང་རང་བྱུང་བ། ཤེས་རབ་ཡེ་ཤེས་མེ་བོ་ཆེ། འབར་བའོ། །ཟླ་བའི་རབ་ཏུ་སྣང་བ་ནི། འོད་ཆེན་རྣམ་པར་སྣང་བར་བྱེད། ཡེ་ཤེས་སྣང་བ་ལམ་མེ་བའོ། །འགྲོ་བའི་མར་མེ་ནི་ཉི་མའོ། །ཡེ་ཤེས་སྒྲོན་ནི་མུན་ཅན་ཏེ་སྒྲ་གཅན་ཡིན་ཏེ་རིན་པོ་ཆེ་ནག་པོ་ལྟར་སྣང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་གི་སྣང་བ་སྟེ་མཆོག་གི་ཆའོ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ་ནི། ཐིག་ལེའི་རབ་ཏུ་སྣང་བ་ཟླ་བའི་དབྱིབས་འདྲ་བ་ཁ་དོག་སྔོན་པོ་དང་པོ་ཆེན་པོ་ཟླ་བ་ཙམ་གྱིས་ཇེ་ཆུང་ཇེ་ཆུང་ཡུངས་ཀར་སྦོམ་པོའི་ཚད་ཙམ་མོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་ཅེས་བ་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམ་པ་ཐམས་ཅད་པའི་གཟུགས་ཁམས་གསུམ་པའི་དངོས་པོའི་རྣམ་པ་ཐམས་ཅད་རབ་ཏུ་སྣང་བ་སྒྱུ་མ་དང་རྨི་ལམ་དང་པྲ་ཕབ་པ་དང་མཚུངས་པར་མཐོང་བའོ། །མཚན་མ་དྲུག་པོ་འདི་རྣམས་སྤྲིན་མེད་པའི་ནམ་མཁའ་ལྟར་སྣང་བ་ལས་འབྱུང་བའི་ཕྱིར་ཉིན་མོའི་རྣལ་འབྱོར་གྱིས་མཐོང་བའོ། །དེ་ནས་ཐིག་ལེའི་དབུས་སུ་རྗེས་མེད་ཅིང་བརྟགས་པ་དང་བྲལ་བའི་ཕྱིར་ཡུལ་དང་རྣམ་པར་བྲལ་བའི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཀྱི་སངས་རྒྱས་ཀྱི་གཟུགས་མཐོང་བ་དང་ལྷན་ཅིག་སྐད་ཅིག་ལ་ལག་པར་གནས་པའི་ཆུ་ལྟར་ཤིན་ཏུ་དང་བ་རྣམ་པ་ཐམས་ཅད་པའི་བུམ་པ་དང་སྣམ་བུ་ལ་སོགས་པ་མཐོང་བ་ནི་སྣ་ཚོགས་གཟུགས་བརྙན་འོད་གསལ་བའོ། །དེ་ནས་གཟུགས་ཀྱི་རྣལ་འབྱོར་གྱིས་གཞོམ་དུ་མེད་པའི་སྒྲ་གང་ཡིན་པ་ཐོས་ཏེ། དེ་ལྟར་གཟུགས་སྣང་བ་ལས་སྤྲུལ་སྐུ་དང་། སྒྲ་སྣང་བ་ལས་ལོངས་སྐུའོ། །དེ་ཡང་ཐིག་ལེའི་དབུས་སུ་རེ་ཁཱ་ནག་པོ་སྐྲའི་ཚད་ཙམ་དྲི་མེད་འོད་ཟེར་འཕྲོས་དུས་ཀྱི་རྩ་ཨ་ཝ་དྷཱུ་ཏཱི་ལ་མཐོང་གི་བར་དུའོ། །དེ་ལ་ཐིག་ལེའི་དབུས་སུ་རེ་ཁཱ་ནག་པོ་སྐྲའི་ཚད་ཙམ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་ཤིན་ཏུ་དང་ཞིང་གསལ་༼༡༨ན༣༥༽བ་དེའི་དབུས་སུ་ཁམས་གསུམ་ཤའི་མིག་གིས་མཐོང་བའོ། །རྒྱུད་ཕྱི་མ་ལས། སོ་སོར་སྡུད་སོགས་དྲུག་པོ་རྣམས་ཀྱིས་སྟོབས་བཅུའི་སྟོབས་དང་ལྡན་པས་སྟོང་པ་ཉིད་ནི་བསྒོམ་པར་གསུངས་སོ། །མཚན་མོ་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་མཁའ་ལ་འབར་བ་ལ་སོགས་རྣམས་ཀྱང་ངོ་། །སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ནམ་མཁའི་མཐིལ་དུ་སོན་པའི་དུས་སུ་གཟུགས་རྣམས་མཐོང་བར་འགྱུར། དེ་ལ་བསམ་གཏན་གྱིས་སེམས་བརྟེན་པར་ཡང་ནི་བྱེད་དེ་ཕྱི་རོལ་དངོས་པོ་རྣམས་ནི་རྣམ་པར་སྤོང་། ཞེས་པ་དང་། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམས་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། ནམ་མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡིས་བརྒད་པའི་མིག་གིས་བལྟ་བར་བྱ་བ་སྟེ། རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ། །དེ་ལ་ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བདག་སེམས་ནི་གཞན་པ་མིན་པ་ཉིད། ཅེས་གསུངས་པས་སོ། །དེ་ལྟར་མཐོང་བ་དེ་དངོས་པོར་ཡོད་པའི་གཟུགས་མཐོང་བ་མིན་ཏེ། དངོས་པོར་ཡོད་པའི་གཟུགས་མཐོང་ན། རང་གི་གདོང་པ་ཅིས་མི་མཐོང་སྟེ་མཐོང་བར་འགྱུར་རོ། །དངོས་པོར་མེད་པ་མཐོང་བ་ཡང་མིན་ཏེ་གལ་ཏེ་དངོས་པོར་མེད་པའི་གཟུགས་མཐོང་ན་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ཡང་ཇི་ལྟར་མཐོང་བ་མིན། དེ་བས་འདི་དངོས་པོ་དང་དངོས་པོ་མེད་པའི་ཕྱོགས་ལས་འདས་པའི་གཟུགས་བརྙན་ཡིན་པས་པྲ་ཕབ་པའི་དཔེས་གསལ་བར་གསུངས་པ་སྟེ། དེ་བས་སངས་རྒྱས་དོན་དུ་གཉེར་བ་རྣམས་ཀྱིས་ཐེ་ཚོམ་མེད་པར་དུ་བ་ལ་སོགས་པའི་ལམ་བསྒོམ་པར་བྱའོ། །དབང་མདོར་བསྟན་ལས། བཀབ་དང་མ་བཀབ་མིག་དག་གིས། སྟོང་པ་འདི་ནི་རྗེས་བཏགས་མིན། ༼༡༨བ༣༦༽རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར། །གཟུགས་དེ་རྟག་ཏུ་བསྒོམ་པར་བྱ། །ཞེས་པས་སོ། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡང་རྟོག་པས་སྒྲོ་བཏགས་པའི་མཚན་མ་མཐའ་དག་གིས་མཚོན་དུ་མེད་པ་མ་ཡིན་ནམ། གཟུགས་དེ་བསྒོམ་པར་བྱ་ཞེས་ཇི་ལྟར་བརྗོད་ཅེ་ན། སྐྱོན་མེད་དེ་འདིར་སེམས་ཀྱི་བསམ་པའི་དབང་གིས་རྣལ་འབྱོར་པའི་ལྷའི་དམིགས་པ་མངོན་སུམ་དང་རྗེས་དཔག་གཉིས་ཏེ། མངོན་སུམ་ནི་རྟོག་པའི་མཚན་མ་མཐའ་དག་དང་བྲལ་བ་བླ་མ་དམ་པས་ལམ་ཉེ་བར་བསྟན་པ་ལས་སྐྱེས་པ་དེ་ནི་དེ་ཁོ་ན་ཉིད་ཀྱི་སྦྱོར་བས་ནམ་མཁའ་ལ་སྐར་མའི་ཚོགས་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་དུ་མ་ཤ་ལ་སོགས་པའི་མིག་གིས་གཟུང་བར་བྱ་བ་སྲིད་པ་གསུམ་དང་དུས་གསུམ་སྒྱུ་མ་དང་རྨི་ལམ་དང་མཚུངས་པའོ། །འདིར་དང་པོ་ལས་དང་པོ་པའི་རྣལ་འབྱོར་པ་མངོན་པར་ཤེས་པ་མེད་པས་ཤའི་མིག་གིས་སྣ་ཚོགས་དབུགས་མཐོང་ངོ་། །དེ་ནས་མངོན་པར་ཤེས་པའི་མཚམས་ཀྱི་དབང་གིས་ལྷའི་མིག་གིས་སོ། །དེ་ནས་འདོད་ཆགས་དང་བྲལ་བའི་མཚམས་ཀྱི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་མཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚམས་ཀྱི་དབང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ། ལྷག་མ་ཀུན་ལས་རྣམ་གྲོལ་བ། ཞེས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་སྤྱན་ལྔ་པོ་རྣམས་སྟོང་པ་ཉིད་གཟིགས་པ་ལ་གསུངས་པ་སྟེ། སེམས་ཅན་གཞན་ནི་སྟོང་པ་ཉིད་ལྟ་བའི་ཡུལ་ལ་དམུས་ལོང་ངོ་། །རྗེས་དཔག་ནི་དེ་ཁོ་ན་ཉིད་མཐོང་བ་མེད་པའི་དབང་གིས་ཤི་བའི་ལུས་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རི་མོ་དང་སྐུ་གཟུགས་བྱས་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བྲིས་ནས་ངེས་པའི་རྣམ་པས་བལྟ་བར་བྱ་སྟེ། བྱིས་པའི་རྣལ་འབྱོར་པ་དམན་པ་རྣམས་ཀྱི་དོན་དུ་རྟོག་པའི་སྒོམ་པའོ། །ལྷ་ཡི་་་་་་་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། མངོན་གསུམ་ངག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་བའི་ལུས་༼༡༩ན༣༧༽བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང་། དེ་ནི་རི་མོ་སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣམས་ཀྱིས་བསྒོམ་པའི་དོན། ཞེས་དང་། སྤྱན་ལྔ་ཡང་རྒྱུད་ཕྱི་མ་ལས། ཁྱི་ལ་སོགས་པ་ཤའི་མིག་དང་རང་བཞིན་ཡོན་ཏན་དབང་གིས་ལྷ་ལ་སོགས་པའི་ལྷ་ཡི་སྤྱན། རང་རྒྱལ་ཉན་ཐོས་དག་གིས་གཞན་གྱི་སེམས་རྟོགས་ཤེས་པ་སངས་རྒྱས་སྤྱན་ཏེ་གསུམ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དྲི་མ་བྲལ་བ་རྣམ་དག་བཞི་པ་ཤེས་རབ་སྤྱན་དུ། སངས་རྒྱས་རྣམས་ཀྱི་ཐམས་ཅད་གཟིགས་པ་དྲི་མ་གསུམ་དང་བྲལ་བ་ལྔ་པ་ཡེ་ཤེས་སྤྱན། །ཞེས་གསུངས་པས་སོ། །སོར་སྡུད་ཀྱི་དག་པ་གཟུགས་བརྟན་པར་གྱུར་པས་རྣལ་འབྱོར་པ་རྣམ་པར་དག་པར་གྱུར་པ་དེའི་ཚེ་སྔགས་ཀྱིས་བྱིན་གྱིས་རློབ་སྟེ། ཙིག་གི་མཆོག་སྦྱིན་པ་ལ་སོགས་པ་སྦྱིན་པར་འགྱུར་རོ། །སོ་སོར་སྡུད་པ་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ། ཅེས་པས་སོ། །འདི་ལས་ནི་རོ་རྐྱང་གི་རླུང་འགག་བ་ལས། མིག་གི་རླུང་འགག་ཅིང་། དབང་པོ་ཐམས་ཅད་ནུབ་པར་འགྱུར་བ་དང་། འོག་གི་རླུང་གསུམ་ཡང་འགག་པ་ལས་རྣམ་རྟོག་གི་བཞོན་པའི་རླུང་ཁགས་པའི་ཕྱིར་སེམས་རྣམ་པར་མི་རྟོག་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་མངོན་དུ་འགྱུར་བ་ཡིན་ཏེ། ཇི་སྐད་དུ། དབང་མདོར་བསྟན་ལས། ཟླ་བ་ཉི་མའི་རྩ་འགག་ན། དྲི་ཆེན་དྲི་ཆུའི་རྩ་འགག་གོ། །སྒྲ་གཅན་རྩ་ནི་འགགས་གྱུར་ན། སྟེང་འགས་བོན་འབབ་མ་བཀླག །ཅེས་གསུངས། དེ་ལྟ་བུའི་ལུས་སེམས་ཤིན་ཏུ་སྦྱངས་པ་ལས་བྱུང་བའི་ཏིང་ངེ་འཛིན་ཡན་ལག་ལྔ་དང་ལྡན་པ་སྟེ། ཤེས་རབ། རྟོག་པ། དཔྱོད་པ། དགའ་བ། གཡོ་མང་བདེ་བའོ། །དུ་སོགས་སྟོང་པ་ཉིད་ཀྱི་དངོས་པོ་ལ་སེམས་རྩེ་གཅིག་ཏུ་བཞུགས་པར་ལྟ་བ་ནི་ཤེས་རབ། རོ་གཅིག་ཏུ་བསྲས་ཏེ་འཛིན་པ་ནི་རྟོག་པ། གཉིས་མེད་དུ་བརྟན་པར་ཡོངས་སུ་དཔྱོད་པ་ནི་དཔྱོད་པ། དེ་ལས་སྟོང་པ་ཉིད་ལ་རྗེས་སུ་ཆགས་པའི་བདེ་བ་ནང་གི་མྱོང་བ་རང་བྱིན་གྱིས་བརླབ་པའི་མཚན་ཉིད་ཅན་ནི་དགའ་བ། དེ་ལས་སྟོང་པ་ཉིད་ལ་རྩེ་གཅིག་པ་ཉིད་ཀྱིས་ནང་ལུས་ཤིན་ཏུ་སྦྱངས་པའི་བད་བ་རྩོ་ལ་མེད་དུ་སོ་སོ་རང་གིས་རིག་པ་གཡོ་མེད་༼༡༩བ༣༨༽བདེ་བ་ནི་འབྲས་བུ་ཡིན་པར་རིག་པར་བྱའོ། །གཟུགས་སོགས་ཡུལ་ལྔ་དང་། མིག་སོགས་ཡུལ་ཅན་ལྔ་འགོག་པ་ལས་དབྱེ་བ་རྣམ་པ་བཅུ་སྟེ། གཟུང་འཛིན་བཀག་ན་སེ་གཉིས་མེད་དུ་བརྟན་པར་བྱེད་པ་ལས་སོ། །དེ་ཡང་མཉམ་གཞག་ཏུ་ནར་གྱི་དང་། རྗེས་ཤེས་སུ་ཐ་མལ་པའི་ཡུལ་ཡུལ་ཅན་འགོག་པའོ། །དེ་ཡང་། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ། །ཞེས་དང་། རྣམ་པ་བཅུ་སྟེ་བསམ་གཏན་མི་བསྐྱོད་པ་ཉིད་དོ། །ཞེས་པས་བསམ་གཏན་གྱི་རྣམ་པར་དག་པ་ནི་མི་བསྐྱོད་པ་རྣམ་ཤེས་ཀྱི་ཕུང་པོ་དང་། འབྲས་བུ་ནི་མིག་མི་འཛུམས་པར་གྱུར་པའི་ཚེ་ལྷའི་མིག་དང་། རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་སྟེ་རྣམ་པ་ལྔའོ། །མེ་ལོང་ཤེས་པ་ལྔ་ནི་ཐོབ་པ་འགྱུར་ཏེ་མེ་ཡི་བདག་པོ་བསམ་གཏན་སྦྱོར་བ་དག་པའོ། །ཞེས་སོ། །དེ་ལྟར་སྐུ་རྡོ་རྗེའི་ལམ་འདིར་ཡོད་པ་རྟག་པའི་མཐའ་དང་། མེད་པ་ཆད་པའི་མཐའ་རྣམ་པར་སྤངས་པ་སོ་སོ་རང་གིས་རིག་པའི་བདག་ཉིད་ཀྱི་རྣམ་པར་མི་རྟོག་པ་དེ་ལ་དབུ་མའི་སེམས་ཞེས་བྱའོ། །དེ་ཡང་། ཡོད་དམ་མེད་པ་རྣམ་པར་སྤངས། སོ་སོ་རང་གིས་རིག་བྱ་བ། དབུ་མའི་སེམས་ཞེས་བྱ་བ་སྟེ། རྣམ་པར་མི་རྟོག་བདག་ཉིད་དོ། །ཞེས་པས་སོ། །དབུ་མའི་སེམས་དེ་ཡང་རྡོ་རྗེའི་སྐུའི་རང་བཞིན་གྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་ལ་ཁྱབ་པའི་ཐིག་ལེའི་གཟུགས་ཅན་ཉིད་ཀྱི་ཕྱིན། སྒྲིབ་པའི་སྤྲིན་གྱི་དྲ་བ་ལས་གྲོལ་བའི་བྱང་ཆུབ་སེམས་ཀྱི་ཟླ་བ་གཙུག་ཏོར་གྱི་པདྨའི་མཐར་ཐུག་པར་གང་བས་ས་བཅུ་གསུམ་གྱི་དབང་ཕྱུག་རྡོ་རྗེ་འཆང་པོ་ཉིད་དུ་འགྱུར་བ་སྟེ། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལའོ། །་་་་་་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི། རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པ་ཡེ་ཤེས་སྐུ། ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། །ཞེས་གསུངས་སོ། །འདི་ཡང་དབང་པོ་རབ་སྐུ་རྡོ་རྗེ་གཅིག་པུའི་༼༢༠ན༣༩༽ལམ་གྱིས་གྲོལ་བའི་དབང་དུ་བྱས་པ་སྟེ། དེས་ཕྱག་རྒྱ་ཆེན་མོ་གཅིག་པུ་ལ་མཉམ་པར་སྦྱོར་བའི་ཚུལ་གྱིས་འདོད་པའི་དངོས་གྲུབ་མངོན་དུ་བྱས་པ་ཡིན་ཏེ། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་། ཡེ་ཤེས་ཕྱག་རྒྱ་སོགས་དམིགས་དང་། ཕྱག་རྒྱ་ཆེན་མོ་གཅིག་སྦྱོར་ལས། མི་འགྱུར་བ་དེ་འཕེལ་བར་འགྱུར། ཞེས་སོ། །དེའི་ཕྱིར་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་ཉེར་ལེན་ལས་མ་བྱུང་ཞིང་། རེ་གཉིས་ཀྱིས་མཚོན་པའི་ཕྱག་རྒྱ་ཆེན་མོ་ལས་མངོན་པར་གསལ་བ་ཉིད་ཀྱི་ཕྱིར། སྟོང་པ་ཉིད་ལ་རྒྱུ་དང་། མི་འགྱུར་བའི་བདེ་བ་ལ་འབྲང་བུའི་ཐ་སྙད་དུ་བྱ་བ་སྟེ། གསུངས་པ། ཤེས་རབ་རྒྱུ་ལམ་མ་བྱུང་ཞིང་། ཤེས་རབ་རྒྱུ་ལས་བྱུང་བ་འབྲས། ཤེས་རབ་ཡེ་ཤེས་རྒྱུ་སྐྱེས་མིན། ཞེས་རྩ་བའི་རྒྱུད་ལས་སོ། །གཞན་རིམ་པ་དྲུག་ཀ་ལ་འཇུག་འོས་པ་དག་ལ་ནི། ལྟེ་བའི་སྟེང་དུ་ར་སཱ་ནའི་རྩ་ནས་ཡུལ་ལྔ་ལ་འཇུག་པའི་རླུང་འགགས་པས་འཁོར་ལོ་ལྔའི་རྟེན་ཅན་གྱི་དྷཱུ་ཏཱིར་ལྟེ་བར་ཁ་ཕྱེ་བའི་རེ་ཁཱའི་དབུས་སུ་སྣ་ཚོགས་པའི་གཟུགས་མཐོང་བའོ། །དེའི་སྟོབས་ཀྱིས་ལྟེ་བའི་འོག་ཏུ་ལ་ལ་ནཱའི་རྩ་ནས་ཐུར་སེལ་གྱི་རླུང་འགགས་པས་འཁོར་ལོ་གསུམ་གྱི་རྟེན་ཅན་གྱི་དྷཱུ་ཏཱི་ལྟེ་བར་རང་ཁ་བྱེ་བས་རོ་རྐྱང་ལ་སོགས་པའི་རྩ་རྣམས་དབུ་མར་དག་པས་ལས་ནད་དུ་བྱེད་ལ་དེའི་ཚེ་རྐྱེན་གཞན་ལ་མ་ལྟོས་པར་རྡོ་རྗེ་ལངས་པའི་བདེ་བ་འབྱུང་། དེ་ནས་གཟུང་ནས་སྲོག་འགོག་ནུས་པས་སྲོག་རྩོལ་གྱི་འགོ་འཇུག་པའོ། །གཟུགས་ནི་མཐོང་བར་གྱུར་ནས་ཉིན་ཞག་སོ་སོའི་དུས་སུ་སྲོག་གི་རླུང་ནི་འགོག་པར་རབ་བྱ་སྟེ། འོད་ཟེར་འཁོར་ལོ་རང་གི་ལུས་ལ་ཡོངས་སུ་བསྐོར་ཞིང་འཁོར་བར་བྱེད་པ་མཐོང་གི་བར་དུའོ། །ཞེས་གསུངས་པས་སོ། །གཉིས་པ་ངག་རླུང་དག་པར་བྱེད་པ་གསུང་རྡོ་རྗེ་བསྒྲུབ་པའི་ཡན་ལག་ནི། སྲོག་རྩོལ་གྱིས་གསུང་རྡོ་རྗེ་མ་ཐོབ་པ་ཐོབ་པར་བྱེད་པས་གཙོ་བོར་བསྟན་ཅིང་འཛིན་པ་ཐོབ་པ་མི་ཉམས་པར་བྱེད་པའི་ཐབས་ཞར་འབྱུང་དུ་གསུངས་སོ། །དེ་ལ་དང་པོར་སྲོག་རྩོལ་གྱི་ངོ་བོ་ནི་གཡོན་པའི་ལམ་ལ་ལ་ནཱ་དཀྱིལ་འཁོར་ལྔའི་ཆོས་ཅན་རྣམ་ཤེས་ལ་སོགས་ཕུང་བོ་ལྔའི་རླུང་འབབ་པ་དང་། གཡས་པའི་ལམ་ར་སཱ་ན་དཀྱིལ་འཁོར་༼༢༠བ༤༠༽ལྔའི་ཆོས་ཅན་ས་ལ་སོགས་པའི་ཁམས་ལྔའི་རླུང་རྒྱུ་བ་སྟེ། འདི་ཉིད་བསྒྱེལ་བ་སྟེ་འགོག་པ་ལས་སྲོག་གི་རླུང་གཡས་གཡོན་གྱི་དཀྱིལ་འཁོར་བཅུ་རྟག་ཏུ་དབུ་མ་ཨ་ཝ་དྷཱུ་ཏཱིའི་ལམ་དུ་རབ་ཏུ་འཇུག་པའོ། །སྲོག་གི་རྩོལ་བ་དག་ཀྱང་ལམ་ནི་གཉིས་པོ་བསྐྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར། ཞེས་སོ། །སྒྲ་དོན་ནི། པྲཱ་ཎཱ་ཡ་མུ། ཞེས་པ་ལ། པྲཱ་ཎཱ་ནི་སྲོག་དང་། ཨཱ་ཡ་མུ་འགོག་པ་དང་། མཆེད་པ་གཉིས་ལ་འཇུག་པའི་དོན་གྱིས་རོ་རྐྱང་གི་སྲོག་ཨ་ཝ་དྷུ་ཏཱིར་འགོག་པ་དང་། ཨ་ཝ་དྷཱུ་ཏཱིའི་སྲོག་མཆེད་པར་བྱ་བས་སྲོག་རྩོལ་ལོ། །དཀྱིལ་འཁོར་བཅུ་འགོག་པ་ལ་དབྱེ་བ་བཅུ་དང་། དོན་ཡོད་གྲུབ་པ་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པའོ། །དེ་ཡང་། སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ་ཞེས་པས་སོ། །དེ་གང་ལམ་དུ་བྱས་པ་ལས་ཐོབ་པ་བཤད་པར་བྱ་སྟེ། འབྱུང་འཇུག་གནས་པས་གསུམ་རླུང་ངག་དབྱེར་མི་ཕྱེད་པའི་ཚུལ་གྱིས་བཟླས་པ་དང་། ཕོ་མོ་མ་ནིང་གི་རླུང་སོ་སོ་ལ་བསླབ། གདོང་ཁ་སྦྱོར་ཕྱི་ནང་དང་སྲོག་ཐུར་གོང་བུ་གཅིག་ཏུ་བསྲེ་བའི་བུམ་པ་ཅན་གྱིས་སོ། །དེ་ཡང་། ཁ་ཡང་བཀབ་སྟེ་སྣ་ཡི་བུ་ག་གཉིས་བདག་ནས་ཕྱི་རོལ་དག་གི་རླུང་ནི་མ་ལུས་པ། སྲོག་གི་ཤུགས་ཀྱིས་བཀུག་སྟེ་དྲི་མ་མེད་པའི་གློག་དང་མཚུངས་པར་ཐུར་སེལ་རླུང་ལ་སྦྱར་བྱས་པ། དུས་ཀྱི་གོམས་པའི་སྦྱོར་བ་དག་ལ་ཟླ་བའི་ཉི་མའི་དབུས་སུ་རོ་ནི་མཉམ་པར་འགྱུར། ལུས་ལ་ཟས་ལ་སོགས་པ་དང་ནི་བཀྲེས་དང་སྐོམ་པ་འཕྲོག་སྟེ་འཆི་བ་མེད་པ་ཉིད་ཀྱང་སྟེར། ཞེས་གསུངས་པས་སོ། །དེ་ལྟར་འཆི་བ་བླུ་པའི་ཟོལ་གྱིས་སྲོག་རྩོལ་གྱི་རྣལ་འབྱོར་གསུངས་སོ། །དེ་ལྟ་བུའི་བུམ་པ་ཅན་གྱི་རྣལ་འབྱོར་འདི་ནི་ཇི་སྲིད་རླུང་འཕོ་བ་བཅུ་གཉིས་རྣམ་པར་སྤངས་ནས། སྣང་བུ་ག་གཉིས་ནས་ཅིག་ཅར་དུ་རྟག་ཏུ་འབབ་པར་འགྱུར་བ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ལྟར་སྲོག་ལ་བརྟན་པ་ཐོབ་ནས་ཞི་རྒྱས་དབང་དྲག་གི་ལས། ཐོགས་པ་མེད་པར་འགྲུབ་སྟེ། ཁྱབ་བདག་གིས་ནི་དཔལ་ལྡན་སྔགས་དང་སངས་རྒྱས་གཟུགས་ཀྱང་རྣལ་འབྱོར་པ་ཡིས་རྟག་ཏུ་བསྒྲུབ་པར་བྱ། ཕྱི་ནས་ཉི་མའི་དབྱེ་བ་རྣམས་ཀྱིས་གནས་པ་ཡོན་ཏན་དཔག་ཏུ་མེད་པའི་ལས་རྣམས་འགྲུབ་པར་འགྱུར། ཞེས་སོ། །སྲོག་༼༢༡ན༤༡༽རྩོལ་གྱི་དག་པ་གཡས་གཡོན་གྱི་རྒྱུ་བ་བྲལ་ཏེ་རྟག་ཏུ་དབུ་མར་རྒྱུ་བའི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་ཅང་བསྔགས་པར་བྱེད་དོ། །དེ་ཡང་། སྲོག་གི་རྩོལ་བས་དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོག །ཅེས་སོ། །དེ་ལྟར་ཡང་མཚན་བརྗོད་ལས། འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོག་པའི། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་ཏེ། ཟླ་བ་ཉི་མའི་གཡོ་བ་བཅོམ་ནས་དབུ་མར་ཞུགས་པ་ནི་འཇམ་དབྱངས་ཆེན་པོ་སྟེ། དེ་ཉིད་འཁོར་ལོ་དྲུག་ལ་བརྟེན་པས་ནཱ་དའི་རང་བཞིན་གཞོམ་དུ་མེད་པ་སྟེ། སྒྲའམ་སྲོག་ཆེན་པོའོ། །འཇིག་རྟེན་གསུམ་པོ་ནི་ལུས་ངག་ཡིད་གསུམ་སྟེ། སྲོག་ཐུར་གྱི་རླུང་རྣམས་དབུ་མར་རོ་མཉམ་གཅིག་ཏུ་འདྲེས་པ་ནི་སྒྲ་གཅིག་པའོ། །ནམ་མཁའི་མཐའ་ཀླས་ཞེས་པ། སྐྲ་དང་སེན་མོ་དང་བ་སྤུའི་མཐར་ཐུག་པར་རླུང་ལ་དབང་འབྱོར་པས་ན་སྒྲ་སྒྲོག་པའོ། །དེ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་རང་རང་གི་སྐད་བཞིན་ཆོས་སྟོན་པར་ནུས་ཏེ། གསུང་རྣམ་པ་ཐམས་ཅད་པའོ། །དེ་ལས་གཞན་པའི་མཆོག་གི་སྒྲ་མེད་པས་ན་སྒྲ་དང་ལྡན་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པའོ། །གཞན་ཡང་མཚན་བརྗོད་ལས། རིགས་གསུམ་འཆང་བ་གསང་སྔགས་འཆང་། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་ཏེ། རིགས་གསུམ་ནི་སྟེང་གི་ལུས་ངག་ཡིད་གསུམ་ནི་རྩ་དང་རླུང་དག་པ་དང་། དམ་ཚིག་ཆེན་པོ་གསང་སྔགས་འཛིན་ནི་འོག་གི་ལམ་གསུམ་ཟག་པ་མེད་པ་དང་། གཙོ་བོ་ནི་རྣམ་པར་ཤེས་པ་སྟེ། དཀོན་མཆོག་གསུམ་ནི་འབྱུང་འཇུག་གནས་གསུམ་འཁོར་ལོ་ལྔའི་ལྟེ་བ་ལ་འཛིན་པ་སྟེ་བརྟན་པའོ། །ཐེག་པ་ནི་འོག་གི་ལམ་མཆོག་གི་བྱང་ཆུབ་ཀྱི་སེམས་བརྟན་པ་གཙུག་ཏོར་དུ་མཐར་ཕྱིན་པས་ཐེག་པ་གསུམ་ཅིག་ཅར་དུ་སྟོན་པར་བྱེད་པ་སྟེ་རྫོགས་པའི་སངས་རྒྱས་སོ། །དེ་ལྟར་ལྟེ་བར་སའི་དཀྱིལ་འཁོར། སྙིང་གར་རླུང་། མགྲིན་པར་མེ། དཔྲལ་བའི་ཐིག་ལེར་ཆུའི་དཀྱིལ་འཁོར་གྱི་ལྟེ་བའི་དབུས་སུ་སྲོག་རབ་ཏུ་༼༢༡བ༤༢༽ཞུགས་ཤིང་འགྲོ་འོང་མེད་པར་གཡོ་མེད་དུ་འཛིན་པ་འཛིན་པའི་ངོ་བོ་ཡིན་ཏེ། ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་པ་འཛིན་པའོ། །ཞེས་པས་སོ། །སྒྲ་དོན་ནི། དྷྲྀ་ཉ་འཛིན་པ་ལའོ། །ཞེས་པའི་བྱིངས་ལས། འཁོར་ལོ་དྲུག་གི་ལྟེ་བའི་ཐིག་ལེ་རླུང་སེམས་རྩེ་གཅིག་ཏུ་བརྟན་པར་བྱེད་པས་ན་འཛིན་པའོ། །ཡན་ལག་འདི་ནི་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ཚོར་བའི་ཕུང་པོ་རྣམ་པར་དག་པ་སྟེ། འཁོར་ལོ་ལྔའི་ལྟེ་བར་སྲོག་འགྲོ་བ་དང་འོང་བ་འཛིན་པའི་དབྱེ་བས་བཅུའོ། །སླར་ཡང་རྣམ་པ་བཅུ་སྟེ་འཛིན་པ་ཕྱག་ན་རིན་ཆེན་ནོ། །ཞེས་པས་སོ། །དེ་ལྟར་སྟེང་གི་རྩ་གསུམ་ནས་རྒྱུ་བའི་སྲོག་ཞག་གཅིག་དང་ཟླ་བ་ཕྱེད་དང་ཟླ་བ་གཅིག་དང་ཟླ་བ་དྲུག་རིམ་པ་བཞིན་འགོག་ནུས་ན་དཔྲལ་བ་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ་ཐིག་ལེ་འཛིན་ནུས་སོ། །ལོར་འགོག་ནུས་ན་གསང་གནས་སུ་གང་བ་འཛིན་ནུས་ཏེ་སྒྲུབ་པའི་ཐབས་ཀྱིས་སོ། །རྟག་ཏུ་འཛིན་ནུས་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པས་ནོར་བུའི་རྩེ་མོར་གང་བ་འཛིན་ནུས་ཏེ་སྒྲུབ་ཆེན་གྱི་ཐབས་ཀྱིས་སོ། །དེས་ན་བུམ་པ་ཅན་གྱིས་སྟེང་ལམ་གསུམ་བཀག་ན་འོག་གསུམ་རང་འགག་སྟེ་བུམ་པ་ཞབས་ཚགས་ཅན་གྱི་ཆུ་བཞིན་ནོ། །དེས་ན་སྟེང་གསུམ་འགོག་མི་ནུས་པར་འོག་གསུམ་རྩོལ་བས་འགོག་ནུས་ཟེར་བ་ནི་ཤིན་ཏུ་མཚར་རོ། །མཚན་བརྗོད་ལས། དོན་ཡོད་ཞགས་པ་རྣམ་པར་རྒྱལ། འཛིན་པ་ཆེན་པོ་རྡོ་རྗེ་ཞགས། ཞེས་པའི་དོན་ཡོད་ཞགས་པ་ནི་སྲོག་རླུང་། སྟེང་འོག་གི་ལམ་གསུམ་འགགས་པས་བྱང་སེམས་འཆིང་བར་བྱེད་པས་ཞགས་པ། བདུད་རིགས་དྲུག་བརྒྱས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་བཅོམ་པའི་ཕྱིར་རྣམ་རྒྱལ། འཛིན་པ་ནི་སྡུད་པ་སྟེ་གྱེན་དུ་འགྲོ་བའི་འཁོར་ལོ་ལྔའི་རླུང་དང་། ཐུར་སེལ་བསྐྱེད་པའི་རིམ་པར་ལྟེ་བར་འདུས་པ་དང་། ཟླ་བ་དྲུག་ལ་སོགས་པར་འགོག་པ་ཆེན་པོ་སྟེ། ལྟེ་བ་མན་ཆད་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་འཛིན་ནུས་པ་ནི་རྡོ་རྗེ་ཞགས་པའོ། །འཛིན་པའི་དག་པ་འགྲོ་འོང་ཟད་ཅིང་གཅིག་ཏུ་འདྲེས་པས་བདུད་དང་ཉོན་མོངས་པ་གཡས་གཡོན་གྱི་རྒྱུ་བ་ལ་སོགས་པ་ཉམས་ཤིང་སྟོབས་༼༢༢ན༤༣༽བཅུ་སྟེ། སྟོང་པ་ཉིད་ཀྱི་སེམས་གཟུང་བའི་སེམས་ལ་འཇུག་པར་འགྱུར་རོ། །བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །ཞེས་གསུངས་པས་སོ། །དེའི་ཚེ་རི་རབ་ཙམ་གྱི་ཟས་ཟོས། རྒྱ་མཚོས་གྱི་སྐོམ་འཐུངས་ཀྱང་འཇུ་བའི་ཕྱིར། །སྒྱུ་འཕྲུལ་རྡོ་རྗེ་གསུམ་པོ་ཆེ། །ཞེས་གསུངས་སོ། །དེ་ལྟར་སྟེང་འོག་གི་རླུང་དག་འགགས་པར་གྱུར་པས། སྤྱི་བོ་ནས་ཧཾ་ཡིག་བྱང་ཆུབ་ཀྱི་སེམས་བསྐྱོད་པར་གྱུར་བ་གཏུམ་མོའི་མེས་ཡང་དག་པར་བསྲེགས་ཏེ། ཤེས་རབ་དང་ཐབས་གཉིས་སུ་མེད་པའི་སྦྱོར་བ་དག་གིས། སེམས་དང་སེམས་འབྱུང་གི་གནས་སྐབས་མཐའ་དག་ནུབ་ནས། ཡེ་ཤེས་དང་རྣམ་པར་ཤེས་པ་གཅིག་ཏུ་འགྱུར་ཏེ་སྒྲིབ་པ་མཐའ་དག་དང་བྲལ་བ། སྐུ་བཞི་ཡེ་ཤེས་ལྔའི་རང་བཞིན་ཏེ། སྲོག་དང་ཐུར་སེལ་འགགས་པར་གྱུར་ན་རི་བོང་འཛིན་པ་བསྐྱོད་པ་མིའི་གཟུགས་སུ་རབ་ཏུ་འགྱུར། རྡོ་རྗེ་པདྨས་རབ་ཏུ་སད་ནས་སླར་ཡང་འདིར་ནི་ཉི་མའི་གཟུགས་ཀྱི་མེ་ལྕེས་ཞུ་བར་བྱེད། རླུང་དང་ཟླ་བ་ཉི་མ་འགག་པར་གྱུར་ན་རྣམ་པར་ཤེས་པ་དང་ནི་ཡེ་ཤེས་གཅིག་ཏུ་འགྱུར། དེ་ལྟ་དེ་ལྟ་དང་ནི་དེ་བཞིན་དེ་ལྟར་རྣམ་གསུམ་དུ་འགྱུར་གཞན་ནི་ཅུང་ཟད་ཡོད་མ་ཡིན། ཞེས་སོ། །དེ་ལྟར་ཁམས་ཀྱི་དངས་སྙིགས་ཕྱེ་ནས་དངས་མ་བདེ་བ་ཆེན་པོས་ཟག་པ་མེད་པའི་ལུས་དང་ངག་དང་སེམས་སུ་གྱུར་ནས། གཡས་གཡོན་དང་སྟེང་འོག་གི་རྒྱུ་བ་རང་གནས་སུ་དག་པ་ནི་སྲིད་པ་གསུམ་ན་གཞོམ་དུ་མེད་པའི་སྐུ་ཅན་ནོ། །ཟླ་བའི་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉིས་ཀ་ཡི་ཡང་སྲོག་གི་རླུང་ནི་ཆེན་པོ་འགགས། ཆུ་སྐྱེས་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཆེན་ལ་ནི་རབ་ཏུ་ཞུགས། དངོས་དང་དངོས་མེད་གཅིག་གྱུར་རྣམ་གསུམ་སྲིད་པ་ལ་གནས་གཞོམ་མེད་ལེགས་པར་རབ་ཏུ་རྟོགས་གྱུར་པ། དེ་ཡི་དུས་སུ་རྣལ་འབྱོར་དེ་གང་ལ་གཉིས་ནི་ཅུང་ཟད་མེད་པ་མཆོག་གི་གོ་འཕང་འགྲོ། ཞེས་སོ། །རིམ་པ་དྲུག་ཀ་བསྒོམ་དགོས་པའི་གང་ཟག་ལ་ནི། སྟེང་ལམ་ནས་གཡས་གཡོན་གྱི་རླུང་ལྟེ་བར་འདུས་ཏེ་འགྲོ་ལྡོག་བྱེད་པས་མེའི་རི་མོ་གཡོས་པས་སྙིང་གའི་སྒྲ་༼༢༢བ༤༤༽ཙམ་འཁྱོག་ཅིང་རྦ་རླབས་ཕྱེད་པས་སེམས་མ་བརྟན་ཏེ་ཐིག་ལེ་ནོར་བུར་མ་ཟིན་ནོ། །གཡས་གཡོན་གྱི་རླུང་མི་རྒྱུ་བས་དུས་མེ་འབར་ཞིང་རྦ་རླབས་ཞི་བས་བརྟན་རྒྱུ་དེས་ཐིག་ལེ་འཛིན་ནུས་པའི་དཔེ་བུམ་པ་སྟེང་ནས་རླུང་རྒྱུ་བའི་སྒོ་འགགས་པས་འོག་ནས་ཆུ་མི་འཛག་པ་བཞིན་ནོ། །གཞན་ཡང་རོ་དྲུག་ཟོས་པ་དང་འཐུངས་པ་མཉམ་གནས་ཀྱི་རླུང་གིས་དངས་སྙིགས་ཕྱེ་ནས་དེའི་དངས་མ་བད་ཀན་དུ་འགྱུར་རོ། །བད་ཀན་གྱི་དངས་ཁྲག །ཁྲག་གི་དངས་ཤ། ཤའི་དངས་པགས། པགས་པའི་དངས་རྒྱུས་པ་སྟེ་རྩར། རྩའི་དངས་དུས་པ། རུས་པའི་དངས་བཅུད་དེ་རྐང་མར། རྐང་གི་དངས་མ་ཁུ་བ་སྟེ། ཁུ་བའི་དངས་མས་རྣམ་པར་ཤེས་པའི་རྟེན་བྱེད་པའི་ཧཾ་ཡིག་དང་། ལུས་ཀྱི་མདངས་དང་སྟོབས་འཕེལ་བར་འགྱུར་རོ། །དེ་ལྟར་མདངས་འཕེལ་ཞིང་རྒྱས་པས་བ་སྤུའི་མཐར་ཐུག་པར་ཡོངས་སུ་གང་བ་ཉིད་མི་འཕོ་བའི་རྒྱུར་གྱུར་པ་ནི་རིལ་པ་ཞབས་ཚགས་ཅན་གྱི་སྟེང་ནས་རླུང་མི་རྒྱུ་ཡང་ཆུས་ལེགས་པར་གང་བ་མེད་ན་ཆུ་འཛག་པ་བཞིན་ནོ། །དེས་ན་ཡན་ལག་བཞི་པ་འདིས་སངས་རྒྱས་ཀྱི་སྤྱན་ཐོབ་ཅིང་སྟེང་གི་སྲོག་སྟེང་གི་ལྟེ་བར་བརྟན་པས་རྦ་རླབས་ཞི་བར་བྱས་ནས། ཡན་ལག་ལྔ་པ་དང་དྲུག་པས་ནོར་བུའི་མཐར་ཐུག་པ་གང་བར་བྱས་ན་མི་འགྱུར་བའི་བདེ་བ་ཐོབ་པར་འགྱུར་རོ། །གསུམ་པ་ཡིད་ཐིག་ལེ་དག་པར་བྱེད་པ་ཐུགས་རྡོ་རྗེ་བསྒྲུབ་པ་ཆེན་པོའི་ཡན་ལག་ནི། རྗེས་དྲན་གྱིས་ཐུགས་རྡོ་རྗེ་མ་ཐོབ་པ་ཐོབ་པར་བྱས་ནས་ཏིང་ངེ་འཛིན་དུ་ཐོབ་པ་མཐར་ཕྱིན་པར་བྱེད་པ་སྟེ། རྗེས་དྲན་གྱི་ངོ་བོ་ནི་འཛིན་པའི་སྟོབས་ཀྱིས་ལྟེ་བར་གནས་པའི་གཏུམ་མོ་འབར་བའི་སྣང་བ་རང་གི་འདོད་པའི་ལྷ་མཐོང་བ་གཟུགས་བརྙན་གྱི་རྣམ་པར་རྟོག་པ་དང་བྲལ་བ་སྟེ། སྒྲིབ་པ་ཐམས་ཅད་དང་བྲལ་བ་པྲ་ཕབ་པ་ལྟ་བུར་ཕྱག་རྒྱ་ཆེན་མོ་དེ་ལས་སངས་རྒྱས་ཀྱི་འོད་ཟེར་གྱི་སྤྲིན་མཐའ་ཡས་པ་སྤྲོ་བར་བྱེད་པའི་གཟུགས་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་སྤྲོས་པ་མཐོང་བ་དང་། དེ་ལས་རྣམ་པར་འཕྲོ་བའི་གཟུགས་ཁམས་གསུམ་པོ་མཐའ་དག་ནམ་མཁའི་མཐིལ་མཐའ་དག་ཁྱབ་པར་སྤྲོ་བའོ། །གཏུམ་མོའི་སྣང་བར་གང་ཞིག་གྱུར་༼༢༣ན༤༥༽པ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། ཞེས་སོ། །སྒྲ་དོན་ནི། སྨྲྀ་དང་དྷྱེ་སེམས་པ་ལའོ་ཞེས་བསམ་གཏན་དང་སྐད་ཀྱི་བྱིངས་གཅིག་པའི་དབང་ལས་བསམ་གཏན་གྱི་ཡན་ལག་ཏུ་རྟགས་བཅུ་ལ་ཡན་ལག་ལྔས་རྣམ་པར་མི་རྟོག་པ་རོ་གཅིག་ཏུ་གྱུར་པ་ནི། སྔོན་དུ་དྲན་པའམ་སྔོན་དུ་བསམ་གཏན་ཞེས་བྱ་བ་ཡིན་ལ། འདིར་ནི་དུ་བ་ལ་སོགས་པ་མཚན་མ་ལྔའི་རིམ་པས་སྟོང་གཟུགས་ཁམས་གསུམ་པོ་ཁྱབ་པའི་ནང་གི་བདག་ཉིད་ཀྱི་ལྷར་འཆར་བ་ལ་རྣམ་པར་མི་རྟོག་པ་རོ་གཅིག་ཏུ་གྱུར་པ་ནི། རྗེས་སུ་དྲན་པའམ་རྗེས་སུ་བསམ་གཏན་ཞེས་བྱ་བའི་དོན་ཡིན་ནོ། །རྗེས་དྲན་འོད་དཔག་མེད་འདུ་ཤེས་ཀྱི་ཕུང་པོ་ལ་འདོད་པའི་གནས་སྐབས་བཅུའི་དབྱེ་བས་བཅུ་སྟེ། བསམ་དང་འདོད་དང་ལུས་ལ་རིམས་དང་ཁ་མཆོག་པདྨ་སྐམ་དང་ཟས་ལ་རབ་ཏུ་མི་འཇུག་དང་། འདར་དང་སྨྱོ་དང་རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་དྲག་ཏུ་བརྒྱལ་བ་རྣམས། རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་རྟེན་དུ། རབ་ཏུ་གསལ་ཞིང་ངེས་པ་དེ་རྣམས་ཡིད་སྲུབས་གནས་སྐབས་སུ་ཞིག་བརྒྱལ་བ་འདོད་པ་དེ་ནི་སུ། ཞེས་པས་བཅུའོ། །གདོལ་པ་མོ་ལ་རྗེས་སུ་དྲན་པ་པདྨ་འཛིན་པར་འགྱུར་ཏེ་ཞེས་པས་སོ། །རྗེས་དྲན་གཟུགས་ལ་འཁྱུད་པའི་སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་དག་པ་དེའི་ཚེ་འོད་ཀྱི་དཀྱིལ་འཁོར་དུ་འགྱུར་བ་བ་སྤུའི་ཁུང་བུ་ནས་འོད་ཟེར་ལྔ་འཕྲོ་ཞིང་ངེས་པར་རྒྱུའོ། །རྗེས་སུ་དྲན་པ་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །ཞེས་དང་། ཤེས་རབ་ཀྱི་སྤྱན་ཐོབ་པ་ཡིན་ནོ། །དེ་ཡང་། གཡོན་དང་གཡས་ཕུང་པོ་དང་ཁམས་ཀྱི་རླུང་ལྟེ་བའི་པདྨར་གཅིག་ཏུ་བསྡུས་ནས་གཏུམ་མོ་ཡེ་ཤེས་ཀྱི་མེ་ཧོ་ཡིག་ཡེ་ཤེས་ཀྱི་སྙིང་པོ་ས་ལ་སོགས་པ་རིགས་དྲུག་གི་ས་བོན་རབ་ཏུ་སྦར་བས་དབང་ཡུལ་རྣམས་བསྲེགས་ཏེ་མགོ་བོའི་ཧཾ་ཡིག་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་འོག་ཏུ་མགྲིན་སྙིང་དང་ལྟེ་གསང་དང་ནོར་བུའི་མཐར་ཐུག་པའི་བར་དུ་དགའ་བ་དང་མཆོག་དགའ་དང་ཁྱད་པར་གྱི་དགའ་བའི་༼༢༣བ༤༦༽རང་བཞིན་གྱི་ཆ་བཅོ་ལྔས་གཤེགས་པ་དེར་ཆ་བཅུ་དྲུག་པ་རྫོགས་པ་ནོར་བུའི་རྩེ་མོར་བརྟན་པ་ནམ་གྱུར་གྱི་བར་དུ་གཙུག་ཏོར་ནས་ནོར་བུའི་རྩེ་མོར་ཕབ་ནས་ཡང་ནོར་བུ་ནས་གཙུག་ཏོར་ཏུ་བཟློག་གོ། །དེ་ལྟར་ཡང་དང་ཡང་དུ་དབབ་པ་དང་བཟློག་པ་འཁོར་ལོའི་ཚུལ་དུ་བྱའོ། །དེའི་སྟོབས་ཀྱིས་དགའ་བྲལ་གྱི་ཆ་ཆགས་པས་བཅོམ་པས་ལུས་ཅན་གྱི་དགའ་བྲལ་དང་བེམ་པོའི་ཁམས་བཅོམ་པ་ལྷན་སྐྱེས་དགའ་བ་ཐིག་ལེ་མཐའི་སྐད་ཅིག་དེ་ཉིད་གསུམ་པའི་དུས་ཀྱི་དཔེའི་ཡེ་ཤེས་ཏེ། རླུང་ནི་ཡང་དག་ཕྲད་པ་རྣམས་ཀྱིས་གློག་གི་མེ་ཡིས་རྩེ་མོས་སྤྱི་བོའི་ཟླ་བ་ཞུ་བར་བྱེད། ཐིག་ལེ་གང་གང་ཞུ་བ་དེ་ནས་མགྲིན་པ་སྙིང་ག་ལ་སོན་ལྟེ་བ་གསང་གནས་དག་ལ་འགོག །ཐིག་ལེ་ལས་ནི་གཡོ་བའི་ཁུ་བ་རྡོ་རྗེ་ནོར་བུ་ལམ་ནས་རྒྱལ་མཚན་རྩེ་ལ་འགོག་པ་གང་། དེ་ནི་ཤེས་རབ་ཡེ་ཤེས་སྐད་ཅིག་གལ་ཏེ་ཐིག་ལེའི་འཕྲེང་བ་འཕོ་བ་མེད་པས་བདེ་བའོ། །དེ་ཕྱིར་དབྱེར་མེད་བདེ་བའི་སྐད་ཅིག་ལྷན་ཅིག་སྐྱེས་པ་འདིར་ནི་ཆོས་ཀྱི་དབྱིངས་ནི་སྟེར་བར་བྱེད། སྲོག་གི་རོ་ཡི་འགྲོ་བ་རྣམས་ལ་གནས་ལ་ཐམས་ཅད་བཀུག་ཅིང་ཉོན་མོངས་བདུད་རྣམས་བཅོམ་བྱས་ནས། རྫུ་འཕྲུལ་ཀུན་མཁྱེན་ས་དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་རྣམས་ཀྱི་སྐྱེ་བ་འདི་ལ་སྟེར། ཞེས་སོ། །ཡང་ན། དབང་པོ་རཏལ་པོས་ལས་ཀྱི་ཕྱག་རྒྱ་དང་འབྲིང་པོས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་རྣོན་པོས་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་སྒྲུབ་པར་བྱེད་པ་ནི་རྗེས་དྲན་ཡིན་ནོ། །དེ་ལ་ལས་ཀྱི་ཕྱག་རྒྱའི་ངོ་བོ་ནི་ནུ་མ་དར་སྐྲར་ལྡན་པ་འདོད་པ་ཁམས་ཀྱི་བདེ་བའི་རྒྱུའོ། །ལས་ནི་ཙུམྦ་དང་འཁྱུད་བ་དང་གསང་བར་རེག་པ་དང་རྡོ་རྗེ་བསྐྱོད་པ་ལ་སོགས་པའི་བྱ་བའི་བདག་ཉིད་ཅན་ཏེ་དེ་ཡིས་ཉེ་བར་མཚོན་པའི་ཕྱག་རྒྱ་ནི་ཡིད་ཆེས་པར་བྱེད་པ་མོ་ཡིན་ལ་ཡིད་ཆེས་པ་ནི་འདིར་འགྱུར་བའི་བདེ་བ་མཚོན་པར་བྱེད་པ་སྟེ་མུ་དྲ་ནི་ངེས་ཚིག་གིས་མུ་དཾ་བདེ་བའི་ཁྱད་པར་རཱ་ཏི་སྟེར་བར་བྱེད་པའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པ་སྣ་ཚོགས་ཡུམ་ལ་སོགས་པ་ལྷ་མོའི་རང་བཞིན་ཏེ་གཟུགས་ཁམས་ཀྱི་བདེ་བའི་རྒྱུའོ། །ཡེ་ཤེས་ནི་སྔོན་ལྟ་བ་དང་རྒོད་པ་ལ་སོགས་པ་༼༢༤ན༤༧༽སྒོམ་པའི་མཚན་ཉིད་ཅན་ཏེ་ཡིད་ཆེས་པ་ནི་འདིར་གཡོ་བའི་བདེ་བ་མཚོན་པར་བྱེད་པའོ། །ཕྱག་རྒྱ་ཆེན་མོ་ནི་ཆེན་པོ་ཡང་འདི་ཡིན་ལ་ཕྱག་རྒྱ་ཡང་འདི་ཡིན་པས་ཆེན་མོ་སྟེ་ཆེན་པོ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཉི་ཚོ་བ་མ་ཡིན་པ་ཉིད་ཡིན་ལ། བྱང་ནུབ་ཀྱི་སེམས་རྡོ་རྗེ་འདིས་རྒྱས་འདེབས་པའི་ཕྱིར་ཕྱག་རྒྱ་སྟེ་ཡིད་ཆེས་པ་ནི་འདིར་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ་དུ་བ་ལ་སོགས་པའི་མཚན་མ་སྔོན་དུ་འགྲོ་བའི་རང་གི་སེམས་རབ་ཏུ་གསལ་བ་རྣལ་འབྱོར་པས་རྟོགས་པར་བྱ་བ་པྲ་ཕབ་པ་ལྟ་བུའོ། །དེ་ལྟར་ཡང་། རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་རྒྱ་བརྟེན་པར་བྱ། དེ་ནས་ཉི་མའི་གཟུགས་ནི་གདོད་དང་ལག་པ་རྐང་པ་གཙུག་ཏོར་ཡན་ལག་ཐམས་ཅད་རྫོགས་པ་སྟེ། གློག་གི་དབང་ཕྱུག་པའི་རྗེས་མཐུན་འཕོ་མེད་བདེ་བ་སྐྱེད་པར་བྱེད་མ་མཚན་ཉིད་ཡན་ལག་ཐམས་ཅད་རབ་ཏུ་རྫོགས། རྡོ་རྗེ་རྣམས་ཀྱི་རབ་ཏུ་གནང་བར་བྱེད་མ་སྲིད་གསུམ་གནས་ལུས་ཆོས་ཀྱི་དབྱིངས་ནི་དེ་ནས་འགྱུར། ཞེས་སོ། །འོ་ན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་སྤང་བར་བཤད་པ་དང་འགལ་ལོ་ཞེ་ན། སྟོང་པ་ཉིད་ཀྱི་གཟུགས་བརྙན་དང་བྲལ་བའི་ཕྱག་རྒྱ་གཉིས་ཀྱི་མི་འཛག་པ་ཙམ་གྱིས་འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་འབྲས་བུར་འགྱུར་བ་སྟོང་པ་ཉིད་ཀྱི་གཟུགས་བརྙན་དེ་ལས་སྐྱེས་པའི་མི་འགྱུར་བའི་བདེ་བ་ལྷན་ཅིག་སྐྱེས་པའི་ཕྱག་རྒྱ་གཉིས་ནི་འཇིག་རྟེན་པའི་འབྲས་བུར་མི་འགྱུར་གྱི་མི་འགྱུར་བའི་བདེ་བ་འཕེལ་བའི་གྲོགས་སུ་གྱུར་རོ། །དེས་ན་སངས་རྒྱས་ཐོབ་པའི་དངོས་རྒྱུར་ཕྱག་རྒྱ་གཉིས་བཀག་པ་དང་། ཡང་། མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་མ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་བ་མེད། མ་བཅིངས་ན་ནི་གསེར་བྱེད་མེད་དེ་གསེར་དང་བྲལ་ནག་སྨྲ་པོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། དེ་བཞིན་བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམས་དག་གི་སེམས་ནི་འཆིང་མི་འགྱུར། བཅིངས་པ་མེད་ན་ལུས་འབིགས་མེད་དེ་མ་ཕུག་ལུས་ཀྱི་འདིར་ནི་ལྷན་སྐྱེས་བདེ་བ་སྟེར་བ་མིན། ཞེས་གསུངས་པས། འཛག་མེད་སྒྲུབ་པའི་ཐབས་ལ་མེ་༼༢༤བ༤༨༽དང་བྲལ་བའི་དངུལ་ཆུ་འཆིང་བར་མི་ནུས་པས་དགོངས་པར་གསུངས་པའི་བྱེ་བྲག་ལེགས་པར་ཕྱེ་སྟེ་རྟོགས་པར་བྱའོ། །དེ་ཡང་། འཇིག་རྟེན་པའི་གནས་ལུགས་ནི་ཆུ་ཐར་དུ་འགྲོ་མེ་གྱེན་ལ་འབར་བས་གཙུག་ཏོར་གྱི་ཁུ་བ་ནོར་བུར་འཛག་པས་འཕོ་བའི་བག་ཆགས་སུ་འགྱུར། རྡུལ་གྱེན་ལ་འབར་བས་དབང་པོའི་སྒོར་ཐོན་ནས་ཡུལ་ལྔ་ལ་འཇུག་པས་གཟུང་འཛིན་གྱི་རྟོག་པ་སྐྱེད། སངས་རྒྱས་ཀྱི་དེ་ལས་བཟློག་ནས་ཡོད་པས་དེ་ཡང་འཇིག་རྟེན་པའི་གནས་ལུགས་ཀྱི་མཐའི་སྐད་ཅིག་དེ་ནོར་བུར་དང་གཙུག་ཏོར་དུ་འཛིན་མ་ནུས་ན་དེ་ལས་བཟློག་པའང་མི་ཐོབ་སྟེ། དེ་ཡང་དང་པོ་འཇིག་རྟེན་པའི་མཐའི་སྐད་ཅིག་སྦྱོར་བ་ཡན་ལག་དྲུག་གི་མན་ངག་གིས་ཐོབ་སྟེ། དེ་ཡང་ཏིང་ངེ་འཛིན་གྱི་དུས་སུ་ནོར་བུར་ཁུ་བ་ཟིན་པ་དང་། གཙུག་ཏོར་དུ་ཁྲག་ཟིན་པ་དུས་མཚུངས་པ་དེ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཡིན་ལ་དེའི་སྐད་ཅིག་མ་ནས་ཁུ་བ་གྱེན་ལ་བཟློག་པ་དང་ཁྲག་ཐུར་ལ་ལོག་པའང་དུས་མཚུངས། དེ་ནས་ས་དང་པོ་ཐོབ་ནས་ས་བཅུ་གཉིས་པའི་དུས་སུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པ་མྱ་ངན་ལས་འདས་པ་སྟེ། ཁུ་བ་གཙུག་ཏོར་ཏུ་ནོན་པ་དང་། ཁྲག་ནོར་བུར་ནོན་པ་དུས་མཚུངས་ཏེ་ལུགས་ལས་བཟློག་གོ། །དབུས་སུ་སྲོག་ནི་རབ་ཏུ་ཞུགས་པ་སྣ་ཚོགས་ཡུམ་ལ་ཡུལ་དང་རྣམ་པར་བྲལ་བས་འཁྱུད་པ་སྟེ། པདྨར་ཞུགས་པ་རང་གི་རྡོ་རྗེ་སྤྲོ་བ་དག་ཀྱང་དེ་བཞིན་ཟླ་ཉིའི་དབུས་སུ་རབ་ཞུགས་པ། བདེ་བ་ས་བོན་མ་ལྷུང་བ་ལ་རབ་དགའི་དགའ་བར་གནས་པ་རྣལ་འབྱོར་རྣམས་ཀྱི་རྣལ་འབྱོར་འདི། ཕྱག་རྒྱའི་དངོས་གྲུབ་དོན་སླད་ཁྱབ་བདག་གིས་ནི་དཔལ་ལྡན་གསང་བ་ལས་ཀྱང་མཆོག་ཏུ་གསང་བའོ། །ཞེས་དང་། མཚན་བརྗོད་ལས། རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་དང་། དྲི་མེད་འོད་ལས། ཞབས་གཅིག་རྡོ་རྗེ་ནོར་བུར་རྡུལ་དང་ཉི་མ་དང་། །གཉིས་པ་གཙུག་ཏོར་ཁུ་བ་རི་བོང་ཅན་ལ་ནི། །རྟག་ཏུ་མི་ཕྱེད་དབྱེར་མེད་འདོད་པ་བཀོད་གྱུར་པ། །འཇིག་རྟེན་གསུམ་གྱིས་མཆོད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་གསུངས་༼༢༥ན༤༩༽པས་སོ། །དེ་ཡང་སོ་སོར་སྡུད་པ་ལ་སོགས་པ་ཡན་ལག་བཞིའི་མཐར་གྱེན་ཐུར་གྱི་རླུང་སྲོག་ཐུར་ལྟེ་བར་ཁ་བལྟས་པས་ཤེས་པ་ཁ་ནང་དུ་ལོག །དེ་ནས་ཡན་ལག་དྲུག་པ་ཏིང་ངེ་འཛིན་གྱི་ཡས་མཐར་ཆོས་ཐམས་ཅད་ནོར་བུའི་རྩེ་མོར་འདུས་པ་དེའི་ཚེ་ཕྱིའི་མ་དག་པའི་ཕུང་ཁ་ནས་ཐམས་ཅད་དེར་འགགས་པས་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་པྲ་ཕབ་པ་དང་འདྲ་བར་སྣང་བ་འདི་དོན་དམ་པ་སྟེ། དེའི་སྐད་ཅིག་མ་དེ་དང་ནོར་བུར་བཅིངས་པ་དུས་མཉམ་པས་དོན་དམ་པར་འཆིང་བའོ། །དེ་ནས་ཁམས་གྱེན་དུ་གཤེགས་པའི་བདེ་བ་འགྱུར་བ་མེད་པའི་དབང་གིས་ཏིང་ངེ་འཛིན་ཐོབ་པ་སྟེ། དེའི་ངོ་བོ་ཡང་འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་ལས་ཤེས་བྱ་དང་ཤེས་པ་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱིས་འགྱུར་བ་མེད་པའི་བདེ་བ་ཐོབ་པའི་ཡེ་ཤེས་ཀྱི་གཟུགས་ཏེ། དེ་ལ་སེམས་རྩེ་གཅིག་ཏུ་བྱེད་པ་གཟུང་བ་དང་འཛིན་པ་དང་བྲལ་བའི་སེམས་ནི་ཏིང་ངེ་འཛིན་ནོ། །སྒྲ་དོན་ནི། ས་མཱ་དྷི་ཞེས་པའི་སཾ་ཡང་དག་པ། ཨཱ་བྱ་བྟ་ཀུན་ཏུ་ཁྱབ་པ། དྷ་ར་འཛིན་པ་ལའོ་ཞེས་པའི་བྱིངས་ཀྱི་དབང་ལས་དྷྲྀ་འཛིན་པ་སྟེ་ཁམས་གསུམ་པོ་ཁྱབ་པའི་ཆོས་ཅན་གྱི་སྟོང་པ་ཉིད་ཀྱི་གཟུགས་ལ་རོ་གཅིག་པའི་བདེ་བ་ཆེན་པོ་མངོན་སུམ་དུ་བྱེད་པ་ཞེས་པའི་དོན་ཏོ། དེ་ཡང་། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། ཞེས་སོ། །རྣམ་སྣང་གཟུགས་ཀྱི་ཕུང་པོ་རླུང་བཅུ་འགོག་པའི་དབྱེ་བས་བཅུ་སྟེ། དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན་ཞེས་པས་སོ། །གཟུང་འཛིན་གྱི་སེམས་དག་གཅིག་པ་ཉིད་ཀྱིས་འགྱུར་བ་མེད་པའི་བདེ་བ་ཏིང་ངེ་འཛིན་དག་པས་ལོ་གསུམ་ཕྱོགས་གསུམ་གྱིས་ཡེ་ཤེས་ཀྱི་ལུས་དབང་བཅུ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཉིན་ཞག་འགའ་ཞིག་དག་གིས་ཡེ་ཤེས་ལུས་ནི་འགྲུབ་པར་འགྱུར། ཞེས་སོ། །དེར་ཚོར་བ་དྲག་པོ་ཉམས་སུ་མྱོང་བས་ཕུང་ཁམས་ཕུག་ནས་དབང་པོ་སྡུད་པར་བྱེད་པའི་དཔེ་དང་རྒྱུ་ནི་ཇི་ལྟར་སྦྲུལ་གདུག་གི་མཆེ་བས་བཟུང་བའི་ཚོར་བ་རྣོན་པོས་སྡུག་བསྔལ་ལ་རྩེ་༼༢༥བ༥༠༽གཅིག་ཏུ་དབང་པོ་འདུས་ནས་ལུས་ལ་ཀུན་ཏུ་ཁྱབ་པས་འཆི་བ་བཞིན་དུ་རྣལ་འབྱོར་པ་ལ་རྡོ་རྗེ་ནོར་བུའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཕྱིན་པའི་ཚེ་འཇིག་རྟེན་པའི་ཟག་བཅས་ཀྱི་བདེ་བ་བྱེ་བ་ཕྲག་སྟོང་གི་ཆར་ཡང་མི་ཕོད་པའི་བདེ་བའམ་ཚོར་བ་རྣོན་པོ་ལ་དབང་པོ་རྩེ་གཅིག་ཏུ་འདུས་ནས་ནོར་བུའི་རྩེ་མོ་ནས་ལུས་པོ་མ་ལུས་པ་ལ་ཁྱབ་པའི་སྐད་ཅིག་དེ་ལ། ཕྱི་རོལ་གྱི་ཡུལ་ལ་འཇུག་པའི་དབང་པོ་འགག་ནས་ནང་དུ་ཆོས་ཐམས་ཅད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་པྲ་ཕབ་པ་དང་རྨི་ལམ་དང་སྒྱུ་མ་ལྟ་བུར་སྐད་ཅིག་དེ་ལ་གནས་པར་འགྱུར་རོ། །མཆེ་རྨའི་ཚོར་བའི་སྡུག་བསྔལ་ནི། དུག་རྫོགས་གནས་སྐབས་གྱུར་པ་ན། རྨ་ལས་རིག་མིན་གཞན་དུ་མིན། ཡུལ་རྣམས་དབང་པོའི་སྒོ་རྣམས་ཀྱིས། དེ་བཞིན་རྣལ་འབྱོར་དམ་པའི་བདེ། སེམས་རྫོགས་ཆར་གྱུར་རྡོ་རྗེ་ཡིས། །ནོར་བུ་རིག་མིན་གཞན་དུ་མིན། ཞེས་སོ། །མཆོག་ཏུ་མི་འགྱུར་བའི་བདེ་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ལུས་ཕུག་ནས་ཡེ་ཤེས་ཀྱི་སྐུར་བསྒྱུར་བའི་ཚུལ་ཡང་། སྨད་དང་མེ་རྣོན་པོའི་སྟོབས་ཀྱིས་གནས་སྐབས་ལྔས་མི་འདར་བར་བྱས་པའི་དངུལ་ཆུ་རྒན་པོའི་ལུགས་ཀྱི་གོང་བུའི་ཕྱོགས་གཅིག་ཏུ་བསྐུས་ནས་མེ་རྣོན་པོས་གདུངས་ན་ཕྱོགས་གཅིག་ཏུ་གནས་པ་དེས་ཀྱང་ཀུན་ཏུ་འབིགས་ཤིང་ཁྱབ་པར་བྱས་ནས་ལྕགས་ཀྱི་རང་བཞིན་དོར་ཏེ་གསེར་དུ་འགྱུར་རོ། །ཇི་ལྟར་རོ་ཆེན་ལྕགས་རྣམས་ཀྱི། །ཕྱོགས་གཅིག་ཡང་དག་གནས་པ་ནི། །ལྕགས་ལ་དྲག་པོའི་མེས་གདུངས་ན། །ཀུན་ནས་ཀུན་ཏུ་འབིགས་པར་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་ཡན་ལག་ལྔས་དག་པར་བྱས་པའི་བྱང་ཆུབ་ཀྱི་སེམས་རྒན་པོས་ལུས་ཀྱི་ཕྱོགས་གཅིག་ན་རྡོ་རྗེ་ནོར་བུའི་རྩེ་མོར་སོན་པའི་ཚེ་གཟུགས་བརྙན་ལ་ཆགས་པའི་མེ་རྣོན་པོས་གདུངས་ན་ནོར་བུའི་རྩེ་མོ་ན་གནས་པ་དེས་ཕུང་ཁམས་ཐམས་ཆད་ལ་ཁྱབ་ཅིང་འབུགས་པར་བྱེད་དེ་བེམ་པོའི་ཁམས་ཀྱི་རང་བཞིན་ཐམས་ཅད་དོར་ནས་མི་འགྱུར་བའི་བདེ་བར་རོ་མཉམ་པར་བྱེད་དོ། །དབུགས་ནི་བཅད་པའི་མཐའ་རུ་རྣམ་གསུམ་བགྲོད་པ་འདི་དང་རྣམ་པ་དྲུག་ཀྱང་ཡོད་པ་མ་ཡིན་ཏེ། ཐིག་ལེ་བཀག་པར་གྱུར་ན་ཀུན་༼༢༦ན༥༡༽ནས་མཆོག་གི་ཁྱབ་བདག་བདེ་བ་མཐའ་ཡས་དུས་སུ་འཇུག་པར་འགྱུར། ཞེས་གསུངས་པས་སོ། །ཤེས་རབ་ལ་སྤྲོས་ཟླ་བའི་ཐིག་ལེ་རྡོ་རྗེ་ནོར་བུར་གནས་པའི་འགྱུར་མེད་གསུམ་ནི་བསྒྲུབ་པ་ལ། ཞེས་དང་། དེ་བཞིན་ཡང་དང་ཡང་དུ་མེས། །འདོད་ཆགས་མེ་ཡིས་དྲི་མ་མེད་ཅེས་གསུངས་སོ། །དབང་མདོར་བསྟན་ལས། ཇི་ལྟར་རྒྱ་མཚོར་ཆུ་ཞུགས་པ། །དེ་ནི་རྒྱ་མཚོའི་ཆུ་མཚུངས་འགྱུར། །དེ་བཞིན་དངོས་པོའི་ཚོགས་འདི་ནི། །འགྱུར་བ་མེད་པར་འགྱུར་མེད་མཚུངས། །ཞེས་དང་། གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་རྟེན་པ་རྣལ་འབྱོར་དབང་པོས་བརྟེན་བྱ་སྟེ། ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་དེ་ནི་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་སྲེག་བྱེད་ཅིང་། ལུས་ལ་ཆགས་པ་ལ་སོགས་ཀྱང་སྟེ་རྣལ་འབྱོར་ལ་ལོ་ཡི་སྦྱོར་བས་བདེ་མཉམ་སྟེར་བར་བྱེད། ཅེས་གསུངས་སོ། །དེ་བས་སོར་སྡུད་ནས་ཇི་སྲིད་ཏིང་ངེ་འཛིན་མ་ཐོབ་བར་ནི་གཟུགས་མ་རྫོགས་པས་བེམ་པོའི་ཁམས་མ་ཟད་པའི་ཕྱིར་རྟེན་དང་བརྟེན་པའི་འབྲེལ་པ་ཡོད་ལ་དུ་བ་ལ་སོགས་པའི་གཟུགས་རྫོགས་པ་ཡིད་རྡོ་རྗེ་ནོར་བུ་ཆུད་པའི་ཚེ་གཟུགས་རྫོགས་པའི་ཕྱིར་བེམ་པོའི་ཁམས་ཟད་པས་རྟེན་དང་བརྟེན་པའི་འབྲེལ་པ་མེད་དེ་རྒྱུ་མཚན་དེས་རྗེས་དྲན་རྒྱུར་བྱས་པའི་ཏིང་ངེ་འཛིན་འབྲས་བུར་བཤད་པ་ཡིན་ནོ། །བྱང་ཆུབ་སེམས་ཀྱི་མྱུ་གུ་རྡོ་རྗེ་ནོར་བུའི་རྩེ་མོར་སོན་པ་ཆོས་མཆོག་ཐ་མའི་ཡེ་ཤེས་ལ་བརྟེན་ནས་འཁྲུངས་པ་དབང་བཞི་པ་ཤེས་རབ་ཆེན་པོའི་ཡེ་ཤེས་ཟག་པ་དང་བཅས་པའི་བདེ་བ་དད་བྲལ་བས་ཕྱི་རོལ་གྱི་དབང་པོའི་སྤྱོད་ཡུལ་མ་ཡིན་པ་ཆ་གཉིས་ཀྱི་དབུས་སུ་རང་གིས་རིག་པ་མི་འགྱུར་བའི་བདེ་བ་ནི་ཚིག་གིས་བརྗོད་པ་དང་བྱིས་པ་རྣམས་ཀྱིས་ཉམས་སུ་མྱོང་བ་དང་རྟོག་དཔྱོད་ཀྱི་ཡུལ་མ་ཡིན་པ་ཡན་ལག་དྲུག་གི་མཐར་ཐོབ་པ་དེས་ན་ལོག་པའི་བདེ་བ་ལ་ཡང་དཔེས་བརྗོད་པར་མི་ནུས་ན་མི་འགྱུར་བའི་བདེ་བ་ལྟ་ཅི་སྨོས། དེ་ཉིད་བྱིས་པ་རྣམས་ཀྱིས་ཚིག་གིས་དཔྱད་པ་ནི་དམུས་ལོང་གིས་འོ་མའི་ཁ་དོག་ཅི་འདྲ་དྲིས་པ་དང་དུང་འདྲའོ་ཞེ་ན། དུད་སྒྲར་འཛིན་པ་དང་དེ་ཅི་འདྲ་ཞེས་དྲིས་པ་ལས་འབྲས་ཕྱེ་འདྲའོ། །༼༢༦བ༥༢༽ཞེས་པ་ན། དུང་གི་སྒྲའི་ཁ་དོག་འཇམ་པར་འཛིན། ཡང་དེ་ཅི་འདྲ་ཞེས་འདྲི་ན་ཁ་བ་འདྲའོ་ཞེན་འབྲས་ཕྱེའི་ཁ་དོག་གྲང་བར་འཛིན་པ་བཞིན་དང་། ཉི་མ་ཤར་རོ་ཞེས་སྨྲ་ན་ག་རེ་ཞེས་ལག་པ་ཉུག་པ་བཞིན་ནོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་ཁ་གྱེན་དུ་བལྟས་པའི་སྐད་ཅིག་ནི་ས་དང་པོའི་ཡ་མཐའ་ཡིན་ལ། དེ་ནས་མཛོད་སྤུའི་འཁོར་ལོར་སོན་པ་ནས་ས་བཅུ་པ་ཐོབ་པ་དེ་སྲིད་དུ་འབད་པ་མེད་པར་གྱེན་དུ་འབབ་པ་སྟེ་ལོ་ཀ་བས་འཁྲིག་པའི་དུས་སུ་འབད་པ་མེད་པར་ཁམས་ཐུར་དུ་འགྲོ་བ་བཞིན་གཙུག་ཏོར་ནས་འབབ་པ་ཅི་ལྟ་བ་བཞིན་ནོར་བུ་ནས་བརྩམས་ནས་འབད་པ་མེད་པར་གཙུག་ཏོར་དུ་འགྲོའོ། །དེ་ལྟར་གཙུག་ཏོར་དུ་སོང་བ་ནི་སངས་རྒྱས་སོ། །གཞན་ཡང་དངོས་པོ་གཅིག་ཀུན་གྱི་རང་བཞིན་ཡིན་ལ་དངོས་པོ་ཀུན་གཅིག་གི་རང་བཞིན་ནོ། །དེས་ན་དངོས་པོ་གཅིག་དེ་བཞིན་ཉིད་དུ་རྟོགས་ན་ཀུན་དེ་བཞིན་ཉིད་དུ་རྟོགས་ཏེ་དཔེར་ན་ཟོ་ཆུན་གྱི་འཕྲེང་བ་རྡོག་ཏབས་གཅིག་གིས་བསྐྱོད་པས་ཐམས་ཅད་འགུལ་བ་བཞིན་ནོར་བུ་དང་གཙུག་ཏོར་དུ་མི་འགྱུར་བའི་བདེ་བའི་སྐད་ཅིག་མ་ལ་རིགས་མཐུན་པའི་ཆོས་ཐམས་ཅད་དུས་གཅིག་ལ་ཤེས་པའོ། །སྐད་ཅིག་གཅིག་གིས་བྱེ་བྲག་བྱེད། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། ཞེས་གསུངས་སོ། །ཐུར་འབབ་གྱེན་བཟློག་ལ་རྒྱུ་འབྲས་ཀྱི་དབྱེ་བས་བདེན་དོན་བཅུ་གཉིས་དང་དེ་ཉིད་བཅུ་དྲུག་རིག་གཉིས་ཏེ་གཉིས་ཀར་ཡང་ལན་གཉིས་རྫོགས་ཏེ། དེ་ལ་ཐུར་དབབས་ནི་སྤྱི་གཙུག་ནས་བརྩམས་ནས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནོར་བུར་འགགས་པས་མ་རིག་པ་ནས་རྒ་ཤིའི་བར་འགེགས་པས་རྒྱུའི་ས་བཅུ་གཉིས་ཐོབ་པས་བདེན་དོན་བཅུ་གཉིས་དང་། བདེན་པ་བཞི་ལ་ཆོས་ཤེས་པ་ལ་སོགས་པ་བཅུ་དྲུག་ཡུལ་དང་ཡུལ་ཅན་གྱི་དབྱེ་བས་ཤེས་པ་བརྒྱད་དང་རྟོགས་པ་བརྒྱད་ཕྱེ་བས་དགའ་བ་བཅུ་དྲུག་ངོ་བོ་གཙུག་ཏོར་ནས་ནོར་བུར་རྫོགས་པ་རྒྱུའི་དེ་ཉིད་བཅུ་དྲུག་རིག་གོ། །དེ་གཉིས་གཉིས་ཀར་ཡང་གཙུག་ཏོར་ནས་ནོར་བུར་རྫོགས་པ་ཇི་ལྟ་བ་བཞིན་དུ་ནོར་བུ་ནས་གཙུག་ཏོར་དུ་རྫོགས་པས་འབྲས་བུའི་ས་བཅུ་གཉིས་དང་དེ་ཉིད་བཅུ་དྲུག་རིག་གོ། །དེས་ན་དཔའ་བར་འགྲོ་བའི་༼༢༧ན༥༣༽ཏིང་ངེ་འཛིན་སངས་རྒྱས་མ་ཡིན་པས་མི་ཐོབ་པ་དང་འཇིག་རྟེན་ཆོས་མཆོག་ན་ཡོད་པར་བཤད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེ་ཡང་། ཡན་ལག་བཅུ་གཉིས་འགགས་པ་ཡིས། །དུས་སྦྱོར་རྣམས་ནི་མི་འབབ་ཕྱིར། །ས་རྣམས་བཅུ་གཉིས་ཞེས་གྲགས་པ། །དོན་དམ་པར་ནི་གནས་ལ་སོགས། །ཞེས་དང་། རྡོ་རྗེའི་རྩེ་མོར་ཡེ་ཤེས་དང་། ནོར་བུར་ཐུགས་དང་། གསང་བར་གསུང་དང་། ལྟེ་བར་སྐུའི་ཐིག་ལེ་འཛག་མེད་དུ་འཚིངས་པ་ཐབས་ཀྱི་ཆའི་རྣམ་པར་བཞག་པ་དང་། ཤེས་རབ་ཀྱི་ཆའི་རྣམ་པར་བཞག་པ་ནི་དཔྲལ་བར་སྐུ། མགྲིན་པར་གསུང་། སྙིང་གར་ཐུགས། ལྟེ་བར་ཡེ་ཤེས་རྡོ་རྗེའི་ཐིག་ལ་འཛག་པ་མེད་པ་དགའ་བ་བཅུ་དྲུག་སྟེ། འདོད་པ་སྤྲུལ་པའི་སྐུ་ནི་སྐུ་གཅིག་རབ་ཏུ་འགྱུར་ཏེ་རྫོགས་པ་དག་ནི་དེ་ཡིས་གསུང་ཉིད་དོ། །འབར་བ་སྤྲུལ་པའི་ཐུགས་ཏེ་དེ་ཡི་མཆོག་གི་བདེ་བ་བྱེད་པའི་ཡེ་ཤེས་དག་ནི་ཨོཊྚྷ་ཉིད། དགའ་བ་ལོངས་སྤྱོད་རྫོགས་པའི་སྐུ་ལྟེ་མཆོག་དགའ་དང་བཅས་ཁྱད་པར་དགའ་བའི་རིམ་པ་འདི་ཡིས་ནི། གསུང་དང་ཐུགས་སོ་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ཀྱང་བདེ་འབྱུང་དེ་ཡི་ཡེ་ཤེས་རྡོ་རྗེར་འགྱུར། འདར་བ་ཉིན་ནི་སྲིད་པ་གསུམ་གྱིས་བཏུད་པ་ཆོས་ཀྱི་སྐུ་སྟེ་འབྱུང་བ་དེ་ཡི་གསུང་དུ་འགྱུར། གཉིད་ཡུལ་ཉིད་ནི་ཆོས་ཀྱི་ཐུགས་ཏེ་གཉིས་ནི་འདི་ཡིས་སྲིད་པའི་འཇིགས་འཇོམས་ཡེ་ཤེས་ཁོ་ནའོ། །ཡི་གེ་ཉིད་ནི་དག་པའི་སྐུ་སྟེ་དབྱངས་དང་བྲལ་བའི་ཆ་དང་ཐིག་ལེ་ནཱ་ད་རིམ་པ་ཡིས། བདེ་འབྱུང་དག་པའི་སྐུ་ཡིས་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམ་གསུམ་སྲིད་པར་གནས་པའོ། །ཞེས་སོ། །ཇི་ལྟར་ཟླ་བ་རང་གི་ངོ་བོ་ལ་དཀར་གནག་མེད་པས་དབུས་ཀྱི་ཆ་བཅུ་དྲུག་པ་ཞེས་བྱ་བ་མཚོན་དུ་མེད་ཀྱང་གྲིབ་མའི་འཕེལ་འགྲིབ་ཀྱི་དབང་གིས་དཀར་པོ་རྫོགས་ནས་ནག་པོར་མ་ཞུགས་པ་ལ་དབུས་ཞེས་མཚོན་ནོ། །དེ་བཞིན་ཡེ་ཤེས་རང་གི་ངོ་བོ་ལ་གསལ་འགྲིབ་མེད་པས་ནོར་བུ་དང་གཙུག་ཏོར་དུ་རྫོགས་པའི་སྐད་ཅིག་ལ་དབང་བཞི་པ་ཞེས་མཚོན་དུ་མེད་ལ་འོན་ཀྱང་བརྟགས་པའི་བག་ཆགས་དག་པའི་རིམ་པས་གྱེན་ཐུར་གྱི་དགའ་བ་རྣམས་རྫོགས་ནས་བྲལ་བར་མ་སོང་༼༢༧བ༥༤༽པའི་མཐའ་དེ་གཉིས་ལ་དབུས་སམ་བཞི་པ་ཞེས་མཚོན་པའོ། །དབང་ནི་དྲི་མེད་རི་བོ་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་པ་གང་ཡིན་པ། དེ་ལས་མྱ་ངན་ལས་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ། སངས་རྒྱས་ཞལ་འདི་གང་གི་སྙིང་དང་ཁ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མ་ལའོ། །ཞེས་གསུངས་སོ། །གཞན་ཡང་། ཟླ་བ་རང་གི་ངོ་བོ་ལ་ཚེས་གཅིག་ལ་སོགས་པའི་ཆ་ཤས་དང་འཕེལ་འགྲིབ་མེད་ཀྱང་གྲིབ་མའི་དབང་གིས་དེ་ལྟར་སྣང་བ་བཞིན་དུ་ཡེ་ཤེས་རང་གི་ངོ་བོ་ལ་དགའ་བ་བཅུ་དྲུག་གི་རིམ་པས་ཡེ་ཤེས་འཕེལ་བ་དང་། དགའ་བྲལ་བཅུ་དྲུག་གི་རིམ་པས་འབྲི་བ་དང་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་རིམ་པས་ས་རྣམས་རིམ་པ་བཞིན་ཐོབ་པས་ཉོན་མོངས་པ་འགགས་ཡེ་ཤེས་འཕེལ་བ་ལ་སོགས་མཆེ་ཆུང་དང་འཕེལ་འགྲིབ་མེད་ཀྱང་སེམས་ཀྱི་དྲི་མ་ཞེས་བྱ་བ་ཡོད་པ་མ་ཡིན་པ་རང་གིས་བཏགས་པ་དེ་བསལ་བའི་རིམ་པས་དེ་སྐད་དུ་བརྗོད་པའོ། །གསུམ་པ། སྦྱང་འབྲས་སྐུ་གསུམ་གྱི་རྣམ་གཞག་བཤད་པ་ལ། ཇི་ལྟར་མངོན་པར་བྱང་ཆུབ་པའི་ཚུལ། མི་འགྱུར་བའི་གོ་འཕང་ངོས་གཟུང་། དེ་ཉིད་སྐུ་གསུམ་དུ་་་་་་་་་་འགྱུར་བའི་ཚུལ་བཤད་པ་ལས། དང་པོ་ནི། ཡེ་ཤེས་དང་རྣམ་པར་ཤེས་པའི་བདག་ཉིད་ཐིག་ལེ་འཕོ་བ་མེད་པ་རང་བཞིན་གྱི་སྐུ་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་རྡོ་རྗེ་སེམས་དཔའ་དོན་ཐམས་ཅད་གཟིགས་པ་སྟེ། སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། སྐད་ཅིག་གཅིག་གིས་བྱང་ཆུབ་པ་ནི། འདིར་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོངས་སུ་རྫོགས་པའི་མཚན་ཉིད་དེ་དབུགས་ཀྱི་འཁོར་ལོ་ཟད་པའི་ཕྱིར་རོ། །རྩ་བའི་རྒྱུད་དུ་ཡང་། རྒྱལ་དབང་རྣམས་ཀྱི་སྐྱེ་བའི་གནས། །དུས་གཅིག་འབྱུང་བ་མེད་པ་དང་། །སྲོག་ཆེན་པོ་དང་སེམས་གནས་དང་། །སྲོག་རླུང་ཟད་པར་སོན་པ་དང་། །ལྷ་ཡི་དབང་པོར་གྱུར་པ་དང་། །ཤ་ཡི་དབང་པོའི་ཚོགས་ཉམས་དང་། །ཐ་མལ་སྐྱེ་མཆེད་ཉམས་པ་དང་། །ལྷ་ཡི་སྐྱེ་མཆེད་ཀྱིས་མཐོང་ན། །ཐམས་ཅད་བལྟའོ་རྒྱལ་པོའི་དབང་། །བདག་ལ་རྟག་ཏུ་མི་མཐོང་མེད། །ཅེས་སོ། །དེ་ཉིད་ཆོས་ཀྱི་སྐུ་ཐུགས་རྡོ་རྗེའི་རྣལ་འབྱོར་སེམས་༼༢༨ན༥༥༽དཔའ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེ། རྣམ་པར་ལྔས་མངོན་པར་རྫོགས་པར་སངས་རྒྱས་ཕྱིར་རོ། །རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི། འདིར་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་མཚན་ཉིད་དེ། ས་ལ་སོགས་པའི་ཁམས་དང་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དཀྱིལ་འཁོར་ལྔ་འགོག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་གསུང་རྡོ་རྗེའི་རྣལ་འབྱོར་བྱང་ཆུབ་སེམས་དཔའ་བདེན་དོན་རྣམ་པ་བཅུ་གཉིས་པ། བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་འཛིན་པ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པ་པོ་སྟེ། རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་པ་ནི་དབང་པོ་ལྔ་དང་། ཡུལ་ལྔ་དང་ལས་ཀྱི་དབང་པོ་ལྔ་དང་། ལས་ཀྱི་དབང་པོའི་བྱ་བ་ལྔ་སྒྲིབ་པ་མེད་པའི་མཚན་ཉིད་དེ། འཕོ་བ་བཅུ་གཉིས་སྒྲིབ་བྲལ་དུ་འགགས་པའི་མཐུ་ལས་བྱུང་བའོ། །དེ་ཉིད་སྤྲུལ་པའི་སྐུ་རྡོ་རྗེའི་རྣལ་འབྱོར་དམ་ཚིག་སེམས་དཔའ་དེ་ཉིད་རྣམ་པ་བཅུ་དྲུག་རིག་པ། ལྷ་ལ་སོགས་པ་རྣམས་རྗེས་སུ་འཛིན་པ་མཐའ་ཡས་པའི་སྒྱུ་འཕྲུལ་དྲ་བ་རྣམས་ཀྱི་སྤྲོས་པའི་སྐུ་སྟེ། སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ་ནི་འདིར་ཅིག་ཅར་མཐའ་ཡས་ཤིང་མཐར་ཐུག་པ་མེད་པར་སྣ་ཚོགས་པའི་སྒྱུ་མ་སྤྲུལ་པའི་མཚན་ཉིད་དེ་སྐུའི་དགའ་བ་ལ་སོགས་པ་ཐིག་ལེ་བཅུ་དྲུག་སྒྲིབ་བྲལ་དུ་འགགས་པ་ལས་རྣམ་པར་ཤེས་པར་བྱའོ། །དེ་ལྟར་བྱང་ཆུབ་པའི་མཚན་ཉིད་ཅན་གྱི་སྐུ་བཞི་པོ་ཉིད་དུས་ཀྱི་འཁོར་ལོ་སྟེ། དྲི་མེད་འོད་ལས། ཀ་ཡིག་ལས་ནི་རྒྱུ་ཞི་བ། ལ་ཡིག་ལས་འདིར་ཐིམ་པ་ཉིད། ཅ་ཡིག་ལས་ནི་གཡོ་བའི་སེམས། ཀྲ་ཡིག་རིམ་པ་བཅིངས་ལས་སོ། །ཞེས་པའི་དོན་ཀཱ་ནི་ངེས་པའི་ཚིག་ཏུ་ན་ཀཱ་ར་ཎ་ཞེས་པ་རྒྱུ་སྟེ་བྱང་ཆུབ་ཀྱི་སེམས་ལུས་ཀྱི་ཐིག་ལེའོ། །དེ་ཞིབ་ནི་སད་པའི་གནས་སྐབས་ཟད་པས་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དཔྲལ་བར་ལུས་ཀྱི་ཐིག་ལེ་འགགས་པ་སྤྲུལ་པའི་སྐུའོ། །ལ་ནི་ལ་ཡོ་ཞེས་པ་ཐིམ་པ་སྟེ། རྨི་ལམ་གྱི་གནས་སྐབས་ཟད་པའི་བདག་ཉིད་སྲོག་ཐིམ་༼༢༨བ༥༦༽པ་སྟེ། མགྲིན་པར་ངག་གི་ཐིག་ལེ་འགགས་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཙ་ནི་ཙ་ལ་ཙིཏྟ་ཞེས་པ་གཡོ་བའི་སེམས་ཏེ། སད་པ་དང་རྨི་ལམ་གྱི་གནས་སྐབས་སུ་སྒྲ་ལ་སོགས་པའི་ཡུལ་རྣམས་འབའ་ཞིག་དོན་དུ་གཉེར་བ་འཕོ་ཞིང་གཡོ་བའི་ཆོས་ཅན་མུན་པས་ཟིལ་གྱིས་མནན་པའི་སེམས་ཁམས་བཅོ་བརྒྱད་ཀྱི་རྣམ་པར་འགྱུར་བ་རྣམས་རྫོགས་པ་དེ་ཡིན་ལ། དེ་བཅིངས་པ་ནི་མུན་པ་དང་བྲལ་བ་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་སྒྲིབ་བྲལ་དུ་འགགས་པ་སྙིང་བར་སེམས་ཀྱི་ཐིག་ལེ་འགགས་པ་ཆོས་ཀྱི་སྐུའོ། །ཀྲ་ནི་ཀྲམ་བན་དྷ་ཞེས་པ་རིམ་པ་བཅིངས་པ་སྟེ། རིམ་པ་ནི་ལུས་ལ་སོགས་པའི་ཐིག་ལེ་འཕོ་བ་ཡིན་ལ་དེ་བཅིངས་པ་ནི་ལྷན་ཅིག་སྐྱེས་པའི་བདེ་བས་བཞི་པའི་གནས་སྐབས་ཟད་པ་སྟེ། ལྟེ་བར་ཡེ་ཤེས་ཀྱི་ཐིག་ལེ་འགགས་པ་ལྷན་ཅིག་སྐྱེས་པའི་སྐུ་སྟེ་སྐུ་བཞིའི་བདག་ཉིད་དོ། །གཉིས་པ་ནི་གང་ཕྱིར་ཨ་སོགས་ཀ་སོགས་རི་བོང་ཅན་དང་ཉིན་བྱེད་གཅིག་ཉིད་རྡོ་རྗེ་ཅན་གྱི་གདན་མིན་ཞིང་། ཧཱུཾ་ཡིག་ཉིད་ཀྱི་མཚན་མ་དང་ནི་ཡོངས་སུ་གྱུར་པ་གཞན་པ་ཁ་དོག་གཟུགས་དག་མི་འདོད་དེ། འགྱུར་མེད་དག་གིས་སྐྱེད་ཅིག་འགྱུར་པ་ཉམས་པར་གྱུར་པ་མཆོག་གི་དབང་པོ་དག་དང་ལྡན་པ་ནི། རྣམ་པ་ཀུན་ལྡན་ཐིག་ལེ་མཐའ་དག་རྒྱལ་བའི་བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་འདི་ལའོ། །ཞེས་གསུངས་པ་མི་འགྱུར་བའི་སྒྲ་ཡིས་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་རྡོ་རྗེ་སེམས་དཔའོ། །དེ་བཞིན་དུ་ཡིད་སྐྱོག་པར་གྱུར་པ་ཉིད་ཀྱི་ཕྱིར་སྔགས་ཀྱང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བརྗོད་དོ། །རྩ་བའི་རྒྱུད་དུ་ཡང་། ལུས་ངག་སེམས་ཀྱི་ཁམས་རྣམས་ནི། གང་ཕྱིར་སྐྱོབ་པར་གྱུར་དེའི་ཕྱིར། སྔགས་དོན་སྔགས་ཀྱི་སྒྲ་ཡིས་ནི། སྟོང་ཉིད་ཡེ་ཤེས་འགྱུར་མེད་དེ། བསོད་ནམས་ཡེ་ཤེས་ལས་བྱུང་སྔགས། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཞེས་པའོ། །དེ་བཞིན་དུ་གཞན་རང་གི་རིག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་འོད་གསལ་བ་ཕྱག་རྒྱ་ཆེན་མོ་ལྷན་ཅིག་སྐྱེས་པའི་དགའ་བའི་གཟུགས་ཅན་མཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་རྫོགས་པའི་གནས་སྐབས་སོ། །རྡོ་རྗེ་སེམས་དཔའ་དང་སངས་རྒྱས་ཀྱི་ཡུམ་རྟེན་ཅིང་འབྲལ་བར་འབྱུང་བའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་མཆོག་གི་དབང་པོའི་སྤྱོད་༼༢༩ན༥༧༽ཡུལ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་མེ་ལོང་གི་པྲ་ཕབ་པ་དང་རྨི་ལམ་དང་མཚུངས་པ་དེ་དག་ནི་རྒྱལ་བ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་སྐུ་ཞེས་གསུངས་ཏེ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་གྱི་ཕྱིར་རོ། །འདིར་འགྱུར་མེད་རྣམས་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྒྲིབ་པ་མེད་པ་རྣམས་འགྱུར་མེད་ལྔ་སྟེ་སྟོང་པ་ཆེན་པོར་གསུངས་སོ། །དེ་བཞིན་དུས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་སྒྲིབ་པ་མེད་པ་རྣམས་འགྱུར་མེད་ལྔར་གསུངས་སོ། །འགྱུར་མེད་དྲུག་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ཡིད་སྒྲིབ་པ་མེད་པ་རྣམས་ཏེ་སོ་སོ་རང་གི་ཡུལ་འཛིན་པ་རྣམ་པར་སྤངས་པ་རྣམས་སོ། །དེ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་ཆོས་ཀྱི་ཁམས་སྒྲིབ་པ་མེད་པ་རྣམས་ཀྱང་འགྱུར་མེད་དྲུག་ཏུ་གསུངས་ཏེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་རྣམས་གཅིག་ཏུ་རོ་མཉམ་པར་གྱུར་པ་ནི་ཐིག་ལེ་སྟོང་པར་འགྱུར་རོ། །ལེ་དེ་ཡང་མི་འཕོ་བར་གྱུར་ན་མཆོག་ཏུ་མི་འགྱུར་བའི་བདེ་བར་བརྗོད་དོ། །མཆོག་ཏུ་མི་འགྱུར་བ་ཡང་ཨ་ཡིག་སྟེ་ཨ་ཡིག་ལས་བྱུང་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་དོ་ཤེས་པ་དང་ཤེས་བྱའི་བདག་ཉིད་རྒྱུ་དང་འབྲས་བུ་དབྱེར་མེད་པའི་ཕྱིར་རོ། །ཕན་ཚུན་འཁྱུད་བཞི་པ་སྟེ། མ་ནིང་གི་ནི་གོ་འཕང་མཆོག །ཅེས་གསུངས་སོ། །དེ་ཡང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཏེ་མཆོག་ཏུ་མི་འགྱུར་བའི་བདེ་བའི་གོ་འཕང་ངོ་། །མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། གསང་སྔགས་དོན་ཀུན་བསྐྱེད་པ་པོ། ཐིག་ལེ་ཆེན་པོ་ཡི་གེ་མེད། སྟོང་པ་ཆེན་པོ་ཡི་གེ་ལྔ། ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་གསུངས་སོ། །གཞན་ཡང་སྒྱུ་མ་དང་རྨི་ལམ་དང་དྲི་ཟའི་གྲོང་ཁྱེར་དང་པྲ་ཕབ་པ་ལ་སོགས་དེ་བཞིན་དུ་མ་བརྟགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་༼༢༩བ༥༨༽པ་མ་ལུས་པ་མཐོང་བ་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་སྟེ་རང་བྱིན་གྱིས་བརླབས་པར་བརྗོད་དོ། །ཀུན་རྫོབ་ཀྱི་བདེན་པ་དེ་ཡང་། དོན་དམ་བདེན་པ་འོད་གསལ་བས་ཡོངས་སུ་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ངོ་བོ་རྣམ་པར་སྣང་མཛད་ལ་སོགས་པའི་བརྟེན་པའི་ཚོགས་དང་རྟེན་དཀྱིལ་འཁོར་ཡང་དེ་ཉིད་ཡིན་པར་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་གསུངས་ཤིང་། བདེན་པ་གཉིས་གཉིས་སུ་མེད་པའི་རང་བཞིན་འདི་ཉིད་ཟུང་དུ་འཇུག་པ་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་སྟེ། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང་། ཆགས་དང་ཆགས་བྲལ་རྣམ་པར་སྤངས། ཤེས་རབ་མ་ཡིན་ཐབས་ཀྱང་མིན། འདི་ནི་ངོ་བོ་ཉིད་ཀྱི་སྐུ། ཞེས་གསུངས་པས་སོ། །གསུམ་པ་ནི། མཚན་མ་ནི་སངས་རྒྱས་དང་བྱང་ཆུབ་ཅེས་པ་ལ་སོགས་པ་རྣམ་པར་རྟོག་པའི་སེམས་ཀྱི་རྒྱུ་ཡིན་ལ་རྒྱུ་དེ་ཡང་སྟོང་པ་ཉིད་ཡིན་པས་རྒྱུ་མེད་པའི་ཕྱིར་མཚན་མ་མེད་པའི་ཡེ་ཤེས་མཚན་མ་མེད་པའི་རྣམ་པར་ཐར་པ་སྟེ། དེ་ཡིས་རྣམ་པར་དག་པ་མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་སྒྲིབ་བྲལ་དུ་ཟད་པ་ལས་རྟག་མི་རྟག་ལ་སོགས་གཉིས་དང་བྲལ་བ་བྱམས་པའི་བདག་ཉིད་སྐུ་གཉིས་སྤྲོས་པ་རྣམས་ཀྱིས་འགྲོ་བའི་དོན་བྱེད་པ་རྣམ་རྟོག་མེད་པའི་སེམས་ཐུགས་རྡོ་རྗེ་སྟེ། དེ་ཉིད་ཆོས་ཀྱི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་རྣལ་འབྱོར་རོ། །མཚན་མ་མེད་པའི་ཕྱིར་རྟོག་པ་མེད་ལ་རྟོག་པ་མེད་པའི་ཕྱིར་སྨོན་པ་མེད་པ་སྟེ། སྨོན་པ་ནི་བདག་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་པ་ལ་སོགས་པ་ཡིན་ལ། གང་ལ་དེ་མེད་པ་ནི་སྨོན་པ་མེད་པའི་རྣམ་པར་ཐར་པའོ། །དེ་ཡིས་རྣམ་པར་དག་པ་སྲོག་གིས་བསྐྱེད་པ་ཡོད་པ་དང་མེད་པའི་རྨི་ལམ་ཟད་པ་ལས་མི་ཟད་ཅིང་གཞོམ་དུ་མེད་པའི་སྒྲ། སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་བདག་ཉིད་ཀྱི་སྔགས་དགའ་བའི་མཚན་ཉིད་སེམས་ཅན་ཐམས་ཅད་ཀྱི་སྐད་རྣམས་ཀྱིས་སེམས་ཅན་ཐམས་ཅད་དགའ་བར་བྱེད་པའི་ཕྱིར་དང་། ཡིད་སྐྱོབ་པར་གྱུར་པའི་ཕྱིར་ཡང་སྔགས་གསུང་རྡོ་རྗེ། དེ་ཉིད་ལོངས་སྐུ་ཤེས་རབ་དང་ཐབས་༼༣༠ན༥༩༽ཀྱི་བདག་ཉིད་སྔགས་ཀྱི་རྣལ་འབྱོར་རོ། །སྨོན་པ་མེད་པའི་ཕྱིར་གང་ལ་དཀར་པོ་དང་། དམར་པོ་དང་། སྲོག་གི་རྩོལ་བ་དང་། རྣམ་པར་ཤེས་པའི་མཚན་ཉིད་མངོན་པར་འདུ་བྱེད་པ་འདི་རྣམས་མེད་པའི་ཡེ་ཤེས་ནི་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པའོ། །དེ་ཡིས་རྣམ་པར་དག་པ་རྣམ་པར་རྟོག་པ་དུ་མའི་དངོས་པོའི་འདུ་ཤེས་ཀྱི་བདག་ཉིད་སད་པའི་གནས་སྐབས་ཟད་པ་ལས་མཐའ་ཡས་པ་མཐའ་ཡས་པའི་སྤྲུལ་པའི་སྐུ་སྤྲོས་པ་རྣམས་ཀྱི་ཉོན་མོངས་པའི་གཉེན་པོ། ལམ་འདྲེན་པར་བྱེད་པ་དྲག་པོ་དང་ཆགས་པ་དང་བཅས་པ་དང་ཞི་བ་ལ་སོགས་པའི་གཟུགས་རྣམས་ཀྱིས་དོག་པ་མེད་པ་བཏང་སྙོམས་ཀྱི་བདག་ཉིད་སྐུ་རྡོ་རྗེ་སྟེ། དེ་ཉིད་སྤྲུལ་པའི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དབྱིབས་ཀྱི་རྣལ་འབྱོར་རོ། །དྲི་མེད་འོད་ལས། རྣམ་པ་ཐམས་ཅད་མཆོག་ལྡན་པའི། སྐུ་ནི་མོས་པ་སྣ་ཚོགས་ལས། རང་རང་བསམ་པས་སེམས་ཅན་གྱིས། །མཐོང་བ་སྤྲུལ་པའི་མཚན་ཉིད་དོ། །གང་ཞིག་སེམས་ཅན་ཀུན་གྱི་སྒྲས། །རྫུ་འཕྲུལ་བདག་ཉིད་རབ་གསལ་བྱེད། །སེམས་ཅན་བསམ་པའི་དབང་གིས་ནི། །ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །མི་རྟག་པ་མིན་རྟག་པ་མིན། །གཅིག་མིན་དུ་མའི་མཚན་ཉིད་མིན། །དངོས་མིན་དངོས་པོ་མེད་པའང་མིན། །གང་འདི་རྟེན་འབྲེལ་ཆོས་སྐུའོ། །ཞེས་གསུངས་པས་སོ། །ཟབ་རྒྱས་མེ་ཏོག་ལྕིད་ཀྱི་གཡུར་ཟ་བའི། །དཔལ་ལྡན་དུས་འཁོར་འཛམ་བུའི་འཁྲི་ཤིང་གི། །ངེས་པའི་སྙེ་མ་བདག་ཡིད་ཆུ་ཀླུང་དུ། །ལྷུང་བ་ལེགས་བཤད་ན་དཱིའི་ཕྱེ་མར་སོང་། །བླ་མའི་བཀའ་དྲིན་སྟོན་ཀའི་ཟླ་ཉའི་མདངས་ཀྱི་ཉམས་དགར་གྱུར་པ་ཡི། །དད་པའི་རྫིང་བུར་རྣམ་དཔྱོད་ཀུ་མུ་ཏ་རྒྱས་པའི་འཕྲེང་བ་ལ་ཆགས་པའི། ལེགས་བཤད་ཟེ་འབྲུ་ལུང་རིགས་གསེར་གྱི་བྱུག་པས་འཚེར་བྱས་པ། མཁས་པའི་མིག་ལ་རྔོམ་བརྗིད་བྱེད་འདི་རྟག་ཏུ་ས་ལ་འཆར་༼༣༠བ༦༠༽གྱུར་ཅིག །ཅེས་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་མཐར་ཐུག་པའི་དོན། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ། དོན་བཞིན་དུ་བཀྲལ་བ་རྡོ་རྗེ་འཆང་གི་དགོངས་པའི་རྒྱན་ཞེས་བྱ་བ། པདྨ་དཀར་པོས་ཡུལ་ལྷོ་ཕྱོགས་ཀྱི་སའི་ཐིག་ལེ་སྨད་འབྲུག་གི་གདན་ས་ཆེན་པོ་དཔལ་ཁོ་མཐིང་ལྷ་ཁང་དུ་སྦྱར་བའི་ཡི་གེ་པ་ངག་དབང་བརྩོན་འགྲུས་བཟང་པོས་བགྱིས་པ་བདེ་ལེགས་སུ་གྱུར་ཅིག། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousརྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་ཀྱི་འགྲེལ་བཤད་རྡོ་རྗེ་འཆང་གི་དགོངས་རྒྱན།next