Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
བསྙེན་བསྒྲུབ་གྱི་ས་བཅད།
   
   
   
   
   
   


 
previousབསྙེན་བསྒྲུབ་གྱི་ས་བཅད།next

བསྙེན་བསྒྲུབ་གྱི་ས་བཅད།

བསྙེན་བསྒྲུབ་གྱི་ས་བཅད་བཞུགས། །འདིར་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ཉེ་ལམ། རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་རྣམས་གཤེགས་ཤུལ། དབང་རྣོན་གྱི་གདམས་ངག་ཚེ་གཅིག་གིས་རྡོ་རྗེ་འཆང་ཆེན་པོའི་སར་སྐྱེལ་བའི་གདམས་ངག་རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་འདི་ཉིད་འཆད་པར་བྱེད་པ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་བརྒྱུད་པའི་ལོ་རྒྱུས་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་ངག་གཉིས་སོ། །གཉིས་པ་ལ་སྨིན་བྱེད་དབང་དང་གྲོལ་བྱེད་ཀྱི་ལམ་གཉིས་སོ། །གཉིས་པ་ལ་སྔོན་འགྲོ་དངོས་གཞི་གཉིས་སོ། །དང་པོ་ལ་རྒྱུ་སྣོད་དུ་རུང་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར། བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པ་མཎྜྻལ། ལུས་ངག་ཡིད་སྦྱང་བར་བྱེད་པ་དབེན་གསུམ་གྱི་ཁྲིད་དང་ལྔའོ། །གཉིས་པ་དངོས་གཞི་ལ། བསྙེན་སྒྲུབ་གསུམ་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་བགྲོད། ལམ་དེ་ལ་བར་ཆད་མེད་པར་བྱ་བའི་ཕྱིར་བསམ་གཏན་གྱི་གེགས་བསལ། གེགས་བསལ་མཐར་ཐུག་གི་འབྲས་བུ་ཐོབ་ཚུལ་བསྟན་པ་དང་གསུམ་ལས། དང་པོ་ལ། ལུས་རྩ་དག་པར་བྱེད་པ་སྐུ་རྡོ་རྗེ་བསྙེན་པའི་ཡན་ལག །ངག་རླུང་དག་པར་བྱེད་པ་གསུང་རྡོ་རྗེ་བསྒྲུབ་པའི་ཡན་ལག །ཡིད་ཐིག་ལེ་དག་པར་བྱེད་པ་ཐུགས་རྡོ་རྗེ་བསྒྲུབ་པ་ཆེན་པོའི་ཡན་ལག་དང་རྣམ་པ་གསུམ་མོ། །དང་པོ་བསྙེན་པ་ལ། སོར་སྡུད། དེའི་རྩར་ལས། འབྲས་བུ་བསམ་གཏན་དང་གསུམ་མོ། །དང་པོ་མཐུན་པའི་རྐྱེན། བསྒོམ་པའི་༼༢ན༣༽དུས། ཇི་ལྟར་བསྒོམ་པའི་ཚུལ་དང་གསུམ་མོ། །དེ་ལ་མཚན་མོའི་རྣལ་འབྱོར་དང་། ཉིན་མོའི་རྣལ་འབྱོར་གཉིས་སོ། །དང་པོ་ལ། སྟེང་གི་སྐྱིལ་ཀྲུང་ལ་བརྟེན་ནས་སྟེང་གི་རླུང་བཅིང་བ་དང་། འོག་གི་སྐྱིལ་ཀྲུང་ལ་བརྟེན་ནས་འོག་གི་རླུང་འཆིང་བ་དང་། བར་གྱི་སྐྱིལ་ཀྲུང་ལ་བརྟེན་ནས་བར་གྱི་རླུང་བཅིང་བ་དང་གསུམ་མོ། །དེ་རེ་རེ་ལའང་ལུས་ཀྱི་བྱེད་བཅིངས། མིག་གི་ལྟ་སྟངས། སེམས་ཀྱི་གཞག་ཐབས་དང་གསུམ་མོ། །གཉིས་པ་ངག་རླུང་དག་པར་བྱེད་པ་གསུང་རྡོ་རྗེ་བསྒྲུབ་པའི་ཡན་ལག་ལ། སྲོག་རྩོལ། སྲོག་རྩོལ་གྱི་འབྲས་བུ་འཛིན་པ། དེ་གཉིས་ཀྱི་བྱེད་ལས། བྱེད་ལས་ཀྱི་བསྒྲུབ་པའི་འབྲས་བུ་དང་བཞིའོ། །དང་པོ་ལ་སྔོན་འགྲོ། དངོས་གཞི། རྩ་མདུད་བཤིག་པའི་འཁྲུལ་འཁོར་དང་གསུམ་མོ། །དང་པོ་ལ། རྡོ་རྗེའི་བཟླས་པ་དང་། རླུང་གི་མལ་ཚོལ་བ་གཉིས་སོ། །གཉིས་པ་དངོས་གཞི་ལ། འོག་ཐུར་སེལ་ལ་བརྟེན་ནས་དཀྱིལ་འཁོར་དང་གདན་གསལ་བཏབ་པ། སྟེང་སྲོག་རྩོལ་ལ་བརྟེན་ས་ཡིག་འབྲུ་བསྒོམ་པ། བར་རླུང་ལ་བརྟེན་ནས་ཕྱག་མཚན་གསལ་བཏབ་པ། ཁ་སྦྱོར་ལ་བརྟེན་ནས་ལྷའི་སྐུར་སློང་བ་དང་རྣམ་པ་བཞིའོ། །གསུམ་པ་ལ། དངོས་དང་། དར་རླུང་གི་གདམས་ངག་ཟུར་བཀོལ་དུ་བཤད་པའོ། །བཞི་པ་ལ། བསྐྱེད་རིམ་གྱི་སྒོམ་ཚུལ། དེ་ལ་བརྟན་པའི་བཟླས་པ། བཟླས་པ་ལ་བརྟེན་པའི་འཕྲིན་ལས་སྒྲུབ་ཚུལ་དང་གསུམ་མོ། །གསུམ་པ་དེ་གཉིས་ཀྱི་བྱེད་ལས་ལ། བྱེད་ཆིངས་ལ་བརྟེན་ནས་ལུས་འཆི་མེད་དུ་བསྒྲུབ་པ། གཏུམ་མོ་ལ་བརྟེན་པ་ཐིག་ལེའི་རྣལ་འབྱོར། ཐིག་ལེ་ལ་བརྟེན་པ་ཕྲ་མོའི་རྣལ་འབྱོར། དེ་གཉིས་ཀྱི་གེགས་སེལ་བ་བྱང་སེམས་འགྱུར་མེད། འཆི་ཁ་མའི་རླུང་སེམས་གང་འདོད་ཀྱི་༼༢བ༤༽གནས་སུ་འཕང་བའི་མན་ངག་དང་ལྔའོ། །དེ་ལ་འཆི་ལྟས་བརྟགས་ནས་འཆི་བ་བསླུ་བ། ཚེ་སྒྲུབ་གསེར་སྲང་མ། མ་ལྷུས་ན་འཆི་ཁ་མའི་རླུང་སེམས་གང་འདོད་དུ་འཕང་བ་གསེར་སྲང་མའོ། །གསུམ་པ་ཡིད་ཐིག་ལེ་དག་པར་བྱེད་པ་ཐུགས་རྡོ་རྗེ་སྒྲུབ་པ་ཆེན་པོའི་ཡན་ལག་ལ། འཇིག་རྟེན་པའི་ལམ་རྫོགས་པར་བསྟན་པ་རྗེས་དྲན། འཇིག་རྟེན་ལས་འདས་པའི་ལམ་རྫོགས་པར་བསྟན་པ་ཏིང་ངེ་འཛིན་གཉིས་སོ། །དང་པོ་ལ། དབང་པོ་རབ་གཏུམ་མོ་ལ་བརྟེན་པ། དབང་པོ་འབྲིང་དང་ལུས་ལ་བརྟེན་པ་ཐིག་ལེའི་རྣལ་འབྱོར། དབང་པོ་ཐ་མ་གཞན་ལུས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་སྤོགས་པའི་ཆོ་ག་བསྟན་པ་དང་གསུམ་མོ། །གཉིས་པ་ལ་རང་ལུས་དངོས་དང་། རིགས་བཞི། མཁའ་འགྲོའི་གདམས་ངག་ཟུར་བཀོལ་དུ་བཤད་པའོ། །གསུམ་པ་ལ། བསྒྲུབ་པའི་སྔོན་དུ་འགྲོ་བ། གང་ལ་བརྟེན་ནས་ཚུལ་ཇི་ལྟར་བསྒྲུབ་པ་གཉིས་སོ། །དང་པོ་ལ། ལུས་ཟུངས་བསྐྱེད་པ་བཅུད་ལེན། ཕྱག་རྒྱ་བརྟག་པ། དགུག་པ། མི་སྣང་བ་བྱ་བ་དང་བཞིའོ། །གཉིས་པ་གང་ལ་བརྟེན་ནས་ཚུལ་ཇི་ལྟར་བསྒྲུབ་པ། རྡོ་རྗེ་ཟླ་བ་བཅིང་བ། རྡོ་རྗེ་ཉི་མ་དབང་དུ་བྱེད་པ་གཉིས་སོ། །དང་པོ་ལ། སྔོན་འགྲོ། དངོས་གཞི། མཇུག་གསུམ་མོ། །གཉིས་པ་དངོས་གཞི་ལ། དབབ་པ། གཟུང་བ། བཟློག་པ། དགྲམ་པ། རླུང་དང་བསྲེ་བའོ། །གཉིས་པ་རྡོ་རྗེ་ཉི་མ་དབང་དུ་བྱ་བ་ལ་སྔོན་འགྲོ་བསྐུ་མཉེ་བྱ་བ། དངོས་གཞི་རླུང་སྦྱང་བ། རྗེས་ཀྱི་བྱ་བ་འབྲས་བུ་དང་བཅས་པའོ། །དངོས་གཞི་རླུང་སྦྱང་བ་ལ། རླུང་སྦྱང་བ། རྫས་ཀྱི་རྟེན་འབྲེལ་བྱ་བ། དེ་འབྱོངས་ནས་ཕོ་ཉ་མོའི་བཅུད་བླང་བ། འཕྲོས་དོན་སྒྲ་གཅན་གྱི་འཆིང་དང་བཞིའོ། །གཉིས་པ་ལམ་དེ་ལ་བར་ཆད་མེད་པར་བྱ་བའི་ཕྱིར་བསམ་གཏན་གྱི་གེགས་སེལ་བ་ལ། གེགས་སེལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བསྟན་པ་གཉིས་སོ། །དང་པོ་ལ། ༼༣ན༥༽གེགས་སེལ་སྙན་རྒྱུད་མ་ཆེ་བ། གཅེས་ཕྲུག་བརྒྱད་ཅུའི་གེགས་སེལ། གེགས་སེལ་རིན་ཆེན་འཕྲེང་བ། གེགས་སེལ་སྨན་དཔྱད་མ། བླ་མ་གྲགས་བྱང་གི་ཞུ་ལན། གེགས་སེལ་ཐོར་བུ་བ་དང་དྲུག་གོ། །གཉིས་པ་བྱེ་བྲག་ཏུ་བསྟན་པ་ལ། གྱེན་དུ་འཕང་བ་ཧ་དམིགས་དང་ལྟག་འཐེན། འོག་ཏུ་འབེབས་པས་རྒྱལ་བ་སྡེས་ཞུས་པའི་སྙན་རྒྱུད་མ་ཆུང་བ་གཉིས། ཐད་ཀར་གསེང་བ་དབང་ཕྱུག་ཆོས་དང་གསུམ་མོ། །ཟླ་བ་སེང་གེའི་ཁྲིད་ཡིག་གཞིར་བཞག་བཞིན་པདྨ་དཀར་པོས་སྦྱར་བའོ།། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousབསྙེན་བསྒྲུབ་གྱི་ས་བཅད།next