Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
ཨོ་ཌི་ཡཱ་ཎ་ལས་བྱུང་བ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཁྲིད་མཁའ་འགྲོ་མའི་སྲོག་སྙིང་།
   
   
   
   
   
   
   
   


 
previousཨོ་ཌི་ཡཱ་ཎ་ལས་བྱུང་བ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཁྲིད་མཁའ་འགྲོ་མའི་སྲོག་སྙིང་།next

ཨོ་ཌི་ཡཱ་ཎ་ལས་བྱུང་བ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཁྲིད་མཁའ་འགྲོ་མའི་སྲོག་སྙིང་།

ཨོ་ཌི་ཡཱ་ཎ་ལས་བྱུང་བ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཁྲིད་མཁའ་འགྲོ་མའི་སྲོག་སྙིང་ཞེས་བྱ་བ་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། དུས་གསུམ་སངས་རྒྱས་ཐམས་ཅད་བགྲོད་པ་གཅིག་པའི་ལམ། རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་རྣམས་ཀྱི་གཤེགས་ཤུལ། དབང་རྣོན་གྱི་གང་ཟག་ཚེ་གཅིག་གིས་རྡོ་རྗེ་འཆང་ཆེན་པོའི་སར་སྐྱེལ་བའི་གདམས་ངག །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་འཆད་པར་བྱེད་པ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་བརྒྱུད་པའི་ལོ་རྒྱུས་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་ངག་གཉིས་ལས། དང་པོ་གཞན་དུ་གསལ། གཉིས་པ་ལ་སྨིན་བྱེད་དང་། གྲོལ་བྱེད་ཀྱི་ལམ་གཉིས་ལས། དང་པོ་དབང་བཞིའོ། །གཉིས་པ་ལ། སྔོན་འགྲོ། དངོས་གཞི་གཉིས་ལས། དང་པོ་ལ། རྒྱུ་སྣོད་དུ་རུང་བར་བྱེད་པ་སྐྱབས་སེམས། སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོར་སེམས་བསྒོམ་བཟླས། བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ཚོགས་རྫོགས་པར་བྱེད་པ་མཎྜྻལ། ལུས་ངག་ཡིད་སྦྱོང་བར་བྱེད་པ་དབེན་པ་གསུམ་བསྟན་པ་དང་ལྔའོ། །གཉིས་པ་དངོས་གཞི་ལ། བསྙེན་བསྒྲུབ་གསུམ་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་བགྲོད། ལམ་དེ་ལ་བར་ཆད་༼༢ན༣༽མེད་པར་བྱ་བའི་ཕྱིར་བསམ་གཏན་གྱི་གེགས་བསལ། གེགས་བསལ་ནས་མཐར་ཐུག་གི་འབྲས་བུ་ཐོབ་པའི་ཚུལ་བསྟན་པ་གསུམ་ལས། དང་པོ་ལ། ལུས་རྩ་དག་པར་བྱེད་པ་སྐུ་རྡོ་རྗེ་བསྙེན་པའི་ཡན་ལག །ངག་རླུང་དག་པར་བྱེད་པ་གསུང་རྡོ་རྗེ་བསྒྲུབ་པའི་ཡན་ལག །ཡིད་ཐིག་ལེ་དག་པར་བྱེད་པ་ཐུགས་རྡོ་རྗེ་སྒྲུབ་ཆེན་གྱི་ཡན་ལག་དང་གསུམ་ལས། དང་པོ་ལ། སོར་སྡུད། དེའི་བྱེད་ལས། འབྲས་བུ་བསམ་གཏན་གསུམ་ལས། དང་པོ་ལ། མཐུན་པའི་རྐྱེན། བསྒོམ་པའི་དུས། ཇི་ལྟར་བསྒོམ་པའི་ཚུལ་དང་གསུམ་ལས། དང་པོ་ནི། མཚན་ཉིད་ལྡན་པའི་བླ་མ་དང་། མཆོག་གི་སྣོད་དུ་འོས་པའི་སློབ་མ་དང་། ཁ་ན་མ་ཐོ་བ་བྲལ་བའི་ཡོ་བྱད་འཛོམ་པས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་པར་རྟོག་པའི་བསྒོམ་པ་ཡོངས་སུ་དོར་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་ལམ་ལ་འཇུག་སྟེ། གང་ཞེ་ན། སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་ནོ། །དེ་དག་ཀྱང་། སོར་སྡུད་རྒྱུ། བསམ་གཏན་འབྲས་བུ། སྲོག་རྩོལ་རྒྱུ། འཛིན་པ་འབྲས་བུ། རྗེས་དྲན་རྒྱུ། ཏིང་ངེ་འཛིན་འབྲས་བུ་ཡིན་པའི་དབང་གིས་རྒྱུ་མེད་པར་འབྲས་བུ་༼༢བ༤༽མི་འབྱུང་བས། རྒྱུ་གཙོ་བོར་བཏོན། འབྲས་བུ་ཞར་བྱུང་དུ་བྱས་ཏེ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཏུ་བསྡུས་སོ། །དེ་བསྒོམ་པའི་གནས་ཀྱང་ཆོས་ཀྱི་རྒྱལ་པོའི་ཁྲིམས་ཡོད་པའི་ཡུལ་དང་། དབེན་ཞིང་བཀྲ་ཤིས་པར་རོ། །བྱེ་བྲག་མཚན་མའི་རྣལ་འབྱོར་བསྒོམ་པའི་གནས་ནི། ཁང་བུ་འོག་གཤེར་མེད་ཅིང་ཞལ་བས་དང་སྤྲོ་བ། སྒོ་འཁྱོག་རིམ་པ་གསུམ་བཏོད་པས་མུན་པའི་གནག་ལ་སྣང་བ་འབྱུང་བའི་བུ་ག་ཕྲ་མོའང་མེད་པར་རོ། །གཉིས་པ་བསྒོམ་པའི་དུས་ནི་འབྱུང་བ་སྡུད་རིམ་དང་མཐུན་པར་འབབ་པ་གཡས་ནས་རླུང་རྒྱུ་བའི་དུས་དེར་རོ། །གསུམ་པ་ཇི་ལྟར་བསྒོམ་པའི་ཚུལ་ལ། སྟེང་གི་སྐྱིལ་ཀྲུང་གིས་སྟེང་གི་རླུང་བཅིང་བ་དང་། འོག་གི་སྐྱིལ་ཀྲུང་གིས་འོག་གི་རླུང་བཅིང་བ་དང་། བར་གྱི་སྐྱིལ་ཀྲུང་གིས་བར་གྱི་རླུང་བཅིང་བ་གསུམ་ལས། དང་པོ་ལ། མཚན་མོའི་རྣལ་འབྱོར་དང་། ཉིན་མོའི་རྣལ་འབྱོར་གཉིས། དང་པོ་ལ། ལུས་ཀྱི་བྱེད་ཆིངས། མིག་གོ་ལྟ་སྟངས། སེམས་ཀྱི་གཞག་ཐབས་གསུམ་ལས། དང་པོ་ནི། སྟོང་ཕྲག་བདུན་ཅུ་རྩ་གཉིས་རྩ་ཡི་བཅུད། ཅེས་པའི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་རྡོ་རྗེའི་ལུས་ལ་གནས་པའི་རྩའི་གྲངས་སོ། །དེའི་བཅུད་ནི་རྩ་དེ་དག་ཏུ་རྒྱུ་བའི་རླུང་དང་། རླུང་དེ་དག་ལ་ཞོན་པའི་ཐིག་ལེ་དང་། ཐིག་ལེ་དེ་དག་ལ་བརྟེན་པའི་རྣམ་ཤེས་དག་གོ། །ནམ་མཁའི་མཐོངས་སུ་གཟའ་རྣམས་བརྟན་པར་བཅིངས། ཞེས་པའི་ནམ་མཁའ་ནི་འདིར་མུན་པའི་དབྱིངས་དང་། ཉིན་མོའི་རྣལ་འབྱོར་ལ་སྤྲིན་མེད་པའི་རྒྱན་ནམ་མཁའོ། །གཟའ་རྣམས་ནི་བུ་ག་དགུ་སྟེ། བརྟན་པར་བཅིངས་ཞེས་པ་སྔར་བཤད་པའི་བཅུད་བུ་ག་དེ་དག་ནས་འཇིག་པ་སྡོམ་པ་སྟེ། གོང་གིས་ཞེན་བྱེད་ཆིངས་ཀྱིས་སོ། །ཅིའི་ཕྱིར་སྡོམ་ཞེ་ན། འཛག་པ་ལས་དྲུག་གསུམ་སྐྱེ་ལ། དེས་ལས་རྣམ་པར་འཇོག་ཅིང་། ལས་དེའི་རྣམ་སྨིན་ལས་འཇིག་རྟེན་གསུམ་གྱི་སྤྲོས་པ་སྣ་ཚོགས་པ་སྐྱེ་ལ། སྤྲོས་པ་ངེས་བཏགས་པའི་བག་ཆགས་ཀྱིས་འཁོར་བར་འཁོར་དུ་འཇུག་གོ། །བྱེད་པ་བཅིངས་པས་༼༣ན༥༽ནི་ལུས་ངག་ཡིད་མི་གཡོ་གར་གཏན་ལ་འབེབས་པས། དེའི་ཚེ་སྤྲོས་པའི་རྣམ་པར་རྟོག་པ་རྣམས་ངང་གིས་ཞི་ལ། ཞི་བའི་དབྱིངས་སམ་དང་དེར་འོད་གསལ་བའི་རྟགས་རྣམས་འཆར་བར་འགྱུར་བས་སོ། །དེ་ཡང་། རགས་པ་ལུས་འཆིངས་ན་པྲ་བཤུགས་ཀྱིས་འཆིངས། དེ་བཅིངས་པས་ཤིན་ཏུ་ཕྲ་བའི་ཡིད་འཆིང་བར་འགྱུར་བའི་ཕྱིར་དང་པོར་ལུས་གནད་བསྟན་ཏེ། རྐང་པ་གཡོན་འོག་གཡས་སྟེང་དུ་བཏོན་པའི་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་རྡོ་རྗེ་ཁུ་ཚུར་དམ་པོར་བསྡམས་པ་བརླ་དང་ལུས་ཀྱི་འབྲེལ་མཚམས་སུ་བཙུགས་ཏེ་གྲུ་མོ་བསྲངས། སྒལ་ཚིགས་ཁྲོངས་ཤིང་དཔུང་པ་ཕྱིར་གདེངས་པས་ཐལ་གོང་ཡངས་པར་བྱ། ཨོག་སྐོས་ཨོལ་མདུད་ནོན་ཙམ་པས་མགྲིན་པ་ཡིད་སྒུག་ལྟོག་པ་དྲངས་པོར་བསྒྲེང་། སོ་དང་མཆུ་ལ་བར་ཡོད་ཙམ་གྱིས་ལྕེ་རྐན་ལ་སློག །བཞིན་རས་ཅུང་ཟད་གཉེར་བ་དང་རྣ་བ་སྲེང་བྱའོ། །དེ་དག་རིམ་པ་བཞིན་གྱིས་ཐུར་སེལ། མེ་མཉམ། ཁྱབ་བྱེད། གྱེན་རྒྱུ། སྲོག་འཛིན་རྣམས་བཅིངས་ཏེ། བགས་ཀྱིས་དབུ་མར་འབབ་པར་བྱེད་དོ། །གཉིས་པ་མིག་གི་ལྟ་སྟངས་ནི། གཙུག་ཏོར་འཁོར་ལོས་བསྒྱུར་བའི་ལྟ་སྟངས་ཏེ། མིག་བགྲད་འབྲས་བུ་གྱེན་དུ་བསྒྲིལ་ནས་མི་འཛུམ་པར་གཙུག་ཏོར་གྱི་ནམ་མཁའ་ལ་བལྟ་བའོ། །འདིས་སྒོ་ལྔ་བཅུད་ལ་བོར་བས་ཡན་ལག་གི་རླུང་འཆིང་བར་བྱེད་དོ། །གསུམ་པ་སེམས་ཀྱི་གཞག་ཐབས་ནི། འདས་པ་མི་མནོ། མ་བྱུང་བ་མི་སེམས་ད་ལྟའི་འཆར་སྒོའི་རྗེས་མི་འབྲང་། བློས་གཞག་གི་སྒོམ་མི་འཚོལ། བརྟག་དཔྱད་ཀྱིས་སྟོང་པར་མི་བལྟ་བར་མ་བསམ་པའམ། མ་བརྟགས་པའམ་མ་དཔྱད་པར་ནམ་མཁའི་ཆོས་འབྱུང་ལ་ཐུགས་རྡོ་རྗེ་ཀུན་ནས་ཞེན་པའི་སེམས་སུ་བཞག་སྟེ། བཅོམ་ལྡན་འདས་ཀྱིས། བསམ་པ་ཐམས་ཅད་ཡོངས་སྤངས་ནས། ཉི་མ་གཅིག་ནི་ཡོངས་བརྟག་བྱ། ཞེས་གསུངས་པའི་ཕྱིར་རོ། །ཚུལ་དེས་རྣམ་པར་རྟོག་པ་ནུབ་པའི་རྣམ་པར་མི་རྟོག་པ་རྙེད་ཅིང་བརྟན་པར་འགྱུར་བས་འཁོར་བ་མའི་མིག་སོགས་ཀྱི་ཤེས་པས་༼༣བ༦༽གཟུགས་སོགས་སྡུད་པ་དེ་འདིས་འགོག་པའི་ཕྱིར་སོ་སོར་སྡུད་པ་ཞེས་བྱ། དེ་ལ་རྟགས་ནི་མ་བྱུང་ན། དེ་ཚེ་ང་ཡི་རྫུན་ཚིག་ཡིན། དེའི་ཚེ་སེམས་ཀྱི་རྒྱུ་བ་ཆད་པ་ལྟ་བུར་དོགས་པ་མི་བྱ་སྟེ། དེ་ཉིད་ཀྱི་ངང་ནས་དང་པོར་མུན་པའི་ནམ་མཁའ་ལ་དུ་བ་ལྟ་བུ་མཐོང་། དེ་ལ་གཞན་དུ་མི་གཡོ་བར་རྩེ་གཅིག་ཏུ་གཞག་པས་དེ་ངང་གིས་ཡལ་ནས་སྨིག་རྒྱུ་ལྟ་བུ། དེ་ལའང་དེ་བཞིན་དུ་གཞག་པས་དེ་ཡལ་ནས་རབ་ཏུ་གསལ་བ་དྲི་མ་མེད་པའི་མེ་ཁྱེར། དེ་ལའང་དེ་བཞིན་དུ་གཞག་པས་ཡལ་ནས་མར་མེ་ལྟ་བུ་མཐོང་ངོ་། །དེའི་ཕྱིར་འདིས་ཤའི་མིག་སེམས་ཀྱི་ཤེས་པས་རྣམ་པ་ཐམས་ཅད་པའི་སྟོང་པའི་གཟུགས་སོགས་རིས་མེད་པ་ལེན་པའི་ཕྱིར་ཡང་སོ་སོར་སྡུད་པ་ཞེས་བྱའོ། །རྟགས་འདི་དག་ལས་སྒོམ་པ་བརྩམས་པའི་མོད་ལའམ། ཉིན་ཞག་གི་མཐའ་ཚུན་ལ་གཅིག་ཅི་ནས་རྙེད་པར་འགྱུར་བས་ལམ་འདི་ཤིན་ཏུ་མྱུར་བའི་ལམ་དུ་ཤེས་པར་བྱའོ། །རྟགས་ཀྱི་གོ་རིམ་འདི་ཡང་དུས་གནད་ངེས་པ་དང་ལྡན་པ་ལ་ཡིན་གྱི། གཞན་དུས་གནད་ངེས་པ་དང་བྲལ་བའི་རྩ་རླུང་གི་བྱེད་པའི་དབང་ལས་རིམ་པ་མེད་པར་འཆར་བ་ཡང་ཡོད་དོ། །དེའི་ཕྱིར་ཤིན་ཏུ་ཟབ་མོའི་ལམ་འདི་ཁ་ཟས་ཀྱི་དུས་མ་ཡིན་པ་ཐམས་ཅད་དུ་བསྒོམ་པར་བྱ་བ་སྟེ། མཚན་མོའང་རྒྱབ་ཏུ་སྙེས་ས་ཅུང་ཟད་དང་བཅས་པའི་ཅོག་པུར་ཉལ་བས་དང་པོར་གཉིད་མི་ཁུགས་པ་འོང་ཡང་བྱང་ནས་གཉིད་ཕེབས་ཤིང་རྨི་ལམ་དུ་རྟགས་དེ་དག་ཆེས་གསལ་བར་འབྱུང་ངོ་། །ཁ་ཟས་ཀྱི་དུས་དེར་ཡང་ལྟ་སྟངས་མ་ཤོར་བར་བྱའོ། །ལར་ཐམས་ཅད་དུ་སེམས་མ་ཡེངས་ལ་རྩོལ་བ་མེད་པའི་གནད་ཤེས་དགོས་ཏེ། དེ་ཤེས་ན་རྟགས་དཔྲལ་ལ་འཆར་ཞིང་རྫོགས་པར་འགྱུར་ལ། དེ་ལས་གཞན་དུངས་དུངས་འཇུག་གྲག་རང་གི་སྒོམ་དེ་ཡང་སྣ་སུན་པར་ཟད་དོ། །གཉིས་པ་ཉིན་མོའི་རྣལ་འབྱོར་ནི། ཁང་སྟེང་ངམ་རི་མཐོན་པོའི་རྩེར་ཕྱིན་ཏེ། སྔ་མ་བཞིན་ལུས་ཀྱི་བྱེད་ཆིངས་དང་ལྟ་སྟངས་སྤྲིན་མེད་པའི་རྒྱན་ནམ་མཁའ་སྔོ་དང་ངེ་བ་ལ་གཏད། སེམས་རྣམ་པར་༼༤ན༧༽མི་རྟོག་པ་ལ་གཞག་པས་སྤྲིན་མེད་པའི་ནམ་མཁའ་ལ་འབར་བ་མཐོང་། དེ་ནས་ཟླ་བར་སྣང་བ་དང་། ཉི་མར། སྒྲ་གཅན་དུ། མཆོག་གི་ཆ་སྟེ་གློག་ཏུ། དེ་ནས་ཐིག་ལེ། དེ་དག་གི་ཐ་མར་བུམ་པ་དང་སྣམ་བུ་སོགས་དང་། ཐིག་ལེའི་དབུས་སུ་སྣ་ཚོགས་གཟུགས་བརྙན་སྤྲུལ་པའི་སྐུ་དང་། སྒྲ་བརྙན་གྱི་ལོངས་སྐུ་ཐོས་ཏེ། དྲུག་པོ་དེ་དག་ཀྱང་སྔ་མ་སྔ་མ་ལ་སེམས་གཟུང་སྟེ་གཞག་པས་དེ་ངང་གིས་ཡལ་ནས་ཕྱི་མ་ཕྱི་མ་འབྱུང་བའོ། །འདིའི་དུས་སྔ་དྲོ་དང་ཕྱི་དྲོ་ཉི་མ་ལ་རྒྱབ་གཏད་དེ་བསྒོམ། གུར་ལ་ངལ་བསོའོ། །དེ་ནས་ཐིག་ལེའི་དབུས་སུ་རི་མོ་ནག་པོ་སྐྲའི་ཚད་ཙམ་དྲི་མ་མེད་པའི་འོད་ཟེར་ཅན་མཐོང་སྟེ། དེའི་ཚེ་ཉིན་མོའི་རྣལ་འབྱོར་འདིའི་རྟགས་རྫོགས་པར་གསུངས་སོ། །གཉིས་པ་འོག་གི་སྐྱིལ་ཀྲུང་གི་ས་འོག་གི་རླུང་འཆིང་བ་ལ། ལུས་ཀྱི་བྱེད་ཆིངས། མིག་གི་ལྟ་སྟངས། སེམས་ཀྱི་གཞག་ཐབས་གསུམ་ལས། དང་པོ་ནི། ཉིན་མཚན་གྱི་རྣལ་འབྱོར་གང་གིས་ཀྱང་རུང་། རླུང་སྟེང་དུ་འཆུགས་ཏེ། མགོན། སྤྱི་བོ་སྐྲངས། མིག་ཚ་བ་སོགས་བྱུང་ནས་མ་བཅོས་ན་རླུང་གིས་ཚངས་པའི་བུ་ག་ཕུག་སྟེ་མཁའ་སྤྱོད་དུ་འཕོ་བར་འགྱུར་བས་དེ་བཟློག་པའི་ཕྱིར། རྒྱ་མཚོའི་གཏིང་དུ་རྩ་གསུམ་ཡན་ལག་བསྡམ། རྒྱ་མཚོ་ནི་ལྟོ་བ། གཏིང་འོག་སྒོ། རྩ་གསུམ་དྲི་ཆེན་དྲི་ཆུ་ཁུ་བ་འབབ་པ། ཡན་ལག་ཆད་པ། བསྡམ་པ་ནི་བྱེད་ཆིངས་ཏེ། རྡོ་རྗེ་སྐྱིལ་ཀྲུང་ལ་རྐང་པའི་ཉྭ་བཞི་དང་སོར་མོ་དང་སྐེད་པ་མན་སྲིམ་བསྒྲིམ། སྟོད་གློད། ལག་པ་པུས་བཀབ་བོ། །གཉིས་པ་ལྟ་སྟངས་ནི། རྣམ་པར་སྣང་མཛད་ཀྱི་ལྟ་སྟངས་ཐུར་དུའོ། །གསུམ་པ་སེམས་ཀྱི་གཞག་ཐབས་ནི། རང་གི་འོག་འབྱུང་བ་བཞིའི་རྟེན་གཞིའི་ནམ་མཁའ་ལ་གཏད་དེ་རླུང་འོག་སྒོར་འཕུལ། དེར་རླུང་སེམས་བསྲེས་ལ་གཞག་གོ། །གསུམ་པ་བར་གྱི་སྐྱིལ་ཀྲུང་གི་བར་གྱི་རླུང་འཆིང་བ་ལ། ལུས་ཀྱི་བྱེད་ཆིངས། མིག་གི་ལྟ་སྟངས། མིག་གི་ལྟ་སྟངས། སེམས་ཀྱི་གཞག་ཐབས་སོ། །དང་པོ་ནི། སྔ་མ་གཉིས་ཀྱི་ཤུགས་བསྟན་ཏེ། རྐང་པ་གཡོན་པའི་རྟིང་པས་༼༤བ༨༽གསང་རྩ་ཐེམ་པར་མནན། གཡས་པ་དེའི་བོལ་གོང་ནས་ལྟེམས་པའི་སེམས་སྐྱིལ་མཉམ་གཞག །གྲུ་མོ་དང་སྒལ་ཚིགས་བསྲངས། ཐལ་གོང་འགྱེད། མགྲིན་པ་སྒུག །སོ་མཆུ་བར་ཡོད་ཙམ། ལྕེ་ཡར་རྐན་ལ་གཏད་པའོ། །གཉིས་པ་མིག་གི་ལྟ་སྟངས་ནི། ཞི་མ་ཁྲོའི་ལྟ་སྟངས་ཏེ། མིག་ཅུང་ཟད་བསྒྲིམས་ཏེ་ཐད་ཀར་བལྟ་བའོ། །གསུམ་པ་ནི། རླུང་ཕོ་བར་ཡིད་ཙམ་འཕུལ་ནས་དེར་རླུང་སེམས་བསྲེས་ནས་མཉམ་པར་འཇོག་གོ། །འདིས་སྟེང་འོག་གཉི་གའི་སྐྱོན་སེལ། ཕོ་བའི་མེ་དྲོད་གསོ། ཟས་འཇུ། དངས་སྙིགས་འབྱེད། རླུང་སེམས་ལུས་གནས་སོ་སོར་འགྲེམས་པ་དང་ལག་སོར་ལ་ཚུད་པར་ཡང་བྱེད་དོ། །ལུས་རླུང་ཐིག་ལེ་གཅིག་ལ་གཅིག་བརྟེན་ཡིན་པས་ལུས་གནད་ལ་སྒྲིམ་མོ། །གཉིས་པ་དེའི་བྱེད་པའི་ལས་ནི། མ་ཆེན་མོའི་རྣལ་འབྱོར་ཙམ་བསྒོམ་པའི་དང་། ཉིན་མོའི་རྣལ་འབྱོར་མཐར་ཐུག་པར་བསྒོམ་པའོ། །དང་པོ་ནི། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རླུང་གི་ཚོགས། སྟེང་འོག་རྩ་ཡིས་བཅིངས་པས་ཟིན་པར་འགྱུར། ཞེས་པའི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི། གང་འཛིན་རྒྱུའི་རླུང་འཇུག་གནས་དབྱུང་གསུམ་གཅིག་ཏུ་བྱས་པ་ལ་དབུགས། དེ་སྐྱེས་བུ་དར་བབ་ཁམས་སྙོམས་པ་ལ་ཉིན་མཚན་གྲགས་གཅིག་གི་རིང་ལ། སྣ་སྒོ་ར་འབབ་པའི་གྲངས་སོ། །སྟེང་འོག་རྩ་ཞེས་པ་ནི་འཛིན་པའི་གནས་ཏེ། སྟེང་སྒོ་དང་འོག་སྒོའི་རྩ་དྲུག་ཏུའོ། །བཅིངས་པས་ཞེས་པ་ནི། གང་གིས་འཆིང་བའི་བྱེད་ཆིངས་ཏེ། སྔར་བཤད་པ་དག་གིའོ། །ཟིན་པར་འགྱུར་ཞེས་པ་ནི། ཟིན་པ་ཉིད་ཀྱི་ངོ་བོ་བཤད་པ་སྟེ། རྒྱུ་བའི་གྲངས་དང་། རྒྱུ་བའི་རིང་ཐུང་དང་། རྒྱུ་བའི་ཤེད་དང་། རྒྱུ་བའི་ཁ་དོག་དང་། རྒྱུ་བ་མེད་པ་ལ་ནུས་པ་ཟིན་པ་ཞེས་བཏགས་པ་ལྔ་ལས་འདིར་ཕྱི་མའོ། །དོན་ལས་རླུང་རྒྱུ་བ་ནས་བརྩམས་ཏེ་རྣལ་འབྱོར་བསྒོམས་པས་སེམས་གནས་ལ། གནས་པའི་རིང་དེར་དེ་དུས་འབབ་རྒྱུའི་རླུང་དེ་མ་རྒྱུས་པར་ཁད་དེ་བསྡད་པའོ། །དང་པོར་ས་རླུང་རང་བསྡད་པས་དེའི་དབང་གིས་དུ་བ་ཤར་རོ། །ས་རླུང་གི་འཕོ་ཆུང་རིལ་པོ་གཅིག་བསྡད་པ་ཙམ་ན་དུ་བའི་རྟགས་རྫོགས་ནས་དེ་ཡལ་བའི་འགོ་ཟུག་གོ། །དེ་ནས་ཆུའི་འཕོ་ཆུང་ཆ་ཤས་རེ་༼༥ན༩༽ཙམ་བསྡད་པ་ན་སྨིག་རྒྱུ་ཤར་ཏེ། གཉིས་པ་རིལ་ཡང་བསྡད་པས་དེ་རྫོགས་ནས་ཡལ་བར་ཟུག་གོ། །དེ་ནས་མེའི་འཕོ་ཆུང་གི་ཆ་ཤས་བསྡད་པས་མེ་ཁྱེར། རིལ་པོ་ཡང་བསྡད་པས་དེ་རྫོགས་ནས་ཡལ་བར་ཟུག །དེ་ནས་རླུང་གི་འཕོ་ཆུང་གི་ཆ་ཤས་རེ་ཙམ་བསྡད་པས་མཛེས་ཤར་ལ། རིལ་པོ་བསྡད་པས་རྫོགས་ཏེ། འཕོ་ཆུང་བཞི་ཙམ་འགགས་པའི་རྣམ་པར་མི་རྟོག་པ་བརྟན་ན། ཉིན་མོའི་རྣལ་འབྱོར་ལ་བསླབ་བོ། །འདིར་རྒྱུད་ལས། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་ཞུགས་པ་ཡིས། སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉི་དང་མར་མེ་དང་། ཞེས་གསུངས་པའི་རྡོ་རྗེའི་ལམ་ནི་དབུ་མ་ཡིན་པས་སྔར་འབྱུང་བཞིའི་རླུང་རང་གནས་སུ་བཅིངས་པ་ཙམ་ལས་མ་བཤད་པ་འདི་དང་ཇི་ལྟར་འགྲིག་སྙམ་ན་བདེན་ཏེ། སྔ་མ་ནི་གཙོ་ཆེ་བས། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལའོ། །ཞེས་གསུངས་པ་དུས་གནད་ངེས་པའི་དབང་དུ་མཛད་ལ། དུས་གནས་མ་ངེས་པ་ནི། རླུང་གང་གི་སྐབས་སུ་ཡ། ཟིན་པར་འགྱུར་བས་ན་མཉམ་དུ་འབབ་པའི་དུས་སུ་ཡིན་ན། དེ་མི་འབབ་པར་སྡོད་ལ་དེའི་སྡོད་ས་དེ་དབུ་མ་ཡིན་པས་དེ་ལ་བལྟོས་ནས་དབུ་མར་ཟིན་པ་ཞིག་ཀྱང་འདིར་འཐད་པ་ཡིན་ནོ། །དེའི་ཕྱིར་ཐར་པ་ཆ་མཐུན་ཐོབ་པ་ལ་ལམ་ཞུགས་ཞེས་བརྗོད་པ་བཞིན། དབུ་མར་རླུང་ཟིན་པའི་ཆ་ཙམ་ཐོབ་པས་ཀྱང་རྡོ་རྗེའི་ལམ་དུ་འགས་པ་ཞེས་བྱའོ། །དེ་ཙམ་དུ་མ་ཟད་ཉིན་རེ་ཙམ་རྣམ་པར་མི་རྟོག་པ་ལ་འབྱམས་པ་ཡང་འབྱུང་བས་དང་། ལས་རླུང་རྣམས་ཀྱང་དབུ་མ་ལ་འབབ་པར་ཕྱོགས་པའི་ཕྱིར་ཡང་དེ་སྐད་གསུངས་སོ། །ད་ནི་ཉིན་མོའི་རྣལ་འབྱོར་མཐར་ཐུག་པའི་བར་སྒོམ་པའི་བྱེད་ལས་གསུངས་པ། ས་ཆུ་མེ་རླུང་ནམ་མཁའི་བདག་ཉིད་ཀྱིས། །འབྱུང་བའི་རླུང་རྣམས་ནང་དུ་འགག་པར་བྱེད། སྟོང་པ་ནམ་མཁའི་རླུང་འབབ་པ་དེ་ཡང་བསྡད་པ་ཙམ་ནས་འབྱུང་བ་ལྔའི་རླུང་དེ་དག་ཀྱང་སྲོག་རྩོལ་གྱི་སྟོབས་ཀྱིས་དབུ་མའི་ནང་དུ་༼༥བ༡༠༽ཞུགས་པས་དུས་སྦྱོར་རེ་ཙམ་དུ་ཕྱིར་རྒྱུ་བ་འགག་གོ། །དེ་ལས་དང་པོར་ས་རླུང་ཞུགས་པས་འོད་ཟེར་སེར་པོའི་དཀྱིལ་འཁོར་མཐོང་བ་འབར་བ། ཆུ་ཀླུང་ཞུགས་པས་འོད་དཀར་པོའི་དཀྱིལ་འཁོར་མཐོང་བཟླ་བ། མེ་རླུང་ཞུགས་པས་དམར་པོའི་ཉི་མ། རླུང་གི་རླུང་ཞུགས་པས་མཐིང་ག་ཁྲོ་བོའི་གསུས་པ་འདྲ་བ་སྒྲ་གཅན། སྟོང་པའི་རླུང་ཞུགས་པས་གློག་ཁེམ་ཙམ་ཁེམ་ཙམ་བྱེད་པ་ལྟར་སྣང་བ་མཆོག་གི་ཆ་སྟེ། འདི་ཁེམ་པ་ཇེ་དྲག་ཏུ་སོང་ནས་སྣ་གཉིས་བལྟ་བ་སྟེ་སྦྲེལ་ནས་ཐིག་ལེར་འགྱུར་ལ། དེ་ཡང་མཐིང་ཀ །དེའི་མཐོངས་སུ་ཤེས་པ་གཏད་ན་རྒྱ་ཇེ་ཆུང་ངུ་འགྲོ། འོད་ཀྱི་གདངས་ལ་གཏད་ན་རྒྱ་ཇེ་ཆེར་འགྲོ་བས་རྫོགས་ཆེན་ནས་ཐིག་ལེ་གོང་འཕེལ་དུ་འགྲོ་བ་དང་། དུས་འཁོར་ནས་ཇེ་ཕྲར་འགྲོ་བར་བཤད་པའི་གནད་དེ་ཡིན་ནོ། །དེའི་ནང་དུ་སྤྲུལ་པའི་སྐུ་རྐྱང་པ་དང་ཚོམ་བུ། ཞི་བ་དང་ཁྲོ་ཆགས་མཐོང་། དེ་ནས་སྒྲའི་སྣང་བརྙན་གྱི་ལོངས་སྐུ་ཐོས་སོ། །མཐར་དེ་ཡུངས་འབྲུ་ཙམ་དུ་གྱུར་པའི་དཀྱིལ་དུ་རི་མོ་ནག་པོ་འོད་ཟེར་འཕྲོ་བ་སྐྲའི་རྩེ་མོ་ཙམ་དུ་ཕྲ་བ་སྣང་ལ། དེའི་ཡང་དབྱིངས་སུ་ཤེས་པ་གཏད་ན་དེར་སྣ་ཚོགས་གཟུགས་དང་ལོངས་སྐུ་འཆར་རོ། །འདི་ཡང་ཤེས་པའི་ཁ་ཕྱིར་གཏད་པའི་དབང་གིས་ཕྱིར་ཆད་པ་ལྟ་བུར་སྣང་ལ། དེའི་ཚེ་ཁ་ནང་དུ་ལྟེ་བའི་འཁོར་ལོར་གཏད་དེ་བསྒོམ་ན། ལྟེ་བའི་སྟེང་དུ་ར་སཱ་ན་ནས་ཡུལ་ལྔ་ལ་འཇུག་པའི་རླུང་འགག་པས་འཁོར་ལོ་ལྔའི་བརྟེན་ཅན་གྱི་དྷཱུ་ཏཱི་ལྟེ་བར་ཁ་བྱེ་བའི་རེ་ཁཱའི་དབུས་སུ་སྣ་ཚོགས་གཟུགས་མཐོང་སྒྲ་བརྙན་ཐོས་པར་འགྱུར་རོ། །དེའི་སྟོབས་ཀྱིས་ལྟེ་བའི་འོག་ཏུ་ལཱ་ལ་ནའི་རྩ་ནས་ཐུར་སེལ་གྱི་རླུང་འགག་གོ། །དུས་དེར་ཚིག་གི་མཆོག་འགྲུབ། སྟེང་འོག་གི་རླུང་གསུམ་པ་གཉིས་འགགས་པས་རྣམ་པར་རྟོག་པའི་བཞོན་པ་ཁེགས་པས་རྣམ་རྟོག་ནུབ་སེམས་རྣམ་པར་མི་རྟོག་པའི་རང་བཞིན་ལ་རྩེ་གཅིག་ཏུ་བརྟན་པས་ཕྱིན་ཆད་དེ་བསམ་གཏན་པར་འགྱུར་རོ། །དེ་ནི་སོ་སོར་སྡུད་པའི་མཐར་ཐུག་གི་བྱེད་ལས་བརྗོད་པར་བཞེད་ནས། བདེ་གསལ་མི་རྟོག་ཏིང་འཛིན་ལས་སུ་རུང་། བདེ་ཞེས་པ། རྒྱུ་སྟོང་པ་ཉིད་ཀྱི་གཟུགས་༼༦ན༡༡༽བརྙན་ལ་སེམས་རྩེ་གཅིག་ཏུ་གཞག་པ་དེ་ལ་བརྟེན་ནས་འབྲས་བུ་གཟུགས་ལ་ཆགས་པ་སེམས་གཞན་དུ་མི་འགྱུར་ཞིང་མི་གཡོ་བའི་བདེ་བ་སྐྱེའོ། །གསལ་ཞེས་པ། བདེ་བ་དེ་དང་རང་གི་རིག་པའི་ཡེ་ཤེས་གཉིས་ཀྱིས་སྟོང་པ་ཉིད་ཀྱི་གཟུགས་བརྙན་མི་སྟོང་པར་འཛིན་པ་འབྲས་བུའི་རྒྱས་བཏབ་བོ། །མི་རྟོག་ཅེས་པ། དེ་གཟུང་བས་གཟུགས་བརྙན་ལས་གཞན་དུ་མི་གཡོ་བས་རྒྱུས་འབྲས་བུ་ལ་རྒྱས་བཏབ་པའོ། །དེ་ལྟར་རྒྱུ་དང་འབྲས་བུ་གཅིག་གིས་གཅིག་ལ་རྒྱས་བཏབ་པས། རྒྱུ་དང་འབྲས་བུ་དབྱེར་མེད་པ་ཕྱག་རྒྱ་ཆེན་མོ་ཞེས་བྱ་སྟེ། དབང་མདོར་བསྟན་ལས། སྟོང་པ་ལས་བྱུང་གཟུགས་བརྙན་རྒྱུ། འབྲས་བུ་མི་འགྱུར་ལས་སྐྱེས་བདེ། འབྲས་བུས་རྒྱུ་ལ་རྒྱས་གདབ་ཅིང་། རྒྱུ་ཡིས་འབྲས་བུ་རྒྱས་གདབ་བོ། །ཞེས་གསུངས་པས་སོ། །དེའི་ཕྱིར་ལམ་འདི་ལ་རྡོ་རྗེའི་རྣལ་འབྱོར་ཞེས་གསུངས་པ། དེ་ཡང་མཐའ་ཐམས་ཅད་དང་བྲལ་བའི་སེམས་ཀྱི་གཤིས་ལུགས་དེ་ཇི་ལྟ་བར་གཏན་ལ་འབེབས་པས་དབུ་མའི་ལམ་ཆོས་ཐམས་ཅད་ལ་སྐྱོན་མེད་པར་འཇུག་པར་ཡང་ཡིན་ནོ། །རྒྱུ་དམིགས་བཅས་ཀྱི་སྟོང་པ་དེ་ཡང་། རླུང་ཁམས་ཀྱི་ངོ་བོ་མ་རིག་པ་གཞོམ་དུ་མེད་པ་དག་པས་སྟོང་པར་སྣང་ལ་རྡུལ་ཕྲན་མེད་པ་སྟོང་པ་ཉིད་ཀྱི་གཟུགས་བརྙན་ཡུལ་དུ་འཆར་བ། དེ་ཉིད་ཡོད་པ་དང་མེད་པ་ལས་འདས་པ་པྲ་བརྒྱད་ཀྱིས་ཉེ་བར་མཚོན་ཏེ། ཚུལ་ཇི་ལྟར་མཚོན་ཞེ་ན། པྲ་བབས་པའི་གཞོན་ནུ་མས་མེ་ལོང་གི་ནང་དུ་རྐུན་མོའི་གཟུགས་མཐོང་སྟེ། དེ་མེ་ལོང་གི་ནང་དུ་ཡོད་ནས་མཐོང་བ་མ་ཡིན་ཏེ། དེའི་ནང་ན་རྐུན་མོ་མེད་པའི་ཕྱིར་རོ། །མེད་པ་མཐོང་བ་ཡང་མ་ཡིན་ཏེ། དེའི་ནང་དུ་སྣང་བས་སོ། །ཞེས་པའི་དཔེ་འདིས་མཚོན། དེའི་ཕྱིར་སྟོང་གཟུགས་དེ་དག་རྨི་ལམ་དང་མེ་ལོང་གི་གཟུགས་བརྙན་བཞིན་དུ་རང་སེམས་དག་པ་ལ་དེར་སྣང་ངོ་། །སྒྱུ་མ་སྨིག་རྒྱུ་བཞིན་དུ་རྡུལ་ཕྲན་མེད་པར་སྣང་བ་དང་། བརྟན་པར་གྱུར་ནས་ཆུ་ཟླ་བཞིན་གང་བལྟས་པར་སྣང་བ་དང་སྒྲ་བརྙན་བཞིན་དུ་རྒྱུ་རྐྱེན་ཚོགས་པ་ལས་སྣང་བ་དང་། དྲི་ཟའི་གྲོང་ཁྱེར་བཞིན་ནམ་༼༦བ༡༢༽མཁའ་ལ་སྣང་བ་དང་། སྤྲུལ་པ་བཞིན་སྣ་ཚོགས་སུ་སྣང་ངོ་། །འབྲས་བུ་སྙིང་རྗེ་ནི་ཁམས་མི་འགྱུར་བའི་བདེ་བ་ལ་བརྗོད་དོ། །དབང་པོ་རབ་ཀྱིས་དེ་ལྟ་བུའི་རྒྱུ་འབྲས་མི་ཕྱེད་པའི་ཕྱག་རྒྱ་ཆེན་པོ་མཐོང་། ལས་རླུང་ལམ་གཉིས་ཀྱི་ཆོས་ཅན་འགགས་པས་རྩ་ཐམས་ཅད་དབུ་མར་དག །རླུང་ཐམས་ཅད་མི་རྟོག་པའི་རླུང་དུ་སོང་། དེ་ལས་མི་རྟོག་པའི་ཡེ་ཤེས་ཀྱི་གཏུམ་མོ་རང་འབར་ཏེ་ཐིམ་རིམ་གྱི་ངེས་པ་ལས་འཆར་བའི་མངོན་པར་བྱང་ཆུབ་པའི་མིང་ཅན་གྱི་འོད་གསལ་རྟོགས་པས་ཐིག་ལེ་འགྱུར་བ་མེད་པའི་རང་དབང་དུ་གྱུར། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་མངོན་དུ་བྱས་པས་ཕྲ་བའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དག་ནས་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་འཆང་ཆེན་པོར་འགྱུར་བ་ཡིན་ནོ། །འབྲིང་གཅིག་གི་རྩ་དག་ཀྱང་། རླུང་གིས་ལུས་ཐམས་ཅད་དགང་བའི་སྦྱོར་བ་དང་བྲལ་ན་ཡེ་ཤེས་ཀྱི་རླུང་འབའ་ཞིག་པར་བྱེད་མི་ནུས་པས་སྲོག་རྩོལ་ལ་འཇུག་གོ། །ཐམས་ནི་རགས་པའི་རྩ་ཐམས་ཅད་སྲོག་རྩོལ་གྱི་སྟོབས་ལས་སྟོང་པར་གྱུར་པས་བསམ་གཏན་ལ་འཇུག །དེས་རྣལ་འབྱོར་གྱི་སྟོབས་ལས་གནས་པའི་རྩའི་མདུད་པ་རྣམས་བཤིག་པས་ལས་རླུང་འགག་པའི་ནུས་པ་རྙེད་པས་གསུང་རྡོ་རྗེ་ལ་འཇུག །དེས་རླུང་གར་འདོད་པར་འཆིང་བའི་ནུས་པ་རྙེད་དེ་ཐིག་ལེ་འཛག་པ་མེད་པར་འཆིང་ནུས་པ་ཙམ་ནས་ཐུགས་རྡོ་རྗེ་ལ་འཇུག་པར་བྱེད་དོ། །གསུམ་པ་འབྲས་བུ་བསམ་གཏན་བསྟན་པ་ནི། འབྱུང་བའི་རླུང་རྣམས་ནང་དུ་ཟིན་པ་ཡིས། རྟགས་དང་། འབྱུང་བ་ལྔའི་རླུང་དབུ་མར་ཞུགས་པ་ནས་མི་ཤིགས་པའི་ཐིག་ལེ་སྟེང་དུ་རླུང་ཟིན་པ་ན་བསམ་གཏན་ཐོབ་པའི་རྟགས་རྣམས་འབྱུང་སྟེ། བསམ་གཏན་གྱི་ངོ་བོ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། དམིགས་ཡུལ་ནི་སོར་སྡུད་ཀྱིས་མཐོང་བའི་སྟོང་གཟུགས། ཡན་ལག་ནི་ཤེས་རབ་རྟོག་པར་དཔྱོད་པ་དགའ་བསམས་རྩེ་གཅིག་ཏུ་གནས་པ་སྟེ། ཤེས་རབ་ཅེས་པ་དམིགས་ཡུལ་གྱི་གཟུགས་བརྙན་དེ་ཉིད་སྣང་བ་ཡིན། རྟོག་པ་དེ་དག་སྟོང་པའི་དངོས་པོར་འཛིན་པ་ཡིན། དཔྱོད་པ་སྒྱུ་མ་ལྟ་བུའི་རྟགས་སྣང་རྣམས་སྤྲོས་པ་མེད་པའི་སེམས་ཀྱི་རང་བཞིན་དུ་ངེས་པ་ཡིན། དགའ་བ་ནི་༼༧ན༡༣༽གཟུགས་བརྙན་ལ་གཉིས་སྣང་གི་ཞེན་པ་བྲལ་ཏེ་ལྷའི་བདག་ཉིད་ནང་གི་བདེ་བ་ཙམ་ཐབས་ཤེས་རོ་གཅིག་པའི་དེ་ཁོ་ན་ཉིད་ལ་ཞུགས་པའི་བདེ་བ་ཡིན། སེམས་རྩེ་གཅིག་ཏུ་གནས་པ་བསྒོམ་པས་ཡུལ་དང་དབང་པོ་འདྲེས་ནས་སྒྱུ་མ་ལྟ་བུའི་སེམས་སུ་རྩེ་གཅིག་བྱེད་པ་ཡིན་ནོ། །ཡོན་ཏན་རྣམས་ནི་རིམ་བཞིན་འབྱུང་། བསམ་གཏན་ཐོབ་ནས་ཡོན་ཏན་ལྷའི་མིག་ལ་སོགས་པའི་མངོན་པར་ཤེས་པ་ལྔ་དང་རྫུ་འཕྲུལ་སྟོན་ནུས་པ་སོགས་འབྱུང་བས་རིམ་བཞིན་ཞེས་གསུངས་སོ། །གཉིས་པ་ངག་རླུང་དག་པར་བྱེད་པ་གསུང་རྡོ་རྗེ་བསྒྲུབ་པའི་ཡན་ལག་ལ། སྲོག་རྩོལ། འབྲས་བུ་འཛིན་པ། དེ་གཉིས་ཀྱི་བྱེད་ལས། བྱེད་ལས་ཀྱིས་བསྒྲུབ་པའི་འབྲས་བུ་དང་བཞི་ལས། དང་པོ་ལ། སྔོན་འགྲོ། དངོས་གཞི། རྗེས། འཕྲོས་དོན་བར་རླུང་བཤད་པ་དང་བའི། དང་པོ་ལ། རྡོ་རྗེའི་བཟླས་པ་དང་། རླུང་གི་མལ་འཚོལ་བ་གཉིས་ལས། དང་པོ་ནི། སྲོག་རྩོལ་ཞེས་པ་སྲོག་གི་རླུང་། རྩོལ་བ་ནི་ཀུན་ནས་འགེགས་པ་སྟེ་རོ་རྐྱང་གི་རླུང་དྷཱུ་ཏཱིར་གཞུག་པ་ཞེས་བྱ་བའི་དོན་ཏོ། ཡང་རྩོལ་བ་ཞེས་པ་མཆེད་པ་ལ་བྱས་ནས་དབུ་མའི་རླུང་འཕེལ་བ། དེ་གཉིས་ཀྱི་དགག་སྒྲུབ་ཀྱི་དོན་སོ་སོར་ཕྱེ་ཡང་དོན་གཅིག་ཏུ་འབབ་བོ། །དེ་རྣལ་འབྱོར་དུ་བྱེད་པའི་ལུས་གནད་བར་གྱི་སྐྱིལ་ཀྲུང་ཇི་བཞིན་པའམ། རྐང་པ་བསྣོལ་བའི་ཙོག་པུ་སྒོམ་ཐག་གིས་བསྡམས་པའི་བསམ་གཏན་གྱི་ཆོས་ལྔ་གང་རུང་ངོ་། །མིག་ནི་བདུད་རྩི་འཁྱིལ་བའི་ལྟ་སྟངས་བགེགས་མཐར་བྱེད་ཀྱིས་ཏེ་མིག་འཐས་གྱེན་དུ་སློག་སྟེ་མཛོད་སྤུའི་དབུས་སུ་བལྟ་བའོ། །རླུང་གི་གནད་ནི། རླུང་རོ་ལན་གསུམ་ཕྱུང་སྟེ་ཆ་མཉམ་པར་རྒྱུ་བ་ཤིན་ཏུ་ཕྲ་བ་སྣའི་སྒོ་ནས་རོ་རྐྱང་གི་ལམ་དུ་འཇུག་པ་ཨོཾ་སྟེ་ཟླ་བ། དུད་ཅན་གྱི་ཁ་སྒོར་འོག་རླུང་འཐེན་པ་དང་ལྷན་ཅིག་གནས་པ་ཧཱུཾ་སྟེ་སྒྲ་གཅན། དེ་ནས་རོ་རྐྱང་གི་ལམ་ནས་སྣའི་སྒོར་འགྱུ་བ་མི་ཚོར་བ་ཙམ་དུ་ཤེད་ཆུང་བས་དབྱུང་བ་ཨཱཿསྟེ་ཉི་མ་ཡིན་ནོ། །འཇུག་གནས་ལྡང་གསུམ་ཀ་ལ་སྤྲོས་པ་མེད་པའི་རྣལ་འབྱོར་གྱི་སེམས་རོ་གཅིག་པར་བྱ་བ་སྟེ། དེའི་ངང་དུ་རྟགས་རྣམས་འཆར་བས་སྐབས་འདིའི་སོར་སྡུད་ཀྱང་ཡིན་ནོ། །དེའི་ཕྱིར་ཡི་གེའི་གདངས་༼༧བ༡༤༽དང་ཁ་དོག་དང་བཅས་པའི་དབྱིབས་སུ་བསྒོམ་པར་བྱ་བ་ནི་མ་ཡིན་ཏེ། འཇུག་གནས་ལྡང་གསུམ་པོ་དེས་དེ་ཉིད་གསུམ་མཚོན་པར་དགོངས་ནས། དེ་བཞིན་གཤེགས་པས་ཡི་གེ་གསུམ་གྱི་བརྡར་བཏགས་ནས་བསྟན་པས་སོ། །གཉིས་པ་ནི་ནམ་མཁའི་རླུང་གི་འཛིན་སྟར་ས་འཇུག་གནས་ལྡང་བ་ཚོར་རིག་མེད་པ་ལྟ་བུར་འཇམ་ཞིང་དལ་ལ་ཆ་མཉམ་པར་ཡུན་རིང་དུ་གཟུང་ངོ་། །དེ་བཞིན་དུ། རླུང་གི་རླུང་དྲག་ལ་རིང་བ། མེ་རླུང་དྲག་ལ་ཐུང་རྦུད་རྦུད་པ། ཆུའི་རླུང་སོ་ཅུང་ཟད་བསྡམས་པའི་བར་ལ་བཞར་ནས། ས་རླུང་ནམ་མཁའ་ལ་ཅུང་ཟད་དྲག་ཙམ་ལས་ལྗིད་དང་ལྡན་པར་འཛིན་ཅིང་། འཇུག་གནས་ལྡང་བ་ཡི་གེ་གསུམ་དུ་སྔར་བཞིན་བརྟག་གོ། །གཉིས་པ་དངོས་གཞི་ལ། བསྐྱེད་རིམ་བསྒོམ་ཚུལ། དེ་ལ་བརྟེན་པའི་བཟླས་པ། ལས་བསྒྲུབ་པའི་ཚུལ་གསུམ། དང་པོ་ལ། འོག་ཐུར་སེལ་ལ་བརྟེན་ནས་དཀྱིལ་འཁོར་དང་གདན། སྟེང་སྲོག་རླུང་ལ་བརྟེན་ནས་ཡིག་འབྲུ། བར་མ་ནིང་གི་རླུང་ལ་བརྟེན་ནས་ཕྱག་མཚན། ཁ་སྦྱོར་བུམ་པ་ཅན་ལ་བརྟེན་ནས་ལྷ་བསྒོམ་པ་དང་བཞི། དང་པོ་ནི། ལུས་དང་མིག་འོག་གི་སྐྱིལ་ཀྲུང་ཇི་ལྟ་བས། ནམ་མཁའ་རླུང་མེ་ཆུ་དང་ས་རྣམས་ཀྱིས། འཐུར་དུ་བསྡམ་པས་དཀྱིལ་འཁོར་གསལ་བར་བལྟ། ཞེས་པས་རྩ་འཕྱར་མ་ནས་རླུང་བསྐྱེད་རིམ་དུ་འཐུར་དུ་འབབ་དེ་འཆིང་བའི་ཕྱིར་ཏེ། དང་པོར་ནམ་མཁའི་རླུང་རང་གི་འཛིན་སྟངས་བཞིན་གཟུང་ནས་སྲིན་པོའི་སྒོར་དྲག་ཏུ་འཕུལ་ནས་སྐད་ཅིག་ལ་འོག་སྒོ་དྲ་གཏུ་འཐེན་ཏེ་ལྟེ་བ་མན་ཐེར་གྱིས་དགང་། སྟེང་གློད་འོག་མཉམས་པར་གཟུང་པ་ལ་ཤེས་པ་གཏད་དེ། ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཐམས་ཅད་ཀྱི་གོ་འབྱེད་པའི་དབྱིབས་ཟུར་གསུམ་མཐིང་ཀ་དབུས་སུ་ཡེས་མཚན་པ་བློས་འཁྱུད་ཚད་དུ་བ་སྦོམས་ཏེ་རླུང་སེམས་གཅུན་ལ་གཞག་གོ། །དེས་ཇི་ཞིག་ལྟར་ན་ལུས་མེད་ཅིང་ཐམས་ཅད་དུ་ཐོགས་པ་དང་བྲལ་བ་ལ་སོགས་པའི་ཉམས་དངོས་སམ་རྨི་ལམ་དུ་འབྱུང་ངོ་། །དེ་ནས་རླུང་གི་རླུང་ཡཾ་ལས་རླུང་གི་དཀྱིལ་འཁོར་ཡང་ཞིང་གཡོ་བ་དབྱིབས་ཟླ་གམ་སྟེང་ཟིལ་བཅག་པའི་འཕྲོ་ལྟར་ནག་ཐིང་བ་ལོགས་༼༨ན༡༥༽ནས་བལྟས་ན་གཞུའི་དབྱིབས་སུ་འཆར་བའི་དབུས་སུ་ཡཾ་དང་རྩེ་མོ་བཞིར་བ་དན་ནག་པོ་གཡོ་ཞིང་བསྐྱོད་པས་མཚན་པ། དེས་ལུས་ཡང་ཞིང་གཡོ་བ་དང་འགྲོ་བ་འདོད་པའི་ཉམས་འབྱུང་ངོ་། །དེ་ནས་མེ་རླུང་རཾ་ལས་མེའི་དཀྱིལ་འཁོར་ཚ་ཞིང་སྲེག་པ། དབྱིབས་གྲུ་གསུམ་ཟངས་ཀྱི་ཞུན་ལྟར་དམར་ཐིང་བ་དབུས་སུ་རཾ་དང་ཟུར་གསུམ་ལ་བཀྲ་ཤིས་ཀྱིས་མཚན་པ། ལུས་དྲོད་ཚ་ཞིང་གྱེན་དུ་འཛེག་པའི་ཉམས་འབྱུང་། དེ་ནས་ཆུའི་རླུང་བཾ་ལས་ཆུའི་དཀྱིལ་འཁོར་བསིལ་ཞིང་གཤེར་བ་དབྱིབས་ཟླུམ་པོ་འོ་མའི་མཚོ་ལྟར་དཀར་ཐིང་བ། བཾ་དང་པདྨས་མཚན་པ། གསིལ་བ་དང་འཐུར་དུ་ལྷུང་བའི་ཉམས་འབྱུང་། དེ་ནས་སའི་རླུང་རང་གི་འཛིན་སྟངས་བཞིན་གཟུང་། སྲིན་པོའི་སྒོར་དྲག་ཏུ་འཕུལ་ནས་སྐད་ཅིག་ལ་འོག་རླུང་དྲག་ཏུ་འཛུམ་པས་ཐུར་སེལ་གྱི་རླུང་འཐེན་ཏེ། ལྟེ་བ་མན་ཐེར་གྱིས་དགང་། སྟེང་གློད་འོག་མ་ཉམས་པར་གཟུང་བ་ལ་ཤེས་པ་གཏད་དེ། ལཾ་ལས་སའི་དཀྱིལ་འཁོར་སྲ་ཞིང་བརྟན་པ་དབྱིབས་གྲུ་བཞི་ས་ལེ་སྤྲམ་ཕྱིས་པ་ལྟར་སེར་ཐིང་བ་དབུས་སུ་ལ། མཚམས་བཞིར་རྡོ་རྗེ་རྒྱ་གྲམ་བཞིས་མཚན་པ་བློས་འཁྱུད་ཚད་ཙམ་དུ་བསྒོམས་ཏེ་རླུང་སེམས་གཅུན་ལ་གཞག་གོ། །དེས་ཇི་ཞིག་ལྟར་ན་ལུས་སྲ་ཞིང་བརྟན་པ་དང་། ལྕི་བའི་ཉམས་དངོས་སམ་རྨི་ལམ་དུ་འབྱུང་ངོ་། །དེ་དག་མདུན་ན་ཡོད་པ་ལྟ་བུར་མཐོང་ནས་དཀྱིལ་འཁོར་སོ་སོའི་སྟེང་དུ་གདན་བལྟ་སྟེ། ནམ་མཁའ་ལ་ཡེ་ཤེས་ཀྱི་གདན། རླུང་ལ་སྒྲ་གཅན། མེ་ལ་ཉི་མ། ཆུ་ལ་ཟླ་བ། ས་ལ་དུས་མེ། ཐམས་ཅད་ཀྱང་ཟླུམ་པ་རང་རང་གི་རླུང་གནད་ཀྱིས་དཀྱིལ་འཁོར། དེ་ནས་རླུང་གནད་དེ་ཀ་ཇི་བཞིན་པས་གདན་བསྒོམ་མོ། །དེ་དག་ཀྱང་སྔ་མ་སྔ་མ་ལ་རྟགས་འཐོན་ནས་ཕྱི་མ་ཕྱི་མ་ལ་འཇུག་གོ། །འོག་ནས་འཇུག་པའི་རླུང་འདི་ཟིན་པས་ནད་ཐམས་ཅད་སེལ་ཞིང་ཕོངས་ཀྱིས་ཆུ་འཐུང་བ་དང་བཅུད་ཀྱི་ལེན་དུ་ཡང་འགྱུར་བ་དང་། སྟེང་རླུང་ཡང་རང་ཤུགས་ཀྱིས་ཟིན་ཏེ། འཐུར་དུ་ཟིན་པས་སྟེང་ཡང་དེ་བཞིན་ནོ། །ཞེས་པས་སོ། །གཉིས་པ་སྟེང་སྲོག་རླུང་ལ་རྟེན་ནས་ཡིག་འབྲུ་བསྒོམ་པ་ནི། ལུས་དང་མིག་སྟེང་གི་སྐྱིལ་ཀྲུང་ཇི་ལྟ་བས། ས་ཆུ་༼༨བ༡༦༽མེ་རླུང་ནམ་མཁའི་བདག་ཉིད་ཀྱི། ཡིག་འབྲུའི་རྒྱུ་བ་ཨཱ་ལི་ཀཱ་ལིའི་རླུང་། ཡི་གེ་གསུམ་གྱིས་སྟེང་དུ་བསྡམས་ལས། ཞེས་རྩ་བཅུད་མ་ནས་རླུང་སྡུད་རིམ་བཞིན་དུ་འབབ་པ། དེ་འཆིང་བའི་ཕྱིར་དང་། སྟེང་སྒོའི་གཡས་སུ་ཀཱ་ལིའི་རྩ་རྣམས་ཀྱི་རླུང་འབབ་པས་ངང་གིས་ཀཱ་ལིའི་རང་སྒྲར་འབྱུང་བས་དང་། གཡོན་དུ་ཨཱ་ལིའི་རྩ་རྣམས་ཀྱི་རླུང་འབབ་པས་ངང་གིས་ཨཱ་ལིའི་རང་སྒྲར་འབྱུང་བས་དང་། དེ་དག་འཇུག་གནས་ལྡང་གསུམ་གྱི་བདག་ཉིད་ཅན་ཏེ། དེ་འཆིང་བར་བྱེད་པས་སོ། །ཚུལ་གང་གིས་ཞེ་ན། ཡིག་འབྲུའི་རྒྱུ་བས་ཏེ། དེ་ཡང་སྔར་གྱི་གདན་རེའི་སྟེང་དུ་ཡིག་འབྲུ་བསྒོམ་ཏེ། རླུང་སྦྱོར་གཅིག་གིས་སའི་དཀྱིལ་འཁོར། གཉིས་པ་དུས་མེའི་གདན་བལྟས་ཏེ་ས་རླུང་འཛིན་བཞིན་དུ། འཇུག་པ་ཨོཾ་གྱི་དུས་སུ་གཡོན་ཕྱོགས་ནས། ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨ་ཨཱ་ཨེ་ཨཱཻ་ཨར་ཨཱར་ཨོ་ཨཽ་ཨ་ལ་ཨཱ་ལ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་གཡས་ཕྱོགས་ནས། ཀ་ཀཱ། ཁ་ཁཱ། ག་གཱ། ང་ངཱ། ཅ་ཅཱ། ཆ་ཆཱ། ཇ་ཇཱ། ཉ་ཉཱ། ཊ་ཊཱ། ཋ་ཋཱ། ཌ་ཌཱ། ཎ་ཎཱ། པ་པཱ། ཕ་ཕཱ། བ་བཱ། མ་མཱ། ཏ་ཏཱ། ཐ་ཐཱ། ད་དཱ། དྷ་དྷཱ། ན་ནཱ། ས་སཱ། ཉྥ་ཉྥཱ། ཥ་ཥཱ། ཤ་ཤཱ། ཐཀ་ཐཀཱ། ཞེས་པ་གསེར་གྱི་འཕྲེང་བ་ལྟར་སེར་ནར་རར་སྣ་སྒོའི་ཐད་ཙམ་ན་ས་ནམ་མཁའི་སོར་བཅུ་གཉིས་ཙམ་ནས་འོང་། དེའི་ཐད་ནས་འཐུར་དུ་བབས་ཏེ་དུས་མེའི་གདན། རང་གི་ལྟེ་བའི་འོག་ཙམ་གྱི་ཐད་དུ་གནས་པའི་སྟེང་དུ་བབས། གནས་པ་ཧཱུཾ་གི་དུས་ཐུར་སེལ་འཐེན་ནས་གདན་གྱི་སྟེང་དུ་ཨཱ་ལི་གཡོན་སྐོར། ཀཱ་ལི་གཡས་སྐོར་དུ་སྲམ་མེར་འདུག་པ་དབྱུང་བ་ཨའི་དུས། དེ་ནས་སྤྲུལ་ལངས་པ་བཞིན་གྱི་སྣའི་ཐད་ཀ་ཙམ་དུ་གྱེན་དུ་སོང་། དེ་ཙམ་ནས་སོར་བཅུ་གཉིས་ཀྱི་བར་ཐད་ཀ་ལས་ཅུང་ཟད་འཐུར་དུ་ཕྱོགས་པ་ནུབ་ལོགས་སུ་སོང་བར་བལྟའོ། །དེ་ནས་ཚུལ་དེ་འདྲ་བས་ཆུ་རླུང་། ཡིག་འབྲུ་མུ་ཏིག་གི་འཕྲེང་བ་ལྟ་བུ་སོར་བཅུ་གསུམ་གཡོན་བྱང་། མེ་རླུང་། ཡིག་འབྲུ་བྱི་རུའི་འཕྲེང་བ་ལྟ་བུ་སོར་བཅུ་བཞི་གཡས་ལྷོ། རླུང་གི་རླུང་། ཡིག་འབྲུ་ལུང་ཐང་གི་འཕྲེང་བ་ལྟ་བུ་སོར་བཅོ་ལྔ་སྟེ་ཤར། ནམ་མཁའི་རླུང་། ཡིག་འབྲུ་མུ་མེན་གྱི་འཕྲེང་བ་ལྟ་བུ་དབུས་སོར་བཅུ་དྲུག །༼༩ན༡༧༽དེ་དག་ཀྱང་སྔ་མ་སྔ་མ་ལ་རྟགས་འཐོན་ནས་ཕྱི་མ་ཕྱི་མ་ལ་འཇུག་གོ། །རྟགས་ནི་སྔར་བས་ཆེས་སྟོབས་སུ་གྱུར་པའོ། །སྟེར་འགགས་པ་ལས་འོག་ཏུ་ཟིན་པར་འགྱུར། ཐུར་དུ་ཟིན་པས་སྟེང་ཡང་དེ་བཞིན་ནོ་སྟེ། སྟེང་དུ་སྲོག་གི་རླུང་ཟིན་པས་འོག་ཏུ་ཐུར་སེལ་གྱི་རླུང་ཟིན་ཏེ། རིལ་བ་ཞབས་ཆགས་ཅན་བཞིན་ནོ། །ཞེས་སྟོན་པའོ། །གསུམ་པ་བར་མ་ནིང་གི་རླུང་ལ་བརྟེན་ནས་ཕྱག་མཚན་བསྒོམ་པ་ནི། ལུས་དང་མིག་བར་གྱི་སྐྱིལ་ཀྲུང་བཞིན་གྱིས། རྡོ་རྗེ་རལ་གྲི་རིན་ཆེན་པདྨ་དང་། འཁོར་ལོ་རྣམས་ནི་རིམ་བཞིན་གསལ་བལ་བལྟ། སྟེང་འོག་གོང་བུར་བསྲེ་བའི་ཕྱིར་ཏེ། སྟེང་རླུང་གཟུང་། འོག་རླུང་འཐེན། ཕོ་བ་རྣམས་བརྒྱངས་ནས་སྟེང་འོག་གློད། བར་མ་ཉམས་པས། ནམ་མཁའི་དཀྱིལ་འཁོར་གདན་ཡིག་འབྲུ་རྣམས་རླུང་སྦྱོར་རེ་རེས་གསལ་བཏབ་ནས། ཡེ་ཤེས་ཀྱི་གདན་གྱི་ཁའི་ཡིག་འབྲུ་ཡོངས་སུ་གྱུར་པ་ལས། སྟེང་དང་འོག་ཏུ་རྭ་ལྔ། པདྨ་གཉིས། མུ་ཁྱུད་བཞི་རིམ་ལྟེ་བ་ཟླུམ་པོ་དང་བཅས་པའི་རྡོ་རྗེ་མཐིང་ཤུན་རླན་གྱིས་སྤངས་པ་ལྟ་བུ་བསྒོམ། དེ་བཞིན་དུ་རླུང་སྦྱོར་སོ་སོས། སྒྲ་གཅན་གྱི་གདན་གྱི་ཡིག་འབྲུ་ཡོངས་སུ་གྱུར་པའི་རལ་གྲི་ནག་པོ་འོད་ཟེར་འབར་བ་དང་། རིན་པོ་ཆེ་ཆ་དགུ་པ་དམར་པོ་ཉི་མའི་གཟུགས་གཞན་པ་ལྟ་བུ་དང་། པདྨ་དཀར་པོ་ཟླ་བའི་མེ་ལོང་གཉིས་པ་ལྟ་བུ་དང་། འཁོར་ལོ་རྩིབས་སྟོང་སེར་པོ་ལྟེ་བ་མུ་ཁྱུད་དང་བཅས་པ་འཁོར་ལོ་སྒྱུར་བའི་འབྱོར་བ་ལྟ་བུ་རྣམས་བསྒོམ། བཞི་པ་ཁ་སྦྱོར་བུམ་པ་ཅན་ལ་བརྟེན་ནས་ལྷ་བསྒོམ་པ་ནི། སྟེང་འོག་བར་གསུམ་བསྡམས་པས་ཐོབ་པར་འགྱུར། ཞེས་གསུངས་པས་བུམ་པ་ཅན་བསྟན་ཏེ། ལས་དང་པོ་པའི་དུས་ཀྱི་དང་། རྣལ་འབྱོར་པའི་དུས་ཀྱིའོ། །སྔ་མ་ནི། པུས་མོ་བསྐོར་ཞིང་སེ་གོལ་བརྡབ། བརྒྱ་དང་རྩ་བརྒྱད་ཟིན་པའི་ཚད། ཅེས་པ་རབ་ཚུལ་དེ་ལྟར་བགྲངས་པའི་བདུན་ཅུ་རྩ་གཉིས་འབྲིང་། སུམ་ཅུ་རྩ་དྲུག་ཐ་མར་བསྟན་པའོ། །གཉིས་པ་ནི། ཉིན་གཅིག་སྲོག་ཕྱིར་འཕོར་མི་སྟེར་བའི་བུམ་པ་ཅན་ནད་འཕྲོག་པར་བྱེད་པ་ཆུང་ངུ་། ཞག་བཅོ་ལྔར་སྲོག་ཕྱིར་འཕོར་མི་སྟེར་བ་ནམ་མཁའ་ལ་འཕུར་༼༩བ༡༨༽བ་དངོས་སུ་སྦྱིན་པ་འབྲིང་། ཟླ་བ་གཅིག་ཏུ་སྲོག་ཕྱིར་འཕོར་མི་འཇུག་པ་འཆི་བ་མེད་པའི་ཚེ་དངོས་སུ་སྟེར་བ་ཆེན་པོ། ཟླ་བ་དྲུག་གི་རིང་སྲོག་ཕྱིར་སྐད་ཅིག་མི་རྒྱུ་བར་འཆིང་བ་ནི་སྲོག་གི་གཟུགས་སམ་རིག་མའི་སྐྱེས་བུ་གྲུབ་པའི་དངོས་ཀྱི་རྒྱུ་དེ་བུམ་པ་ཅན་ཆེན་པོའི་ཆེན་པོའོ། །དེ་ལྟར་འབུམ་ལྔར། ཉིན་མཚན་དུ་ནི་དབུ་མར་སྲོག །ཞུགས་པས་ནད་རྣམས་འཕྲོག་པར་བྱེད། ཆོས་ཀྱི་ཉིན་ཞག་སྲོག་བཅིངས་ན། འདིས་ནི་མཁའ་སྤྱོད་ཉིད་སྟེར་བྱེད། ཟླ་གཅིག་སྲོག་སད་སྙིང་ཁར་གནས། རྣལ་འབྱོར་པ་རྣམས་འཆི་མེད་འགྱུར། ལྟེ་བར་ཟླ་དྲུག་བསྲེགས་ན་ནི། འདི་ཡིས་ཐམས་ཅད་མཁྱེན་ཉིད་སྟེར། ཞེས་གསུངས་པས་སོ། །སྲོག་འགོག་པ་ནི་སྔར་བསམ་གཏན་དུ་འོད་གསལ་གོམས་པར་བྱེད་པ་ཉིད་ཀྱིས་ཞར་ལ་རླུང་རྣམས་རྒྱུ་བ་ཞན་པར་གྱུར་པའི་རིམ་གྱིས་འགགས་པར་གསུངས་པ་དེ་ཉིད་མཆོག་ཡིན་པས་སྡོམ་འབྱུང་ལས་ཀྱང་། སྟེང་དང་འོག་ཏུ་འགྲོ་བའི་རླུང་། ཁ་སྦྱོར་དུ་ནི་ཡིད་ཀྱིས་བྱ། ཞེས་གསུངས་ལ། དེ་གོམས་པར་བྱེད་མི་ནུས་པ་ལ་ནི། རྡོ་རྗེའི་བཟླས་པ་དང་ཁ་སྦྱོར་བུམ་པ་ཅན་ཉིད་གཙོ་བོར་གསུངས་སོ། །སྣོད་བཅུད་ཐ་མལ་འཛིན་པ་རབ་སྤངས་ཏེ། ཞེས་པ་ནི་སྔོན་དུ་བསྐྱེད་རིམ་པས་སྟོང་པ་བསྒོམ་པ་བཞིན་སྲོག་གཟུགས་བསྒྲུབ་པའི་རྣལ་འབྱོར་པ་འདིས་ཀྱང་རྡོ་རྗེའི་བཟླས་པ་ལ་བརྟེན་ནས་སྟོང་པ་ཉིད་ཀྱི་གཟུགས་བསྒོམ་སྟེ། དེས་དངོས་པོར་སྣང་བ་ཐམས་ཅད་ལ་དངོས་པོར་འཛིན་པ་དང་བྲལ་བས་སྒྱུ་མ་ཙམ་དུ་བལྟའོ་ཞེས་པའི་དོན་ཏོ། གདན་དང་ཡིག་འབྲུ་ཕྱག་མཚན་གསལ་བ་ལས། ཞེས་པ་ནི། སྟོང་པ་ཉིད་དེའི་གསལ་སྣང་ལས། དཀྱིལ་འཁོར་དང་། གདན་དང་། ཡིག་འབྲུ་དང་། ཕྱག་མཚན་རྣམས་གོ་རིམ་བཞིན་དུ་རླུང་སྦྱོར་རེས་བསྒོམ་པར་བསྟན་ནོ། །རིགས་ལས་སྐྱེས་པ་དེ་བཞིན་གཤེགས་པའི་སྐུ། ཞེས་པས། ཁམས་ལྔའི་དབྱེ་བས་རིགས་ལྔའམ་དྲུག་གིས་ལྷ་དེ་དང་དེར་སློང་ཞེས་པའོ། །སློང་བའི་ཚུལ་ཡང་། གདན་དང་ལོང་བུ་སྐེ་རགས་ཚངས་སྐུད་དང་། ཕྱག་དང་ཞལ་དང་སྤྱན་དང་སྐྲ་མཚམས་དང་། རྒྱན་དང་ཆ་ལུགས་མ་ལུས་རབ་༼༡༠ན༡༩༽རྫོགས་ནས། །གཙུག་ཏོར་བར་དུ་རིམ་བཞིན་གསལ་བར་བལྟ། ཞེས་མས་རིམ་དུ་བསྒོམ་པ་དང་། གཙུག་ཏོར་ནས་གཟུང་གདན་ལའང་དེ་བཞིན་ནོ། །ཞེས་ཡས་རིམ་གྱིས་བསྒོམ་པ་ལ་གོམས་པར་བྱེད་པ་བརྟན་པས་འདིར་ལུས་དང་མིག་རྡོར་བཟླས་བཞིན་ནོ། །རླུང་གི་གནད་ནི། ནམ་མཁའི་རླུང་རང་གི་འཛིན་སྟངས་ཀྱིས་གཟུང་སྟེ་འོག་ཏུ་འཕུལ་འོག་དྲང་པོར་འཛུམ་པས་སྟེང་དུ་འཐེན། བར་གྱི་རླུང་ཕོ་བ་དང་བཅས་པའི་ལྟེ་བར་བརྒྱངས་ཏེ་གསུམ་སྦྱོར་དུ་བྱའོ། །དེ་ནས་དམིགས་པ་ཡེ་ཤེས་ཀྱི་གདན་གྱི་ནམ་མཁའི་རྡོ་རྗེ་སྔོན་པོ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་རྡོ་རྗེ་དབྱིངས་ཕྱུག་མས་འཁྱུད་པ། སྐྱིལ་ཀྲུང་གིས་བཞུགས་ཤིང་ཡུམ་པདྨའི་སྐྱིལ་ཀྲུང་གིས་འཁྱུད་པ་རལ་པའི་ཅོན་པན་ཅན་རྒྱན་མེད་པ། རྡོ་རྗེ་དང་དྲིལ་བུ་འཛིན་པ་བསྒོམ། དེ་བཞིན་དུ། རལ་གྲི་ལས་དོན་གྲུབ་རྣམ་སྣང་ལྟ་བུའི་སྤྱན་མས་འཁྱུད་པ། རལ་གྲི་དང་ཕུབ་འཛིན་པ། རིན་པོ་ཆེ་ལས་རིན་འབྱུང་སྣང་མཐའ་ལྟ་བུའི་མཱ་མ་ཀིས་འཁྱུད་པ་མེའི་མདའ་གཞུ། འོད་དཔག་མེད་རིན་འབྱུང་ལྟ་བུའི་གོས་དཀར་མོས་འཁྱུད་པ་ཐོ་བ་དང་པདྨ། འཁོར་ལོ་ལས་རྣམ་སྣང་དོན་འགྲུབ་ལྟ་བུའི་སྒྲོལ་མས་འཁྱུད་པ་འཁོར་ལོ་དང་དུང་། གོམས་ནས་འབྱུང་བ་རྣམས་བརྩེགས་མ། གདན་རྣམས་བརྩེགས། སྤྱན་གསུམ་པ། མཆེ་བ་གཙིགས་པ། རལ་པའི་ཅོད་པན་ཅན། རྡོ་རྗེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གསོལ་བ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། སྣ་ཚོགས་ཡུམ་ལ་ཡང་དག་པར་འཁྱུད་པ། སྣ་ཚོགས་ཡུ་མི་གསེར་གྱི་མདོག་ཅན་གྲི་གུག་དད་ཐོད་པ་འཛིན་པས་ལབ་ལ་འཁྱུད་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐད་ཅིག་གིས་བལྟས་ནས། རྒོད་པའི་ཚེ་སྟེང་གློད། སྨད་བསྒྲིམས་ནས་མས་རིམ་གྱིས་༼༡༠བ༢༠༽གསལ་བཏབ། བྱིང་བའི་ཚེ་སྨད་གློད། སྟོད་བསྒྲིམས་ནས་ཡས་རིམ་གྱིས་སྤྱི་མི་གསལ་ན་སྤྱི། བྱེ་བྲག་མི་གསལ་ན་བྱེ་བྲག་བསྒོམ་ཞིང་། ཡབ་བཅུ་དྲུག་པའི་ལང་ཚོ་དང་། ཡུམ་བཅུ་གཉིས་པའི་ན་ཚོད་ཅན་དུའོ། །རྒྱུན་དུ་སྐུ་ཝ་ལ་ལེར་སྣང་ཡང་རང་བཞིན་གྱིས་སྟོང་པ་མེ་ལོང་གིས་གཟུང་བའི་གཟུགས་བརྙན་ལྟ་བུར་བལྟའོ། །གཉིས་པ་དེ་ལ་བརྟེན་པའི་བཟླས་པ་ནི། འབྱུང་འཇུག་གནས་གསུམ་རྩ་བའི་རླུང་རྣམས་ཀྱང་། དེ་དུས་སྐུ་གསུང་ཐུགས་ཀྱི་བཟླས་པར་འགྱུར། ཞེས་པ། བུམ་པ་ཅན་དེས་གཡས་གཡོན་འབའ་ཞིག་པའི་འཕོ་བ་ཁེགས་ནས་དབུ་མའི་རླུང་དུ་སོང་བ་དེའི་དུས་ན་རྩ་བའི་རླུང་ལ་སོགས་པའི་འབྱུང་འཇུག་གནས་པའི་རླུང་དང་ཡི་གེ་གསུམ་གྱི་སྔགས་དབྱེར་མི་ཕྱེད་པའི་འོད་གསལ་བ་ཉིད་མངོན་དུ་བྱས་པ་སླར་གོམས་པར་བྱས་པའི་བཟླས་པར་འགྱུར་ཞེས་པ་སྟེ། གོམས་པ་དེས་སྲོག་ཕྱིར་རྒྱུ་བ་མེད་པའི་འགོག་པའི་བཟླས་པ་ཡང་འགྲུབ་པར་བྱེད་དོ། །དེ་ནི་མ་ནིང་གི་རླུང་གོམས་པར་བྱེད་པའི་བཟླས་པ་དེ་ཡང་། དམ་ཚིག་གི་བཟླས་པ་སྐུའི། ཁྲོ་བོའི་བཟླས་པ་གསུང་གི། དོ་ལིའི་བཟླས་པ་ཐུགས་ཀྱི་བཟླས་པའོ། །དང་པོ་ནི། ལྷའི་ཐུགས་ཀར་ཉི་མ་ལ་ས་བོན་ཨཱ་ལི་ཀཱ་ལིའི་སྔགས་འཕྲེང་གིས་བསྐོར་བ། རླུང་ཕྱིར་དབྱུང་བ་ཨཱཿའི་དུས་སྔགས་འཕྲེང་ལས་ལྷ་འམ་འོད་ཟེར་དཀར་པོ་འཕྲོས། ཞི་སོགས་ལས་ཀྱིས་སེམས་ཅན་གྱི་དོན་བྱས། འཕགས་པ་རྣམས་མཆོད། འཇུག་པ་ཨོཾ་གྱི་དུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་ཐམས་ཅད་ཁབ་ལེན་གྱིས་ལྕགས་བཞིན་དུ་བསྡུས། གནས་པ་དྷཱུཾ་གི་དུས་ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པར་མོས་པས། སྔགས་ཀྱང་དང་པོར་ཨོཾ་ཨཱཿདང་མཐར་ཧཱུཾ་དང་སྭཱཧཱས་བཅིང་བའོ། །གཉིས་པ་ནི། ཡབ་ཡུམ་རྗེས་སུ་ཆགས་པའི་དུས་སྔགས་ཀྱི་འཕྲེང་བ། ཞི་བ་ལ་མག་ལ་མེ་འཁོར་བ་ལྟ་བུ། རྒྱས་པ་ལ་སྒྲོའི་ཆུན་པོ་ལྟ་བུ། དབང་ལ་ལྕགས་སྒྲོག་སྦྲེལ་བ་ལྟ་བུ། དྲག་པོ་ལ་ཐིག་གུ་བསྒྲིལ་བ་ལྟ་བུར་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་ཏེ་པདྨ་དང་རྡོ་རྗེར་འཁོར་བར་བསྒོམ་མོ། །གསུམ་པ་ནི། སྔགས་༼༡༡ན༢༡༽འཕྲེང་རྡོ་རྗེ་ནས་ཡུམ་གྱི་བྷ་གར་དེ་ནས་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་འཁོར་བར་དམིགས་པ་སྟེ་རྗེས་སུ་ཆགས་པས་བདེ་སྟོང་བསྐྱེད་པའི་བཟླས་པ་ཞེས་བྱའོ། །དེ་དག་ལ་བོགས་འབྱིན་པ་ནི། ལག་པ་ས་གནོན་ནུ་བྱས་ཏེ་ཕོ་སྐོར་དང་བཅས་པས་སྔགས་འཕྲེང་རླུང་འཁོར་བཞིན་དུ་འཁོར་བར་བསམས་ཏེ་ཞི་རྒྱས་གཡས་དང་དབང་དྲག་ལ་གཡོན་དུའོ། །གསུམ་པ་ལས་བསྒྲུབ་པའི་ཚུལ་ནི། རང་རང་རིགས་ཀྱི་འབྱུང་བའི་ཁ་དོག་བཞིན། ཞི་རྒྱས་དབང་དང་མངོན་སྤྱོད་རིམ་པས་ཡིན། ཞེས་པས་ཏེ། གྲུབ་ཆེན་པ་ཉིད་ཀྱིས། ཆུ་རླུང་བཞི་སྦྱོར་ཞི་བའི་ལས། ས་རླུང་བཞི་སྦྱོར་རྒྱས་པའི་ལས། མེ་རླུང་བཞི་སྦྱོར་དབང་གི་ལས། རླུང་གི་བཞི་སྦྱོར་དྲག་པོའི་ལས་ཞེས་གསུངས་པ་བཞིན། ལས་དང་མཐུན་པའི་ལྷར་བསྐྱེད་པ། སྔགས་བཟླ་བ། ཏིང་ངེ་འཛིན་བསྒོམ་པ། ལས་ལ་སྦྱར་བ་བཞི་ཕྲུགས་ཀྱིས་ཏེ། བཏང་སྙོམས་པའི་སེམས་ཀྱིས། སྔར་བཤད་པའི་ཚུལ་གྱིས་ལྷ་འོད་དཔག་མེད་བསྐྱེད། ཐུགས་ཁར་ཟླ་གདན་པདྨ་ལ་ས་བོན་ཨུ་ཡཐར་སྔགས་ཨོཾ་ཨུ་ཨཱུ་ཁ་ཚ་ཋ་ཐ་ཕ་ཝ་ཉྥ་སྭཱཧཱ། སྒྲུབ་པའི་སྔགས་སོ། །ལས་སྦྱོར་ལ་སྤེལ་ཚིགས་སྭཱཧཱ་བཞག་ནས། ཆེ་གེ་མོ་ཤཱནྟིང་ཀུ་རུ་ན་མཿབཟླས་པ་དང་། ཏིང་ངེ་འཛིན་ཆུ་རླུང་དབྱུང་བའི་དུས་འོད་ཟེར་དཀར་པོ་འཕྲོས། འཇུག་པའི་དུས་ཞི་བའི་ལྷ་ཚོགས་སྤྱན་དྲངས། དེ་རྣམས་སྐུ་གསུང་ཐུགས་ཡེ་ཤེས་མི་ཕྱེད་པའི་བདུད་རྩིར་དཀར་ལྟེམ་གྱིས་ཞུ་བ་རང་ངམ་བསྒྲུབ་བྱའི་སྤྱི་བོ་ནས་ཞུགས། སྡིག་པ་དང་སྒྲིབ་པ་ཐམས་ཅད་དུད་ཁུའི་རྣམ་པ་གདན་བགེགས་འཆི་བདག་གི་བདུད་སོགས་སྲོག་ཆགས་མི་སྡུག་པའི་རང་བཞིན་དུ་འོག་གི་སྒོ་ནས་འཐོན་ཏེ། ལུས་ངག །གནས་དུས་དངས་མ་ཡེ་ཤེས་ཀྱི་ནུས་པས་རྐང་མཐིལ་ནས་སྤྱི་བོའི་བར་ཁེངས་ཏེ་དམ་ཚིག་པ་དང་འདྲེས་པར་བསམ་སྟེ། ཐམས་ཅད་ཀྱང་རྣམ་པར་མི་རྟོག་པར་རྩེ་གཅིག་པས་སོ། །དེ་བཞིན་དུ་རྒྱས་པ་ལ་དགའ་བའི་སེམས་ཀྱིས་རྣམ་སྣང་། ལྟེ་བར་དུས་མེ་ལ་འཁོར་ལོ་ས་བོན་ལ་སྔགས། ཨོཾ་ལྀ་ལཱྀ་ཀ་ཙ་ཊ་ཏ་པ་ལས་སྭཱཧཱ། ཆེ་གེ་མོའི་ཕུན་སུམ་ཚོགས་པ་ཐམས་ཅད་༼༡༡བ༢༢༽པུཥྚིཾ་ཀུ་རུ་སྭཱཧཱ། འོད་ཟེར་གྱིས་རྒྱས་པའི་རིགས་ཀྱི་ལྷ་ཐམས་ཅད་སྤྱན་དྲངས། དེ་རྣམས་སྐུ་གསུང་ཐུགས་མི་ཕྱེད་པའི་འཁོར་ལོ་རོ་གཅིག་པ་བདག་གམ་བསྒྲུབ་བྱ་ལ་ཐིམ་པས་བསོད་ནམས་དམན་པ་དང་སྐལ་བ་ཞན་པའི་ལས་ཀྱི་རྣམ་པར་སྨིན་པས་བོན་དང་བཅེས་བདག །ཕུན་སུམ་ཚོགས་པའི་བསོད་ནམས་སྐྱེས་ཏེ་ཚེ་དང་ལོངས་སྤྱོད་དང་མངའ་ཐང་རྒྱས་ཏེ། ཟད་པ་མེད་པ་ནམ་མཁའི་མཛོད་ཐོབ་པས་སེམས་ཅན་ཐམས་ཅད་ཀྱི་ཡོངས་འདུའི་ཤིང་ཆེན་པོར་གྱུར་ཏེ་འདོད་པ་ཐམས་ཅད་སྦྱིན་པར་བསམ་མོ། །དབང་ལ་རྗེས་སུ་ཆགས་པ་བྱམས་པའི་སེམས་ཀྱིས་རིན་འབྱུང་། ལྟེ་བར་ཉི་མ་ལ་རིན་པོ་ཆེ་ལ་ས་བོན་རྀ་སྔགས། ཨོཾ་རྀ་རཱྀ་ག་ཛ་ཌ་ད་བ་ར་ཥ་སྭཱཧཱ། ཆེ་གེ་མོ་བཽཥ་ཊ། འོད་ཟེར་གྱིས་དབང་དང་འགུགས་བྱེད་ཀྱི་རིགས་ཀྱི་ལྷ་ཐམས་ཅད་སྤྱན་དྲངས་ཏེ། དེ་རྣམས་ཀྱིས་ལྕགས་ཀྱུ་ཞགས་པ་ཐོགས་ཏེ་རྒྱལ་པོའམ་བཙུན་མོ་ལ་སོགས་པ་སྣང་སྲིད་ཀྱི་ལྷ་འདྲེ་མི་གསུམ་གང་དབང་དུ་བྱ་འདོད་པ་སྟེ། སྐྱེས་པའི་སྙིང་ཀ །བུད་མེད་ཀྱི་བྷ་གར་བཏབ། ཞགས་པས་བཅིངས་པས་བདེ་བས་མྱོས། བདག་གི་མདུན་དུ་བཀུག་སྟེ་གན་རྐྱལ་དུ་གནས་པ་ཁབ་ལེན་དང་ཕྲད་པའི་ལྕགས་བཞིན་དུ་ཚུར་འདུས་པ་འདར་ཧེད་ཧེད་དབང་དང་བྲལ་བར་བསམ་མོ། །དྲག་པོ་ལ་ཤིན་ཏུ་སྙིང་རྗེ་བའི་ནང་གི་མ་རུངས་པའི་སེམས་ཀྱིས་ལྷ་དོན་གྲུབ། ལྟེ་བར་སྒྲ་གཅན་ལ་ས་བོན་ཨི་སྔགས། ཨོཾ་ཨི་ཨཱི་གྷ་ཛྙྱ་ཌྷྜྷ་དྷ་བྷ་ཡ་ཤ་སྭཱཧཱ། འོད་ཟེར་གྱིས་དྲག་པོའི་རིགས་ཀྱི་ལྷ། འཇིག་རྟེན་ལས་སྒྲུབ་ཀྱི་འདྲེ་དང་བཅས་པ་བཀུག །དེ་དག་གི་སྤྲུལ་པའི་ཕོ་ཉ་ཁྲོ་ཞིང་ཞུད་པ་འཇིགས་ཤིང་གཏུམ་ལ་མི་བཟད་པའི་མཚོན་ཐོགས་པ་དཔག་ཏུ་མེད་པ་བཀྱེ། དགྲ་བགེགས་འགོ་བའི་ལྷ་དང་ཕྲལ་ཏེ་བདག་གི་རྐང་པའི་དྲུང་། གཤིན་རྗེའི་བཙོན་ཁང་དུ་བཅུག །སྲོག་གཅད་དབུགས་འགམ་བློ་ཟོས་ཏེ་ཤ་ཁྲག་ལ་སྦྲང་བུ་རུལ་བའི་དྲི་ལ་འཐིབས་པ་བཞིན་དུ་ཕུངས་ཕུངས་རུབ་པར་བསམ་མོ། །བསྐྲད་པ་ལ། འཇུག་དུས་བསྒྲུབ་བྱ་བཀུག །གནས་དུས་རླུང་ལྟར་མགྱོགས་པའི་རྔ་མོ་ལ་བསྐྱོན། དབྱུང་དུས་རྒྱ་མཚོའི་མཐའ་ལ་༼༡༢ན༢༣༽ཐུག་པར་བསྐྲད་པར་བསམ་སྟེ། དྲག་པོའི་སྔགས་མཐར། ཆེ་གེ་མོ་ཨུ་ཙྪ་ཊ་ཡ་ཧཱུཾ། རེངས་པ་ལ། ས་རླུང་རྔུབ་དུས་བཀུག་སྟེ་བསྐྱེལ་བའི་ལུས་ངག་ཡིད་ལ་ཕུར་བུས་བཏབ། གནོན་དུས་རི་རབ་ཀྱི་འོག་ཏུ་མནན། སྟཾ་བྷ་ཡ། དབྱེ་བ་ལ་དབྱེ་བྱ་དགུག །བྱ་འོག་དང་འུག་པའམ་རྟག་དང་གཡག་ཏུ་སོང་ནས་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ནས་འཁོར་དུས་དེ་གཉིས་ཅི་ཡང་འཐབ་པར་སེམས་པ་དང་ལྟེ་བའི་རླུང་གཡས་གཡོན་དུ་དཀྲུགས་པས་མཐར་ཅིག་ཤོས་ཇེ་ངན་དུ་སོང་ནས་ཕྱིར་འབུད་པ་དང་བསྐྲད་པ་བཞིན་བྱའོ། །ཆེ་གེ་མོ་པྲ་པེ་ཤ་ཡ་ཕཊ། ནམ་མཁའི་རིགས་ཀྱི་ལྷ། ཡེ་ཤེས་ཀྱི་གདན་ལ། རྡོ་རྗེ་ས་བོན་ཨ། སྔགས་ཨོཾ་ཨ་ཨཱ་ང་ཉ་ཎ་ན་མ་ཐཀ་སྭཱཧཱ། དབྱུང་པ་འོད་ཟེར་འཕྲོས། གནས་པ་ལུས་ཐམས་ཅད་ནམ་མཁའི་རང་བཞིན་དུ་སོང་བར་བསམ། འཇུག་པའི་དུས་ལྷ་ལ་སོགས་པར་དམིགས་པས་མི་སྣང་བར་བྱེད་དེ་གཞན་ཡང་། ལས་ཐམས་ཅད་ལ་དེ་དང་འདྲ་བར་སྦྱོར་རོ། །སྔགས་ནི་འདིར་ཨཱ་ལི་ཀཱ་ལི་ཉིད་ཀྱི་དབང་དུ་བྱས་ལ། གཞན་དུ་ལས་སོ་སོའི་གཞུང་བཞིན་གྱིས་རུང་ངོ་། །གསུམ་པ་རྗེས་ནི། འབྱུང་བའི་རླུང་རྣམས་རང་རང་འཛིན་སྟངས་ཀྱིས། བསྐྱོད་པར་གྱུར་ཚེ། ཞེས་ཚུལ་དེ་དག་གིས་འབྱུང་བ་རླུང་རང་རང་གི་འཛིན་སྟབས་ཀྱིས་ཕྱིར་འགྲོ་བ་འགོག་པས་དང་པོར་ལྟེ་བའི་དྷཱུ་ཏཱི་ཁ་བྱེ། དེར་སེམས་རླུང་གི་བཞོན་པ་ཅན་རྣམས་བཙན་ཐབས་སུ་འདུས་པས་ལུས་ལ་མི་བཟད་པའི་ཟུག་རྔུ་ལྤགས་པ་ཐམས་ཅད་ཁབ་ཀྱིས་ཕུག་པ་ལྟ་བུ་འབྱུང་བ་དེ་ཤིན་ཏུ་སྦྱངས་པའི་བདེ་བར་བསྒྱུར་བའི་ཕྱིར་ལུས་སྦྱོང་བསྟན་པ་སྟེ། རྩ་བ་བཅུ་བདུན་མ་དང་། དེ་ཕྱེ་བ་ལྔ་བཅུ་པའི་མིང་ཅན། འགྲངས་ལྟོགས་སྙོམས་པའི་དུས་དུ་བའི་གནོད་པ་མེད་པར་རླུང་ལེགས་པར་གཅུན་ནས་གནས་སོ་སོར་འཆུན་འཐོན་པས་བསྒྲུབ་པར་བྱའོ། །དེའི་ཞར་ལ་རྐང་མགྱོགས་ཀྱི་རླུང་སྦྱོར་གསུངས་ཏེ། འགྲོ་བའི་དུས་སུ་རྐང་པ་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་སྣ་གཉིས་གཡོ་བའི་བ་དན་གྱིས་མཚན་པ། ལྟེ་བར་བླ་མའི་སྐུ་མཚོན་གང་བ་ཞིག་བསྒོམ། མིག་པར་སྣང་ལ་གཏད་དེ་རིག་པ་དར་བསྐྱེད་ནས་འགྲོ་བར་བྱའོ། །༼༡༢བ༢༤༽རྒྱུད་དུ་རྐང་མགྱོགས་ཀྱི་འཕྲུལ་འཁོར་ལ་འབད་དོ། །རླུང་སྨན་དུ་བཏང་བ་རིམས་ནད་བཟློག་པ་སོགས་དང་། ཟས་སུ་ཟ་བ་བུམ་པ་ཅན་དང་བསྟུན་སོ་རྩི་དང་ལྕེ་ཆུང་འཇིབ་ཅིང་མཆིལ་མ་མིད་དོ། །བཞི་པ་འཕྲོས་དོན་བར་རླུང་བཤད་པ་ལ། ངོ་བོ། དབྱེ་བ། བོགས་འདོན་དང་གསུམ། དང་པོ་ནི། སྙིང་གཡོན་ཚད་སྲོག་སྟེ་ཕོ། ལྟེ་བ་མན་ཆད་ཐུར་སེལ་ཏེ་མོ། དེའི་བར་ནི་མ་ནིང་གི་རླུང་ཞེས་བྱ་སྟེ་ཡོན་ཏན་ཐམས་ཅད་ཀྱི་གཞིའོ། །དེ་འཛིན་པ་ནི། ལུས་དང་མིག་བར་གྱི་སྐྱིལ་ཀྲུང་ཇི་ལྟ་བ་ལ་སེམས་མི་རྟོག་པ་ལ་བཞག་སྟེ། སྟོད་སྨད་ལ་འཆུན་མ་ཤོར་བར་ལྟེ་བ་མདུན་དུ་འཕུལ་ནས། རླུང་འགྲོ་འོང་མི་འགོག་པར་རང་སར་གཞག །སྨད་མ་བདེ་ན་རྒྱ་མཚོ་སྟོད་དུ་འཕུལ། སྟོད་མ་བདེ་ན་ལྟེ་འོག་ཡུམ་ཚན་མོའི་གནས་སུ་ཤུགས་ཆེ་བར་འཕུལ་ལོ། །གཉིས་པ་ལ་རྩོལ་མེད། རང་འགག་གསུམ་སྦྱོར་གསུམ། དང་པོ་ནི། རྒྱ་མཚོ་ཕྱིར་འབུལ་བ་དེ་ཉིད་རྩོལ་བ་ཅི་ཡང་མེད་པར་རྒྱུན་དུ་བསྟེན་ཅིང་། སྨྲ་བརྗོད་རླུང་འཇུག་དབྱུང་གི་ཚེ་ཡང་མི་མཉམ་པར་རོ། །གཉིས་པ་ནི། སྲོག་རྩོལ་མི་རྔུབ་པར་རང་འགགས་སུ་ཁབ་བགགས་ཏེ་ལྟེ་འོག་ཏུ་བསྒྱུར་ནས་ཐུབ་ཚད་དུ་མནན་མི་ཐུབ་པ་དང་ཁ་སྣ་གཉིས་ནས་དུས་གཅིག་ལ་འཁུན་བུ་དང་བཅས་ནས་གཏོང་། གསུམ་པ་ལ། སྟེང་རླུང་གཙོ་ཆེ་བའི་གསུམ་སྦྱོར། འོག་རླུང་གཙོ་ཆེ་བའི་གསུམ་སྦྱོར། སྟེང་འོག་བར་གསུམ་ལ། དེ་ལ་བཟློག་པ་མཉམ་པ་གསུམ། བདེ་རླུང་གཙོ་ཆེ་བའི། དྲོད་རླུང་གཙོ་ཆེ་བའི་གསུམ་སྦྱོར་དྲུག །རིམ་པ་བཞིན་དང་པོར་སྟེང་། དེ་ནས་འོག་ཤུགས་རྫོགས་པར་འཐེན། བར་རླུང་བརྒྱངས། ལྟེ་བར་བསྲེས་ནས་རྒྱ་མཚོ་སྟོད་དུ་འཕུལ་ཏེ་དེར་འཆུན་འཐོན་པ་དང་། དང་པོ་ཐུར་སེར་རྒྱབ་ནས་དྲངས་མདུན་ནས་འོག་ཏུ་འཕུལ། དེའི་ཁར་སྟེང་རླུང་དང་བར་ཤུགས་རྫོགས་པར་འཕུལ་ཏེ་ཡུམ་ཆེན་མོའི་གནས་སུ་འཕུལ་ཏེ་གསང་བར་འཆུན་འཐོན་པ་དང་། སྟེང་མནན། འོག་འཐེན་པ་དུས་མཉམ་པས་ལྟེ་བར་བསྲེས་ནས་ཐད་ཀར་འཕུལ་བས་སྟོད་སྨད་ཆ་མཉམ་དུ་འཆུན་འཐོན་པ་དང་། ཐུར་སེལ་རྒྱབ་ནས་དྲངས་ཏེ་འཐུར་དུ་འཕུལ་ནས་སྟེང་རླུང་མནན། བར་རླུང་བརྒྱངས་༼༡༣ན༢༥༽ནས་པ་དེ་དྲོད་གསང་གསུམ་དུ་འཕུལ་བས་དེ་གསུམ་སྤྱིར་འཆུན་འཐོན་པ་དང་། ལུས་ཅུང་ཟད་དགྱེ་བས། འོག་རླུང་འཐེན་སྟེང་མནན། བར་རླུང་བརྒྱངས་ནས་བདེ་རླུང་གི་གནས་སུ་འཕུལ་བ་དྲི་ཆུའི་ལམ་དུ་འཆུན་འཐེན་པ་དང་། འོག་འཐེན། སྟེང་མནན། བར་བརྒྱངས་ནས་ལུས་ཅུང་ཟད་སྒུར་བས་དྲོད་རླུང་དུ་འཕུལ་བ་ལྕི་ལམ་དུ་འཆུན་འཐོན་པའོ། །འདི་ཐམས་ཅད་ལ་རླུང་འཛིན་གཏོང་གཉིས་ཀར་རྒྱ་མཚོ་གཡོ་འགུལ་མེད་པར་དགོས་སོ། །གསུམ་པ་བོགས་འདོན་ལ། གསུམ་སྦྱོར་དང་རྩལ་སྦྱོང་གཉིས། དང་པོ་ལ། བྱེད་ཆིངས་དང་གཉིད་ལོག་གཉིས་ལས། དང་པོ་ལ། གོས་དཀར་མོའི་ལམ་འགོག་པ། ཐབས་འགོག་པ། ཤེས་རབ་འགོག་པ། གཉི་ག་འགོག་པ་བཞི། རིམ་པ་བཞིན་ལུས་གནད་གཞན་སྔར་བཞིན་ལས། ལག་པ་གཡས་བསྲང་བའི་སོར་མོ་ཕོང་ཚོས་འོག་ཏུ་གཞུག །གཡོན་པའི་མཐེབ་སྲིད་གྱིས་གོས་དཀར་མོའི་ཕོ་བྲང་མགྲིན་པའི་རྦ་རླབས་མི་དྲག་ཙམ་ལྟེམ། རླུང་གསུམ་སྦྱོར་དུ་འཛིན་པ་དང་། གཞན་འདྲ་བ་ལ་གཡོན་པའི་སྲིན་ལག་གིས་རྐྱང་མའི་རླབས་ལྟེམ་པ་དང་། ལག་པ་གཡོན་སྔར་བཞིན་བཙུགས། གཡས་པའི་སྲིན་ལག་གིས་རོ་མའི་རླབས་ལྟེམ་པ་དང་། སླར་གཡོན་པའི་སོར་མོས་གཉི་ག་དྲག་པར་གནོན་པའོ། །འདི་ནི་བྱེད་པ་སྒོ་ལྔའི་ཤེས་པ་གཅུད་ལ་འབོར་བའི་བཅིང་བ་ཡིན་པས་བྱེད་བཅིངས་སོ། །གཉིས་པ་གཉིད་ལོག་བཅུ་གཉིས་ཏེ། ལག་གཉིས་བསྣོལ་བ་དཔུང་མགོ་ལ་འཇུས་གསུམ་སྦྱོར་གཟུང་། སྐེད་པ་གཡོན་ནས་གཡས་ཀྱི་དཔུང་པར་འཐེན་ཅིང་ཕྲག་པར་གཅུད། དེ་བཞིན་གཡོན་གྱི་དཔུང་པར་འཐེན་ནས་ཕྲག་པར་འཐེན་པ་གཉིད་ལོག་ཆུང་ངུ་། མ་ཀོ་བོ་མདུན་དུ་བཀུག་སྟེ་མདུན་གྱི་རྩ་གནོན། རྒྱབ་ཏུ་དགྱེ་བོར་བཏང་ནས་ལྷག་པས་རྒྱབ་རྩམ་ནན་པ་དང་བསྟུན་ལུས་གཡས་སུ་གཅུས་ཏེ་གཡས་རྩ་མནན། གཡོན་དྲུག་ཅུས་ཏེ་གཡོན་རྩ་གནོན་པ་གཉིད་ལོག་ཆེན་པོ། བར་ལྷུའི་འོག་གྲུ་མོའི་སྟེང་ཙམ་དུ་འཇུས་ནས་གཉིད་ལོག་ཆུང་ངུ་གྲུ་མོ་གཅུད། ཆེན་པོ་དེའི་སྟེང་ནས་གྲུ་མོ་དང་ལུས་སྔར་བཞིན་གཅུད་པ་དང་། རྡོ་རྗེ་ཁུ་ཚུར་ལག་མགོའི་༼༡༣བ༢༦༽འབྲེལ་མཚམས་ནས་སྙིང་གར་བསྣོལ་ནས་ལག་མགོ་རྐང་ངར་གཉིས་ལ་འཆུན་འཐོན་པ་ཆུང་ངུ་། ལག་མགོ་དང་ལུས་བྱིན་ཆེན་པོ་དང་། ལག་པ་གཉིས་དཀུར་མཐེ་བོང་ནང་དུ་བསྟན་པས་མནན་ནས་དཔྱི་གཉིས་གཅུད་པ་ཆུང་ངུ་། དཔྱི་དང་ལུས་བྱིན་ཆེན་པོ་དང་། བརླའི་འོག་པུས་མགོ་ནས་རྡོ་རྗེ་ཁུ་ཚུར་གྱིས་མནན་ཏེ་པུས་མགོ་གཅུད་པ་ཆུང་ངུ་། པུས་མོ་དང་ལུས་བྱིན་ཆེན་པོ་དང་། བོལ་གོང་ནས་འཇུས་ཏེ་བྱིན་པ་དང་རྐང་མགོ་གཅུད་པ་ཆུང་ངུ་། བྱིན་པ་དང་རྐང་མགོ་ལུས་བྱིན་ཆེན་པོ། འདིས་ནི་ཚིག་ཆེན་བཅུ་གཉིས་ཀྱི་རྩ་མནན་པས་དེ་དང་དེར་ལས་རླུང་རྒྱུ་བ་འགགས་ནས་འཕོ་ཆེན་བཅུ་གཉིས་ཀྱི་རླུང་དབུ་མར་འབབ་པར་བྱེད་དོ། །གཉིས་པ་རྩལ་སྦྱོང་ལ། བསྐྱས་འདོད། རྒྱབ་གྱེས། གཤོག་རྒྱང་། གཤོག་སྡུད། གྲོག་སྐེད། གཙུབ་སྤྲུག་དྲུག་ལས། དང་པོ་སྐ་རགས་འཆིང་སའི་སྟེང་ཙམ་དུ་འཕུལ་བ། མས་ཤར་འུབ་འཐེན་ནས་ནུ་མའི་ཐད་ཙམ་དུ་འཐེན་པ། མར་ལྟེ་བའི་ཐད་གོང་དུ་འཕུལ་བ། ལྟེ་བར་འཕུལ་བ། ལྟེ་བའི་འོག་གསང་བར་འཕུལ་བ། བདེ་རླུང་དུ་འཕུལ་བ། དྲོད་རླུང་དུ་འཕུལ་བ། བདེ་དྲོད་དུས་མཉམ་པར་འཕུལ་བའོ། །གཉིས་པ་སྟེང་འོག་གི་རླུང་རང་འགགས་སུ་གཟུང་སྟེ། འོག་རླུང་འཐུར་དུ་དྲག་པོར་འཕུལ། སྟེང་རླུང་སྟོད་དུ་དྲག་པོར་འཐེན་པ་དུས་གཅིག་ལ་བྱེད་པའོ། །གསུམ་པ་ནི། རྒྱ་མཚོ་ཕྱོགས་བཞིར་བརྒྱད་པ་དང་། གཡས་གཡོན་གཉིས་དུས་གཅིག་སོ་སོར་བརྒྱང་བའོ། །བཞི་པ་ནི། གཡས་ནང་དུ་འཐེན་ནས་གཡོན་དུ་འཕུལ་ཞིང་གཅུད་པ་དང་། དེ་བཞིན་གཡོན་ནང་དུ་འཐེན་ནས་གཡས་སུ་འཕུལ་ཞིང་གཅུད་པ་དང་། དུས་གཅིག་ཏུ་དྲག་པོར་དབུས་སུ་སྡུད་པའོ། །འདི་བར་རླུང་ཡོ་བ་དང་ཧ་ཅང་ཅེས་པའི་གེགས་སེལ་ལོ། །ལྔ་པ་ནི། ལྟ་བའི་རྒྱབ་ཉག་པོར་འཐེན་པ་དང་། མདུན་གྱི་ལྟེ་བ་ཉག་པོར་དང་། ལྟོ་བ་གཡས་སུ་ཉག་པོར་དང་། ལྟོ་བ་གཡོན་དུ་ཉག་པོར་འཐེན་པའོ། །དྲུག་པ་ནི། རླུང་དྲག་པོར་ཐད་དུ་འཕུལ་ནས་ལྟོ་བའི་ཕྱི་མ་ཡིན་པ་ནང་དྲག་པོར་སྤྲུག་པའོ། །འདིས་གཡས་གཡོན་སོ་སོར་དུས་མཉམ་དུ་བསྐོར་བ་ཡང་བསྟན་ཏེ། ལས་རླུང་རྒྱུན་ཆད་ནས་དབུ་༼༡༤ན༢༧༽མ་ནས་མཉམ་པར་འབབ་ལ་མཐར་ཕྱིན་པ་ན་རླུང་རེངས་ཏེ་རྒྱུ་བ་མེད་པར་འགྱུར་རོ། །གཉིས་པ་འབྲས་བུ་འཛིན་པ་ནི། འཁོར་ལོ་བཞིར་ཐིག་ལེ་བཞི་བཞི་ལ་སྲོག་བཅུག་ནས་ཐ་མར་དཔྲལ་བར་སེམས་དང་ཐིག་ལེ་དབྱེར་མེད་པར་འཛིན་པས་ན་འཛིན་པའོ། །དེ་བས་ན་འཛིན་པ་ཞེས་པ་ཡང་ལག་པས་གང་ཡང་རུང་བའི་དངོས་པོ་འཛིན་པ་ལྟ་བུ་མ་ཡིན་ཏེ། གཟུང་འཛིན་གཡོ་མེད་དུ་བཅིང་བ་གཉིས་མེད་དུ་བརྟན་པར་མངོན་དུ་བྱེད་པའི་མིང་ཡིན་ནོ། །དེའི་ཕྱིར་སྲོག་ཐུར་འདྲེས་པ་ཞེས་པའི་ངེས་པ་ཡང་གཟུང་འཛིན་འདྲེས་པ་ལ་བྱ་ལ། གནས་སྐབས་སྟེང་འོག་གི་རླུང་གོང་བུར་གྱུར་པ་ལ་ཡང་ཟེར་ཞིང་གཉིས་པོ་ཕུགས་གནད་གཅིག་ཏུ་འབབ་བོ། །དེ་ཡང་འདིར། རླུང་གིས་མེ་སྦར་ནས། དངས་མ་ཞུ་བས་མི་ཟད་ཉོན་མོངས་འབར། ཞེས་པས་གསུངས་ཏེ། སྲོག་དང་ཐུར་སེལ་གྱི་རླུང་ལྟེ་བར་འཐབས་པས། ཙཎྜྻཱ་ལིའི་མེ་འབར། བསམ་དང་འདོད་དང་སོགས་པའི་གནས་སྐབས་བཅུ་ཤར། རི་རབ་ཙམ་གྱི་ཟས་ཟོས། རྒྱ་མཚོ་ཙམ་གྱི་སྐོམ་འཐུངས་ཀྱང་དངས་མར་ཞུ་ནས་ལུས་ཐམས་ཅད་ལ་ཁྲིམས་པས་དྲི་ཆུ་དང་དྲི་ཆེན་དུ་མི་འཕོ་སྟེ། སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ་ཞེས་བྱ་བ་དེར་གྱུར་པས་སོ། །ཞེས་སྟོན་པ་ཡིན་ལ། དེ་ལམ་དུ་བྱེད་པའི་ཚུལ་ཡང་། ལུས་མིག་སྔར་བཞིན་ལ། རང་ཉིད་ལྷར་བལྟས་པའི་ལུས་ཀྱི་དབུས་སུ་དབུ་མ་ལྗང་ཁུ་གཡས་གཡོན་དུ་རོ་རྐྱང་དང་བཅས་པ་དྲང་པོར་གནས་པ། འོག་ཏུ་གཞན་གཉིས་ཀྱི་ཁ་དབུ་མ་ལ་ཕྱོགས་པ་དང་། སྟེང་དུ་སྣའི་སྒོར་ཟུག་པ་དང་། ལྟེ་བར་སའི་རང་བཞིན་གྱི་རྩ་འདབ་དྲུག་ཅུ་རྩ་བཞི་སེར་པོའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨོཾ་ཡིག་དཀར་པོ་ནཱ་དར་བཅས་པ། ཁ་སྦྱོར་བུམ་པ་ཅན་ས་བོན་དང་རོ་གཅིག་ཏུ་སྤྲོས་པ་མེད་པའི་དྲུང་དུ་གཟུང་བར་བྱ་ཞིང་སླར་དལ་བུས་བཏང་བར་བྱའོ། །དེ་བརྟན་ནས་ས་ཆུ་ལ་འཇུག་པའམ་ཐིམ་པའི་ངེས་པས། སྙིང་གར་ཆུའི་རང་བཞིན་གྱི་འཁོར་ལོ་འདབ་བརྒྱད་ལྟེ་བར་ཉི་མ་ལ་ཨཱཿཡིག་རྣམ་བཅད་དང་བཅས་པ། མགྲིན་པར་མེའི་འཁོར་ལོ་འདབ་མ་སོ་༼༡༤བ༢༨༽གཉིས་སུ་ཉི་མ་ལ་ཧཱུཾ་ཐིག་ལེ་རཱ་དར་བཅས་པ། སྤྱི་བོར་རླུང་གི་དཀྱིལ་འཁོར་འདབ་མ་བཅུ་དྲུག་པར་སྒྲ་གཅན་ལ་ཧོཿཡིག་བལྟས་ཏེ། དེ་ཡང་ལྟེ་བར་བུམ་པ་ཅན་གྱི་སྲོག་ཐུར་འདྲེས་པ་ཐོབ་པ་ན་སྙིང་ག་ལ་སོགས་པའི་འཁོར་ལོ་བུམ་པ་ཅན་བྱའི། སྔ་མ་སྔ་མ་མ་བརྟེན་པར་འཁོར་ལོ་གོང་མ་གོང་མར་སྦྱོར་བ་བརྩམས་ན་གེགས་སུ་འགྱུར་རོ། །འདིར་ཐིམ་པ་ཞེས་པ་ཡང་རླུང་འོད་གསལ་དང་རོ་མཉམ་དུ་གོམས་པར་བྱས་པས་དེ་དང་དེའི་རང་ས་འབྱེད་པ་ཉམས་ནས་རང་བཞིན་གྱི་ཚུལ་དབང་དུ་བྱེད་པ་ལ་བྱའི། ཐིམ་པ་ཉིད་ནས་རྣལ་འབྱོར་པ་ལ་དེའི་རྒྱུ་བ་མི་འབྱུང་བ་ལྟ་བུ་ནི་མ་ཡིན་ནོ། །གསུམ་པ་དེ་གཉིས་ཀྱི་བྱེད་ལས་ལ། གཏུམ་མོ་ལ་བརྟེན་པ་ཐིག་ལེའི་རྣལ་འབྱོར། ཐིག་ལེ་ལ་བརྟེན་པ་ཕྲ་མོའི་རྣལ་འབྱོར། བྱེད་ཆིངས་ལ་བརྟེན་པ་ལུས་འཆི་མེད། མན་ངག་ལ་བསྙེན་པ་ཀྱང་སེམས་འགྱུར་མེད། འཕྲོས་དོན་འདའ་ཀ་མའི་རྣལ་འབྱོར་བཤད་པ་དང་ལྔ། དང་པོ་ནི། སྲོག་རྩོལ་གྲུབ་པའི་ཚད་གཙུག་ཏོར་དུ་སྲོག་ཐམས་ཅད་དྷཱུ་ཏཱི་ནས་ཕྱིན་པ་ཡིན་ལ། དེ་ལ་སྟེངས་དུ་ཐལ་ན་ཚེ་ཐུང་བར་འགྱུར་བས། མགོ་བོ་ན་བ་ལ་སོགས་པ་དེའི་མཚན་མ་མཐོང་བ་ན་སླར་གསང་གནས་ཀྱི་འཛིན་པ་ལ་སྦྱོར་བས་གེགས་བསལ་ཞིང་བོགས་འབྱིན་པར་བྱ་བའི་ཕྱིར། རྩིགས་མ་བད་ཀན་ཆུ་སེར་ཁྲག་དང་ནི། ཤ་དང་རུས་པ་རྒྱུས་པའི་བཅུད་རྣམས་ལས། རང་རང་གནས་སུ་ནད་དང་ལུས་ཟུངས་སྐྱེད། ཅེས་ཟས་སྐོམ་གང་ཟོས་པ་དེ་ཉིད་ལན་བདུན་དུ་འགྱུར་བ་ལས་ཁུ་བ་དེས་ལུས་རྒྱས་པར་བྱེད་ལ། འཁོར་བ་མེ་དྲོད་ཞན་པས་སྙིགས་མ་དྲི་ཆེན་དྲི་ཆུར་འབབ་ལ། འབྱུང་བ་འཁྲུགས་པའི་དབང་གིས་དྲི་མ་ཡང་གྱུར་ནས་ནང་སྐྱེད་དོ། །སྲོག་རྩོལ་དང་འཛིན་པའི་རྣལ་འབྱོར་གྱི་དབང་གིས་རྩིགས་མ་དང་དྲི་མ་མེད་པར་བྱས་ནས་ལུས་ཟུངས་སུ་བྱེད་དོ། །ལུས་ཟུངས་ཟླ་བའི་ཆ་ཤས་འཕོས་པ་ལས། ཡན་ལག་བཅུ་གཉིས་སྲིད་པའི་ལུགས་བཞིན་འཁོར། ལུས་ཟུངས་ཀྱི་ཁུ་བ་ཟླ་བ་བཞིན་དཀར་ཆའི་ཆ་བཅུ་དྲུག་ཚུན་འཕེལ་ནས་ནག་པོ་ཚེས་གཅིག་ཞུགས་པ་ནས་གནམ་སྟོང་གི་༼༡༥ན༢༩༽མཐར་ཐུག་པའི་བར་དུ་ཟད་པར་བྱེད་པ་དང་། རྡུལ་ནི་ཉི་མ་བཞིན་བྱང་བགྲོད་ཀྱི་ཟླ་བ་དྲུག་ཏུ་འཕེལ། ལྷོ་བགྲོད་ཀྱི་ཟླ་བ་དྲུག་ཏུ་འགྲིབ་པར་སྟོན་པའོ། །འཛིན་པ་ཐོབ་པ་ནས། སྒྲ་གཅན་གྱིས་ནི་རབ་ཏུ་ཟོས་པ་ལས། མེ་དཔུང་རབ་ཏུ་འབར་བས་སྲེག་པར་བྱེད། །དེ་ཇི་ལྟར་ཉི་ཟླའི་ཆོས་ཅན་གྱི་ཐིག་ལེ་གཉིས། སྒྲ་གཅན་གྱི་ཆོས་ཅན་གྱི་ཐིག་ལེ་མེའི་དབུས་སུ་རོ་མཉམ་པ་ལས་ནི་འཕེལ་འགྲིབ་མེད་པས་རྟག་ཏུ་གང་བར་གནས་སོ། །དེ་ཡང་། ལུས་གནད་ཙོག་པུ་བསམ་གཏན་གྱི་ཆོས་ལྔའོ། །མིག་ནི་བདུད་རྩི་འཁྱིལ་བ་བཞིན་ནོ། །རླུང་ནི་གསུམ་སྦྱོར་བུམ་པ་ཅན། །དམིགས་པ་ནི་བྱང་ཆུབ་ཀྱི་སེམས་བསྐུལ་བའི་སླད་དུ་འཛིན་པའི་སྟོབས་དང་རང་དུས་འཁོར་ཡབ་ཡུམ་གསལ་བའི་རྗེས་སུ་ཆགས་པས་གསང་གནས་ཀྱི་གཏུམ་མོ་གློག་གི་དབང་ཕྱུག་པ་ལྟ་བུ་ལྷག་པར་འབར་བ་ལ་འབད་དེ་གཟུང་འཛིན་རོ་མཉམ་པའི་འོད་གསལ་བ་ལ་རྩེ་གཅིག་ཏུ་གནས་པས་སོ། །དེར་སྤྱི་བོར་གནས་པའི་ཐིག་ལེ་བདག་པོར་གྱུར་པ་ཉིད་ཀྱིས་ཁུ་བ་རྗེས་སུ་ཞུ་སྟེ་སྤྱི་བོ་ནས་མགྲིན་པར་ཞུགས་པ་དགའ་བ། སྙིང་ཀའི་བར་མཆོག་དགའ། ལྟེ་བའི་བར་ཁྱད་དགའ། གསང་གནས་ནོར་བུའི་རྩེར་བ་བས་པ་ལྷན་སྐྱེས་ཀྱི་དགའ་བ་སྟེ། དགའ་བ་དེ་དང་དེའི་དུས་སུ་འོད་གསལ་བའི་བདག་ཉིད་དུ་མྱོང་བ་བརྟན་པས་ཉམས་སུ་བླང་ངོ་། །གཉིས་པ་ནི། རྩིགས་མ་འཐུར་དུ་སོང་བས་ནད་མེད་ཅིང་། དངས་མ་ལུས་ལ་རྒྱས་པས་བདེ་དང་སྟོབས། ཞེས་ཁུ་བ་དྷཱུ་ཏཱིའི་ནང་དུ་ཡང་དག་པར་སྦྱོར་བ་ལས་འཕོ་བ་མེད་པའི་བདེ་བ་ནི་ཕྲ་མོའི་རྣལ་འབྱོར་ཞེས་བྱ་སྟེ། ཡུམ་གྱི་པདྨའི་རྩར་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཡུངས་འབྲུག་ཙམ་ལྷུང་བ་སླར་རྒྱུ་མཐུན་ལ་སོགས་པའི་དབྱེ་བས་རང་གི་དབུ་མའི་གནས་ནས་སྟེང་དུ་གཤེགས་པ་གསང་བའི་འཁོར་ལོ་དྲི་མ་མེད་པའི་ཐིག་ལེ་ཙ་ན་ཀའི་ཚད་ཙམ་འོད་ཟེར་ལྔའི་གུར་ཁྱིམ་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ། ལྟེ་བར་ཡང་ཐིག་ལེ། དེ་ལྟ་བུའི་ནང་དུ་རྣམ་སྣང་། དེ་བཞིན་དུ་སྙིང་གར་འོད་དཔག་མེད། མགྲིན་པར་རིན་འབྱུང་། ༼༡༥བ༣༠༽སྤྱི་བོར་དོན་གྲུབ་གཙུག་ཏོར་དུ་མི་བསྐྱོད་པ་པྲ་ཕབ་པ་ལྟ་བུ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འཁོར་ལོར་གཏུམ་མོ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་འདར་ཕྲི་ལི་ལི་འབར་བ་ལས་འོད་ཀྱི་སྤྲོ་བསྡུ་བྱའོ། །དུས་དེར་ཐིག་ལེའི་དངས་སྙིགས་ཕྱེད་ནས་སྙིགས་མ་འཐུར་དུ་འགྲོ་ཞིང་། དངས་མ་ལུས་ལ་རྒྱས་པས་བདེ་དྲོད་འཕེལ་དེའི་ནུས་པས་ཁ་ཟས་ཟོས་པའི་བཅུད་ཀྱིས་སྙིགས་མ་ཇེ་ཉུང་དུ་སོང་ནས་ཟད་དེ་དངས་མ་ལུས་ཟུངས་སྐྱེད་པ་འབའ་ཞིག་པར་འགྱུར། དེའི་ནུས་པ་ཕུང་སོགས་ཇེ་དངས་ལ་སོང་བའི་འཇའ་ལུས་པར་འགྱུར་གྱི། ཁོག་ནས་འབུ་འཐོན་པ་ལྟ་བུའི་འཇའ་ལུས་པ་ནི་མ་ཡིན་ནོ། །གསུམ་པ་ནི། ཧ་ཧཱ་ཧི་ཧཱི་ཧུཾ་ཧཱུཾ་ཕཊ་ཀྱི་སྒྲ། སྟེང་དུ་བསྒྲགས་པས་རྩིགས་མ་འདོན་པ་དང་། དངས་མ་རང་གི་གནས་སུ་འཛིན་པར་བྱེད། ཅེས་ལུས་འཆི་བ་མེད་པ་ཞེས་པ་ནི། རྒས་པ་དང་ནད་དང་འཆི་བ་རྣམས་མེད་པ་ལ་ཟེར་ལ། དེ་བསྒྲུབ་པ་ནི། དཀར་ཆ་འཛག་མེད་དུ་འཆིངས་ན་རྟག་ཏུ་བཅུ་དྲུག་པའི་གང་བ་ལ་གནས་པའི་ཕྱིར། རྩ་དངས་ཤིང་ཁམས་འཕེལ། རླུང་ཚུལ་བཞིན་དུ་རྒྱུ་བས་ལུས་བརྒྱད་གཉིས་ཀྱི་ལང་ཚོ་ལས་ཡོལ་བར་མི་འགྱུར་རོ། །དེ་ནི་ཧཱུཾ་ཐུང་ཧཱུཾ་རིང་གིས་སྤྱི་གཙུག་སངས་རྒྱས་པ་དང་དཀྱིལ་ལ་སོགས་པའི་འདྲེན་གསུམ་གྱིས་ཏེ། འདིས་སྤ་བ་སྦུབས་སུ་ནུབ་པ་དང་། གཙུག་ཏོར་དང་ཆུ་བོ་གྱེན་ལ་བཟློག་པ་འགྲུབ་བོ། །རླུང་སེམས་ཀྱི་དངས་མ་ལུས་ཐམས་ཅད་དུ་ཁྱབ་ན་རྩིགས་མ་དང་དྲི་མ་མི་འབྱུང་བས་འབྱུང་བ་ཆ་སྙོམས། དེའི་རྒྱུས་ནད་མེད་པར་འགྱུར་བ་དེ་ནི་ཧི་ཐུང་ཧཱི་རིང་གི་འགྲེམས་གསུམ་གྱིས་སོ། །འདིས་ཡོན་ཏན་བརྒྱད་ཐོབ་པར་བྱེད་དོ། །དང་པོར་དངས་སྙིགས་ཕྱེ་ནས་རྩིགས་མ་འཐུར་དུ་འབེབས་ཤིང་། ཕྱིས་རྩིགས་མ་ཟད་ནས་དངས་མ་འབའ་ཞིག་པར་འགྱུར་བས་ཚེ་ཉི་ཟླ་དང་མཉམ་པར་བྱེད་ནུས་ལ། དེ་ཡང་ལས་རླུང་ཉི་མའི་སྡེ་འོག་ཏུ་ནོན་པ་ལ་རག་ཅིང་། དེ་བསྒྲུབ་པ་ནི་ཧ་ཐུང་ཧཱ་རིང་གིས་གླིང་བཞི་གཅུད་ལ་བོར་བས་སོ། །འདིས་ནི་ཉི་མ་སྟོད་ལ་གནོན་པ་ཡང་འགྲུབ་བོ། །བཞི་པ་ནི། ཡཾ་རཾ་བཾ་དང་ལཾ་གྱི་ཡི་གེའི་སྒྲས། དཀྱིལ་འཁོར་༼༡༦ན༣༡༽རབ་ཏུ་གཡོ་བས་བསྒྲག་ཅིང་གདབ། གཙུག་ཏོར་ནམ་མཁའི་ཁམས་ནས་སྤྱི་མགྲིན་སྙིང་ཀ་ལྟེ་བ་རྣམས་ལ་རླུང་མེ་ཆུས་དང་གསང་བའི་པདྨར་ཡེ་ཤེས་ཀྱི་རང་བཞིན་གྱི་རྡོ་རྗེ་བཙུན་མོའི་བྷ་གའི་དཀྱིལ་འཁོར་རྣམས་ལ་རབ་ཏུ་གཡོ་བས་བྱང་ཆུབ་ཀྱི་སེམས་ཡི་གེ་གསུམ་མམ་སྒྲའི་དེ་ཉིད་ཀྱི་འོག་གི་ཆར་གཤེགས་པ་སྟོང་པ་ཉིད་དང་བསྒྲག་ཅིང་། དེར་དེ་རྣམ་པ་ཐམས་ཅད་པའི་སྟོང་པ་ཤར་ནས་སླར་མཆོག་ཏུ་མི་འགྱུར་བའི་བདེ་བས་རྒྱས་གདབ་བོ། །རྩོལ་བ་དྲག་པོས་རྩ་གསུམ་འོག་ཏུ་བསྡམ། ཞེས་རྩོལ་བ་ནི་ཕྱག་རྒྱ་གསུམ་སྟེ་གང་ལ་སྦྱོར་ཀྱང་འདྲ། གསང་བའི་བུམ་པ་ཅན་གྱིས་བསྐུལ་ནས་གསང་བའི་པདྨ་ནས་ལྟེ་སྙིང་མགྲིན་སྤྱི་བོ་གཙུག་ཏོར་དུ་ཇི་ལྟར་གཤེགས་པ་དེ་ལྟར་བྱོན་ཏེ་ཡན་ལག་བཅུ་གཉིས་འགོག་པས་ས་བཅུ་གཉིས་ཐོབ་པར་མཛད་དོ། །འབྱེད་འཛུམ་དེས་ནི་རྩིགས་མ་ཐུར་དུ་འགྲོ། ཞེས་ལས་དང་པོ་པས་སྟེང་སྒོ་འབྱེད་ཅིང་འོག་སྒྲོ་འཛུམ་པ་དང་། འོག་སྒོ་འབྱེད་ཅིང་སྟེང་སྒོ་འཛུམ་པའི་གནད་ཀྱིས་རླུང་དང་འཁྲུལ་འཁོར་བརྩོན་པར་བྱའོ། །བྱང་སེམས་འགྱུར་མེད་ཅེས་པ་འདི་ནི། དོན་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་སྟན་ཐོག་གཅིག་ཏུ་སྤྲུགས་ཏེ་བསྒོམ་པའི་མན་ངག་ཡིན་པས་དེའི་གནད་གཅེས་པའི་ཕྱིར་རྒྱས་པར་ལོགས་སུ་བཤད་དོ། །ལྔ་པ་འཕྲོས་ནས་འདའ་ཀ་མའི་རྣལ་འབྱོར་བཤད་པ་ལ། འཆི་ལྟས་བརྟགས་ནས་འཆི་བ་བླུ་བ་ཚེ་བསྒྲུབ། མ་ལྷུས་ན་འཆི་ཀ་མའི་རླུང་སེམས་གང་འདོད་དུ་འཕེན་པའི་འཕོ་བ་བཤད་པ་གཉིས་ལས། དང་པོ་ལ་འཆི་ལྟས། དེ་བཟློག་པའི་རྣལ་འབྱོར་གཉིས། དང་པོ་ནི། རྩ་རྒུད་པ་དང་། ཞར་བ་དང་། བསྐམས་པ་ལས་འཆི་བ་འབྱུང་བ་ལུས་ཀྱི་འཆི་ལྟས། རླུང་གཡས་འབའ་ཞིག་ནས་འབབ་པ་ཉི་མའི་འཆི་ལྟས། གཡོན་འབའ་ཞིག་ནས་འབབ་པ་ཟླ་བའི་འཆི་ལྟས། མཉམ་རྒྱུ་རང་བཞིན་པ་སྒྲ་གཅན་གྱི་འཆི་ལྟས་ཏེ་ངག་གི་འཆི་ལྟས། ཐིག་ལེ་དཀར་པོ་འཐུར་དུ་འཛག་པ་དང་། དམར་པོ་གྱེན་དུ་ཟག་པ་ནི་ཡིད་ཀྱི་འཆི་ལྟས་ཞེས་བྱའོ། །དེ་ལ་ལུས་ཀྱི་གསུམ་ཆ་གཉིས་ཙམ་དུ་བསྐམས་པ་གསོར་བཏུབ། ༼༡༦བ༣༢༽རླུང་འཆི་ཞག་ཉེར་བདུན་པར་ལོངས་པ་ཚུན་གསོ་བཏུབ། ཐིག་ལེ་ཟད་པར་རྔུགས་པ་ཚུན་གསོ་བཏུབ་ལ་བཟློག་ན་མི་ལྷུས་སོ། །གཉིས་པ་དེ་བཟློག་པའི་རྣལ་འབྱོར་ལ། བྱེད་ཆིངས་ཀྱིས་ལུས་ཀྱི་འཆི་བ་འཆིང་། སྲོག་རྩོལ་གྱིས་ངག་གི་འཆི་བ་འཆིང་། སེམས་དམིགས་ཀྱིས་ཡིད་ཀྱི་འཆི་བ་འཆིང་བ་གསུམ། དང་པོ་ནི། ཁྲོ་བོའི་གཟུགས་ཀྱིས། ཞེས་པས་བསྟན་ཏེ། ལུས་མ་མོ་དང་ལྟ་སྟངས་སྟེང་གི་སྐྱིལ་ཀྲུང་ཇི་ལྟ་བ་ལ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བསྣལ་བས་མཆན་འོག་གི་འཕར་རྩ་དྲག་ཏུ་བསྡམ། བཞིན་ཤིན་ཏུ་ཁྲོ་བར་བྱའོ། །གཉིས་པ་ནི། སྒོ་དགུའི་རྒྱུ་བ་ནང་དུ་བསྡུས་པ་ལས། ཞེས་པ་སྟེ། རླུང་གསུམ་སྦྱོར་གྱི་བུམ་པ་ཅན་གཟུང་ནས་སྒོ་དགུའི་རྒྱུ་བ་ཐེར་དགག་ལ་བཏང་ངོ་། །གསུམ་པ་ནི། རང་གནས་བདེ་བར་བྱེད། དེ་རླུང་རྡོ་རྗེའི་བཟླས་པ་སྔར་བཤད་པ་དེས་སྟོང་གཟུགས་བསྒྲུབ་པའི་མཐར། ཁ་སྦྱོར་གྱི་རླུང་གིས་རང་ཉིད་སྐད་ཅིག་གིས་ཚེ་དཔག་ཏུ་མེད་པ་པདྨ་རཱ་གའི་མདོག་ལྟར་དམར་ཞིང་འཚེར་བ། མཉམ་གཞག་གི་སྟེང་དུ་བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བ་བསྣམས་པ། པདྨའི་སྐྱིལ་ཀྲུང་གིས་ཉི་མ་ལ་བཞུགས་པ་སྙིང་གར་སྲཱིཿམཐར་ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡ་བདག་གི་ཚེ་དང་བསོད་ནམས་ཐམས་ཅད་པུཥྚིཾ་ཀུ་རུ་སྭཱཧཱ། བཏགས་པས་བསྐོར་བ། རང་ཉིད་ཀྱི་སྟེང་གི་ནམ་མཁར་ཡང་དེ་ལྟ་བུ་བསྒོམ། རླུང་དབྱུང་བའི་དུས་སུ་སྔགས་འཕྲེང་དམར་པོ་འོད་ལྕགས་ཀྱུ་ལྟ་བུ་འཇིག་རྟེན་ཁམས་ཐམས་ཅད་དུ་སོང་ནས། འཇུག་དུས་ན་ཚེ་དང་བསོད་ནམས་དང་དཔལ་སྐྱེད་པའི་ས་ཆུ་མེ་རླུང་ནམ་མཁའ་སེམས་ཅན་གྱི་ལས། སངས་རྒྱས་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་དབང་མེད་དུ་མདུན་བསྐྱེད་ཀྱི་བུམ་པར་བཀུག །གནས་དུས་འཆི་བ་མེད་པ་ཡེ་ཤེས་ཀྱི་བདུད་རྩིར་ཞུ་ནས་ཆིལ་ཆིལ་ཁོལ་བར་བསམས་ལ་བརྒྱ་རྩ་བརྒྱད་ཀྱིས་བསྙེན་ནས། རང་གི་སྣ་གཡས་ནས་དབྱུང་དུས་རླུང་སྔགས་དབྱེར་མེད་པ་དེ་ཉིད་མདུན་གྱི་བུམ་པའི་ནང་དུ་སོང་བདུད་རྩི་དྲངས་ཏེ་ལོག །སྣ་སྒོ་གཡོན་ནས་གསེར་གྱི་སྒོ་བརྒྱུད་དབུ་མ་ནས་སོང་རྩའི་འཁོར་ལོ་ཐམས་ཅད་གང་བར་བསམས་ལ་རླུང་སྦྱོར་༼༡༧ན༣༣༽བརྒྱས་གཞུག་པར་བྱས་ཏེ། མཐར་རང་ལུས་སྲ་བ་དང་སྣུམ་པ་དང་བཀྲག་པ་དང་། དྲོད་ཡང་རྩལ་ཕུན་སུམ་ཚོགས་པར་ལྡན། འཆི་བ་མེད་པའི་ཚེ་འགྲུབ་པར་བསམས་ཏེ་འོད་གསལ་བའི་ངང་དུ་གཞག་གོ། །གཉིས་པ་མ་ལྷུས་ན་འཆི་ཀ་མའི་རླུང་སེམས་གང་འདོད་དུ་འཕེན་པའམ་འཕོ་བ་བཤད་པ་ལ། ལུས་བཙན་ཐབས་ཀྱི་འཁྲུལ་འཁོར། ངག་བཙན་ཐབས་ཀྱི་སྲོག་རྩོལ། ཡིད་བཙན་ཐབས་ཀྱི་དམིགས་པ་གསུམ་ལས། དང་པོ་ནི། གྱད་ཀྱི་སྟོབས་ཀྱིས་སྒྲ་གཅན་ལས་སུ་རུང་། ཞེས་པས་བསྟན་ཏེ། རྐང་པ་པུས་གཙུགས་རྟིང་པ་ལ་ཕོང་ཚོས་གཏད། ལག་གཉིས་རྡོ་རྗེ་ཁུ་ཚུར་བསྣོལ་བསམ་ཆ་རྩ་བསྡམས་ཤིང་དམིགས་པ་དང་བསྟུ་ནས་གྱད་ལྕགས་ཀྱི་ཕ་བོང་འདེགས་པ་ལྟར་གྱེན་དུ་གཅུད་པའོ། །གཉིས་པ་ནི། དེ་ཚེ་གང་ཞིག་གཅུད་ལ། ཞེས་པས་ཏེ། རླུང་ཁ་སྦྱོར་མི་ཐུབ་ལ་ཁད་ཐུག་གཟུང་ནས་གྱེན་དུ་གཅུད་པའོ། །གསུམ་པ་ནི། རབ་ཏུ་འཕང་། ཞེས་རང་ཉིད་དུས་འཁོར་དང་སྤྱི་བོར་བླ་མ་མི་བསྐྱོད་པ་གཉིས་ཀ་སྟོང་ར་གསལ་བའི་སྐུའི་དབུས་སུ་དབུ་མ་ལྗང་ཁུ། རང་གི་དབུ་མའི་སྟེང་རྒྱ་མཐོངས་ལྟ་བུའོ་གཟུམ་པ་བླ་མའི་སྙིང་གའི་ཐད་དུ་ཐུགས་རྡོ་རྗེ་ཧཱུཾ། རང་གི་སྤྱི་བོར་རྣམ་པར་ཤེས་པ་ཨ་ཡིག་གསལ་བཏབ། རླུང་གཅུད་ཅིང་གྱེན་དུ་འཕང་དུས། ཧཱུཾ་གིས་ཨ་གྱེན་དུ་འཐེན་པས་བླ་མའི་ཐུགས་ཀར་ཐིམ་པར་བསམ་པས། སྤྱི་བོ་འཕར་བ་དང་ཆོག་པ་དང་དྲོད་དང་རྡུལ་འབྱུང་ཞིང་། བསམ་དུ་མེད་པ་ལ་གཞག་པས་གང་དུ་སྨོན་ལམ་བཏབ་པ་དེར་འཕོ་བར་འགྱུར་རོ། །བཞི་པ་བྱེད་ལས་ཀྱིས་བསྒྲུབ་པའི་འབྲས་བུ་ནི། སྲོག་རྩོལ་ཙམ་ནས་སངས་རྒྱས་ཀྱི་མིག་ཐོབ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ལུང་སྟོན་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གྱིས་མཆོད་པ་ཞེས་ཀྱང་བྱའོ། །འཛིན་པ་གྲུབ་པས་རླུང་བཅུའི་འགྲོ་འོད་ཟད་ཅིང་གཅིག་ཏུ་འདྲེས་པ་བརྟན་པ་ལས་བདུད་དང་ཉོན་མོངས་པའི་ཚོགས་བཅོམ་ནས་སྟོབས་བཅུར་གྱུར་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ། བཅུ་དྲུག་བརྟན་ཅིང་བཅུ་གཉིས་ཟིན་པས་ཐོབ། ༼༡༧བ༣༤༽ཅེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་འཁོར་ལོ་སོ་སོར་སླར་གཤེགས་པ་ན་ལྟེ་བའི་བར་དུ་ཕྱིན་པས་འདོད་པའི་ཁམས་རྣམ་པར་དག་ཅིང་ལུས་ཀྱི་ཐིག་ལེ་འགོག་པ་སྐུ་རྡོ་རྗེར་གྲུབ་པ། དཔྲལ་བར་འགོག་པས་གཟུགས་ཀྱི་ཁམས་དག་ཅིང་ངག་གི་ཐིག་ལེ་འགོག་པ་གསུང་རྡོ་རྗེ། གཙུག་ཏོར་དུ་ཕྱིན་པས་འཕོ་བའི་བག་ཆགས་གཟུགས་མེད་པའི་སྲིད་པ་དག་ཅིང་སེམས་ཀྱི་ཐིག་ལེ་འགོག་པ་ལྷན་ཅིག་སྐྱེས་པ་མངོན་དུ་བྱས་པ་ཐུགས་རྡོ་རྗེར་གྲུབ་ལ། གནས་སྐབས་འདི་ཙམ་པའི་བྱང་ཆུབ་ཀྱི་སེམས་རང་གནས་སུ་ཕྱིན་པའི་ལྷན་སྐྱེས་གཙུག་ཏོར་ཏུ་མྱོང་བ་ན་ཁུ་བ་གྱེན་དུ་རེངས་པའི་སྟོབས་ཀྱིས་ཁུ་བ་རྣམ་པ་ཐམས་ཅད་པ་རང་བྱུང་དུ་ཤར་བ་དང་། ཁྲག་འཐུར་དུ་སོང་བས་ནཱ་དའི་རང་སྒྲ་རྣམ་པ་ཐམས་ཅད་པར་འཆར་བ་ཡིན་ལ། སྲོག་གཟུགས་ཙམ་གྲུབ་པ་ལ་ཆ་མཐུན་པ་འཇིག་རྟེན་པའི་དབང་ཕྱུག་བརྒྱད་ཐོབ་པ་དང་། དབང་པོ་རྣོན་པོས་ཡེ་ཤེས་ཀྱི་སྐུར་གྲུབ་པ་ལ་དངོས་སུ་བཤད་དེ། ཏིང་ངེ་འཛིན་གྱི་སྐབས་ཇི་བཞིན་པ་སྟེ། འབྲིང་སྲོག་རྩོལ་ཙམ་གྱིས་གྲོལ་བའི་དབང་དུ་བྱས་པའོ། །འདིར་གཞུང་འགའ་ཞིག་གེགས་སེལ་གྱི་མཐར་དབྱུང་བ། དོན་གེགས་སེལ་རྣམས་སྲོག་རྩོལ་གྱིས་མ་དག་པའི་བྱེད་ལས་དེ་སྦྱངས་པས་འདིར་བཤད་པའི་དག་པའི་བྱེད་ལས་རྣམས་གྲུབ་པའི་ཕྱིར་རོ། །གསུམ་པ་ཡིད་ཐིག་ལེ་དག་པར་བྱེད་པ་ཐུགས་རྡོ་རྗེ་བསྒྲུབ་པ་ཆེན་པོའི་ཁྲིད་ལ། འཇིག་རྟེན་པའི་ལམ་རྫོགས་པར་བསྟན་པ་རྗེས་དྲན། འཇིག་རྟེན་ལས་འདས་པའི་ལམ་རྫོགས་པར་བསྟན་པ་ཏིང་ངེ་འཛིན་གཉིས་ལས། དང་པོ་ལ། དབང་པོ་རབ་གཏུམ་མོ་ལ་བརྟེན་པ། འབྲིང་རང་ལུས་ལ་བརྟེན་པ། ཐ་མ་གཞན་ལུས་ལ་བརྟེན་པ་གསུམ་ལས། དང་པོ་ལ། བྱེད་ཆིངས། སྲོག་རྩོལ། དམིགས་པ་གསུམ། དང་པོ་བྱེད་ཆིངས་ནི། ལུས་དང་མིག་བར་གྱི་སྐྱིལ་ཀྲུང་ཇི་ལྟ་བའམ། ཡང་ན་ལག་པ་པུས་བཀབ། དྲོད་མྱུར་བར་འདོད་ན་ཙོག་པུ་ལ་བརྟེན་པའི་བསམ་གཏན་གྱི་ཆོས་ལྔའོ། །གཉིས་པ་ནི། སྟེང་འོག་བར་གསུམ་རབ་ཏུ་བསྡམ་པར་བྱ། ཞེས་པས། རླུང་རོ་ལེགས་པར་བསལ། ལྡང་འཇུག་གནས་པ་ཡི་གེ་༼༡༨ན༣༥༽གསུམ་དུ་ངེས་པས་སྟེང་རླུང་ཤུགས་རྫོགས་པར་འོག་སྒོར་མནན། དེ་ནས་འོག་རླུང་དྲག་པོར་ལྟེ་བར་འཐེན། བར་གྱི་རླུང་བརྒྱངས་པ་དང་བསྲེས་ཡུམ་ཆེན་མོའི་གནས་སུ་གཅུད་པའོ། །གསུམ་པ་ལ། རླུང་གོས་སུ་བགོ་བ་སྔོན་འགྲོ། འབར་འཛག་ལ་བསླབ་པ་དངོས་གཞི། འབྲས་བུ་བསྟན་པ་རྗེས་སོ། །དང་པོ་ནི། སྔར་སྲོག་རྩོལ་དུ་བསྟན་པའི་གོ་རིམ་ཇི་ལྟ་བས་བདག་ཉིད་དུས་ཀྱི་འཁོར་ལོར་བསྐྱེད། མེའི་རླུང་གཟུང་ནས་ཕྱི་རོལ་རྣམ་པར་རྡོ་རྗེའི་ས་གཞིར་བ་གུར་བླ་རེ་རྡོ་རྗེ་མདའི་དྲ་བ་དང་བཅས་པ་དེའི་ཕྱི་ནང་ཐམས་ཅད་ཡེ་ཤེས་ལྔའི་བདག་ཉིད་ཀྱི་མའི་ཕུང་པོར་གཅིག་པ་མེས་འཇིག་བཞིན་པའི་བསྐལ་པ་ལྟ་བུར་བལྟའོ། །དེས་ལུས་ཐམས་ཅད་མེའི་གོང་བུ་ལྟ་བུར་འགྱུར་རོ། །གཉིས་པ་ལ། འབར་བས་རིགས་དྲུག་གི་ས་བོན་སྲེག་པ་དང་། འཇག་པས་བདེ་ཆེན་གྱི་འགྲོས་ལ་བསླབ་པ་གཉིས། དང་པོ་ནི། རིགས་དྲུག་ས་བོན་བསྲེགས་པར་གྱུར་པ་ལས། ཞེས་པ་སྟེ། འཛིན་པ་ཐོབ་ནས་ཆགས་པའི་སྟོབས་ཀྱིས་ཕྱག་རྒྱ་རྗེས་སུ་དྲན་པ་ཡིན་པས་རྗེས་དྲན་ཞེས་བྱ་ལ། འཛིན་པས་སྤྱི་བོའི་ཐིག་ལེར་སྲོག་འཆིངས་པས་གཏུམ་མོ་ཅུང་ཟད་འབར། དེའི་ནུས་པས་འདོད་པའི་གནས་སྐབས་བཅུ་འཆར་བའི་འགོ་ཙམ་ལ། དེ་ཉིད་དུ་རྫོགས་པ་དང་དག་པར་བྱེད་མ་ནུས་པས་ད་ནི་འདི་བསྒོམ་སྟེ། རང་ཉིད་དུས་ཀྱི་འཁོར་ལོར་གསལ་བ་དེ་ཉིད་སྟོང་ར་སོར་མོའི་བར་ཐམས་ཅད་ཀྱང་སྟོང་སང་ངེ་བའི་སྐུའི་གཙུག་ཏོར་གྱི་རྩའི་འཁོར་ལོ་ལྗང་ཁུ་འདབ་མ་བཞི། སྤྱི་བོར་ནང་སྐོར་བཞི། དེ་ནས་བར་བརྒྱད། དེ་ནས་ཕྱིར་བཅུ་དྲུག་ཡོད་པའི་རྩ་འཁོར་ལོ་ནག་པོ། མགྲིན་པར་ནང་དུ་བཞི་བར་བརྒྱད་བཅུ་དྲུག་དང་ཕྱིར་སོ་གཉིས་ཡོད་པའི་འཁོར་ལོ་དམར་པོ། སྙིང་གར་ནང་དུ་བཞི་ཕྱིར་བརྒྱད་ཡོད་པའི་འཁོར་ལོ་དཀར་པོ། ལྟེ་བར་ནང་དུ་བཞི་བར་དུ་བརྒྱན་བཅུ་གཉིས་ཕྱིར་དྲུག་ཅུ་རྩ་བཞི་ཡོད་པའི་འཁོར་ལོ་སེར་པོ། གསང་གནས་སུ་ནང་སྐོར་དྲུག་དང་བར་སྐོར་བཅུ་དང་ཕྱི་སྐོར་བཅུ་དྲུག་ཡོད་པའི་འཁོར་ལོ་སྔོན་པོ། གསང་གནས་སྟེང་དང་གཙུག་ཏོར་འོག་ཏུ་ཁ་ཕྱོགས་པ་ཤེས་༼༡༨བ༣༦༽རབ་དང་ཐབས། ལྟེ་བ་སྟེང་དང་སྙིང་ཀ་འོག་ཏུ་ཁ་ཕྱོགས་པ་ཤེས་རབ་དང་ཐབས། མགྲིན་པ་སྟེང་དང་དཔྲལ་བ་འོག་ཏུ་ཕྱོགས་པ་ཤེས་རབ་དང་ཐབས་སུ་གནས་པ་འཁོར་ལོ་དྲུག་པོ་དེའི་ལྟེ་བར་དབུ་མས་ཕུག་པ་དབུ་མའི་སྦོམ་ཕྲ་མདའ་སྨྱུག་ཙམ་པ་དྲང་པོར་གནས་པ་ལྗང་ཁུ་ཡས་སྣ་གཙུག་ཏོར་དུ་ཟད། མར་སྣ་གསང་བའི་འཁོར་ལོ་ནས་གཡས་སུ་འཁྱོགས་ཏེ་ནོར་བུར་ཟུག་པ། གཡོན་དང་གཡས་སུ་ལཱ་ལ་ན་དང་ར་སཱ་ན་གཉིས་དཀར་དམར་འདབ་མ་ལ་བརྟེན་ཅིང་འཁྱོག་བ་གནས་པ། འཁོར་ལོ་སོ་སོའི་ལྟེ་བར་དབུ་མ་ལ་ལུ་གུ་རྒྱུད་དུ་བཅིངས་ནས་དེར་ནང་གི་ཁོངས་གཅིག་པའི་བུ་ག་དབུ་མ་དང་གཅིག་ཏུ་བྱས་པ། སྟེང་དུ་གཙུག་ཏོར་ནས་འོག་ཏུ་ཕྱོགས་ཏེ་སྣའི་སྒོར་ཟུག་པ། གསང་གནས་ནས་གཉིས་སུ་གྱེས་ཏེ་བཤང་གཅིའི་ལམ་ལ་ཟུག་པ་གནས་ལུགས་ཇི་ལྟ་བ་སྒོམ། དེ་ནས་གཙུག་ཏོར་དུ་ཧཾ་ལྗང་ཁུ་མགོ་མེད་ཐིག་ལེ་ནཱ་དས་བརྒྱན་པ་འཐུར་དུ་བསྟན། སྤྱི་བོར་ཨོཾ་དཀར་པོ་འཐུར་བསྟན། མགྲིན་པར་ཨཱཿདམར་པོ་གྱེན། སྙིང་གར་ཧཱུཾ་སྔོན་པོ་འཐུར་བསྟན། ལྟེ་བར་ཧོ་སེར་པོ་གྱེན། གསང་གནས་སུ་ཀྵ་དམར་སེར་གྱེན་དུ་བལྟ་བར་བསམ་ལ། སྟེང་དུ་མེ་རླུང་གཟུང་ནས་སྣའི་སྒོ་ནས་རོ་རྐྱང་གི་ལམ་གཉིས་སུ་ཞུགས་ཏེ་གསང་བར་སླེབ། འོག་ནས་རླུང་འཐེན་དུས་འོག་རླུང་གིས་འཕུལ་བཞིན་པས་ལྟེ་བར་སླེབ་པར་རླུང་བརྒྱངས་ནས་གསུམ་པོ་བསྲེས་ཏེ། སླར་ཡུམ་ཆེན་མོའི་གནས་སུ་འཕུལ་བས་དབུ་མའི་ཁ་ནང་དུ་ཞུགས་ཏེ་ཀྵ་ཡིག་དང་རོ་མཉམ་པར་གྱུར་པས་ཀྵ་ཡིག་མེར་ཧུར་གྱིས་སོང་། མི་ཐུབ་ན་རྒྱབ་ཏུ་བཞར་ནས་རླུང་འཁུན་པ་དང་བཅས་པས་དབྱུང་ངོ་། །སྦྱོར་བ་དེས་ཙཎྜྻཱ་ལིའི་མེ་ཁབ་ཀྱི་རྩེ་ཙམ་དུ་ཕྲ་བ་གསང་གནས་ཀྱི་རྩ་ཐམས་ཅད་དུ་ཞུགས་ཤིང་། འོག་རྐང་པའི་སོར་མོའི་མཐར་ཐུག་པའི་བར་དུ་ཡང་སོང་། ལས་ཀྱིས་བསྒོས་པའི་བག་ཆགས་ཀྱི་དབང་གིས་གྲུབ་པའི་རྩ་གཟུགས་ཐམས་ཅད་བསྲེགས་ཏེ་ཐམས་ཅད་ཀྱང་རྩའི་དབྱིབས་མ་དོར་ལ་རང་བཞིན་མེར་སྣང་བསམ་གར་གྱི་སོལ་མལ་ན་ལྕགས་སོལ་བ་ཐམས་༼༡༩ན༣༧༽ཅད་མེར་སྣང་བ་བཞིན་དུ་བསྒོམ། དེ་ནས་མེ་ཡར་ལམ་གསུམ་ཀ་ནས་མཆེད་དེ་ལྟེ་བའི་ས་བོན་ལ་ཞུགས་པས་དེ་ཡང་འབར་ཏེ། དེ་ལས་གྱེས་པའི་རྩ་ཐམས་ཅད་གང་ཞིང་རྩ་གཟུགས་བསྲེགས་གཡོན་ནས་ཕུང་པོ་ལྔའི་ཆོས་ཅན་གྱི་ཡུམ་ལྔ་དང་། གཡས་ནས་ཁམས་ལྔའི་ཆོས་ཅན་གྱི་དེ་བཞིན་གཤེགས་པ་ལྔ་བསྲེགས། སླར་ཡང་གྱེན་དུ་སོང་བས་ཚུལ་དེ་ཉིད་ཀྱིས་སྙིང་མགྲིན་སྤྱི་བོ་གཙུག་ཏོར་གྱི་བར་གྱི་ཡི་གེ་ལ་ཞུགས་ནས་འཁོར་ལོ་སོ་སོ་ནས་གྱེས་པའི་རྩ་ཐམས་ཅད་བསྲེགས་པས་ལུས་སེམས་རླུང་ཐམས་ཅད་མེ་དང་ཚོགས་པ་གཅིག་པར་བསྒོམ་ཞིང་སྣ་སྒོ་ནས་འཐོན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་འབར་བར་ལྟའོ། །གཉིས་པ་འཛག་པས་བདེ་ཆེན་གྱི་འགྲོས་ལ་བསླབ་པ་ནི། འཛག་པའི་བདེ་བ་རིམ་བཞིན་སྐྱེ་བའི་ཕྱིར། ཞེས་པས་ཏེ། དྲོད་བརྟན་པར་གྱུར་ནས་ཆུ་རླུང་གཟུང་། ཐིག་ལེ་འཕེལ་བ་དང་བཅས་པས་འཁོར་ལོ་རྣམས་རིམ་པར་འགེངས་བཞིན་པ་ཉིད་ཀྱིས་ལྟེ་བའི་གཏུམ་མོ་ལ་ཁྲུས་གསོལ་བས། ཡང་ལྷག་པར་འབར་བའི་འོད་ཀྱི་གདུང་བས་རྩ་ཐམས་ཅད་ཡོངས་སུ་གང་བར་བསྒོམ་ཞིང་ཁམས་གཉིས་རོ་མཉམ་པའི་བདེ་བ་འོད་གསལ་བའི་ངོ་བོར་སོ་སོ་རང་གིས་རིག་པར་བྱའོ། །ཚུལ་འདིའི་རྣལ་འབྱོར་གོམས་པ་ན། མེའི་དྲོད་ཀྱིས་གཙུག་ཏོར་གྱི་བྱང་སེམས་ཞུ་བ་མགྲིན་པའི་བར་དུ་འོངས་པ་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་དང་། དགའ་བ། ཕྱི་རོལ་དུ་དཀར་པོའི་ཚེས་གཅིག་ནས་ལྔའི་བར་དུ་དག་པ་ཡིན་ལ། དེ་བཞིན་དུ་སྙིང་གའི་བར་དུ་འོངས་པ་རྣམ་པར་སྨིན་པ་དང་མཆོག་དགའ། ཚེས་དྲུག་ནས་བཅུའི་བར་དང་། ལྟེ་བར་འོངས་པ་རྣམ་པར་ཉེད་པ་དང་ཁྱད་དགའ། བཅོ་ལྔའི་བར་དག་པ་དང་། ནོར་བུའི་རྩེ་མོའི་མཐར་ཐུག་བར་ཡོངས་སུ་གང་བ་ནི་༼༡༩བ༣༨༽མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་དང་ལྷན་སྐྱེས་ཀྱི་དགའ་བ། བཅོ་ལྔའི་ཟླ་བའི་ཆ་ཡོངས་སུ་རྫོགས་ནས་ནག་པོའི་ཚེས་གཅིག་མ་ཞུགས་པའི་བར་གྱི་ཆ་བཅུ་དྲུག་པའི་སྐད་ཅིག་རྣམ་པར་དག་པའོ། །དེའི་ཕྱི་རིམ་བཞིན་སྐྱེ་ཞེས་གསུངས་སོ། །གསུམ་པ་འབྲས་བུ་བསྟན་པ་རྗེས་ནི། རྗེས་དྲན་ནས་ཤེས་རབ་ཀྱི་མིག་ཐོབ། འོད་ཀྱི་འཁོར་ལོ་ལུས་ལ་བསྐོར། རླུང་གིས་མེ་སྦར་ས་བསྲེགས་ཆུ་བཞུ་སྟེ། ནམ་མཁའ་སྟོང་པའི་དོན་ལ་འཇུག་པར་འགྱུར། ཞེས་པ་ནོར་བུའི་རྩེ་མོར་གནས་པའི་བྱང་ཆུབ་ཀྱི་སེམས་ཀུནྡ་དང་ཟླ་བ་ལྟར་དངས་པ་དྲི་མ་མེད་པའི་ཐིག་ལེའི་མ་འོང་དུ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མིག་རྡུལ་མེད་པས་རྣམ་པ་ཐམས་ཅད་པའི་སྟོང་པ་རིས་མེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་ཀླས་པའི་སངས་རྒྱས་ཀྱི་སྤྲིན་སྤྲོ་བ་མཐོང་བ་ནི། དབུ་མའི་རླུང་གིས་སྟོང་པ་ཉིད་ཀྱི་མེ་སྦར་བ་ཞེས་བྱ་ལ། དེས་རགས་པ་སའི་ཁམས་བདག་པོར་བྱས་པའི་ལུས་ངག་ཡིད་གསུམ་བསྲེགས་ནས། ཆུའི་མཚན་ཉིད་ཅན་གྱི་ཁུ་བའི་བདེ་བར་བྱས་པ་ཡིན་ལ། ཁུ་བའི་བདེ་བ་ཉིད་སྟོང་པ་རིས་མེད་པར་འཆར་བཞིན་པ་དེ་ཡང་དྷཱུ་ཏཱིའི་ནམ་མཁའ་ཐམས་ཅད་སྟོང་པ་འོད་གསལ་བའམ། རྣམ་པ་མེད་པའི་མཆོག་ཏུ་མི་འགྱུར་བའི་བདེ་བ་འམ། ལྷན་ཅིག་སྐྱེས་པ་གཉུག་མའི་སེམས་སམ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དེར་ཐིམ་མོ། །དེ་ནས་ཟུང་འཇུག་གི་སྐུར་ལྡང་སྟེ། དེའི་ཡོན་ཏན་གཟུགས་ཕྲ་བ་ལ་སོགས་པའི་དབང་ཕྱུག་བརྒྱད་དོ། །རིམ་གྱིས་མི་སློབ་པ་མ་ནིང་གི་གོ་འཕང་ཡང་འགྲུབ་སྟེ། དེའི་ཡང་ཡོན་ཏན་སྐུ་དང་གསུང་གི་དབང་ཕྱུག་ལ་སོགས་པ་བརྒྱད་དོ། །ཟུང་འཇུག་ཏུ་ལངས་པ་ཕྱིན་ནས་ཏིང་ངེ་འཛིན་དུ་བཞག་གོ། །གཉིས་པ་དབང་པོ་འབྲིང་རང་ལུས་ལ་བརྟེན་པ་ལ། དངོས་དང་། འཕྲོས་པ་ཤེས་རབ་མའི་རང་ལུས་ཀྱི་གདམས་ངག་གཉིས། དང་པོ་ལ། བསྐྱེད་རིམ་གསལ་གདབ་པ། ཡེ་ཤེས་སེམས་དཔའ་དགུག་ཅིང་གཞུག་པ། དེ་ལ་རྒྱས་གདབ་པ། དེ་ནས་རྗེས་བཅད་པ། དེ་ལམ་དུ་བཏང་བ་དང་ལྔའོ། །དང་པོ་ནི། རྡོ་རྗེ་བསླང་ཞིང་གསོར་བའི་བདེ་བ་ལས། ཐོག་མ་བར་དང་༼༢༠ན༣༩༽ཐ་མའི་བདེ་བ་འབྱུང་། དགུག་གཞུག་བཅིང་མཉེས་རོ་མཉམ་བརྟན་པར་བྱ། རིམ་པ་འདི་ཡིས་ངེས་པར་འགྲུབ་པར་འགྱུར། གལ་ཏེ་སྲོག་རྩོལ་གྱི་སྟོབས་ལས་གཏུམ་མོ་འབར་ཞིང་བྱང་སེམས་བསྐུལ་བར་དཀའ་ན། ཡིད་ཀྱི་རིག་མ་ལ་སློབ་པའི་རིམ་པ་འདིས་བསྒྲུབ་སྟེ། བདེ་བའི་སྟན་ལ་ལུས་སྙེས་ཅུང་ཟད་དང་བཅས་པས་རྐང་པ་གཡོན་པའི་སོར་མོ་གྱེན་ལ་གཏད། དེའི་རྟིང་པ་ལ་གཡས་པའི་སོར་མོ་བཙུགས་ཏེ་རྟིང་པས་སྒོ་གཉིས་ཀྱི་བར་བདེ་བ་རྒྱུ་བའི་རྩ་དེ་ལེགས་པར་ལྟེམ་མོ། །དེ་མ་ཐེབས་ན་བདེ་བའི་རྟེན་འཛག་པས་མན་ངག་དོན་མེད་དུ་འགྱུར་རོ། །དེ་ནས་གཡོན་པའི་ཡན་ལག་སྣུམ་གྱིས་གཤེར་བར་བྱས་ལ། རང་ཉིད་དུས་ཀྱི་འཁོར་ལོར་སྔར་བཞིན་དུ་བསྐྱེད། ལག་པ་དེ་སྣ་ཚོགས་ཡུམ་དུ་བསྐྱེད། རང་དང་ཤེས་རབ་གཉི་གའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿསྙིང་གར་ཧཱུཾ། ལྟེ་བར་ཧོཿ གསང་བར་སྭཱ། སྤྱི་བོར་ཧཱ་ཤེས་རབ་ཀྱི་གསང་གནས་མི་དམིགས་པའི་ངང་ལས། ཨ་ལས་པདྨ་འདབ་བརྒྱད་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་མཚན་པ། རང་གི་གསང་གནས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཨཱ་ལས་སྐྱེས་པའི་པདྨས་མཚན་པ་ནི་རྡོ་རྗེ་བསླང་བ་ཞེས་པའི་དོན་ཏོ། གཉིས་པ་ནི། དེའི་ཚ་ལག་པའི་ཕྱག་རྒྱས་རྡོ་རྗེ་བསྲུབ་ཅིང་། ཧཱུཾ་ཕཊ་ཀྱི་དོན་རྡོ་རྗེ་འཛིན་པའི་ང་རྒྱལ་གྱིས་སྙོམས་པར་ཞུགས་པས། ལྟེ་བའི་རྩ་འདབ་བདུན་ཅུ་རྩ་གཉིས་ཀྱི་ལྟེ་བའི་ནང་ན་ཧོ་ཡིག་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གཏུམ་མོ་ཡེ་ཤེས་ཀྱི་མེ་གསང་གནས་ཀྱི་གཡས་ཀྱི་རྩེ་མོ་ནས་འབབ་པས་ཕུང་པོ་ཁམས་སོགས་སྐུལ་བར་བྱེད་པ་དེ་རབ་ཏུ་འབར་བས་གཡོན་གྱི་དཀྱིལ་འཁོར་སངས་རྒྱས་ལྔ་དང་། གཡས་ཀྱི་དཀྱིལ་འཁོར་ཡུམ་ལྔ་དང་། མིག་སོགས་དབང་པོ་དྲུག །གཟུགས་སོགས་ཡུལ་དྲུག་པོ་རྣམས་བསྲེགས་ཏེ། རླུང་རྒྱུ་བ་མེད་པ་དབང་པོ་ཡུལ་ལ་འཇུག་པ་མེད་པར་བྱས་ནས་མེ་དེ་ཨ་ཝ་དྷཱུ་ཏཱི་ནས་སོང་སྟེ་སྤྱི་བོའི་ཐིག་ལེའི་གཟུགས་ཅན་ལ་རེག་པས་ཧཾ་ཞུ་ནས་ནོར་བུའི་སྣ་རྩེར་ཟླ་བའི་ཆ་བཅོ་ལྔ་ཡོངས་སུ་གང་བའི་ཚུལ་དུ་བྱོན་པ་ནི་ཆགས་༼༢༠བ༤༠༽པའི་ཕྱོགས་ཐོག་མའི་དགའ་བ། དེར་འཆིང་བར་མ་ནུས་ན་ཕྱིར་ལྷུང་བ་དགའ་བ་བྲལ་བ་ཐ་མའི་གནས་སྐབས། དེ་གཉིས་ཀྱི་དབུས་སམ་བར་དུ་མདུན་རླུང་སྟེང་དང་། རྒྱབ་རླུང་འཐུར་དུ་འཕུལ་ནས་བཅིངས་ཏེ་པདྨ་དང་རྡོ་རྗེའི་སྣ་རྩེར་ཐིག་ལེ་འཛོམ་པའི་ཀུནྡ་ལྟ་བུའི་བྱང་ཆུབ་སེམས་ཀྱི་ཐིག་ལེའི་ནང་དུ་པྲ་ཕབ་པ་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་སྤྲོས་ཏེ་མི་འཕོ་བའི་བདེ་བའི་འོད་ཟེར་གྱིས་སྲིད་གསུམ་མཐའ་དག་དུས་གསུམ་ཅིག་ཅར་དུ་ཤེས་པའི་ལྷའི་རྣལ་འབྱོར་གྱི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བར་བྱའོ། །ལས་དང་པོ་པས་ནི། གཙུག་ཏོར་གྱི་དགའ་བའི་ཡེ་ཤེས་པ་གནས་གཞན་མགྲིན་པར་དགུག་པ་ནི་དེར་འབེབས་པའོ། །གཞུག་པ་ནི་འཛིན་པ་སྟེ་རླུང་སེམས་དབུ་མར་གཞུག་པའི་འཁྲུལ་འཁོར་གྱིས་སོ། །དེ་ལ་གོམས་ནས་མཆོག་ཏུ་དགའ་བའི་ཡེ་ཤེས་པ་སྙིང་གར་དགུག་ཅིང་གཞུག །དེ་ལ་གོམས་ནས་ཁྱད་དགའི་ཡེ་ཤེས་པ་ལྟེ་བར་དགུག་ཅིང་གཞུག །དེ་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་པ་ནོར་བུའི་རྩེར་དགུག་པར་བསམ་ཞིང་གནས་སུ་གཞག་གོ། །དེ་ནི་གསོར་བའི་བདེ་བ་ལས། ཐོག་མ་བར་དང་ཐ་མའི་བདེ་བ་འབྱུང་། དགུག་གཞུག་ཅེས་པའི་དོ་ཏེ། འདིར་ནི་དྲག་པོར་བསྐུལ་བའི་དབང་གིས་ལྷན་སྐྱེས་བར་དུ་བཞག་པ་སྟེ། རྒྱུད་ལས་ཀྱང་། ཆགས་དང་ཆགས་བྲལ་མཐའ་ཐོག་ལ་གནས་སྐད་ཅིག་མ་ཡང་ཁྱབ་བདག་གི་ནི་དབུགས་ཀྱི་གྲངས་འཕེལ་ལོ། །ཞེས་སོགས་ཀྱིས་སོ། །གསུམ་པ་ནི། གསང་བའི་སྣ་རྩེར་ལྷུང་བའི་ཐིག་ལེ་དེ། ཇི་ལྟར་བྱོན་པ་བཞིན་དུ་རྒྱུ་མཐུན་པའི་འབྲས་བུའི་ཚུལ་དུ་ལྟེ་བར་གཤེགས། རྣམ་སྨིན་གྱི་ཚུལ་དུ་སྙིང་ག །སྐྱེས་བུ་བྱེད་པའི་ཚུལ་དུ་མགྲིན་པ། དྲི་མ་དང་བྲལ་བའི་ཚུལ་དུ་སྤྱི་བོར་གཤེགས་པར་མོས་ཏེ། གསང་བ་ཙོག་པུའི་འདྲེན་བཞི། ནང་ཉལ་བའི་འདྲེན་བཞི། ཕྱི་ལངས་པའི་འདྲེན་བཞི་པོ་ཐམས་ཅད་མདུན་རླུང་གནོན་རྒྱབ་གྱེན་དུ་གཅུད་ཅིང་འདྲེན་པས་བྱའོ། །འདིས་ནི་མི་འཕོ་བར་བྱེད་པ་ཡིན་པས་རྒྱས་བཏབ་པ་ཞེས་གསུངས་ཏེ་བཅིང་བ་ཞེས་པའི་༼༢༡ན༤༡༽དོན་ཏོ། ལས་དང་པོ་པ་ལ་གནས་གཞན་དང་པོར་གཞུག་པའི་དུས་དེ་ས་བཟློག་པ་སོགས་བྱ། དེ་ལ་གནས་དང་པོ་དང་གཉིས་པ་གཉིས་པ་གཉི་གར་གཞུག་སྟེ་བཟློག །དེ་ལ་གོམས་ནས་གསུམ་པ་དང་། མཐར་བཞི་པ་སྟེ་དེ་ནས་ཁྱད་པར་མེད་དོ། །བཞི་པ་ཕྱི་ལངས་པའི་བཀྲམ་བཞི། ནང་ཉལ་བའི་བཀྲམ་བཞི། གསང་བ་ཙོག་པུའི་བཀྲམ་བཞི་རིམ་པས་རླུང་གསུམ་སྦྱོར་བུམ་པ་ཅན་གྱིས་སོ། །རྩའི་གནས་ཐམས་ཅད་དུ་རླུང་གིས་ཐིག་ལེ་ཁྲིད་དེ་ཕྱིན་པས་བདེ་བ་སྐྱེས་པ་ལ་རྣམ་པར་མི་རྟོག་པར་བཞག་གོ། །དེ་ནི་མཉེད་པ་ཞེས་པའི་དོན་ཏེ་ལུས་ཀྱི་གནས་ཐམས་ཅད་དུ་ཉེད་པ་ཡིན་པས་ཕྱིན་ཆད་མི་འཕོ་བས་རྒྱུ་མཚན་དེས་རྗེས་བཅད་པ་ཞེས་ཀྱང་བྱའོ། །ལྔ་པ་ལ། རླུང་གིས་ལམ་དུ་བཏང་བ། སྟོང་པ་རྒྱས་གདབ་པ། རྩིགས་མ་འཐུར་དུ་འབེབས་པ། འགྲུབ་པའི་གནས་སྐབས་བཤད་པ་བཞི་ལས། དང་པོ་ནི། འགྲེམས་རྫོགས་པའི་མཐར་རླུང་གསུམ་སྦྱོར་ཐངས་འགའ་རེ་བསྒོམས་ཏེ། དེ་མ་བསྒོམས་ན་ས་དབང་དུ་སོང་སྟེ་གཉིད་ཀྱི་རྒྱུ་བྱེད་ལ། བདེ་བ་ཆེན་པོའི་ཡེ་ཤེས་མི་བསྐྱེད་པས་སོ། །རོ་མཉམ་ཞེས་པའི་དོན་ཏོ། གཉིས་པ་དེ་ནས་རྣམ་པར་མི་རྟོག་པའི་ངང་དུ་གཞག་ནས་བདེ་བ་རང་རྒྱུད་པར་མེ་ཤོར་བར་བྱའོ། །བརྟན་པར་བྱ་བའི་དོན་ཏོ། གསུམ་པ་ནི། མཐར་ཕོ་སྐེད་ལྟེ་བ་བསྐོར་ཞིང་འོག་སྒོ་འབྱེད་འཛུམ་བྱས་ནས་བར་གནོན་གསུམ་ལ་སོགས་པས་རྩིགས་མ་འཐུར་དུ་འབེབས་དགོས་ཏེ། གཞན་དུ་ལུས་ནག་པ་དང་། ཤ་ལྷད་དང་། དབང་པོ་མི་གསལ་བར་འགྱུར་བའོ། །འདི་ནི་རིམ་པ་འདིའི་ཞེས་པའི་ཤུགས་བསྟན་ཏེ། ལམ་རིམ་པ་འདིས་རྩིགས་མ་འཐུར་དུ་འབྱིན། དངས་མ་ལུས་ལ་རྒྱས་པར་བྱེད་པའི་ཕྱིར་རོ། །འཐུལ་ཚུལ་ནས་འདྲེན་ལྟ་བུ་གཅིག་ལ་ཡང་། རླུང་སེམས་སྟེང་གི་སྒོ་འབའ་ཞིག་ཏུ་བཅིང་བ་འདྲེན་གྱི་འདྲེན། ཐད་ཀར་གཅུད་པ་འདྲེན་གྱི་འགྲེམས། འཐུར་དུ་བཅུད་པ་འདྲེན་གྱི་འགྲེམས། འཐུར་དུ་བཅུད་པ་འདྲེན་གྱི་འབེབས། དེ་བཞིན་དུ་འགྲེམས་འབེབས་ལའང་འདྲེན་གཙོ་བ། འགྲེམས་དང་འབེབས་གཙོ་བ་ཞེས་འབྱེད་ཅིང་རེ་༼༢༡བ༤༢༽རེས་དོན་འགྲུབ་་་་ལག་པའི་ཆུ་སྐྱེས་ཀྱང་རེ་མོས་སུ་བྱ་སྟེ་གཅིག་ཁོ་ནས་བསྲུ་བས་ན་ཕྱོགས་གཞན་སྐམ་པའི་ཉེས་པར་འགྱུར་རོ། །བཞི་པ་ནི། ངེས་པར་འགྲུབ་པར་འགྱུར། འདིས་ནོར་བུར་ལྷན་སྐྱེས་རྟོགས་ནས་སྟོང་པ་ཉིད་དུ་ཤར་བའི་སྟོང་ཉིད་དེ་ཕྱག་རྒྱ་ཆེན་མོ་ཡིན་ལ། དེ་རྣམ་པ་མེད་པའི་གཉུག་མའི་སེམས་སུ་ཞི་བར་བྱེད་ཐུབ་པས་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་དང་པོ་མངོན་དུ་གྱུར་པ་ནས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མངོན་དུ་གྱུར་པའི་བར་འགྲུབ་ཅེས་པའོ། །དེ་ལྟ་བུའི་ཞུ་བའི་བདེ་བའི་ཟད་པ་དེ་དག་ཉིད་རིགས་དྲུག་ཡིན་ཏེ། རྒྱུད་ཕྱི་ལས། འཛག་མེད་དགའ་བ་ཁུ་བ་རྡོ་རྗེ་ཡང་སྟེ་དེ་འཛིན་པ་ལས་ངེས་པར་རྡོ་རྗེ་འཛིན་པའོ། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་འཕྲོས་པ་ཤེས་རབ་མའི་རང་ལུས་ཀྱི་གདམས་ངག་ནི། ཆགས་ལྡན་གྱི་བུད་མེད་འཇའ་ལུས་སུ་བྱེད་པའི་རླུང་གནད་དོ། །སྐྱེས་པ་ལ་ཡང་གོམས་པས་ཉི་མ་སྟོང་དུ་གནོན་པར་བྱེད་པའི་རྒྱུར་གསུངས་སོ། །དེ་ཡང་། སྔོན་འགྲོའི་དུས་སུ་གཡོན་པའི་ཡན་ལག་གིས། སྣུམ་འདྲེན་ཆུ་སྐྱེས་དག་ལ་བདེ་བ་བསྒོམ། དབབ་དང་གཟུང་བཟློག་དགྲམ་པའི་ལས་རྣམས་ཀྱིས། དངོས་གཞིའི་དུས་སུ་གདེངས་དང་ལྡན་པར་འགྱུར། རིན་ཆེན་མཁའ་འགྲོས་གནང་བའི་གདམས་ངག་ཡིན། ཞེས་པས། སེམས་སྐྱིལ་ལེགས་པར་བཅས་པའི་རྟིང་པ་གཡོན་པས་སྒོ་གཉིས་ཀྱི་མདུད་བྱང་སེམས་རྒྱུ་བའི་རྩ་བཅིང་། ལག་པ་གཡས་བསྲངས་ཐལ་མོ་ཁ་སྦུབ་ཕྱིར་བཀན་པའི་སོར་མོའི་ཁར་ཕོང་ཚོས་བཞག །གཡོན་པས་ཤོ་མང་གི་རྩ་བ་ཤིན་ཏུ་འཇམ་པ་རྡོ་རྗེའི་དབྱིབས་བདེ་བ་བསྐྱེད་པའི་རྫས་དང་སྣུམ་གྱིས་ཤིན་ཏུ་འཇམ་པར་བྱས་པ་ལག་པས་བཟུང་སྟེ། དེ་བཅོམ་ལྡན་འདས་སུ་དང་། བདག་ཉིད་སྣ་ཚོགས་ཡུམ་དུ་བསྐྱེད་མཁའ་གསང་བྱིན་གྱིས་བརླབས་ཏེ། བཅོམ་ལྡན་འདས་མའི་ང་རྒྱལ་གྱིས་སྙོམས་པར་གཞུག་ཅིང་རྫས་ཀྱི་བོ་ལས་ཆུ་སྐྱེས་བསྲུབས་ཏེ་བདེ་བ་ལ་སེམས་གཟུང་ཞིང་གློད། མཐར་གསང་གནས་ཐུག་འབེབས་སོ། །དམར་ཆ་འཛིན་པའི་འཁྲུལ་འཁོར་གྱིས་༼༢༢ན༤༣༽འཛིན། དེ་ནས། རླུང་ཅན་རླུང་མེད་དག་གིས་ཉི་ཟླ་བཟུང་། །གླིང་བཞི་བཅུད་ཅིང་ཉིད་ལག་བསྐུམ་དང་བསྒྲད། །རྒྱ་མཚོ་བཀོལ་ལ་སྲིན་པོའི་གཏིང་དུ་མནན། །སྒྲ་གཅན་རྒྱས་པས་སྐྱོན་དག་ཡོན་ཏན་རྫོགས། །རྡོ་རྗེ་མཁའ་འགྲོས་གནང་བའི་གདམས་ངག་ཡིན། །རླུང་བཟུང་མ་བཟུང་གང་གིས་ཀྱང་རུང་། ལག་པ་གཡོན་པའི་མཐེབ་སྲིན་གྱིས་མགྲིན་པའི་རྦ་རླབས་ལྟེམས་ལ་ཉམས་འཆར་དུ་བཅུག །ཚིལ་ཏེ་ཤར་བ་ནས་གླིང་བཞི་བཅུད། ཉིང་ལག་རྣམས་ལ་འཆུན་འདོན་རླུང་སེམས་ལྟོ་བ་བརྒྱངས་ནས་སྲིན་པོའི་ཁར་དྲག་ཏུ་འཕུལ། དེས་ཉམས་ཡལ། ཡང་སྔར་བཞིན་ལས་ཆེ་བ་ཙམ་དུ་འཆར་དུ་གཅུག །འགྲེམས་དྲག་པོ་བྱས་ཀྱང་ཁོའི་ཉམས་ཤུགས་ཆོས་ནས་འཕྲོ་མཆོད་ཀྱང་སྐྱོན་དུ་མི་འགྱུར་བས་ཉམས་རྒྱ་ཡན་དུ་བཏང་ངོ་། །རེས་ཤིག་ནས་ཁོ་རང་གཉིད་སད་པ་བཞིན་སངས་འགྲོ་བས་དེ་རང་དྲན་པས་ཟིན་མ་ཐག་ཏུ་འགྲེམས་དྲག་པོར་གཅུད་པ་ཡིན། དེ་ལྟར་ཡང་ཡང་སྦྱངས་པས་ཉམས་སྣང་དེ་དང་འགྲེམས་ནུས་ཤུགས་འགྲན་པས་མཇུག་ཏུ་འགྲེམས་ཁ་རྒྱལ་ནས་ཤུགས་དྲག་གི་ཉམས་སྣང་དེ་རང་དབང་ཐོབ་པའི་གསལ་སྟོང་དུ་ཤར་ནས་རྩ་རླུང་ལ་དབང་ཐོབ། དབུ་མ་རྩོལ་མེད་དུ་རྒྱས་ནས་མི་འགྱུར་བའི་བདེ་བར་འཆར་བའི་གྲོགས་བྱེད་དོ། །དེས་ནི་བཟུང་བཟློག་དགྲམ་པ་ཅིག་ཅར་དུ་འགྲུབ་པར་བྱེད་པ་ཡིན་ནོ། །དེ་ནས། ཏིང་འཛིན་རླུང་དང་ལག་པའི་ཕྱག་རྒྱ་ཡིས། བྱང་སེམས་བདེ་བ་ཆེན་པོར་ཕབ་བྱས་ནས། རྒྱ་མཚོ་བཅོལ་ཞིང་སྨད་ལ་དགྲམ་པར་བྱ། །རླུང་སེམས་ཐིག་ལེ་གྱེན་དུ་བུད་པ་སེལ། །པདྨ་མཁའ་འགྲོས་གནང་བའི་གདམས་ངག་ཡིན། དེ་ནས་ཡང་དང་ཡང་དབབ་ཅིང་མཐར་གསུས་པ་མདུན་དུ་བརྒྱངས་ཤིང་ཁྱད་པར་ལྟེ་འོག་ཏུ་འཕུལ། རྡོ་རྗེ་སྐྱིལ་ཀྲུང་གིས་ཉྭ་བཞི་བསྒྲིམ་ཞིང་སྨད་གཅུད། རྐང་སོར་གཉིས་བསྐུམ། འོག་སྒོ་གཉིས་འཕུལ། དམིགས་པ་ནམ་མཁའི་མཐོངས་སྤྲིན་གྱི་ཁྲོད་དུ་ཟླ་བའི་དཀྱིལ་འཁོར་ལྔ་ཚོམ་ལ་སེམས་གཏད། མཐར་གླིང་བཞི་གཅུད་འབོར་འཕར་གནོན་ལ་སོགས་པའི་༼༢༢བ༤༤༽འབེབས་བྱ། དེ་ནས། སྨད་ཀྱི་ཉྭ་བཞི་གཡས་གཡོན་སྟེང་འོག་རྡེབ། སྟོད་ཀྱི་ཉྭ་བཞི་ཁུ་ཚུར་གྱེན་དུ་བརྒྱངས། བདེ་དྲོད་རླུང་གཉིས་ཐབས་ཤེས་གཅིག་ཏུ་བསྡུ། ཤེས་རབ་དངས་མ་དམར་པོ་དབང་དུ་འགྱུར། སྣ་ཚོགས་མཁའ་འགྲོས་གནང་བའི་གདམས་ངག་ཡིན། རྐང་པ་གཡོན་བསྐུམ་གཡས་པ་དེའི་སྟེང་དུ་བཞག་པས་པུས་མོ་གཉིས་ཐད་ཀར་བརྩེགས་གཡོན་པའི་རྟིང་པས་བཤང་གཅིའི་བར་ལྟེམ། གཡས་པའི་རྟིང་པ་གཡོན་པའི་ཕྱི་ལོགས་སུ་སླེབ་པར་བྱས་ནས་དལ་མོ་དགྱེ་བོར་བཏང་། ཚིགས་པ་བསྲང་། དཔུང་པ་ཕྱིར་བརྒྱང་ཞིང་གྱེན་དུ་གཏོད། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བརླའི་སྟེང་དུ་བཙུགས། ལྕེ་རྐན་ལ་སྦྱར། མིག་གྱེན་ལ་བཟློག །ཉན་བྱེད་སྲེད་བྱ། རླུང་གཉིས་པོ་གཅིག་ཅར་དུ་བསྡུས་ནས་དབུ་མ་བཙུགས་ཏེ་དམིགས་པ་སྤྱི་བོའི་ཧཾ་ལ་བསྟིམ་སྟེ་ཙམ་ཐུབ་བྱ། མཐར་འགྲེམས་འབེབས་རླུང་དང་བསྲེ་བ། སྟོང་པས་རྒྱས་གདབ་པ། རྩིགས་མ་འཐུར་འདོན་རྣམས་བྱའོ། །སྨད་ཁོ་ནར་བཟློག་ཅིང་དགྲམ་པ་ནི། །དམར་ཆ་གྱེན་དུ་འཕོ་བ་འཆིང་བ་ཡིན་ལ། །མན་ངག་འདི་ནི་སྔར་ཞལ་ཤེས་སུ་མཛད་དོ། །དེའི་ཕྱིར། ཐབས་ཀྱི་མེ་གསུམ་རབ་ཏུ་སྦར་བ་དང་། །ཤེས་རབ་ལ་ཡང་མེ་གསུམ་དེ་བཞིན་ཏེ། །ཞེས་སྐྱེས་པ་དང་བུད་མེད་གཉིས་ཀ་ལ་རྗེས་ཆགས་ཀྱི་མེ་གསུམ་གསུམ་སྟེ། ལང་ཚོ་དུས་ཀྱི་མེ། སྒོམ་པ་ཏིང་ངེ་འཛིན་གྱི་མེ། སྦྱོར་བ་བསྒྲུབ་པ་ལས་བྱུང་བའི་མེ་སྟེ་གསུམ་ཡོད་པས་ཇི་ལྟར་སྐྱེས་པ་བཞིན་ཤེས་རབ་བུད་མེད་ཀྱིས་ཀྱང་གཏུམ་མོ་རང་ལུས་ཀྱི་ལམ་འདིས་སྦར་བར་བྱའོ་ཞེས་པའི་དོན་ཏོ། གསུམ་པ་དབང་པོ་ཐ་མ་གཞན་ལུས་ལ་བརྟེན་པ་ལ། བསྒྲུབ་པའི་སྔོན་དུ་འགྲོ་བ། གང་ལ་བརྟེན་ནས་ཚུལ་ཇི་ལྟར་བསྒྲུབ་པ་གཉིས་ལས། དང་པོ་ལ། ལུས་ཟུང་བསྐྱེད་པ་བཅུད་ལེན། ཕྱག་རྒྱ་བརྟག་པ། དགུག་པ། མི་སྣང་བར་བྱ་བ་བཞི། དང་པོ་ནི། གསོ་དཔྱད་ཀྱི་གཞུང་ལས། བཅུད་ལེན་དང་རོ་ཙ་གཉིས་སུ་བཤད་པའི་དང་པོས་ནི་རྒ་བ་ན་བ་འཆི་བ་འཆིང་བ་ཡིན་ལ། གཉིས་པས་ནི་ལུས་ཀྱི་ཁུ་བ་རྒྱས་པས་ཆགས་པ་སྤེལ་བ་ལས་འདིར་ཕྱི་མ་སྟེ། སྙིང་དཀར་༼༢༣ན༤༥༽ནག་གི་མཚམས་ན་རོ་ཙ་ནའི་ཐིག་ལེ་གནས་པ་དེ་རྒྱས་པ་ལས་མདངས་སྟོབས་ཆགས་པ་འཕེལ། རྒུད་པ་ལས་མདངས་ཤོར། ཤེད་ཆུང་། འདོད་པ་སྤྱོད་མི་ནུས་པས་སོ། །རོ་ཙའི་སྨན་གྱིས་ཐིག་ལེ་དེ་འཕེལ་བར་བྱེད་པ་ཡིན་ནོ། །བདུད་རྩི་ལྔ་དང་དངུལ་ཆུ་ལ་སོགས་པའི་སྦྱོར་བས་ནི་གཉིས་ཀ་སྒྲུབ་པ་ཡིན་ནོ། །གཉིས་པ་ནི། སྤྱིར་བྱང་ཆུབ་ཀྱི་སེམས་འདིས་རྒྱས་གདབ་པར་བྱ་བས་ཕྱག་རྒྱའོ། །བྱེ་བྲག་ལུས་ཀྱི་ལས་གང་དང་གང་གི་ཁུ་བ་ལ་བརྟེན་པའི་བྱང་ཆུབ་སེམས་ཀྱིས་རྒྱས་གདབ་པར་བྱ་བས་ལས་ཀྱི་ཕྱག་རྒྱ་སྟེ་བུད་མེད་ལ་བྱའོ། །དེའི་རིགས་རྣམ་པར་ཕྱེ་ན། ས་དང་ཆུ་དང་མེ་དང་རླུང་རྣམས་དང་། ནམ་མཁའ་ལས་སྐྱེས་དེ་བཞིན་གཤེགས་པའི་ཡུམ། ཇི་ལྟར་སྲིད་ལག་གི་རྩ་བར་འཁོར་ལོའི་མཚན་མ་དང་། མདོག་སེར་བ་དང་། ང་རྒྱལ་ཤས་ཆེ་བ་དང་། བྲམ་ཟེ་མོ་ནི་ས་ཁམས་ལས་བྱུང་བ་སྤྱན་མའི་རིགས། པདྨའི་མཚན་མ་དང་། དཀར་བ་དང་། འདོད་ཆགས་ཤས་ཆེ་བ་དང་། རྒྱལ་རིགས་ནི་ཆུའི་ཁམས་ལས་བྱུང་བ་མཱ་མ་ཀཱའི་རིགས། རིན་པོ་ཆེའི་མཚན་མ་དང་། མདོག་དམར་བ་དང་། ཞེ་སྡང་ཤས་ཆེ་བ་དང་། ང་རྒྱལ་ཤས་ཆེ་བ་དང་། གར་མ་ནི་མེའི་ཁམས་ལས་བྱུང་བས་གོས་དཀར་མོ། རལ་གྲིའི་མཚན་མ་དང་། མདོག་ནག་པ་དང་། ཕྲག་དོག་ཤས་ཆེ་བ་དང་། ཚོམ་མ་ནི་རླུང་ཁམས་ལས་བྱུང་བ་སྒྲོལ་མའི་རིགས་སོ། །རྡོ་རྗེའི་མཚན་མ་དང་། མདོག་སྔོ་བ་དང་། གཏི་མུག་ཤས་ཆེ་བ་དང་། གཡུང་མོའམ་གཏུམ་མོ་ནི་ནམ་མཁའི་ཁམས་ལས་བྱུང་བ་ནམ་མཁའི་དབྱིངས་ཀྱི་དབང་ཕྱུག་མའི་རིགས་སོ། །རྣལ་འབྱོར་པའང་དེ་བཞིན་གཤེགས་པ་ལྔའི་རིགས་སུ་ངེས་པས། ཐབས་ཀྱང་རྒྱལ་བ་རྣམས་ཀྱིས་རབ་ཕྱེ་བ། ཞེས་གསུངས་ལ། རྣལ་འབྱོར་པ་གང་ལ་ཕྱག་རྒྱ་གང་ཤིས་པ་ནི། རང་རང་རིགས་དང་ལུས་དང་བསམ་པ་ལས། རིགས་ནི་གཞན་དང་ཞེས་པས། རང་གི་རིགས་ལ་འཁྱུད་པར་མ་གསུངས་ཏེ། ལུས་ལ་བསམ་པ་རབ་ཏུ་ཞུགས་པའི་དབང་གིས་དགྲ་དང་སྤྲད་པར་བྱ་སྟེ། རྣམ་སྣང་གི་རྣལ་འབྱོར་པས་སྒྲོལ་མའི་རིགས་ཀྱི་བུད་མེད་བསྟེན་པར་བྱ་བ་སོགས་ཀྱིས་སོ། །འདྲེས་༼༢༣བ༤༦༽མ་གང་ལ་ཡང་། དེ་དང་དེ་ཡི་ཡབ་ཡུམ་རིགས་ཀྱིས་འགྲུབ། ཅེས་པ་ནི། རྡོ་རྗེའི་རིགས་ཀྱི་རྣལ་འབྱོར་པ་ལ། དེ་ཐམས་ཅད་ཀྱིས་འགྲུབ་སྟེ། རིགས་འདིར་རིགས་ཐམས་ཅད་གཅིག་པའི་ཕྱིར་རོ། །ཡང་ན་གཉིས་སུ་ཕྱེ་སྟེ། ཡང་ན་ཐབས་ཀྱང་ཟླ་བ་ཉི་མའི་རིགས། ཞེས་པས་མེ་ཐབས། ཆུ་ཤེས་རབ་སྟེ་གཉིས་སུ་ཐམས་ཅད་བསྡུས་པས་སོ། །ཤེས་རབ་ཀྱང་ནི་ཉི་མ་ཟླ་བས་ཏེ། ཞེས་པ། བུད་མེད་གང་རྡུལ་གནམ་སྟོང་ལ་འབབ་པ་དང་། རྡུལ་ཉ་ལ་འབབ་པའི་དབྱེ་བས་སོ། །དེ་དག་ཀྱང་རང་བཞིན་གྱི་དང་། གནས་དང་། ཞིང་དང་། རིགས་དང་། སྔགས་དང་། མཐར་སྐྱེས་ཀྱི་རྣལ་འབྱོར་མར་ཕྱེ། རྩ་རིགས་ཀྱིས་དུང་ཅན། རི་མོ་ཅན། གླང་སྣ་མ། མཆོག་པདྨ་ཅན་ཏེ་བཞི། ན་ཚོད་ཉིར་གཅིག་ནས་ཉེར་ལྔའི་བར་དབང་གི་རྟེན། ཉི་ཤུ་མ་མཁའ་སྤྱོད་ཀྱི། བཅུ་དྲུག་མ་མཆོག་བསྒྲུབ་པའི། བཅུ་གཉིས་མ་དམ་ཚིག་གི། བཅུ་གཅིག་མ་འཇའ་ལུས་ཀྱི་དོན་དུ་བསྟེན། ལྷག་མ་ཉེར་དྲུག་མན་ནི་བདེ་བ་སྐྱོང་བའི་རྟེན་ཙམ་དུ་རུང་གིས། དམར་ཆ་བསྡུ་བའི་རྟེན་དུ་མི་རུང་ངོ་། །མདོར་ན་ལུས་མཛེས་སྡུག་གི་དཔྱིད་ཐམས་ཅད་ཀྱིས་བརྒྱན་པ་སྨིན་མཚམས། བྷ་གའི་སྟེང་དུ་རི་མོ་གྱེན་བསྒྲེང་གསུམ་གཤིབས་སམ་གཅིག་ངེས་པར་ཡོད་པ། སྐེད་པ་ཕྲ་ཞིང་སྟོད་སྨད་རྒྱས་པ། ལྟོ་གཡས་སུ་འཁྱིལ་ཞིང་ཟབ་པ། ནུ་མ་མ་ཁྲང་ལ་བྷ་ག་རུ་སྦལ་གྱི་རྒྱབ་འདྲ་བར་འབུར་ཞིང་སྤུ་མེད་པ། ནང་དོག་ཅིང་དྲོད་ཆེ་ལ་ཆུ་ཆུང་ཞིང་གསང་རྩ་ཕྱིར་འཐོན་པ་དེ་མཆོག་ཏུ་ཤིས་སོ། །གསུམ་པ་དགུག་པ་ནི། སྔར་བཤད་པས་སམ། རྫས་སྔགས་ཏིང་ངེ་འཛིན་གཞན་གྱིས་ཀྱང་ངོ་། །བཞི་པ་མི་སྣང་བར་བྱ་བ་ནི། སྔར་བཞིན་ནམ། གཞན་གྱིས་ཀྱང་ངོ་། །གཉིས་པ་གང་ལ་བརྟེན་ནས་ཚུལ་ཇི་ལྟར་བསྒྲུབ་པ་ལ། རྡོ་རྗེ་ཟླ་བ་བཅིང་བ་དང་། རྡོ་རྗེ་ཉི་མ་དབང་དུ་བྱེད་པ་གཉིས་སོ། །དང་པོ་ལ། སྔོན་འགྲོ། དངོས་གཞི། མཇུག་གསུམ། དང་པོ་ནི། དབང་དུས་སུ་ངོ་སྤྲོད་ནས་དེ་གོམས་པར་བྱེད་པ་ལ་འདི་གསུངས་ཏེ། སྤྲོས་བཅས་ལ་བརྟེན་པས་ཕྱག་རྒྱ་མ་དཔག་ཏུ་མེད་པའམ། སྤྲོས་པ་མེད་པས་ལྷ་གྲངས། ཤིན་ཏུ་སྤྲོས་པ་མེད་༼༢༤ན༤༧༽པས་གཅིག་ཙམ་དང་། དང་པོ་དེ་ལ་དགེ་བསྙེན་གྱི་སྡོམ་པ་བྱིན་ལ། སེམས་བསྐྱེད་དབང་བསྐུར་ནས་ཟབ་མོའི་ལམ་ལ་སྐྲག་པ་མེད་ཅིང་གུས་པར་གྱུར་པའི་རྒྱུད་སྦྱང་བ་བྱས་ནས་འབྱོངས་ནས། ཁ་ཟས་དང་གཏུང་བ་དང་ཙ་བའི་སྨན་ངག་གིས་ལུས་བརྟས་པར་བྱས། སྔར་བཞིན་བསྐྱེད་རིམ་མཁའ་གསང་བྱིན་གྱིས་བརླབ་པའི་བར་དུ་བྱའོ། །ཐུགས་ཁའི་འོད་ཟེར་གྱིས་ལྷ་ཐམས་ཅད་སྤྱན་དྲངས། ཡབ་ལ་ཡབ། ཡུམ་ལ་ཡུམ་ཐམས་ཅད་བསྟིམ། གཉིས་ཀ་གདན་གསུམ་གྱི་ལྷར་བལྟས། བྷ་གའི་ནང་དུ་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་བཞུགས་པར་བསྒོམ། གཉིས་པ་དངོས་གཞི་ལ། དབབ་པ། བཟུང་བ། བཟློག་པ། དགྲམ་པ། རྗེས་བཅད་པ་ལྔའོ། །དང་པོ་ནི། འཁོར་ལོ་དྲུག་དང་ནོར་བུའི་རྩེ་མོ་ལས། ཟླ་བའི་ཆ་རྣམས་རིམ་གྱིས་འཕོ་བ་དང་། ཅེས་པས་ཏེ། བསྐྱོད་དྲགས་ན་ཆུ་མངའ་བརྒྱབ་པ་བཞིན་ཐལ་འགྲོ་བས། རུ་སྦལ་གྱི་ནུར་འགྲོས་ཀྱིས་དབབ་པར་བྱ་སྟེ། བདེ་བའི་སྟན་ལ་གཉིས་ཀ་གཅེར་བུ་བྱས་ནས་ཕན་ཚུན་བལྟ་བ་དང་ཆགས་པའི་གཏམ་དང་། འོ་བྱེད་པ་དང་། མ་མཆུ་མྱང་བ་དང་། ལྕེ་འཇིབ་པ་དང་། རེག་པའི་གཡའ་བསྐུལ་བ་དང་། སེན་མོ་འདེབས་པ་དང་། འཁྱུད་པ་དང་། ཞོན་པ་ཙམ་བྱས་ནས་ཆགས་པ་རྒྱས་པའི་རྟགས། གཉི་ག་འདར་བ་དང་། རྡུལ་བ་དང་། སྐད་འབྱིན་པ་ལ་སོགས་པ་བྱུང་ནས་གཡོས་པའི་བདེ་བ་ལ་སེམས་བརྟན་པར་བྱས་ཏེ་རྣམ་པར་མི་རྟོག་པ་ལ་གཞག་གོ། །ཅུང་ཟད་འཕོ་བ་ན་འོག་ནས་འབྱུང་བའི་འདྲེན་འགྲེམས་ཀྱི་མན་ངག་ཤེས་པས་མི་འཕོ་བར་བྱའོ། །ཚུལ་དེ་ལ་གོམས་པ་བརྟན་པས་ཕྱིས་གཟུང་བ་དང་འཛིན་པའི་སེམས་དག་གཅིག་པ་ཉིད་དང་། གཏུམ་མོ་དང་ཁུ་བ་དག་གཅིག་པ་ཉིད་དང་། དེ་ལས་ངེས་པར་གྲུབ་པའི་དབང་ཕྱུག་དང་ལྡན་པ་སྟེ་ཚངས་པར་སྤྱོད་པ་མི་འགྱུར་བའི་བདེ་བ་ཤེས་རབ་དང་ཐབས་སྙོམས་པར་འཇུག་པས་བྷ་ག་དང་། ལུས་ཀྱི་ལྷ་རྣམས་ལ་འཁྲིག་ཐབས་ཀྱི་རོལ་མོ་དུ་མས་མཆོད་པ་བརྩམ་པར་བྱའོ། །༼༢༤བ༤༨༽སྤྱི་བོ་ནས་མགྲིན་པར་བབས་པའི་དུས་ཚོད་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ། ངོ་བོ་ནི་དགའ་བའི་བདེ་བ། དེ་ཡང་ངོ་བོ་ངོས་གཟུང་དུ་མེད་པས་སྟོད་པ། རང་བཞིན་གསལ་བ། རྣམ་པ་གསལ་སྟོང་བདེ་བའི་རླན་དང་མ་བྲལ་བ་སྟེ། དེ་ཉིད་ཀྱི་ཐོག་ཏུ་ཤིག་གིས་བཤིག་ལ་མཉམ་པར་གཞག །དེ་ནས་འདྲེན་འགྲེམས། དེ་ནས་བསྲུབས་པས་སྙིང་གར་སླེབ་པའི་དུས་རྣམ་སྨིན། སྔར་ལས་ཆེས་བདེ་བས་མཆོག་དགའ། དེའི་སྟེང་དུ་ཡང་སྔར་བཞིན་བསྐྱངས། དུས་དེར་ཕྱག་རྒྱ་ལ་དབུགས་རྒོད་པ་དང་། པདྨ་རློན་པ་དང་། འདར་བ་དང་། ལུས་སྤྲིན་པ་ལ་སོགས་པ་འབྱུང་ངོ་། །རང་གིས་ཀྱང་ཕྱག་རྒྱ་དང་རང་གཉིས་སུ་འཛིན་པ་ཙམ་ལས་གཞན་སྣང་བ་རགས་པ་ནུབ། དེ་ནས་ཡང་ལྟེ་བར་སླེབ་པའི་དུས་རྣམ་ཉེད། ངོ་བོ་ཁྱད་དགའ། དུས་དེར་ཕྱག་རྒྱ་ངུ་བ་དང་། རྒོད་པ་དང་ལུས་ཀྱི་རྣམ་པར་འགྱུར་བ་ཅི་ཡང་འབྱུང་རང་ལ་ཕྱག་རྒྱའི་རྟོག་པ་ནུབ། དེའི་དུས་སྔར་བཞིན་མཉམ་པར་གཞག་གོ། །དེ་ནས་ཡང་བསྲུབས་པས། གསང་གནས་སུ་སླེབ་པའི་དུས་མཚན་ཉིད་དང་བྲལ་བའི་སྐད་ཅིག་ངོ་བོ་ལྷན་ཅིག་སྐྱེས་པའི་དགའ་བ། དེའི་དུས་ཕྱག་རྒྱ་བདེ་བས་བརྒྱལ། རང་གི་ཡང་དབང་པོ་ཡུལ་དང་བཅས་པའི་སྤྲོས་པ་འགགས། དེར་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་བདེ་བ་དེ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་རིས་མེད་པའི་སྣང་བའི་སྤྲིན་སྤྲོ་བདེར་སྦྱར་རོ། །བདེ་བ་མ་སྐྱེས་པར་ཐིག་ལེ་མི་གཟུང་། སྐྱེས་ནས་བཟུང་། བདེ་བ་རྫོགས་ནས་མི་བཟུང་འགོ་གཡོས་ཙམ་ནས་བཟུང་། བསྐྱོད་ཅིང་མི་བཟུང་བསྐྱོད་འཕྲོ་བཅད་ནས་བཟུང་། རྡོ་རྗེའི་རྩེ་མོར་མི་བཟུང་རྩ་བར་བཟུང་། དེ་ལས་གཞན་ཚོད་མ་ཟིན་པ་དང་། རིག་མ་ཡིད་དུ་འོང་དྲགས་པས་དང་། བདེ་བ་ལ་ཞེན་པས་འཕྲོ་གཅོད་མ་ནུས་ན་གཉེན་པས་མ་ཟིན་པ་ཞེས་བྱ་སྟེ་ཐིག་ལེ་ཉམས་པའི་རྒྱུའོ། །ཉམས་ན་ཐིག་ལེ་ཤོར་བས་དགའ་བའི་རྟེན་ཤོར་བའི་ཕྱིར་དགའ་བྲལ་ཞེས་བྱ་ལ། ཐིག་ལེ་བཟུང་ནས་བཟློག་པས་བདེ་བ་ཡལ་བ་ལ་ཡང་དགའ་བྲལ་དུ་བཏགས་པ་ཞིག་ཡོད་དེ། སྔ་མ་ཆགས་པ་ཐ་མལ་པ་དང་། ཕྱི་མ་ཆགས་པ་ངོས་ཟིན་པས་སྦྱངས་པ་ཡིན་པའི་༼༢༥ན༤༩༽ཕྱིར་ཁྱད་པར་ཆེའོ། །གཉིས་པ་བགྲུད་བ་ནི། སྒྲ་གཅན་གྱིས་ནི་རབ་ཏུ་ཟོས་པ་ལས། ཞེས་པས་བསྟན་ཏེ། དབུ་མར་འཆིངས་པ་ཞེས་བྱ་བའི་དོན་ཏོ། རླུང་དང་འཁྲུལ་འཁོར་གཉིས། དང་པོ་ལུས་སེམས་སྐྱིལ། པུས་བཀབ་ཅུང་ཟད་སྒུར་བས་བདེ་རླུང་མདུན་དུ་འཕུལ་ཞིང་། དྲོད་རླུང་རྒྱབ་ནས་གྱེན་དུ་འཐེན་པས་ཆུ་རྩ་ལྷོད་འགྲོ་བ་དང་། འོག་སྒོ་དྲག་ཏུ་འཛུམ་ཐུབ་པ་དུས་མཉམ་དུ་འབྱུང་། དེ་ནི་བདེ་རླུང་བྲན་དུ་འཁོལ་ཞིང་དྲོད་རླུང་དབང་དུ་འདུས་པ་ཞེས་བྱ་བ་དང་། བཟློག་སྟེ་ལུས་ཅུང་ཟད་དགྱེ་བས་དྲོད་རླུང་འོག་ཏུ་འཕུལ། བདེ་རླུང་སྟེང་དུ་དྲངས་པས་ཆུ་གྲིམས་ཤ་འཐོན་པས་དང་འོག་སྒོ་ལྷོད་འགྲོ་བས་སོ། །དེ་ནི་བདེ་རླུང་དབང་དུ་འདུས་ཤིང་དྲོད་རླུང་བྲན་དུ་འཁོལ་བ་ཞེས་བྱ་སྟེ། དེ་གཉིས་ཀྱིས་འཛིན་ཅིང་མིག་ནམ་མཁར་བསྒྲད། རྡོ་རྗེ་ཁུ་ཚུར་གྱེན་དུ་གཅུད་པས་སོ། །གཉིས་པ་དཀར་ཆ། དམར་ཆ། དངས་མ་གསུམ་འཛིན་པའི་འཁྲུལ་འཁོར་རྣམས་ཀྱིས་འཛིན་ནོ། །ཟིན་པའི་ཚད། རྟགས་སྲ་ཞིང་ཐུང་རིལ་འགྲོ་བ་དང་། པདྨ་ཁ་རུབ་ཏུ་འགྲོའོ། །རོ་སྨད་ལྕི་བེམ་བྱེད་ན་ཐ་མའོ། །གསུམ་པ་བཟློག་པ་ནི། ཡང་གསང་གི་འདྲེན་བཞི། གསང་བའི་འདྲེན་བཞི། ནང་ཉལ་བའི་འདྲེན་བཞི། ཕྱི་ལངས་པའི་འདྲེན་བཞིའོ། །འདྲེན་རང་གི་རླུང་གནད་འཛིན་བཞིན་ནོ། །ཕྱིས་འཁྲུལ་འཁོར་རེ་རེ་ལ་འདྲེན་འགྲེམས་འབེབས་གཙོ་བོར་བྱ་བས་སོ་སོའི་རླུང་དང་སྦྱར་ཏེའོ། །དམིགས་པ་གསང་གནས་ཀྱི་ཐིག་ལེ་དབུ་མའི་ནང་ན་ཡར་སྐྱ་ཆིལ་ལི་ལི་སོང་ནས་ཧཾ་ལ་ཐིམ་པར་བསམ། གནས་སུ་མ་འཁྱོལ་ན་ཆུ་དང་བསྡོངས་ཏེ་འཛག་གོ། །བཟློག་པའི་རྟགས་ངར་ཆག །སྦ་བ་སྦུབས་སུ་ནུབ། སྨད་ཡང་བ་དང་བདེ་སིང་འགྲོ། མགོ་བོ་ན་བ་དང་། མིག་ཚག །སྟོད་ལྗི་འཁྱོམ་བྱེད་པ་འབྱུང་ངོ་། །བཞི་པ་དགྲམ་པ་ནི། རླུང་གསུམ་སྦྱོར་བཟུང་། ཕྱི་ལངས་པའི་བཀྲམ་བཞི། ནང་ཉལ་བའི་བཀྲམ་བཞི། གསང་བ་ཙོག་པུའི་བཀྲམ་བཞི། ཡང་གསང་གི་བཀྲམ་བཞིའོ། །གཞན་ཡང་སྲོག་རྩོལ་གྱི་འཁྲུལ་འཁོར་ཐམས་ཅད་ཀྱང་བཟང་ངོ་། །དེས་ཁྲེམས་པའི་རྟགས་ལུས་བདེ་༼༢༥བ༥༠༽ཞིང་མ་ཉེན། རིག་པ་གསལ་ལ་དངས། མགོ་བོ་དང་སྟོད་ན་བ་ཡང་མེད་པར་འགྱུར་རོ། །དབབ་མ་ཐོག་བཟུང་། ཟིན་མ་ཐོག་འདྲེན། དྲངས་མ་ཐོག་དགྲམ། འདི་བཞི་ལ་བར་དུ་སྐད་ཅིག་མའི་ལེ་ལོ་ཡང་བྱེད་མི་ཉན་ཏེ། དབབ་མ་ཐོག་མ་ཟིན་ན་འཆོར། ཟིན་མ་ཐོག་མ་དྲངས་ན་ཐིག་ལེ་ཁྱེངས་ཏེ་འདྲེན་མི་ཐུབ། དྲངས་མ་ཐོག་མ་བཀྲམ་ན་དེར་ཁེངས་ཏེ་ལུས་ཐམས་ཅད་ལ་ཁྱབ་པར་མི་འགྱུར་རོ། །དཔེར་ན་ལུགས་སུ་བླུགས་རྒྱུའི་ཟངས་ཞུན་བཞིན་ནོ། །ཁྲེམས་པའི་མཐར་རྩ་མིག་ཏུ་གདབ་བོ། །ལྔ་པ་རྗེས་བཅད་པ་ལ། རླུང་དང་བསྲེ་བ། རྩིགས་མ་འཐུར་དུ་དབབ་པ། སྟོང་པས་རྒྱས་གདབ་པ་དང་གསུམ། དང་པོ་ནི། ཐིག་ལེ་ལས་ལ་སྦྱར་བ། དེའི་རྗེས་ལ་གསུམ་སྦྱོར་ཁམས་དང་རིག་པ་དངས་པའི་ཚད་ནམ་བྱུང་ཚུན་བསྒོམ་སྟེ། དེས་དངས་སྙིགས་འབྱེད་དོ། །དེ་མ་བྱས་ནས་དབང་ཤོར་ནས་གཉིད་ལ་སོགས་པ་རིག་པ་ཉོག་པར་འགྱུར་རོ། །གཉིས་པ་ནི། མགྲིན་སྟོད་ཕོ་སྐེད་ལྟེ་བ་དཔྱི་མིག་རྣམས་བསྐོར་ཞིང་འོག་ཏུ་འབྱེད་འཛུམ་གྱི་འཁྲུལ་འཁོར་གྱིས་མཐར་འབེབས་རྣམས་བྱས་པས་རྩིགས་མ་འཐུར་དུ་འབྱིན་ནོ། །དེ་ལྟར་མ་ཡིན་ན་མིག་ཚག་ཅིང་མི་གསལ། རྣ་བ་ནས་རྣག་འོང་འོན། སྐྲ་དང་སྨིན་མ་བྱི་བ་ལ་སོགས་པ་འབྱུང་ངོ་། །གསུམ་པ་ནི། ཆགས་ཆེན་གྱི་ཉམས་ཐམས་ཅད་རྣམ་པར་མི་རྟོག་པའི་དབང་དུ་འདུ་དགོས་ཏེ། དེ་མ་འདུས་ན་ཆགས་པ་དེ་མི་འཆིང་ཞིང་གྲོལ་བའི་ཐབས་མཆོག་ཏུ་མི་འགྱུར་བས་སོ། །གསུམ་པ་མཇུག་ནི། དེ་ཡི་རྗེས་སུ་ཉི་མའི་ཆ་རྣམས་ཀྱང་། །རིམ་པ་བཞིན་དུ་དེ་ཡིས་ཟ་བར་འགྱུར། །ཉི་ཟླ་ཟོས་པའི་རྗེས་ལ་དྲི་ཆེན་དང་། །དྲི་ཆུ་ཤ་ཆེན་དབུས་ཀྱི་བཅུད་ཀྱང་ཟ། །རྩིགས་མ་བད་ཀན་ཆུ་སེར་ཁྲ་གཟོས་ནས། །ཤ་དང་རུས་པ་རྩ་རྣམས་མ་ལུས་ཟ། །ཡང་དང་ཡང་དུ་ཚུལ་དེས་རྗེས་སུ་ཆགས་པའི་བདེ་བ་མྱོང་བ་དེ་དྲན་པས་གསང་བའི་འཁོར་ལོར་གཏང་། དེར་བདེ་བ་ལྷང་ལྷང་སྐྱེས་པ་ན་ལྟེ་བར་དྲངས། དེ་ནས་སྙིང་མགྲིན་སྤྱི་ལུས་ཐམས་ཅད་དུ་གཏད་པས་ལུས་ཐམས་ཅད་བདེ་བའི་གོང་བུར་འགྱུར། ༼༢༦ན༥༡༽དེ་ནས་གང་ཤར་གྱི་སྟེང་དུ་དྲངས་པས་སྣང་བ་ཐམས་ཅད་བདེ་བར་འཆར། བདེ་བདེ་སྟོང་པ་རིས་མེད་པར་གྱུར་པས། ནོར་བུར་ལྷན་ཅིག་སྐྱེས་པ་བརྟན་ཅིང་། གོམས་པ་ལས་ཁམས་དཀར་པོ་འཛག་པའི་སྒྲིབ་པ་དང་བྲལ་ནས་རིམ་བཞིན་དམར་ཆ་སྒྲིབ་བྲལ་དུ་གྱུར་ཏེ། ལུས་ཐམས་ཅད་ཀྱི་སྙིགས་མ་ཟད། དངས་མར་གྱུར། དེ་ནས་ཀྱང་སྟོང་པ་ཡང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་མངོན་དུ་གྱུར་པ་ནི་ཏིང་ངེ་འཛིན་གྱི་ཡན་ལག་གོ། །གཉིས་པ་རྡོ་རྗེ་ཉི་མ་དབང་དུ་བྱེད་པ་ལ། སྔོན་དུ་སྐུ་མཉེ། དངོས་གཞི་རླུང་སྦྱང་བ། རྗེས་བྱེད་ལས་འབྲས་བུ་དང་བཅས་པ་གསུམ་ལས། དང་པོ་ནི། རང་གི་ལིངྒར་སྣུམ་བྱུགས་ལ་མཉེ་ཞིང་ལས་སུ་རུང་བ་དང་བཞག་པ་ཞག་ཁ་ཡར་བྱས་ཏེ། དེས་མཉེན་ཅིང་འབོལ་བ་དང་ཆེ་བར་འགྱུར་རོ། །ཟས་བཅུད་ཅན་བརྟེན། འཇུ་དཀའ་བ་དང་གྲང་བསྐྱེད་པའི་ཁ་བྲས་སྤང་། སྤྱོད་ལམ་ཤིན་ཏུ་གཟབ་པར་བྱའོ། །གཉིས་པ་ལ། རླུང་གིས་སྦྱང་བ། རྫས་ཀྱིས་སྦྱང་བ། འབྱོངས་པ་དང་ཕོ་ཉ་མོའི་བཅུད་བླང་བ་དང་གསུམ། དང་པོ་ནི། སྟན་བདེ་བ་ལ་སེམས་དཔའི་སྐྱིལ་ཀྲུང་ལྟར་བཅས། ལག་པའི་ཐལ་མོ་གཉིས་པུས་བཀབ་མཁལ་མའི་ཐད་གཉིས་གྱེན་དུ་འུབ་འཐེན་ནས་དབུ་མ་བཙུགས། སྟེང་རླུང་དྲག་ཏུ་འཕུལ་བ་མི་ཐུབ་ན་མནན། དམིགས་པ་དྷཱུ་ཏཱི་ནོར་བུར་ཟུག་པའི་ཁ་ནས་མདའ་འཕངས་པ་ལྟར་སོང་། དེ་ནས་འོག་རླུང་དྲག་པོར་འཐེན་ཏེ་འདྲེན་བཞིན་དུ་བྱ། རླུང་དབུ་མའི་ནང་ན་ཡར་མདའ་འཕངས་པ་བཞིན་བསམ། དེ་ལྟར་རེས་འཇོག་ཏུ་བསྒོམས་པས་གོམས་པ་དང་སྲོག་ཐུར་གོང་བུ་གཅིག་ཏུ་འདྲེས་པར་འགྱུར་རོ། །གཉིས་པ་ནི། གལ་ཏེ་དེས་མ་འབྱོངས་ན། སྨྱུག་མའམ་ཟངས་སམ་ལྕགས་ཀྱི་སྦུབས་རྡོ་རྗེའི་བུ་གར་རན་ཙམ་པ་མཐོ་གང་སོར་བཞི་རྡོ་རྗེའི་ཁ་ནས་འོག་ཏུ་བཞར་ཏེ་ཐེར་ཡ་ཐུག་བཏང་། དེ་ནས་རླུང་དང་བསྟུན་ཕྱི་ནང་དུ་འཕུལ་བས་མཐར། བུ་གར་ཐུར་མ་མི་མངོན་པ་ཙམ་དུ་འགྱུར་ལ། སྔར་བཞིན་དུ་རླུང་འཕུལ་འཐེན་སྤེལ་བས་རླུང་འདྲོངས། དེ་ནས་ཆུ་དང་འོ་མ་ལ་སོགས་མ་འདྲེན་ཐུབ་བོ། །གལ་ཏེ་དེས་ཀྱང་ཐེར་ཡ་ལས་བགྲོད་དཀའ་ན། དང་པོར་༼༢༦བ༥༢༽མིའི་ཕུགས་དང་། དེ་ནས་ལྒངས་བུབ་གི་དབུགས་འཕུལ་འཐེན་ལ་བསླབ། དེས་ངེས་པར་འདྲོངས་སོ། །ཆུ་ཡང་འཇམ་པ་ཚ་བ་གསུམ་ལ་སོགས་པའི་སྨན་བཏབ་ལ་འདྲེན་ཏེ་གཞན་གྲང་བའི་ནད་དུ་འགྲོའོ། །ད་ེནས་འོ་མ་དང་ཁྲག་འདྲོངས་པ་ནས་ཐུར་མ་མེད་པ་ལ་དེ་དག་ཀྱང་ངོ་། །དེ་དག་གི་དུས་སུ་ལུས་མི་བསྒུལ་བར་རླུང་མནན་ལ་ཕྱིར་སངས་ཀྱིས་འབོའོ། །ཞར་ལ་རྒྱབ་ཐུར་གྱི་རླུང་གནད་གཞན་འདྲ་འབྱེད་འཛུམ་གྱིས་སོ། །གསུམ་པ་ནི། མན་ངག་འདི་ནི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱིས་གྲུབ་ཆེན་པ་ལ་གནང་བ་སྟེ། ཞུ་བའི་ཟླ་བ་མ་ཡིན་པ། ཉི་མ་ལོན་ན་འབྱོངས་པའི་ཚད། ཅེས་པས་སོ། །གཞུང་ལས། ཕལ་པའི་ལུས་ལ་འབབ་པ་མ་ཡིན་ན། དག་པའི་རྟེན་ལ་འབར་བའི་མ་བསྒྲུབས་ཏེ། དེ་ཡིས་ཕུང་པོ་ངེས་པར་བསྲེག་པར་བྱ། ཞེས་པས་བསྟན་ཏེ། ཕལ་པ། ནད་ཅན། ཉེར་ལྔ་ལས་བརྒལ་བའི་དང་། རིགས་ངན་པ་རྣམས་ཀྱི་ལུས་ལ་འབབ་པའི་དམར་ཆ་འདྲེན་དུ་མི་རུང་ངོ་། །དགེ་བ་སྔར་བཤད་པའི་རིགས་དང་ན་ཚོད་ཅན་དེ་དག་གིའོ། །དེ་དག་གིས་ཡང་འབབ་ཚང་ནི་མ་ཡིན་ལ། ཚིགས་དང་པོར་འབབ་པའི་དུས་སུ། །སྔ་མ་ལ་བུར་བྱ་བ་ཅིག་འོང་དེ་འདྲེན། གཞན་དུ་སྙིགས་མ་རྣམས་རྫོགས་པའི་དངས་མ་སྲིད་འཛིན་པ་དེ་དྲངས་སོ། །ཐིག་ལེ་དབབ་བཟློག་ཡང་དང་ཡང་དུ་བྱས། །འཇུག་ཏུ་སླ་མོར་སོང་བ་དེ་བྷ་གར་བཏང་བས་རཀྟ་འབབ། དེ་དང་བཅས་པ་སྔར་གྱི་རླུང་སྦྱོར་དེས་འདྲེན་ཅིང་། དམིགས་པ་རིག་མ་བདེ་བའི་ངོ་བོར་ཞུ་བའི་ཐིག་ལེ་དམར་པོ་རྡོ་རྗེའི་བུ་ག་ནས་གྱེན་དུ་ན་རར་བྱུང་ནས་སྤྱི་བོའི་ཧཾ་ལ་ཐིམ་པར་བསམ་མོ། །འདྲེན་འགྲེམས་འབེབས་རྣམས་ཟླ་བ་བཞུ་དུས་ལས་ལོག་འགྱུར་ཅིས་ཀྱང་དགོས་སོ། །འདྲོངས་པའི་རྟགས། རྡོ་རྗེའི་བུ་ག་བརྒྱངས་ཤིང་ཚ་སྦལ་མི་བཟོད་པ་ཙམ་དུ་སྐྱེའོ། །ཕྱག་རྒྱ་རྟེན་བཟང་ན་དེའི་རྩ་རྡོ་རྗེའི་བུ་གར་བཅུག་ནས་རླུང་གནད་སྔར་བཞིན་དུ་བྱས་པས་སྲོག་ཐུར་ཅིག་ཅར་དུ་འདྲེའོ། །རྩ་འཆོལ་དཀའ་ན། ཕྱག་རྒྱའི་མཁལ་ཁུང་གཉིས་སུ་དྲུ་གུ་སྟེང་སྒ་ལྟ་བུའི་ཤིང་ལེབ་ཀྱིས་བཀབ་པ་དམ་༼༢༧ན༥༣༽པར་བསྡམས། དྲུག་མདོའི་འོག་ཏུ་སྟན་མཐོ་བ་དང་། བཤང་ལམ་དུ་འཇམ་པའི་བོ་དོ་བཅུག་ནས་གན་རྐྱལ་བས་རྩ་སྣ་སོར་བཞི་གསུམ་གཉིས་གཅིག་ཅིས་ཀྱང་འབུར་དུ་དོད་འོང་། དེ་རྡོ་རྗེའི་བུ་གར་བཅུག་ནས་དལ་བུར་མནན་ཏེ་བསྲུབ་བོ། །གལ་ཏེ་དེ་མ་གྲུབ་ན་འདུག་སྟངས་ཀྱིས་ཏེ། པདྨ་ཅན་ལ་གན་རྐྱལ་པུས་བྲང་སྦྱར་བའམ་མཆན་ཁུང་དུ་སྦྱར་བས་སོ། །དུང་ཅན་མ་དེའི་གཡས་པའི་རྐང་པ་ཕྲག་པར་བཀལ། གཡོན་ཕབ་ནས། རི་མོ་ཅན་མར་དེ་བཟློག་པས་སམ། དེའི་ལུས་ཐམས་ཅད་བགྲད་པས་སོ། །གླང་ཆེན་མ་ལ་སྟོད་མཐོ་བ་ཐབས་ཀྱི་ལག་པས་དེའི་མགོ་མནན་པས་སོ། །གསུམ་པ་རྗེས་བྱེད་ལས་འབྲས་བུ་དང་བཅས་པ་ནི། ལྷན་ཅིག་སྐྱེས་པའི་སྒོམ་པ་འདི་ཉིད་ནི། ངེས་པར་ཡུལ་གྱི་རྐྱེན་ལས་སྒོམ་པ་ལས། །རྨི་ལམ་ཤེས་པ་དེ་ཡི་རྗེས་སུ་འཇུག །ལན་ཅིག་ཟིན་པས་དྲོད་བཙན་ཐབས་སུ་འབར། །གཉིས་པ་མ་ནས་ཚེ་འཕེལ། །བཅུད་ཤ་ལྤགས་རུས་རྩལ་འདུ་སྟེ། །དང་པོས་ནི་ཤ་ལོ་ལེགས་པའི་ལྗང་པ་ལྟ་བུར་འཕེལ། །དཀར་ཞིང་དངས། འོན་ཀྱང་ཧ་ཅང་རྒྱས་དྲགས་ན་ཡོན་ཏན་སྐྱོན་དུ་སོང་བ་ཡིན་པས་གཤོག་སྡུད་ཀྱིས་བསྡུའོ། །བར་པས་ནི་ཤེད་ཆེ། ལུས་སྲ། ཤ་སྐམ། མདངས་སྟོབས་འཕེལ། གསུམ་པས་མདངས་པདྨ། བཀྲག་ཉི་ཟླ། རྩལ་གླང་པོ་ཆེ། ཡང་རྩལ་ཁྱུད་དང་མཉམ། ཤེས་པ་གསལ་ཞིང་གཞུངས། ཤེས་རབ་འཕེལ། རྒས་པ་གཞོམ། ནང་མི་འབྱུང་ངོ་། །དེ་ནས་ཁམས་རྣམས་ཇེ་དངས་སུ་སོང་། སའི་ཡོན་ཏན་གྱིས་སྲེད་མེད་ཀྱི་བུའི་སྟོབས། ཆུའི་ཡོན་ཏན་གྱིས་མེས་མི་ཚིག །མེའི་ཡོན་ཏན་གྱིས་ཆུར་མི་འབྱིང་། རླུང་གིས་རྐང་མགྱོགས། ནམ་མཁའི་རྩིག་པ་དང་རིལ་མི་ཐོགས་འཕུར་བ། ཟླ་བའི་རླུང་གིས་ཁམས་དངས་པའི་ཤེལ་ལྟར་སོང་བས་གྲིབ་མ་མེད། ཉི་མའི་ཡོན་ཏན་གྱིས་སྙིགས་མ་ཟད་པའི་འཇའ་དང་མཚུངས་པའི་སྲོག་གཟུགས་སུ་འགྱུར། མཐར་ཡིད་ལུས་སུ་སོང་ནས་གཞན་གྱིས་མི་མཐོང་། ཐམས་ཅད་ཀུན་ཏུ་སོན་པའི་ཡོན་ཏན་བུ་གའི་རླུང་ཐམས་ཅད་འགགས། དབུ་༼༢༧བ༥༤༽མའི་སྒོ་བྱེ། ཆོས་ཐམས་ཅད་ལ་ཐོགས་པ་མེད། འདི་ནས་ཕྲ་སོགས་ཀྱི་དབང་ཕྱུག་ཐོབ་པར་བཤད་ལ། དབང་པོ་རྣོན་པོས་དཀར་དམར་ཕྲད་པའི་དུས་ཉིད་དུ་ཤར་བའི་འཇིག་རྟེན་པའི་ལྷན་སྐྱེས་བསྒོམ་པ་དེ་ཡུལ་སྟོང་པ་ཉིད་དང་སྦྱར་བས་ཕྱག་རྒྱ་ཆེན་མོ་མངོན་དུ་གྱུར། དེ་ཟག་པ་མེད་པའི་བདེ་བས་རྒྱས་ཐེབས་པས་འོད་གསལ་བའི་དབྱིངས་སུ་གཉིད་ལོག །དེ་ལས་ཕྲ་མོའི་རླུང་གི་བྱེད་ལས། སྤྱན་མ་ལ་སོགས་པའི་ལྷ་མོའི་གླུས་བསྐུལ་བས་རྨི་ལམ་ལྟ་བུའི་ཟག་པ་དང་བཅས་པའི་ཟུང་འཇུག་ཏུ་ལྡང་སྟེ། ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའོ། །འཕྲོས་དོན་རླུང་སེམས་དབུ་མར་འཇུག་དུས་ཕྱི་ནང་གི་རྟེན་འབྲེལ་ལས་གཟའི་ནད་འགའ་ཞིག་འབྱུང་བར་འགྱུར་བས་སྒྲ་གཅན་བཅིང་བ་བཤད་དེ། ལུས་རྡོར་སྐྱིལ། ཚིགས་བསྲངས། ལག་པ་པུས་མོ་ལ་བཀབ། ཐུར་སེལ་དྲག་པོ་མིན་ཙམ་བསྡུ། སྟེང་རླུང་སོལ་བཞག་འོག་རླུང་སྒྲ་གཅན་གྱི་དཀྱིལ་འཁོར་གནག་ཅིང་ཟླུམ་པ་ཕུབ་ཙམ་ཞིག་བསྒོམ་ཞིང་དམིགས་པས་སྒྲ་གཅན་བསྟིམ། དེའི་སྟེང་དུ་རང་ཉིད་དུས་འཁོར་ཡབ་ཡུམ་སྔར་བཞིན་དུ་གསལ་བཏབ་སྟེ་མནན་པར་བསམ། དབུ་མཇུག་གསུམ་གྱི་འཁྲུལ་འཁོར་བྱ། མཐར་ཕྱག་རྒྱ་ཆེན་པོའི་ངང་དུ་གཞག་གོ། །དབང་པོ་དམན་པ་དམན་པ་དག་གི་རྣལ་འབྱོར་པས། ལས་རྒྱ་ཡང་དག་པར་བསྟེན་པ་ལས་ཤེས་རབ་ཀྱི་ཆགས་པས་བཞུ་བའི་བྱང་ཆུབ་ཀྱི་སེམས་བཅིང་བ་ཉིད་ཀྱིས་ལུས་ཕུག་ནས་ལྷན་སྐྱེས་ཀྱི་བདེ་བ་སྟེར་བའི་ཕྱིར། བུད་མེད་ཀྱི་སྦྱོར་བས་དམན་པ་ལ་ནི་མ་ཡིན་ནོ། །དཔེར་ན་དངུལ་ཆུའི་དགྲ་མེ་ཡིན་ཀྱང་དངུལ་ཆུ་འཆིང་བ་མེ་ལ་རག་ལས་པ་བཞིན་ཏེ། མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་ཞེས་སོགས་ཀྱིས་སོ། །དབང་པོ་འབྲིང་གི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་ལ་ཡང་གཉིས། རབ་གཅིག་གིས་གཏུམ་མོ་དང་། འབྲིང་གཅིག་གིས་རང་ལུས་ཡིད་ཀྱིས་བཏགས་པའི་རིག་མ་ལ་བརྟེན་ནས་བསྒྲུབ་ལ། དང་པོས་ཉི་ཟླ་དབུ་མར་སྦྱོར་བ་དང་བྲལ་ན་མི་འགྲུབ། གཉིས་པས་ནི་གཟུང་འཛིན་གྱི་རྟེན་དཀར་དམར་དབུ་མར་གཅིག་ཏུ་སྦྱོར་བ་མེད་ན་མི་འགྲུབ། ཡོད་ན་འགྲུབ། དེ་ཀའི་མཐར་ཕྱག་རྒྱ་ཆེན་མོ་མངོན་དུ་འགྱུར། ༼༢༨ན༥༥༽དེ་ལས་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐྱེལ། སྟོང་པ་ཉིད་དུ་རྒྱས་མ་ཐེབས་པའི་ལྷན་སྐྱེས་དང་ཕྱག་རྒྱ་ཆེན་མོ་དེ་ཙམ་ཡང་འདིར་འཇིག་རྟེན་པའི་ལམ་དུ་བསྟན། མཆོག་ཏུ་མི་འགྱུར་བའི་དངོས་ཀྱི་རྒྱུར་སྟོང་པ་ཉིད་དེ་ངེས་པར་དགོས། བརྒྱུད་པའི་རྒྱུར་ནི་སྔ་མ་གཉིས་ལས་གང་རུང་ངམ། གཉི་ག་བློའི་སྐལ་བའི་རྗེས་སུ་འགྲོ་ལྡོག་ཡིན་པས་དགོས་ཤིང་དེའི་ཕྱིར་ལས་ཀྱི་ཕྱག་རྒྱ་འཛག་བདེ། ཡེ་ཤེས་ཀྱི་ཕྱག་རྒྱ་འགྱུར་བའི་བདེ་བ། ཕྱག་རྒྱ་ཆེན་མོ་ནི་མི་འགྱུར་བའི་བདེ་བ་སྦྱིན་པ་མོ་ཡིན་ནོ་ཞེས་ཤེས་པར་བྱའོ། །རྒྱུད་ལས། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་། ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་། ཕྱག་རྒྱ་ཆེན་མོ་གཅིག་སྦྱོར་བས། མི་འགྱུར་བ་དེ་འཕེལ་བར་འགྱུར། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ལམ་རྫོགས་པར་བསྟན་པ་ཏིང་ངེ་འཛིན་གྱི་ཁྲིད་ནི། དམིགས་པ་དང་བཅས་པའི་བདེ་བ་དང་། དམིགས་པ་མེད་པའི་བདེ་བ་ཆེན་པོ་ཁྱག་པ་དང་ཆུ་བཞིན་གཉིས་སུ་མེད་པ་རང་རིག་པའི་བདེ་བ་ལ་སེམས་རྩེ་གཅིག་ཏུ་གནས་པས་ན་ཏིང་ངེ་འཛིན་ནོ། །འདིར་དམིགས་བྱེད་ཀྱང་བདེ་སྟོང་གཉིས་མེད། དམིགས་ཡུལ་ཀྱང་བདེ་སྟོང་གཉིས་མེད་དོ། །འདི་ཡང་། རྩ་སྦྱངས་པས་ནི་ལུས་ཀྱི་དྲི་མ་དག །རླུང་སྦྱངས་པས་ནི་ངག་གི་དྲི་མ་དག །འཛག་མེད་ཐོབ་པས་ཡིད་ཀྱི་བག་ཆགས་བཅོམ། །འཁོར་ལོའི་མདུད་པ་དགའ་བཞིའི་འགྲོས་ཀྱིས་བཤིག །མ་རིག་གཉིད་ནི་བརྒྱལ་བ་ལོག་པས་དངས། ཆགས་བྲལ་ཉམས་པ་ཞེ་སྡང་ཟད་པའི་སེམས། ཆགས་པ་དག་པས་བདེ་བ་ཆེན་པོར་གྲོལ། ཞེས་པའི་དོན། དབང་རྣོན་གྱི་རྣལ་འབྱོར་པ་ཕྱག་རྒྱ་ཆེན་པོ་ལ་སྦྱར་བའི་དེ་མ་ཐག་ཏུ་གནས་པའི་རྩ་ཐམས་ཅད་ཕྲ་བའི་དབུ་མར་སོང་བས་ལུས་དག །ལས་ཀྱི་རླུང་ཐམས་ཅད་ཕྲ་བ་ཡེ་ཤེས་ཀྱི་རླུང་དུ་སང་བས་ངག་དག །ཐིག་ལེ་ཕྱི་རོལ་དུ་འཕོ་རྒྱུ་ཐམས་ཅད་རྡོ་རྗེ་ནོར་བུ་ནས་ཕྱིར་འཛག་པ་མེད་པར་འཆིངས་པས་ཡིད་དག་པས། འཇིག་རྟེན་ལས་འདས་པའི་མཐོང་བའི་ལམ་ཐོབ་པའི་མོད་དེར། མ་རིག་པ་ཐམས་༼༢༨བ༥༦༽ཅད་དག་པའི་རིག་པ་ཆེན་པོས་ཆོས་ཐམས་ཅད་ཤེས། སྙིང་རྗེས་ཆགས་བྲལ་ཟད་པས་ཞེ་སྡང་དག །སྟོང་ཉིད་ཀྱིས་ཆགས་པ་ཟད་པས་འདོད་ཆགས་དག་སྟེ། བྱང་ཆུབ་ཀྱི་སེམས་མས་བརྟན་པའི་དགའ་བ་བཞི་ཤིན་ཏུ་མྱུར་བར་སྐད་ཅིག་ཡུད་ཅིག་ལ་ཕྲ་བའི་རྩ་རླུང་ཐིག་ལེའི་ལམ་སྦྱོངས་པས། དུག་སྦྲུལ་གྱི་མཆེ་བའི་དུག་རྫོགས་པའམ། འབར་བའི་ལྕགས་ལ་གྲུབ་པའི་དངུལ་ཆུས་རེག་པ་ལྟ་བུའི་སྐད་ཅིག་ཉིད་དེ་ལ་ཐམས་ཅད་མཁྱེན་པ་ཆེན་པོར་འགྱུར་བས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། སྐད་ཅིག་གིས་རྫོགས་སངས་རྒྱས། ཞེས་གསུངས་སོ། །དབང་པོ་ཅུང་ཟད་རཏལ་བ་ཞིག །སྔར་གྱི་སྟོང་པ་ཉིད་ཀྱི་གཟུགས་ལ་འཛག་པ་མེད་པའི་བདེ་བ་ཆེན་པོ་གཞན་མ་ཡིན་པར་སྐྱེས་པ་དེ་ལ་ཉིན་མཚན་དུ་མཉམ་པར་གཞག་པས་སེམས་མི་གཡོ་ཞིང་བརྟན་པར་གནས་པ་ལ་གོམས་པར་བྱེད་པས་སྒོམ་པའི་ལམ་སྟེ། ནོར་བུ་ནས་ནི་གཙུག་ཏོར་འཁོར་ལོའི་བར། བརྒྱ་ཕྲག་བཅོ་བརྒྱད་ལས་ཀྱི་རླུང་འགགས་པས། རིམ་པ་བཞིན་དུ་ས་རེ་ཐོབ་པར་འགྱུར། །རྣལ་འབྱོར་བླ་ན་མེད་རྒྱུད་རྣམས་ཀྱི། །སྙིང་གི་གནད་རྣམས་འདི་གཞུང་རྟོགས་པས་འཐོབ། ཅེས་པས། ནོར་བུའི་རྩེར་ཁམས་ཐམས་ཅད་མི་འགྱུར་བའི་བདེ་བས་དབང་བྱས་པས་འཁོར་བའི་གནས་སྐབས་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་ས་དང་པོ་ནས་ཀྱང་ཕྱག་རྒྱ་གསུམ་གང་རུང་ཐམས་ཅད་ལ་གོམས་པར་བྱས་པས་མཉམ་རྒྱུའི་རླུང་སྟོང་བརྒྱད་བརྒྱ་པ་གཅིག་ཟད་པ་ནས་གསང་གནས་ཀྱི་ཕྱེད་དུ་བྱང་སེམས་མས་བརྟན། མཆོག་ཏུ་མི་འགྱུར་བའི་བདེ་བ་དེ་སྙིང་ཅིག་རྟོགས་པ་ཐེ་བའི་བརྒྱ་ཕྲག་བཅོ་བརྒྱད་པ་བཅུ་གཉིས་ཀྱི་མཐར་ཁུ་བ་གཙུག་ཏོར་གྱི་མཐར་ཐུག་པར་རེངས་པར་འགྱུར་ཞིང་། རྡུལ་ནོར་བུའི་རྩེ་མོ་དང་རྐང་སོར་གྱི་མཐར་ཐུག་པར་བརྟན་ཏེ། དེའི་དབང་གིས་འཛག་པ་ཐམས་ཅད་དང་བྲལ་བ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་དུས་ཀྱི་འཁོར་ལོ་མངོན་དུ་འགྱུར་རོ། །བདེ་མཆོག་དགྱེས་རྡོར། གསང་བ་འདུས་པ་ཡང་དེ་ཁོ་ན་ཡིན་པས་རྒྱུད་ཐམས་ཅད་ཀྱི་མཐར་ཐུག་པའི་གནད་རྟོགས་༼༢༩ན༥༧༽པ་ཡིན་ནོ། །དེ་ལྟར་དྲི་མེད་འོད་ལས། ཞབས་གཅིག་རྡོ་རྗེ་ནོར་བུ་རྡུལ་དང་ཉི་མ་དང་། གཉིས་པ་གཙུག་ཏོར་ཁུ་བ་རི་བོང་ཅན་ལ་ནི། རྟག་ཏུ་མི་ཕྱེད་དབྱེར་མེད་འདོད་པ་བཀོད་གྱུར་པ། འཇིག་རྟེན་གསུམ་གྱིས་མཆོད་པའི་གཙོལ་སྤྱི་བོས་འདུད། ཅེས་དང་། རྐང་པ་ཡ་གཅིག་མཐིལ་གྱིས་གནོན། རྐང་མཐེབས་སེན་མོའི་ཁྱོན་གྱིས་ཀྱང་། ཚངས་པའི་ཡུལ་ས་རྩེ་ནས་གནོན། ཞེས་སོ། །གཉིས་པ་ལམ་དེ་ལ་བར་ཆད་མེད་པར་བྱ་བའི་ཕྱིར། བསམ་གཏན་གྱི་གེགས་བསལ་བ་ལ། གཞུང་དོན་དུ་མདོར་བསྡུས་པ་དང་། སླར་མངོན་རྟོགས་རྒྱས་ཁ་འཕངས་ཏེ་བཤད་པ་གཉིས། དང་པོ་ལ། ལས་དད་པོ་པའི་དབང་དུ་བྱས་པ་དང་། རྣལ་འབྱོར་པའི་དབང་དུ་བྱས་པ་གཉིས། དང་པོ་ནི། ལུས་ལ་གནས་པ་རླུང་དང་ནད་གཞིའི་རྩིགས། འབྱུང་བའི་རླུང་འཁྲུགས་པ་དང་ལོག་པས་འཕེལ་བ་སྟོང་པའམ་རེ་རེ་ཙམ་འཕེལ་དྲགས་པས་ཕོ་བའི་མེ་ཞན་རྩིགས་མ་རྒྱས། སྣོད་ཀྱི་དྲི་མ་འཕེལ། དེ་ལས་ནད་དུ་གྱུར་པའོ། །གྱེན་དུ་འཕང་ཞིང་འོག་ཏུ་བཅིང་བ་དང་། ཐད་ཀར་སེང་ཞིང་རང་སར་གཞིལ་བར་བྱ། སྨད་ཀྱི་གེགས་ཐིག་ལེ་འཛག་པ་ལ་སོགས་པ་ཐམས་ཅད་སྟོད་ཀྱི་རླུང་སྦྱོར་གྱིས་གྱེན་དུ་གཅུད་པ་ཧ་འདོན་རྣམས་དང་། ལྟག་འཐེན་གྱིས་འཕང་ངོ་། །སྟོད་དུ་འཚངས་ཤིང་ཐིག་ལེ་གྱེན་དུ་བུང་པ་སོགས་ཐམས་ཅད་སྨད་ཀྱི་རླུང་སྦྱོར་གྱིས་གཅུད་ཅིང་འབེབས་པས་སེལ་ལོ། །ཐད་ཀའི་ནང་ཟུག་རྣམས་སྟེང་འོག་བར་གསུམ་གྱི་རླུང་སྦྱོར་གྱི་གནད་གཅུན་པས་རྐྱེན་ཐམས་ཅད་རང་ཡལ་དུ་ཞི་བར་བྱེད་པའམ། ཡང་ནད་གང་ཞིང་ཟུག་རྔུའི་གནས་སུ་འཕང་། སྟེང་འོག་བར་གསུམ་གྱི་རླུང་གཅུན་ན་ཟུག་གང་ཡོད་པའི་སར་རླུང་སེམས་དྲིལ་ནས་ནད་ཐམས་ཅད་ཐད་ཀ་ནས་ཕར་འཐོན་པར་བསམས་ལ་འཁྲུལ་འཁོར་གྱིས་གཅུན་ནོ། །དེས་ན་སེལ་ན་གཉེན་པོ་བསམ་གཏན་གྱིས་འཆོས་པའི་ཕྱིར་གསུངས་པ། ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱང་། དགྲ་དང་གྲོགས་སུ་རང་གི་གནས་པ་ལས། ཚ་གྲང་གཉེན་པོའི་རིམ་པས་སྦྱང་བར་བྱ། དུས་དང་། ན་ཚོད་དང་། ནད་དང་། འབྱུང་བ་གང་༼༢༩བ༥༨༽འཕེལ་བའི་རིམ་པ་ཤེས་པས། དེ་དང་དེའི་དགྲ། སའི་གཉེན་པོར་རླུང་བསྒོམ་པ་ལྟ་བུ་དང་། དགྲ་དང་སྤྲད་པས་མ་སེལ་ན་གྲོགས་དང་སྡེ་བ་སྟེ་མེའི་འོག་ཏུ་རླུང་བསྒོམ་པ་ལྟ་བུའོ། །དེའི་ཕྱིར། སྟེང་གི་ཉེས་པ་འོག་ཏུ་བཅིངས་པས་སེལ། འོག་གི་ལོག་རྣམས་སྟེང་གིས་དེ་བཞིན་ནོ། །ཞེས་གསུངས་སོ། །བར་དུ་སོང་བ་ལས་འཕྲོས་ནས། ཐད་ཀའི་གཟེར་ཟུག་དྲོད་དང་བྲལ་བ་རྣམས། རང་རང་གནས་སམ་བསྐྱེད་པའི་རྩ་སྒོ་ནས། ཟུག་རྔུ་དེ་ནི་ཐད་ཀར་དབྱུང་བར་བྱ། ཞེས་པས་ཚད་པ་ལ་སོགས་པ་མ་ཡིན་པའི་ཐད་ཀའི་ཟུག་ནི་དབང་ཕྱུག་ཆོས་ཀྱིས་རང་སར་གཞིལ་ལོ། །གཉིས་པ་རྣལ་འབྱོར་པའི་དབང་དུ་བྱས་ནས་གསུངས་པ། བདག་པོ་གསུམ་གསུམ་རླུང་སེམས་ལས་སུ་རུང་། རྩའི་བདག་པོ་དབུ་མ། རླུང་གི་བདག་པོ་ཡེ་ཤེས་ཀྱི་རླུང་། ཐིག་ལེའི་བདག་པོ་མི་ཤིགས་པའི་ཐིག་ལེ་ཡིན་ལ། དེ་གསུམ་གྱིས་རླུང་སེམས་ལས་སུ་རུང་བར་བྱས་པས་སྒོ་གསུམ་དག་པར་བྱེད་པའོ། །གླིང་བཞི་དང་ནི་རི་རབ་གང་ལ་ཡང་། ཉི་ཟླའི་རྒྱུ་བ་འགགས་པར་གྱུར་པའི་ཚེ། གླིང་གཞི་ཞེས་པ་འཕོ་ཆུང་གི་ཕྱོགས་བཞིའི་རྩ་ནས་འབབ་པར་འབྱུང་བ་བཞིའོ། །རི་རབ་ནི་དབུས་ནས་འབབ་པ་ནམ་མཁའ་སྟེ། དེ་དག་གང་ལ་ཡང་ཞེས་པས་ཐམས་ཅད་ཟིན་པས་སོ། །ཚུལ་ཇི་ལྟ་བུས་ན་ཉི་ཟླའི་ཆོས་ཅན་ལས་བཟློག་པ་སྟེ། དེ་ཡི་ཚེ་ན་འབྱུང་བ་འཁྲུག་པར་འགྱུར། དུས་དེར་དངས་སྙིགས་མ་བྱེ་བ་བྱེ་འདོད་པ་དང་། སྟེང་འོག་འདྲེ་འདོད་ནས་འཐབ་པ་དང་། དབུ་མར་འཇུག་འདོད་ནས་ནང་གི་རྩ་ལམ་རྣམས་སུ་སེམས་རླུང་གི་གཞོན་པ་ཅན་རྣམས་འདུ་བས་རྩམ་བྱང་བའི་དབང་གིས་ཟུག་རྔུ་འབྱུང་བ་སྟེ། སྨན་དང་ནད་ཕྲད་པས་ཟུག་དང་། ཚ་གྲང་འཐབས་པས་འབྲུག་འབྱུང་བ་བཞིན་ནོ། །དེ་ལྟར་ཡང་། རྗེ་བཙུན་མི་ལས་གེགས་དང་གོལ་ཤོར་མང་བ་དེ། ཆོས་སྐྱོན་ཅན་ཡིན་པ་མ་ལགས་ཏེ། རྟགས་མྱུར་དུ་འཐོན་པའི་སྔ་ལྟས་ཡིན། ཞེས་གསུངས་སོ། །སྲོག་ཐུར་འདྲེས་ཀྱང་བྱང་སེམས་རྒྱས་ནས་འཐུར་དུ་ལུད་པ་དང་། འཛིན་པ་ལ་སོགས་པས་སྲོག་ཧ་ཅང་གྱེན་དུ་༼༣༠ན༥༩༽སོང་དྲགས་པས་ཕུགས་མཁའ་སྤྱོད་ཐོབ་ཀྱང་གནས་སྐབས་ཚེ་ཐུང་བས་དང་། བྱང་སེམས་རགས་པས་ལམ་འགགས་པ་སོགས་འབྱུང་ངོ་། །དེ་དག་འཆོས་པ་ནི། གྲང་བའི་ཕྱོགས་ནི་སྟོབས་ཀྱི་སྦྱོར་བས་སེལ། ཞེས་སྲོག་བསྐུལ་ནས་གཏུམ་མོ་ལྷག་པར་སྟོབས་བྱང་བས་རྩ་འཁྱགས་ནས་ཁ་མ་བྱ་བ་དང་། བྱང་སེམས་འཐུར་དུ་ལུད་པ་སོགས་སེལ་བ། དྲོད་ལ་ངེས་པར་བསིལ་བའི་ཆུ་རྒྱུན་དབབ། ཅེས་པ། རླུང་གྱེན་ལ་འབུད་དུ་ཉེ་བ་ན། གསང་འཁོར་གྱི་བུམ་པ་ཅན་བྱས་ལ་བྱང་སེམས་འོག་ཏུ་དྲངས་པས་སེལ། རང་སའི་རྒྱུན་ལམ་དུ་འགགས་པས། འཕང་ཞིང་བརྡུང་བཞི་སྦྱོར་བས་སེལ་བར་འགྱུར། འཁྲུལ་འཁོར་གྱིས་སོ། །གང་དུ་གཅུད་པ་དེ་ནི་སྟོབས་ཀྱི་རླུང་དགང་ཞིང་གཅུད་ལ་བོར་བས་རབ་ཏུ་སེལ། གང་དུ་གཅུད་པ་ཞེས་པ་ནི་རླུང་རྣམས་ཏེ། དེ་རྣམས་ཀྱི་གེགས་ཐམས་ཅད་ནི་བུམ་པ་ཅན་གྱི་གནས་སྐབས་དེས་སམ། བྱེད་པ་བཅིངས་ནས་སྒོ་ལྔ་གཅུད་ལ་བོར་བའི་རྣམ་པར་མི་རྟོག་པས་སེལ་ལོ། །གེགས་བསལ་བས་གནས་སྐབས་ཀྱི་དགོས་པ། ལུས་ཀྱི་ནད་འཇོམས་སྟོབས་དང་བདེ་བ་རྒྱས། ཞེས་པས། འབྱུང་འཁྲུགས་ཀྱི་ནད་སེལ། རྩ་བྱང་། རླུང་ལས་རླུང་། ཐིག་ལེ་འཕེལ། དེའི་དབང་གིས་མདངས་སྟོབས་ལྷ་འདྲའོ། །གཉིས་པ་སླར་མངོན་རྟོགས་རྒྱས་པ་ཁ་འཕངས་ཏེ་བཤད་པ་ལ། གེགས་སེལ་སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བསྟན་པ་གཉིས། དང་པོ་གེགས་སེལ་སྤྱིར་བསྟན་པ་ལ། སྙན་རྒྱུད་མཆེ་བ། བདུད་རྩིའི་ཕྲེང་བ། རིན་ཆེ་འཕྲེང་བ། སྨན་དཔྱད་མ། གྲགས་བྱང་ཞུས་ལན། ཐོར་བུ་བའོ། །གཉིས་པ་ལ། གྱེན་དུ་འཕང་བ་ཧ་དམིགས་དང་ལྟག་འཐེན། འཐུར་དུ་འབེབས་པ་སྙན་རྒྱུད་མ་ཆུང་བ། ཐད་ཀར་སེང་བ་དབང་ཕྱུག་བཅོས་སོ། །གསུམ་པ་གེགས་བསལ་ནས་མཐར་ཐུག་གི་འབྲས་བུ་ཐོབ་ཚུལ་ལ་དངོས་གྲུབ་ཐོབ་པའི་དུས་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དངོས་གཉིས་ལས། དང་པོ་ནི་འགའ་ཞིག་ལོ་གསུམ་ཕྱོགས་གསུམ་གྱིས་ཡེ་ཤེས་ཀྱི་རླུང་ལོ་བརྒྱ་ནས་རྫོགས་པ་དེ་ལ་ཐོབ་པར་འདོད་པ་མི་འཐད་དོ། །ལོ་གསུམ་ཕྱོགས་༼༣༠བ༦༠༽གསུམ་ན་བྱང་ཆུབ་ཀྱི་སེམས་སྒྲིབ་པ་དང་བྲལ་བར་གསུངས་པས་སོ། །ཡང་སོ་སོར་སྡུད་པ་ནས། ཏིང་ངེ་འཛིན་གྱི་བར་ལོ་གསུམ་ཕྱོགས་གསུམ་གྱིས་ཐོབ་ཟེར་བ་ཡང་མི་འཐད་དོ། །དེ་ཡང་། བསྙེན་པའི་ཡན་ལག་ལོ་གཅིག་དང་། ཉེར་བསྒྲུབ་ལ་ཟླ་བ་དྲུག་ཏུ་གསུངས་ཏེ། པདྨ་དཀར་པོས། སྟོང་པ་ཉིད་ཀྱི་གཟུགས་ལ་འཇུག་པ་རྣལ་འབྱོར་པ་ལོ་གཅིག་གི་སྦྱོར་བ་བྱས་པས་ཨ་བ་དྷཱུ་ཏཱིར་གནས་སོ། །དེ་ནས་བུམ་པ་ཅན་གྱིས་བདེ་བ་ཆེན་པོའི་སྐད་ཅིག་བསྐྱེད་པར་བྱ་ཞིང་། བདེ་བ་རྣམ་པར་འཕེལ་བའི་བྱ་བར་ངེས་པའོ། །ཞེས་གསུངས་པས་དང་། ཡང་། སྲོག་དང་རྩོལ་བ་འཛིན་པའི་ཚད་ནི། སྐུ་མཐོང་བར་གྱུར་ནས་ཉིན་མཚན་སོ་སོའི་དུས་སུ་སྲོག་གི་རླུང་ཉིད་རབ་ཏུ་འགགས་པར་བྱས་པ་དང་། བརཏལ་ཞུགས་ཅན་རྣམས་ལམ་གྱི་སེམས་ནི་ཟླ་བ་དྲུག་གིས་རེག་བྱ་བྲལ་ནས་བདེ་བ་མཉམ་པོར་འགྱུར་བའོ། །ཞེས་རྗེས་དྲན་ཏིང་ངེ་འཛིན་ལོ་གསུམ་ཕྱོགས་གསུམ་སྟེ། དེ་ཡང་། སྒྲུབ་ཐབས་ལེའུར། དེ་ནས་ཏིང་ངེ་འཛིན་གྱི་དག་པས་ཅུང་ཟད་ཉིན་ཞག་རྣམས་ཀྱི་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། ཞེས་པའི་འགྲེ་པར། ཅུང་ཟད་ཉིན་ཞག་རྣམས་ཀྱི་ཞེས་བྱ་བ་ལས། ཟླ་བ་ཕྱེད་དང་གསུམ་དང་། ལོ་གསུམ་གྱི་ཉིན་ཞག་རྣམས་ཀྱིས་ཏེ། ཡེ་ཤེས་སྐུ་ནི་ཐོབ་པར་འགྱུར། ཞེས་བྱ་བ་ལ་དབང་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞེས་གསུངས་པས་སོ། །ལོ་ཕྱེད་དང་གཉིས་པོ་དེ། ལོ་གསུམ་ཕྱོགས་གསུམ་གྱི་ནང་གསེས་སོ་སྙམ་ན་དེ་ལྟར་མ་ཡིན་ཏེ་བསྒྲུབ་ཐབས་ལེའུར། ལོ་གཅིག་དང་ཕྱེད་དག་ཏུ་བླ་མའི་ངེས་པའི་དབང་ལས་ཞེས་སོགས་ཀྱི་འགྲེལ་པར། རྟོག་པ་སྤངས་པའི་སྟོང་པ་ཉིད་ཀྱི་གཟུགས་བརྙན་ལ་ལོ་ཕྱེད་དང་ལོ་གཅིག་དག་ཏུ་བླ་མའི་ངེས་པའི་དབང་ལས་ཇི་སྲིད་བརྟན་པར་གྱུར་གྱི་བར་ཕྱག་རྒྱའི་སྦྱོར་བ་ཡིན། ཞེས་བྱ་བ་ནི། འདིར་སོ་སོར་སྡུད་པ་དང་། བསམ་གཏན་དང་། སྲོག་རྩོལ་དང་། འཛིན་པའི་སྟོབས་ཀྱིས་རང་སེམས་བརྟན་པར་གྱུར་གྱི་བར་ཕྱག་རྒྱའི་སྦྱོར་བ་ཡིན་ཏེ། དེ་ནས་ཉིན་ཞག་ཅུང་ཟད་རྣམས་ཀྱི་ཞེས་བྱ་བ་ནི། དུས་ཀྱི་འཁོར་ལོའི་ཉིན་ཞག་རྣམས་ཀྱི་སྟེ། ཉི་ཤུ་རྩ་ལྔ་༼༣༡ན༦༡༽ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གིས་སོ། །འགྱུར་བ་མེད་པ་ཉིད་དུ་འགྱུར་ཞེས་བྱ་བ་ནི། ཉིན་ཞག་འདི་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་དྲི་མ་དང་བྲལ་བར་འགྱུར་ཞེས་བྱ་བར་འགྲེལ་ལོ། །ཞེས་པ་དེས་ན། དོན་སོར་སྡུད་ཐོག་མའི་ཆ་ནས་ཏིང་ངེ་འཛིན་གྱི་མཐར་ཕྱིན་པའི་བར་ལོ་བཞི་དང་། ཟླ་བ་ཕྱེད་དང་བརྒྱད་ཀྱིས་ཐོབ་བོ། །གལ་ཏེ་བསྒོམ་པའི་ལོང་མེད་ན། སྐྱེ་བ་ཕྱི་མར་ལམ་འདི་དང་ཕྲད་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ། བརྩོན་འགྲུས་དང་མི་ལྡན་པ་ཡང་དག་པའི་ལམ་བསྒོམ་པར་མ་བྱས་ཀྱང་སྟོང་པ་ཉིད་ཀྱི་བག་ཆགས་ཀྱི་སྟོབས་ཀྱིས་སྐྱེ་བ་བདུན་ཚུན་ཆད་ལ་ཐོབ་པར་གསུངས་སོ།། །།གཉིས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དངོས་ནི། ལུས་དང་ཕུང་པོའི་སྒྲིབ་པ་བཅོམ་པ་ལས། སེམས་ལ་འཛིན་པའི་བག་ཆགས་མི་སྐྱེ་བས། ནམ་མཁའ་སྤྲིན་དང་བྲལ་བའི་རྒྱུ་སྐར་བཞིན་རིམ་པ་འདིས་ནི་ཐམས་ཅད་མཁྱེན་པར་འགྱུར། ཞེས་པ། ངག་བྱེད་རྣམ་པར་ཐར་པ་བཞིས། དག་བྱ་ལུས་དག་སེམས་བག་ཆགས་བཞིའི་སྒྲིབ་པ་དག་པར་བྱས་པ་ཞེས་པའི་དོན་ནོ། །འཛག་པ་ལས་ནི་དུག་གསུམ་སེམས་སྐྱེ་བས། འདི་ཡི་རིམ་པས་འཛག་པ་ཟད་པ་ལས། ཉོན་མོངས་སྒྲིབ་པའི་བདུད་ལས་རྒྱལ་གྱུར་ཏེ། རིམ་པ་འདིས་ནི་དུག་གསུམ་འཇོམས་པར་འགྱུར། གནས་བཞིར་མངོན་པར་བྱང་ཆུབ་བཞི། རྡོ་རྗེ་བཞི་དང་། མཁྱེན་པ་བཞི་དང་། སྐུ་བཞིར་གྲུབ་པ་ཞེས་པའི་དོན་ནོ། །བདུད་རྩི་ལྔ་ཡི་དངས་མའི་རྩིགས་ཟོས་པས། རྩིགས་མེད་དངས་མའི་ལུས་སུ་གྱུར་པའི་ཚེ། །ཐོག་བཅས་དངོས་པོའི་བདུད་དང་བྲལ་བའི་ཕྱིར། འཇའ་ལུས་རྡོ་རྗེའི་སྐུ་རུ་འདི་ཡིས་འགྲུབ། ཅེས་རྡུལ་རྐང་མཐིལ་དུ་མནན་པས་འཕོ་བ་བཅུ་གཉིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཟད་པ་བདེན་དོན་གྱི་མཐའ་བཅུ་གཉིས་མངོན་དུ་བྱས་པ་འཁོར་བ་ལ་མི་གནས་པ་དང་། ཁུ་བ་གྱེན་དུ་རྫོགས་པས་དཀར་པོའི་ཆ་རྫོགས་པ་སྐུ་བཞི་ལ་བཅུ་དྲུག་ཏུ་ཕྱེ་བའི་དེ་ཉིད་བཅུ་དྲུག་རིག་པས་སྙིང་རྗེས་ཞི་བ་ལ་མི་གནས་པས། མྱ་ངན་ལས་འདས་པའི་མཚན་ཉིད་ཅན་མ་ནིང་གི་གོ་འཕང་མངོན་དུ་བྱས་པ་ནི་ཕྱག་རྒྱ་ཆེན་པོ་༼༣༡བ༦༢༽མཆོག་གི་དངོས་གྲུབ་ཐོབ་པ་ཞེས་བྱའོ། །ཞེས་པའི་དོན་ནོ། །འདི་དོན་བྱིན་རླབས་སྟོབས་ཀྱིས་གནང་བ་རྣམས། །རང་གི་རྟོག་དཔྱོད་བློ་ཡིས་མ་འདྲེས་པར། །རྟོག་དཔྱོད་བརྗེད་པས་འཇིགས་ནས་ཡི་གེར་བཀོད། །ནོངས་ཤིང་འཁྲུལ་པ་ཡོད་ན་བཟོད་པར་གསོལ། །བོད་དུ་འཁྲུངས་ཀྱང་། ཨོ་ཌི་ཡཱ་ཎར་བྱོན་པས། ཨོ་ཌི་ཡཱ་ཎ་པ་ཞེས་མཚན་དུ་གསོལ་བའི་སློབ་དཔོན་ཆེན་པོ་རིན་ཆེན་དཔལ་གྱིས། རྡོ་རྗེ་རྣལ་འབྱོར་མའི་གསུང་ལས་རྙེད་ཅིང་། ཕྱིས་ཡི་གེའི་རིས་སུ་སྤེལ་བར་ཡང་གནང་བ་ཐོབ་པ་བཞིན་བྲི་བར་མཛད་པས་དེ་སྐད་དུ་གསུངས་སོ། །དེ་ལྟར་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཁྲིད་མཁའ་འགྲོ་མའི་སྲོག་སྙིང་ཞེས་བྱ་བ་འདི་པཎ་ཆེན་དབོན་པོ་ལ་སོགས་པའི་དོན་གཉེར་གྱིས་བསྐུལ་ཞིང་། གནས་གསུམ་གྱི་མཁའ་འགྲོ་མའི་ཚོགས་པས་ཀྱང་གནང་བ་སྦྱིན་པ་ཐོབ་པ། དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ། སརྦ་མངྒ་ལཾ། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousཨོ་ཌི་ཡཱ་ཎ་ལས་བྱུང་བ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཁྲིད་མཁའ་འགྲོ་མའི་སྲོག་སྙིང་།next