Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་དཀའ་གནས་ལ་དཔྱད་པ།
   
   
   
   
   


 
previousརྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་དཀའ་གནས་ལ་དཔྱད་པ།next

རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་དཀའ་གནས་ལ་དཔྱད་པ།

རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་དཀའ་གནས་ལ་དཔྱད་པ་བཞུགས་སོ། །རྣལ་འབྱོར་ཡན་ལག་དྲུག་ལ་དཔྱད་པ་ནི། བདག་གིས་ལོ་ཉེར་ལྔ་པའི་དུས་སུ་དགོངས་པའི་དབང་གིས་སྦྱར་བའི་དྲི་བ་འདི་ལ། དུས་ཀྱི་འཁོར་ལོ་ཤེས་པར་རློམ་པ་འགའ་ཞིག་གིས་དྲི་ལན་བརྗོད་དོན་གྱིས་འཕོངས་པ་དང་། ཆེན་པོ་འགའ་ཞིག་རྟ་ཐུལ་གྱི་དྲི་བ་ལ་ཚངས་པ་ལྟ་བུར་ཟོལ་ལྷུར་ལེན་ནོ། །དེ་དག་གིས་ཁོ་བོའི་འདོད་པ་མ་རྫོགས་ལ། འདི་དོགས་པ་དང་མི་ལྡན་ནམ་སྙམ་པ་ཡང་སྲིད་དེ་སྐྱེ་བོ་ཕལ་མོ་ཆེ་ཅལ་རྒྱུགས་ལ་དགའ་བས་སོ། །དེས་ན་རང་ཉིད་ཀྱི་དྲི་བ་དོན་ཅན་མདོ་ཙམ་བཤད་པར་བྱའོ། །བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །རང་འདོད་པའི་ལྷ་ལ་ཕྱག་འཚལ་བ་སྔར་བཏང་སྟེ། མཐའ་དྲུག་ཚུལ་བཞི་ཕྱི་ནང་གཞན་གསུམ་གྱིས། བཅིངས་པའི་རྒྱུད་སྡེ་འབྱེད་པའི་མན་ངག་ནི། དཔལ་ལྡན་རྡོ་རྗེ་རྣལ་འབྱོར་ཡན་ལག་དྲུག །ཇི་བཞིན་མཁྱེན་པ་ཐམས་ཅད་ཕྱག་བྱའི་འོས། ཞེས་སྨྲས་ཏེ། མཆོག་ཏུ་མི་འགྱུར་བ་གཏན་ལ་ཕབ་པའི་ཕྱིར། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པ་འདི་རྒྱུད་ཐམས་ཅད་འབྱེད་པའི་མན་ངག་གོ། །དེ་ཇི་ལྟ་བ་མཁྱེན་ནས་གཞན་ལ་སྟོན་པའི་སློབ་དཔོན་དེ་དག་ནི་བདག་གི་ཕྱག་གི་འོས། མཆོད་པའི་གནས་ཡིན་ཏེ་ཐམས་ཅད་ཀྱི་བདག་པོ་ཆེན་པོར་དབང་བསྐུར་བ་བརྙེས་པས་སོ། །དེ་སྐད་མ་སྨྲས་ན་སྐྱོན་འདི་ཡང་ཡོད་དེ། བླུན་པོ་དྲི་བ་མི་བཟོད་པ་དག་གིས་འདི་ནི་རྣལ་འབྱོར་ཡན་ལག་དྲུག་འགེགས་མཁན་ནོ་ཞེས་སྒྲོག་པར་བྱེད་དེ། དཔལ་ཤཱཀྱ་མཆོག་ལྡན་གྱིས་སྡོམ་གསུམ་རབ་དབྱེར་དྲིས་པ་བཞིན་ནམ། ཡང་། དུས་འཁོར་ལ་རྗེ་རེད་མདའ་པའི་དྲི་བ་བཞིན་དུ་ལམ་འདི་ལ་ཀླན་ཀ་བརྐོ་བ་ཡིན་ནམ་སྙམ་སྐྱེ་སྲིད་པས། དེ་དག་བཟློག་པར་བྱ་བའི་ཕྱིར་བདག་ཉིད་ལམ་འདི་ལ་གུས་པ་དང་འདི་སྟོན་པ་པོ་ཐམས་ཅད་ལ་སངས་རྒྱས་སུ་ལྟ་བ་ཡོད་དོ་ཞེས་བསྟན་ཏོ། །དེ་ནས། ཚིག་ཙམ་སྨྲ་ལ་གནད་རྣམས་མ་ཟིན་པ། ད་དུང་དགེ་བའི་བཤེས་ཀྱི་ཞབས་བསྟེན་ནས། ལམ་འདིར་ཐོས་བསམ་སྒོམ་པ་མཐར་ཕྱིན་པའི། ཆེད་དུ་ཡིན་གྱི་གཞན་དུ་དྲིས་པས་ཅི། གོང་མའི་ཁྲིད་ཀྱི་ཡི་གེ་ཙམ་རྗེས་ཟློས་སུ་༼༢ན༣༽བྱེད་ལ། དེ་ལ་གཏམ་རྒྱུད་ལ་སོགས་པ་སྦྱར་བ་བཤད་པར་རློམ་པ་སློབ་དཔོན་དུ་མི་འོས་པས་ད་དུང་ལམ་འདི་ལ་ཐོས་བསམ་མཐར་ཕྱིན་པར་མཛོད་ཅིག་གུ། གཞན་དུ་ན། ལམ་རྒྱུས་མེད་པས་མཁན་དུ་བྱས་པས་ཕྱོགས་བསླད་པ་ལྟ་བུ་ཉེན་ཆེའོ། །དེས་ན་གནད་འདི་ལྟ་བུ་ལ་ཐེགས་པ་མེད་པར་ལུང་བཞིན་དུ་སྨྲ་ནུས་མི་ནུས་བརྟག་པའི་ཕྱིར་ཏེ། དང་པོ། སོར་སྡུད་སྐབས་འདིར་རླུང་སེམས་ཟིན་པའི་རྟགས། བཤད་པའི། ཞེས་པ་ནི། སོ་སོར་སྡུད་པ་སྟེ་རྣལ་འབྱོར་དྲུག་གི་དང་པོའི་སྐབས་སུ། རྒྱུ་རླུང་སེམས་ཟིན་ན་འབྲས་བ་སྟོང་པ་ཉིད་གསལ་པོར་མཐོང་བའི་འབྲེལ་པ་གཟིགས་ནས། བྱེད་བཅིང་གིས་རླུང་སེམས་འཛིན་པ་གཙོ་བོར་སྟོན་པའོ། །རྣལ་འབྱོར་དེས། ས་ཆུ་མེ་དང་རླུང་གི་རླུང་། ཟིན་པའི་གནས་གང་། ཡིན་ཞེས་དྲི། ཟིན་ཉིད་ཅི་ལ་དང་། ཞེས་དང་། དབུ་མར་ཆུད་དང་དེ་ལ་བྱེ་བྲག་ཅི། ཞེས་དྲི་བ་གསུམ་བྱས་སོ། །དྲི་དགོས་པའི་རྒྱུ་མཚན་ནི། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡི། ཞེས་པའི་སྔ་འགྲེལ་དུ། རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཞེས་པ་འདིར་དབུ་མར་སྲོག་རབ་ཏུ་ཞུགས་པས་སྟོང་པ། ཁོ་ན་ལས་དུ་བ་ལ་སོགས་པའི་མཚན་མ་མཐོང་སྟེ་ཞེས་དང་། འདིར་དང་པོར་རྣལ་འབྱོར་པས་དབུ་མར། སྲོག་ནི་རབ་ཏུ་གཞུག་པར་བྱ་སྟེ་གང་གི་མཚན་མ་མཐོང་བར་འགྱུར་བ་ཨ་ཝ་དྷཱུ་ཏཱིར་རོ། །ཞེས་གསུངས་པས། དུ་སོགས་མཐོང་བའི་དུས་དེར་དབུ་མར་ཚུད་པ་ལྟ་བུ་ཞིག་གསུངས་པ་དང་། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལའོ། །ཞེས་པའི་འགྲེལ་པར། དེས་ན་གཡས་ཀྱི་རྩ་ལ་སའི་དཀྱིལ་འཁོར་ལས་སྲོག་ཆུའི་དཀྱིལ་འཁོར་ལ་འཇུག་སྟེ། དེ་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བར་དུའོ། །གཡོན་གྱི་རྩ་ལ་ནམ་མཁའ་ལ་སོགས་པས་འཇུག་གོ། །དེ་བཞིན་དུ་སྟོང་པ་ཉིད་ངེས་པར་དུ་བ་ལ་སོགས་པའི་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་ཞེས་པ་དང་། བླ་མ་ཐམས་ཅད་ཀྱི་ཡི་གེར། ས་རླུང་འགགས་པ་ལས་༼༢བ༤༽དུ་བ་ཞེས་སོགས་གསུངས་པའི་ས་ནས་ཡེ་ཤེས་ཀྱི་རླུང་ལ་འཇུག་པའི་བར་ཐམས་ཅད་རོ་མ་ཉིད་ལ་དང་། དེ་བཞིན་ནམ་མཁའ་ནས་འཇུག་པ་ཐམས་ཅད་རྐྱང་མ་ཉིད་ལ་བཞག་པས་རྩ་བའི་མདོ་མ་མཐུན་པ་ལྟར་སྣང་ངོ་། །ལན་ནི། མ་དྲོས་པའི་མདུན་ལོགས་སུ་རྒྱུ་བའི་གངྒཱ་དེ་ལ་ཡང་རྒྱ་མཚོར་འབབ་པ་ཞེས་པའི་ཐ་སྙད་འཇུག་ཀྱང་། ད་ལྟ་དེར་མ་སོང་དེ་ཡང་རྒྱ་མཚོ་ལ་ཁ་ཕྱོགས་པ་ཉིད་ཀྱིས་ཐ་སྙད་དེ་བཏགས་པར་འདུག་པ་བཞིན། ས་ནས་ཡེ་ཤེས་ཀྱི་བར་ཐམས་ཅད་དབུ་མར་འབབ་པ་ལ་ཕྱོགས་པས་དབུ་མར་ཞུགས་པ་ཞེས་གསུངས་ཀྱི། དངོས་སུ་ལས་དང་པོ་པ་ལ་མཚན་མོའི་རྟགས་རྫོགས་པའི་བར་ལ་དེར་མི་འཇུག་སྟེ་དབུ་མའི་ཁམ་བྱེ་བས་སོ། །སོར་སྡུད་ཀྱི་མཐར་ཐུག་པ་ན་དབུ་མར་འཇུག་པར་ཡིན་ཏེ། གངྒཱ་རྒྱ་མཚོར་འབབ་པ་ལྟ་བུའོ། །དེ་ལྟར་ཡང་འགྲེལ་པར། དེ་ལྟར་སྲོག་དང་ཐུར་སེལ་ལམ་གསུམ་རྣམས་ཞེས་པ་སྟེ། སྟེང་དུ་སྲོག་གི་གཡོན་དང་། གཡས་དང་དབུ་མའི་ལམ་རྣམས་དང་། འོག་ཐུར་སེལ་གྱི་བཤང་བ་དང་གཅི་བ་དང་ཁུ་བའི་ལམ་རྣམས་སོ། །རྡོ་རྗེ་དང་བཅས་པདྨ་ནི་བུད་མེད་རྣམས་ཀྱི་སྐྱེ་གནས་ཏེ། གཡོ་བ་ཉིད་ཀྱི་ཕྱིར་རོ། །ནོར་བུ་དང་བཅས་པའི་རྡོ་རྗེ་ནི་འགྱུར་བའི་ཕྱིར་རོ། །ཆུ་སྐྱེས་ལྡན་པ་ཉིད་ནི་ཁ་འབྱེད་པའི་ཕྱིར་རོ། །རླུང་གཉིས་ཡང་དག་ཕྲད་པའི་དབུས་སུ་ཞེས་པ་ལྟེ་བར་སྲོག་དང་ཐུར་སེལ་གྱི་རླུང་ཡང་དག་པར་ཕྲད་པའི་དབུས་སུ་ཡུལ་རྣམས་ཞེས་པ་རྣམ་པར་དབྱེ་བ་མེད་པའི་ཚིག་སྟེ་ཡུལ་རྣམས་ལ་ཡུལ་ཅན་མིག་ལ་སོགས་པའི་རྩ་རྣམས་འབྱུང་བ་དང་རབ་ཏུ་འཇུག་པ་ཡང་དེ་ལྟར་རོ། །དེ་ཉིད་ནི་སྔར་བརྗོད་ཟིན་ཏོ། དུ་བ་ལ་སོགས་རྣམས་ཀྱི་མཚན་མ་འཛིན་པ་ནི་ཨ་ཝ་དྷུ་ཏཱིའི་སྒོ་ནས་ཏེ་ཀྱང་གི་སྒྲས། ལྟེ་བ་འདི་ཉིད་ལ་འོག་འདི་དག་ཐམས་ཅད་གསང་བར་བྱ་སྟེ་བྱིས་པའི་སྐྱེ་བོ་རྣམས་ལ་སྦ་བར་བྱའོ་ཞེས་གསུངས་པས། ཐིག་ལེ་མཐོང་བ་དང་དུང་ཅན་མའི་ཁ་བྱེ་བ་དུས་མཉམ། དེ་ནས་དབུ་མར་འཇུག་པ་ནི་གསང་བར་བྱའོ། །ཞེས་པའི་དོན་དང་ལྟེ་བ་སྔར་བཤད་ཅེས་པའང་གསང་༼༣ན༥༽བའི་འཁོར་ལོ་སྟེ། གསང་བའི་པདྨ་ལ་དབུས་སུ་དུང་ཅན་མའོ་ཞེས་པའོ། །དེས་ན་ཤའི་མིག་ཀྱང་དེ་ཙམ་ཚུན་ཡོད། དེ་ནས་ལྷའི་མིག་ཏུ་འགྱུར་ཞིང་རྣལ་འབྱོར་ཀྱང་བསམ་གཏན་དང་། རྣལ་འབྱོར་པའང་བསམ་གཏན་པའོ། །དེ་བས་ན་ས་སོགས་ཐིམ་རིམ་གྱི་རྒྱུ་བ་རང་གནས་སུ་འཆིངས་པ་ཙམ་མཚན་མོའི་རྣལ་འབྱོར་གྱི་དུས་སོ། །ནམ་མཁའ་སོགས་བསྐྱེད་རིམ་གྱི་རྒྱུ་བ་ཐིམ་པ་ཉིན་མོའི་དུས་ཏེ་འབར་བ་ལ་སོགས་པ་གོ་བཟློག་གི་རྟགས་སུ་བཤད་པའི་གནད་དེ་ཡིན། དུས་སྦྱོར་གཉིས་ཙམ་མི་རྒྱུ་བར་སྡོད་ན་ངེས་པར་དུང་ཅན་ཁ་བྱེ་འོང་ངོ་། །འདི་ནི་རགས་པའི་རྩའི་དབང་དུ་བྱས་ལ། ཕྲ་བ་ཆོས་ཉིད་ཀྱི་དབུ་མའི་བྱེད་པ་མེད་ན་དེར་སྟོང་གཟུགས་རྣམས་བཞག་རྒྱུ་མེད་པ། རགས་པའི་ཐིམ་རིམ་མེད་པར་དམིགས་པ་མི་འགག་ལ། འགག་ན་དེ་ཀ་ཕྲ་བར་ཐིམ་པ་ཡིན་པས། དེ་ལས་སྟོང་པ་རྙེད་དེ། སེམས་རྣམ་པར་དབེན་པར་གྱུར་པའོ། །དེས་དངས་མའི་འབྱུང་བ་རེངས་པའི་གཟུགས་ནི་དུ་སོགས་ཏེ་གནས་འདི་ལ་དགོངས་ནས་བཀའ་རྒྱུད་ཀྱི་བླ་མ་རླུང་དབུ་མར་ཚུད་པ་ཞེས་ཆུ་སྐྱེས་ཀྱི་སྦུབས་ཤིག་ཏུ་རླུང་སོང་བ་རྣམ་པ་ཀུན་ཏུ་མ་ཡིན། རླུང་དེ་དང་དེ་རང་གར་ཡལ་བ་ལ་བྱེད་པའི་སྐབས་ཀྱང་ཤེས་དགོས་པ་ཡིན་ནོ་ཞེས་གསུང་བ་མེད་དོ། །དང་པོ་ནི་རྟེན་ལུས་ལ་བྱེད་བཅིངས་ཀྱིས་དབང་མེད་དུ་རླུང་སེམས་འཆིང་བ་དེའི་འགྲོས་ཏེ། འདུས་པར། བྱེད་པ་བཅིངས་པའི་སྦྱོར་བ་ཡིས། ས་གསུམ་པོ་ནི་བསྒྲུབ་པར་བྱ། ཞེས་པས་སོ། །གཉིས་པ་ནི་སེམས་བཅིངས་ན་རླུང་རང་འཆིངས་པ་སྟེ། བསམ་པ་ཐམས་ཅད་ཡོངས་སྤངས་ནས། ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་པས་དང་པོ་རགས་པའི་རྩ་ལ་དགོངས། ཕྱི་མ་ཕྲ་བ་ལ་དགོངས། དོན་རྣལ་འབྱོར་པའི་སེམས་གཟུགས་ཡིན་པས་གཉིས་པོ་གང་དུ་མོས་པ་དེར་འགྲོ། གཉིས་ཀར་སྟོང་གཟུགས་ནི། སྒྱུ་མ་མཁན་གྱིས་སྔགས་དང་རྫས་ལ་བརྟེན་ནས་སྒྱུ་མ་འགྱེད་པ་ལྟ་བུ། སེམས་རྣམ་པར་དབེན་པའི་སྟོང་པ་དང་། འབྱུང་བའི་རླུང་དངས་མ་རེངས་པའི་རྫས་ལ་བརྟེན་ནས་༼༣བ༦༽གྲུབ་པར་ཡིན་ནོ། །སྦྱོར་དྲུག་པ་ཕལ་མོ་ཆེ་རྣམ་གཞག་དང་པོ་ཁོ་ནའི་དབང་དུ་བྱས་ནས་འཆད་དེའི་ཚེ་དུ་སོགས་འཆར་དུས་འབྱུང་བ་རང་རང་མི་རྒྱུ་བར་སྡོད་པ་ནི། དེ་དང་དེའི་རླུང་ཟིན་པ་དེས་འཁོར་ལོའི་མདུད་པ་རྣམས་ལྷོད་པོར་བྱས་པས་སྲོག་ཐུར་དབུ་མར་ཆུད་དེ་གསང་གནས་སུ་ཕྲད་ཐུགས་སྟོང་གཟུགས་རྣམ་པ་ཐམས་ཅད་པར་འགྲོ་བ་ཡིན་ནོ། །ཕྱི་མ་བཀའ་རྒྱུད་རིན་པོ་ཆེའི་གསུང་བགྲོས་སེམས་འཆིང་བའི་འགྲོས་ཡང་འགྲེལ་པར། དོན་དམ་པར་ནི་སྟོང་པ་ཉིད་ཀྱི་གཟུགས་བསྒོམ་པ་ལ་གཟུགས་དང་སྐུའི་རྟོག་པ་མེད་དེ། དེ་ལྟར་རང་འོད་དང་རང་འོད་མ་ཡིན་པ་ཞེས་པ་མེད་དོ། །རྣམ་པ་ཐམས་ཅད་པ་དང་ཁ་དོག་ཐམས་ཅད་པའི་ཕྱིར། ཤེས་པ་དང་ཤེས་བྱ་རྡུལ་ཕྲ་རབ་ཀྱི་རྫས་ཀྱི་རྣམ་པར་རྟོག་པ་དང་བྲལ་བ་དག་ལ་རང་བཞིན་མེད་དོ། །དེའི་ཕྱིར་རང་བཞིན་མེད་པའི་སྲིད་པ་བསྒོམ་པ་ནི། བུམ་པ་དང་སྣམ་བུ་དང་ཤིང་རྟའི་སྡེ་ལ་སོགས་པ་རྣམས་ཀྱི་བྱ་བ་ཉི་ཚེ་བ་མ་ཡིན་པ་འཇིག་རྟེན་པའི་ཐ་སྙད་མཐའ་དག་དང་བྲལ་བའོ་ཞེས་པ་དབུ་མ་པའི་གྲུབ་པའི་མཐའ་སྟེ། སྔགས་ཀྱི་ཚུལ་གྱི་དེ་ཁོ་ན་ཉིད་ཀྱི་རིགས་པ་ལས་སོ་ཞེས་པས་རྣམ་གཞག་འདི་ལ་དབུ་མར་ཟིན་ཚུད་ཁྱད་མེད། སེམས་སྟོང་ཆེན་ལས་མི་གཡོ་བ་ཁོ་ན་ཟིན་ཚུད་གཉིས་ཀའི་དོན་དུ་འཆད་པས་སོ། །འདིར་འཆར་བའི་རྟགས་བཅུ་ལ། རྒྱལ་དབང་རྗེས་ཆོས་སྐུའོ་ཞེས་སྒྲོ་མི་འདོགས། འཁྲུལ་སྣང་ངོ་ཞེས་སྐུར་པ་མི་འདེབས། ཉམས་སྣང་ངོ་ཞེས་ཐད་ཀར་གཞག་ན་ལེགས་ཞེས་གསུང་བའི་རྒྱུ་མཚན། སོ་སྐྱེའི་ཡིད་ཀྱིས་དཔྱོད་ནུས་པས་ཆོས་སྐུར་མ་སོང་། རྣལ་འབྱོར་གྱི་འཁྲུལ་པ་མངོན་གྱུར་པ་འགགས་པས་འཁྲུལ་སྣང་དུ་མི་འགྱུར་བས་དེ་ལྟ་བུ་ལ་ཉམས་སྣང་ཞེས་སངས་རྒྱས་རྣམས་ཀྱིས་བརྡར་མཛད་ཅིང་དུ་བ་ལྟ་བུ་གཟུང་བ་དེ་མྱོང་བའི་རིགས་པ་རྟགས་ཅན་འོད་གསལ་ཡིན་ནོ། །རྩ་རྣམས་དག་ཚེ་དབུ་མ་ལས་གཞན་པའི། རྣམ་གཞག་རྒྱུད་ལས་མ་མཐོང་། ཞེས་པ་ནི་དཔལ་ལྡན་རྒྱུད་ལས། མུན་པ་དག་གི་མཐར། ཤེས་རབ་ཐབས་ཀྱི་བདག་ཉིད་ངེས་༼༤ན༧༽པར་སྟེར་ཏེ་རྩ་ནི་ཟླ་བ་ཉི་མ་དག་ནི་འགོགས་པ་ལས། ས་ལ་སོགས་པ་རྣམས་ནི་ཀུན་ནས་འབིགས་བྱེད་དྲི་མེད་ནོར་བུ་དང་མཚུངས་སྟོང་པ་གཅིག་པ་སྟེ། ཐོག་མ་མེད་ཅིང་མཐའ་མེད་དབུས་ཀྱང་མེད་པ་ཡུལ་མེད་ཡུལ་ནི་བསྒྲུབ་པ་དུས་ཀྱི་འཁོར་ལོའོ། །ཞེས་གསུངས་པས་སོ། །ཀུན་མཁྱེན་ཆེ། འཁོར་བ་གནས་གྱུར་མྱང་འདས་མི་བཞེད་པས། རོ་རྐྱང་འཁོར་བའི་རྩ་ཚོགས་གང་དུ་སོང་། ཀུན་མཁྱེན་དོལ་བུ་པ། འཁོར་བའི་ཆ་ཡིན་པ་ཅི་ཡང་མྱ་ངན་འདས་པའི་ཕྱོགས་སུ་འགྲོ་བ་མི་བཞེད་ལ། དེ་ལྟར་ན། རོ་རྐྱང་ད་ལྟ་གཟུང་འཛིན་གྱི་རྩ་ཡིན་པ། སོར་བསམ་གྱི་མཐར་དབུ་མར་འགྲོ་ན་རང་གི་དམ་བཅའ་ཉམས། མི་འགྲོ་ན་རྒྱུད་ཀྱི་ལུང་དེར་རྩ་ཐམས་ཅད་དབུ་མར་འགྲོ་ཚུལ་བཤད་པ་དང་འགལ་ལོ། །ཡང་། རོ་རྐྱང་ཡལ་ནས་དབུ་མ་གཅིག་པུའོ་སྙམ་ན་རྩ་ཐམས་ཅད་དབུ་མར་འགྱོངས་ནས་ཉི་ཟླའི་ལམ་བསྒྱེལ་དགོས་ཡོད་པར་བཤད་པ་དང་མི་འགལ་ལམ་ཞེས་དྲི། རྒྱུ་མཚན་འཁོར་བའི་ཕྱོགས་ཀྱི་མཚན་གཞི་གཅིག་གཟུང་ན་ངན་པ་ཨ་ཁག་པ་ཞིག་གོ་སྙམ་ཨེམས་པ་དགག་པ་དང་། ཡེ་ཤེས་ལེའུ་རེ་རྩ་ཐམས་ཅད་ཀྱི་ཨ་ཝ་དྷཱུ་ཏཱི་གཅིག་ཇི་ལྟ་བ་བཞིན་ནོ། །ཞེས་གཞི་དུས་སྔར་དྲངས་པ་འབྲས་དུས་དོན་དུ་རྩ་ཐམས་ཅད་དབུ་མར་འཆད་བཞེད་པའོ། །ལན་ནི། རོ་རྐྱང་དབུ་མ་ལས་གྱེས་མ་ཡིན་མོད་ཀྱང་རྩ་མདུད་ཀྱི་དབང་ལས་གཟུང་འཛིན་སྐྱེད་པ་དེ་སྲིད་བྱེད་ལས་ཀྱི་འཁོར་བར་བཞག་པ་ནི་རང་གི་སྤུན་དགྲ་ལ་ངོ་བལྟས་པ་ལྟ་བུ། རྩ་མདུད་ཞིག་པས་དབུ་མ་དང་བྱེད་ལས་མཐུན་པར་གྱུར་ན་དབུ་མ་རབ་ཏུ་གཞག་སྟེ། སྤུན་སླར་རང་ལ་དོ་བལྟས་པ་ལྟ་བུའོ། །དེ་གཉིས་དབུ་མར་སོང་ནས་ཡང་ཉི་ཟླའི་ལམ་བསྒྱེལ་དགོས་པར་བཤད་པ་དབུ་མ་འབའ་ཞིག་ཏུ་འབབ་པར་བྱེད་པ་ལ་དགོངས་པ་སྟེ་འཆད་པས་ཤེས་སོ། །སོར་སྡུད་ཉིད་ཀྱིས་གྲོལ་བའི་གང་ཟག་དེའི། རྩ་མདུད་གང་གིས་བཤིག་དང་དཀར་དམར་གྱི། འཕོ་བ་༼༤བ༨༽དག་དང་བཅུ་གཉིས་བདེན་དོན་ས། རྒྱུ་རྐྱེན་ཅི་ལས་འབྱུང་འདི་གསལ་བར་སྨྲོས། ཞེས་རབ་སོར་སྡུད་ཁོ་ནས་གྲོལ་བ་ཞེས་བཞག་པ་དེའི་ཚེ་གང་ཟག་དེའི་རྩ་མདུད་གང་གིས་བཤིག་པ་ཞེས་དང་། དཀར་ཆ་ཁུ་བའི་འཕོ་བ་དང་། དམར་ཆ་རྡུལ་གྱི་འཕོ་བ་སྦྱོང་བར་བྱེད་མཁན་སུ། ས་བཅུ་གཉིས་ཐོབ་པའི་ཚུལ་ཅི་ཞེས་དྲི་བ་གསུམ། རྒྱ་མཚན་འགྲེལ་པར། དོན་དམ་པའི་བདེན་པ་སངས་རྒྱས་ཀྱི་སྐུ་རྫོགས་པ་བརྗོད་པར་བྱ་སྟེ། འདིར་དང་པོ་སྟོང་ཉིད་བྱང་ཆུབ་ཅེས་པ་ནི་མུན་པ་ལ་ཅུང་ཟད་ཀྱང་བསམ་པར་མི་བྱའོ། །དེ་ནས་ཟླ་བ་ཐིག་ལེ་དག་ནི་ཡང་དག་འཛིན་ཞེས་པ་ནི་དུ་བ་ལ་སོགས་པའི་མཚན་མ་ཐིག་ལེའི་མཐར་ཐུག་པར་འཛིན་པའོ། །དེ་ནས་གཟུགས་དག་བསྐྱེད་ཅིང་ཞེས་པ་ནི་ཐིག་ལེ་དེ་ནས་སྣ་ཚོགས་མཐོང་བ་ནི་གཟུགས་བསྐྱེད་པའོ། །རབ་མཆོག་རོ་ཡི་རིགས་རྣམས་དག་གི་ཤེས་པ་སྒྲིབ་པ་མེད་པའི་ཕུང་པོ་དྲུག་རྣམས་ཀྱིས་སོ། །ཡི་གེ་དགོད་པ་ཞེས་པ་ནི་ཉི་ཚེ་བའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་འགོག་པའོ། །དེའི་ཕྱིར་ས་ཐོབ་པས་དམན་པ་ལ་སོགས་པའི་དབྱེ་བར་འགྱུར་ཏི་ཇི་སྲིད་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་མ་གྱུར་གྱི་བར་དུའོ། །དེའི་ཕྱིར་བདེན་དོན་རྣམ་པ་བཅུ་གཉིས་ལྡན། དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། རྣམ་པར་སངས་རྒྱས་ཀུན་རིག་མཆོག །ཅེས་པ་ངེས་པའོ་ཞེས་གསུངས་པས་སོ། །འདིའི་དམན་སོགས་ཀྱི་དབྱེ་བ་ནི་མདོར་བསྡུས་གཉིས་པར་མཚན་མ་གསུམ་དུ་བཞག་པ་དེའོ། །དང་པོ་རང་གིས་ཐོབ་པའི་རྣམ་གཞག་བསྟན་རུང་། གང་ཟག་གཅིག་འཚང་རྒྱ་བ་ལ་ངེས་པར་ཡན་ལག་དྲུག་ཀ་བསྒོམ་དགོས་སོ་སྙམ་པ་དང་། སློབ་པ་སྙིང་རུས་ཅན་ན་སོ་དར་ལ་བབ་པས་སོར་སྡུད་ཡུན་རིང་པོ་བསྒོམས་ཏེ་རྟགས་མཐའ་ཡས་པ་མཐོང་ལ་ཕྱིས་རྩ་རླུང་གུད་ནས་རྟགས་ཡལ་ཏེ་ཐ་མལ་དུ་ཁྲེས་སེ་ལོག་པ་ཕལ་ཆེ་བས་དེ་དག་ལ་སྙིང་རྗེ་བའོ། །༼༥ན༩༽ལན་ནི། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། ཕྱི་དང་ལུས་ལ་དབྱེར་མེད་ཡུལ་དང་རྣམ་པར་བྲལ་བ་སྣང་བ་ཙམ་ནི་མཁའ་ལ་གནས་པ་ཡི། སེམས་དང་སེམས་བྱུང་ལ་ནི་བདག་གིས་འཁྱུད་དེ་འགྲོ་བ་དུ་མའི་གཟུགས་ཀྱིས་དེ་ནི་གཅིག་པུའོ། །ཞེས་ཁམས་གསུམ་པའི་གཟུགས་མཐོང་ནས་སྟོང་གཟུགས་དེ་ཕྱི་སྣོད་ཀྱི་སྟེང་དུ་འཁྲིད་པས་དེ་ཡང་དངས་གཟུགས་སུ་འགྱུར་ཏེ་དེས་ཀུན་རྫོབ་ཇེ་ཕྲའམ་ཤས་ཇེ་ཆུང་དུ་སོང་ནས་འགག་པ། ཕྱག་ཆེན་པའི་སྣང་པ་ལམ་ཁྱེར་དང་མཐུན་པས་གཟུགས་ཐམས་ཅད་སྦྱོར་བ་གཅིག་ཏུ་མཐོངས་ཏེ། ཐམས་ཅད་ཉེ་བར་ཞི་བས་སོ། །ཡང་ན་ཡེ་ལེར་དུས་ཀྱི་རྩ་ལ་མཐོང་བར་འགྱུར་གྱི་བར་དུའོ། །ནང་དུ་འདུས་པ་ཀུན་མཁྱེན་གཟུགས་ནི་ཁམས་གསུམ་པོ་མ་ལུས་པ་ཆུ་ལ་ཉི་མ་ལྟ་བུར་གོས་པ་མེད་པ་ཁ་དོག་སྣ་ཚོགས་པ་སྟེ། རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་སེམས་ནི་གཞན་པ་མིན་པ་ཉིད། གཞན་གྱི་སེམས་ནི་མ་ཡིན་ཏེ། གཞན་གྱི་སེམས་ཤེས་པ་མེད་པའི་ཕྱིར་རོ། །ཞེས་འབྱུང་བ་སྟེ། འདི་གཉིས་ཕན་གྱི་སྒོམ་ཐམས་ཅད་འཛིན་པར་བྱེད་པའི་མྱོང་བས་སེམས། གཟུང་བྱ་དུ་སོགས་ཀྱི་རྟགས་ལ་རབ་ཏུ་ཞུགས་པ་སྟེ་སྟད་མོ་ཆེན་པོ་ལ་སེམས་ཟིན་པ་བཞིན་ནོ། །རྒྱུ་དེས་རྟགས་རྣམས་རིམ་པ་བཞིན་དུ་འགྱུར་ཞིང་མང་དུ་མང་དུ་འགྲོ་བས་རྩ་རླུང་དར་བའི་རིང་ཉམས་ལ་ཟད་རྒྱུ་མེད། ཕྱི་མ་འདི་གཉིས་ནས། ཉམས་དེ་ཟད་ནས་སེམས་ཀྱི་རང་ངོ་རྗེན་པར་མཐོང་བར་འགྱུར་བས་་་་་་་་་་དང་བྲལ་བ་དག་གོ་ཞེས་གསུངས། ཕྱི་མ་ནང་དུ་འདུས་པ་ཡོད་པའི་ཇི་ལྷར་བསྒོམ་པ་བསྒྲུབ་ལེར། དབུས་སུ་སྲོག་ནི་རབ་ཏུ་ཞུགས་པ་སྣ་ཚོགས་ཡུམ་ལ་ཡུལ་དང་རྣམ་པར་བྲལ་བའི་འཁྱུད་པ་སྟེ། ཞེས་པས་དུང་ཅན་མའི་ཁ་བྱེ་བ་དེ་ཙམ་ནས་དམིགས་པ་ནམ་མཁའ་ལ་མི་༼༥བ༡༠༽གཏོར་པར་དབུ་མའི་་་་་་གསང་བར་གཏད་ནས་གྲུབ་ཆེན་ཨུ་རྒྱན་པས། རྒྱ་མཚོའི་གཏིང་དུ་རྩ་གསུམ་ཡན་ལག་བསྡམ། ཞེས་གསུངས་པའི་གནད་དེ་བཅིངས་ན་སྲོག་ཐུར་གོང་བུར་འགྲོ་བས་སྟེང་འགག་པ་ལས་ཐུར་དུ་ཟིན་པར་འགྱུར། འོག་ཏུ་ཟིན་པས་སྟེང་ཡང་དེ་བཞིན་ནོ། །ཞེས་སོ། །རྒྱུ་འདིས་རྩའི་མདུད་པ་ཐམས་ཅད་གྲོལ་བར་བྱེད་པ་ནི་བ་སྤུའི་མཐར་ཐུག་པར་སྲོག་ཐུར་གོང་བུར་གྱུར་པས་གང་བ་ཡིན་ལ། གཉིས་པ་དཀར་དམར་གྱི་འཕོ་བ་མེད་པར་བྱེད་པ་ནི། ཡེ་ལེར་སྲོག་དང་ཐུར་སེལ་འགགས་པར་གྱུར་ན་རི་བོང་འཛིན་པ་བསྐྱོད་པ་ཉི་མའི་གཟུགས་སུ་རབ་ཏུ་འགྱུར། ཞེས་པའོ། །གསུམ་པའི་ལན། དེ་ནས་དབུ་མར་བགྲོད་པའི་སྲོག་ཟད་པའི་ཕྱིར་དུ་བར་གྱི་སྐྱིལ་ཀྲུང་སྙིང་གར་རླུང་སེམས་འཆིང་། སྔ་མས་འགྱུར་མེད་ཙམ་དང་། ཕྱི་མས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡེ་ཤེས་སུ་འགྱུར་རྫུ་འཕྲུལ་སོགས་ནི་ཟག་པ་མེད་པའི་རྫུ་འཕྲུལ་དང་མངོན་པར་ཤེས་པ་དེ་ལས་འབྱུང་བ་ནི་ཤེས་རབ་ཀྱི་ཕར་ཕྱིན་དེ་ལ་ཆོས་འབྱུང་ཞེས་པའི་སྒྲ་བཤད་འཇུག་ཚང་བ་ཡིན་ཏེ། མཆོག་མི་འགྱུར་ལས། ཕྱག་རྒྱ་ཆེན་པོ་ནི་ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་སངས་རྒྱས་སྐྱེད་པར་མཛད་པའོ། །ཆོས་འབྱུང་གི་སྒྲ་ཡིས་ཀྱང་བརྗོད་དེ། ཆོས་འབྱུང་གང་ལས་ཆོས་ཐམས་ཅད་རང་བཞིན་མེད་པར་འབྱུང་བར་འགྱུར་བའོ། །རང་བཞིན་མེད་པའི་ཆོས་རྣམས་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་རྣམས་འབྱུང་བར་གྱུར་པ་ནི་ཆོས་འབྱུང་སྟེ་སངས་རྒྱས་ཀྱི་ཞིང་ངོ་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཏེ་བདེ་བའི་གནས་དང་། སྐྱེ་བའི་གནས་སོ་ཞེས་པས་སོ། །གང་ཟག་འགའ་ཞིག་ལ་འགྲེལ་པར། གང་གི་ཚེ་སོར་སྡུད་ལ་སོགས་པས་གཟུགས་མཐོང་བར་གྱུར་པ་ལ་སྲོག་མ་བཅིངས་པ་ཉིད་ཀྱིས་འགྱུར་བ་མེད་པའི་སྐད་ཅིག་མ་མ་སྐྱེས་༼༦ན༡༡༽ན་དེའི་ཚེ་ནཱ་ད་གོམས་པས་སོགས་ཀྱིས། བསྙེན་སོགས་རེས་རླུང་འཕོ་མེད་དུ་མ་འཆིངས་ན་འཆིང་བ་ལ་བཙན་ཐབས་རེ་གསུངས་པ་དེ་དག་གི་ཁྱད་པར་ཕྱག་རྒྱ་མ་བསྟེན་མ་བསྟེན་གྱི་སྒོ་ནས་མ་ཡིན་ཏེ་གསུམ་གར་བསྟེན་མཉམ་ཡིན། འོ་ན་གང་ཞེ་ན། ཞུ་བ་དེའི་བཅུ་དྲུག་པའི་མཐའི་འཆིང་བྱེད་ཀྱི་སྒོ་ནས་ཏེ། འདིར་ནཱ་ད་གོམས་པས་ཞེས་པ་སེམས་ཡུལ་ལ་མི་གཡོ་བར་བཅིངས་པའི་སྒོ་ནས་སོ། །སྲོག་རྩོལ་དུས་སུ་ཕྱི་ནས་བརྔུབས་པའི་རླུང་། དབུ་མར་འཇུག་པའི་གནས་དེ་འཁོར་ལོ་གང་། ཞེས་ཕྱི་ནས་བརྔུབས་པའི་རླུང་དབུ་མར་འཁོར་ལོ་གང་ནས་འཇུག །དེ་ཉིད་དབུ་མའི་ནང་དུ་མི་འཇུག་ན། བརྔུབས་ཏེ་ནང་དུ་བཀང་བའི་དགོས་པ་ཅི། ཞེས་དྲི་བ་གཉིས། རྒྱུ་མཚན་རོ་རྐྱང་གི་རྒྱུ་བ་འགགས་པ་ལ་དབུ་མར་འཇུག་པའི་ཐ་སྙད་བྱས་ཀྱི་ཕྱི་རོལ་གྱི་རླུང་བརྔུབས་པ་ལ་དགོས་པ་མེད་དོ་ཞེས་སྨྲ་བ་དང་། ལམ་བསྒྱེལ་འཚར་ནས་དེ་གཉིས་སུ་རླུང་མི་འཇུག་སྙམ་པ་དང་། འཁོར་བའི་ཆ་མྱ་ངན་ལས་འདས་པའི་ཆར་མི་འགྲོ་བ་འདིར་ཡང་དགག་པས་སོ། །ལན་ནི། སོར་བསམ་གྱིས་སྲོག་ཐུར་ཕྲད་ཙམ་ལས་མ་ནུས་ན་སྲོག་རྩོལ་གྱི་ཐབས་འདི་ལ་འཇུག །སྔར་ཕྲད་བྱའང་མདུད་མཚམས་དང་དབུ་མ་ཉིད་ཀྱི་ཡིན་ལ། འདིར་ཕྱི་རོལ་གྱི་རླུང་ཐམས་ཅད་དང་ཡང་སྦྱོར་བ་གཅིག་ཏུ་བྱ་དགོས་པའི་ཕྱིར་ཏེ། སྐྱིལ་ཀྲུང་བཅིང་བ་བྱས་ནས་ཕན་ཚུན་སོ་དག་རེག་པ་མིན་པར་ཁ་ནི་རྣམ་པར་ཕྱེ་བ་ཡིས། ཕྱི་རོལ་རླུང་དག་བཀུག་སྟེ་དེ་དང་བདུད་རྩིར་བཅས་པ་ལྟེ་བའི་དབུས་སུ་རབ་ཏུ་བཅུག་པ་ཡིས། སོགས་དང་། ཁ་ཡང་བཀབ་སྟེ་སྣ་ཡི་བུག་པ་གཉིས་ཀ་དག་ནས་ཕྱི་རོལ་དག་གི་རླུང་ནི་མ་ལུས་པ། སྲོག་ནི་ཤུགས་ཀྱིས་བཀུག་སྟེ་དྲི་མ་མེད་པའི་སྲོག་དང་མཚུངས་པ་ཐུར་སེལ་རླུང་དང་སྦྱར་བྱས་ནས། དུས་ཀྱི་གོམས་པའི་སྦྱོར་བ་དག་ལས་ཟླ་བ་ཉི་མ་མེ་ཡི་དབུས་སུ་རོ་ནི་མཉམ་པར་འགྱུར། ཞེས་གསུངས་པས། ཕྱི་རོལ་གྱི་རླུང་རྔུབ་པ་འདི་ཀ་ཐུར་སེལ་དང་སྦྱར་ནས་གསང་བའི་འཁོར་ལོ་བརྒྱད་དེ་༼༦བ༡༢༽དབུ་མར་འཇུག་པ་ཡིན་ཞིང་། ལྟེ་བ་ཞེས་པ་ནི་གསང་བའི་འཁོར་ལོ་སྟེ། ལྟེ་བར་གཏུམ་མོ་བསྒོམ་པ་ཞེས་པ་ཡང་དེ་ལ་སྙེག་དགོས་པས་སོ། །དུས་དེའི་དབུ་མར་འཇུག་ཀ་ཚུན་ལས་རླུང་དབུ་མའི་ནང་དུ་སོང་ཕན་ཆད་ཡེ་ཤེས་ཀྱི་རླུང་། ཡེ་ཤེས་ཀྱི་རླུང་ཡང་དུ་སྦྱོར་རེའི་མཐའི་ང་དྲུག་རྐང་བཅས་སུ་རྒྱུ་བ་ལ་བཞག་པ་དང་། དབུ་མར་ཞུགས་གནས་ལ་བཞག་པ་དང་། རླུང་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་བཞག་པ་ལས་འདི་བར་མའོ། །ཡང་ན་སེམས་གནད་ཀྱིས་རང་ཡལ་ལ་བཏང་བ་གཉིས་པོ་གང་རུང་གིས་རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་དུ་འགྲོ་བའོ། །སྔར་སོར་བསམ་གྱི་རླུང་རང་གི་ངང་གིས་གོང་བུར་གྱུར་པས་སྲོག་རྩོལ་གྱིས་དབུ་མར་ཞུགས་པ་ཞེས་བྱ། འདི་ནང་ལེར། སྲོག་དང་ཐུར་སེལ་དག་ཕན་ཚུན་ཡང་དག་པར་སྦྱོར་བ་ནི་རྣལ་འབྱོར་ཏེ་དེ་གང་ལ་ཡོད་པ་ནི་རྣལ་འབྱོར་པའོ་ཞེས་པས་རྣལ་འབྱོར་གྱི་སྟོབས་ཀྱིས་དབུ་མར་ཚུད་པ་ཡིན་པས་གཉིས་པོ་ཁྱད་པར་རོ། །སྐབས་ཐོབ་བམ་ལུས་གནད་བཅོས་པ་ལྟ་བུ་ལམ་བརྟེན་པར་སྲོག་ནམ་འདོད་འདོད་དབུ་མར་འཇུག་ཐུབ་ན་སྲོག་རྩོལ་མཐར་ཕྱིན་པའི་ཚད་དེ་ནས་དབུ་མར་འཆིང་དགོས་པས་འཛིན་པ་ལ་སློབ་པ་ཡིན་ནོ། །འདི་དུས་ཕྱི་ནང་སྟེང་འོག་གཡས་གཡོན་ཐམས་ཅད་ཀྱི་རླུང་གཅིག་ཏུ་འདྲེས་པ་ཁོ་ནའོ། །སྤྱི་བོ་ནས་རྐང་ལག་གི་སོར་མོའི་བར་ཐམས་ཅད་གང་དེས་རང་སྟོབས་ཀྱི་འབར་འཛག་བྱེད། དེས་འཚང་རྒྱ་བ་ཡང་། སྲོག་གི་རོ་ཡིས་འགྲོ་བ་རྣམས་ལ་གནས་པ་ཐམས་ཅད་བཀུག་ཅིང་ཉོན་མོངས་བདུད་རྣམས་བཅོམ་བྱས་ནས། རྫུ་འཕྲུལ་ཀུན་མཁྱེན་ས་དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་རྣམས་ཀྱིས་སྐྱེ་བ་འདི་ལ་སྟེ། ཞེས་གསུངས། རྩ་མདུད་བཤིག་པ་སོགས་ནི་སྔར་ལྟ་བུ་སྟེ། པདྨར་ཞུགས་པའི་རང་གི་རྡོ་རྗེ་སྤྲོ་བ་དག་ཀྱང་དེ་བཞིན་ཟླ་ཉིའི་དབུས་སུ་རབ་ཞུགས་པ། ཞེས་གསུངས་པས་སོ། །རླུང་རྣམས་ཕྱི་རོལ་འཕོས་པའི་སྐྱོན་གསུངས་ནས། ཞེས་པ་ནང་ལེར། དྲུག་གི་རྩ་ནི་འཁོར་ལོ་འགག་པ་ཟླ་ཉི་མ་ཡི་དབྱེ་བས་རྣམ་གསུམ་ལམ་ལ་གནས་པ་གང་། སྲོག་ཆགས་རྣམས་ལ་འཆི་བ་སྟེར་བ་ཞེས་སོགས་མང་༼༧ན༡༣༽ངོ་། །ཡང་འདིར་མཉམ་རྒྱུའི་འཕོ་བ་བསྒྲུབ་བྱར་བསྟན། ཞེས་པ་ནི། ཉི་མ་ཟླ་བ་འགོག་པ་མཉམ་དང་མི་མཉམ་བགྲོད་པ་ལ་ཏེ་དབུ་མ་མེ་ལ་རབ་ཏུ་ཞུགས། སྲོག་དང་ཐུར་སེལ་གཉིས་པོ་དག་ཀྱང་ཉིན་ཞག་དང་པོ་སོང་ན་དུས་མིན་འཆི་བ་བླུ་བ་སྟེ། སོགས་ཀྱིས་སོ། །དེ་ཉིད་གཞན་ལས་སྒྲ་གཅན་འཆི་ལྟས་བཤད། ཅེས་པ་ནི། སྲོག་གི་རྩོལ་བས་ཀུན་ནས་བདེ་མཉམ་འབྲས་བུ་སྟེར་བ་ཇི་སྲིད་མགོ་ཡི་བར་དུ་འདོད་པ་སྟེ། དེ་ལས་སྟེང་དུ་འདོར་བ་མ་ཡིན་འཆི་བའི་འཇིགས་པ་བྱེད་པ་ཕུང་པོ་ངེས་པར་འཇིག་པའི་རྒྱུ། ཞེས་བསྒྲུབ་ལེར་གསུངས་སོ། །འདི་འདྲ་འགལ་མེད་སྟོན་པའི་རིགས་པ་ཅི། ཞེས་དྲི། རྒྱུ་མཚན་རླུང་ཕྱིར་འཕོ་བ་རང་ལ་ཡང་སྐྱོན་དུ་འགྲོ་མི་འགྲོ་གཉིས་ཡོད་དེ་སྟོན་པའི་ཕྱིར་རོ། །ལན། ཟླ་ཉིའི་འཆི་ལྟས་བགག་པའི་སྐབས་མ་ཡིན་པ་ཐམས་ཅད་སྐྱོན། དེའི་ཚེ་མཉམ་པར་མ་ཕབ་ན་ཡོན་པོར་འཕོ་བའི་ཅིག་ཤོས་ཀྱི་རྩ་བསྐམས་པ་མི་གསོས་པ་དེ་ལ་ངེས་པར་མཉམ་རྒྱུ་བསྒྲུབ་བྱ་ཡིན་ནོ། །འདིར་ལྟེ་བར་སྲོག་རྒྱལ་བས་འཆི་བ་བྱེད་པ་ཡིན་པས་ཡོན་པོའི་འཆི་ལྟས་དང་མི་གཅིག །འདི་བླུ་བ་དང་བོགས་འདོན་གཉིས་ཀ་ལ་བཙན་ཐབས་ཀྱི་སྦྱོར་བ་སྟོན་ཏེ། ནུས་མ་གང་ཞིག་ལྟེ་བའི་དབུས་ནས་གཞན་གྱི་གནས་སུ་བཅུ་གཉིས་མཐའ་དང་ཆ་ཡིས་མཐར་འགྲོ་བ། དེ་ནི་ལྟེ་བར་འགོག་པ་དང་བཅས་དྲི་མེད་གློག་དང་མཚུངས་པ་དབྱུག་པའི་གཟུགས་ཅན་ལངས་པ་ཡང་། འཁོར་ལོ་ནས་གང་འཁོར་ལོའི་བར་དུ་ངེས་པར་དམན་ཞིང་རོལ་པའི་བགྲོད་པས་དབུ་མའི་རྩ་ལ་བསྐྱོད། ཇི་སྲིད་གཙུག་ཏོར་བུག་པར་བཙན་ཐབས་ཉིད་ཀྱིས་ཕྱི་རོལ་གྱི་ནི་པགས་པ་དག་ལ་ཁབ་བཞིན་རེག །དེ་ཡི་དུས་སུ་ཐུར་དུ་སེལ་བ་མཆོག་གི་བཙན་ཐབས་ཉིད་ཀྱིས་སྟེང་གི་ལམ་དུ་བསྐུལ་བར་བྱ། ཟུང་གི་རླུང་དག་འགགས་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། ཞེས་པའི་གཙུག་ཏོར་ཕུག་པ་ཞེས་པ་སྐབས་འདི་ཀ་རང་གིས་བསྟན། དོན་༼༧བ༡༤༽ནི་ཨ་ཝ་དྷཱུ་ཏཱི་རེངས་པས་སྟེང་དུ་སོན་པ་སྟེ། གཙུག་ཏོར་གྲུབ་པ་དང་འོག་གི་སྦ་བ་སྦུབས་སུ་འཇུག་པ་ཡིན་ཏེ། ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཞེས་གསུངས་པའི་ཕྱིར་རོ། །འདིར་ཡུལ་ནི་རྟེན་ལུས་ཡིན་ནོ། །གཞན་འཕོ་བའང་བསྟན་ལ། གྲོང་འཇུག་ཀྱང་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། ཞེས་པས་གྲོང་གཞན་ལ་འཇུག་པ་དང་། དེ་ལྟར་ཡིད་ལ་རྡོ་རྗེ་སད་པས་ཞེས་སོགས་རྟེན་ཕྱི་མས་བགྲོད་བྱ། དེས་མཚོན་ནས། བར་དོའང་ནང་ལེར། འོད་ཟེར་གྱི་ལམ་གསུམ་གསུངས་པ་བར་དོའི་འཕྲད་གསུམ། བག་ཆགས་གསུམ་ལས་གྲོལ་བར་བཤད་པ་འཕྲང་སྒྲོལ་བའི་ཐབས་གསུམ། གལ་ཏེ་ལམ་བགྲོད་མ་ཐུབ་ན་སྐྱེ་གནས་བརྒྱུད་པའི་བར་དོ། །སྐྱེ་བ་བདུན་བླངས་པའི་རྟེན་ལས་སངས་རྒྱ་བར་བཤད་པའོ། །ཐུར་སེལ་མཆོག་གི་བཙན་ཐབས་ཞེས་པའི་ལས་སྦྱོར་དེ་ཡེ་ལེར། དགུར་འཁྱོགས་མ་ཞེས་གསུངས་པ་དེ་ཡིན། གཞན་རྩ་རྒྱུད་ལས། ཨ་ཝ་དྷཱུ་ཏཱི་མེ་ཡི་སྣ། འོད་ཟེར་ལྔ་ཡི་རང་བཞིན་སྲོག །དཀྱིལ་འཁོར་ལྔ་ནི་འབབ་བྱེད་པ། སྣ་རྩེ་ཡུངས་ཀར་དུ་གྲགས་པ། དེ་ཡང་སྲོག་གི་རྩོལ་བར་བཤད། ཁམས་གསུམ་པོ་ནི་མ་ལུས་ནས། སྲིད་པ་གསུམ་ནི་ཡོངས་ཤེས་པ། ཡུངས་དཀར་སྲོག་ལ་རྒྱུ་བཅས་དང་། རྒྱུ་མེད་འགོག་པ་དེ་ཡང་ངོ་། །ཞེས་པ་རྣམ་གྲངས་སོ། །སྲོག་རྩོལ་གྱིས་ནི་རླུང་རྣམས་འགགས་བྱས་ནས། འཛིན་པས་རིགས་དྲུག་རྩེ་མོར་འཆིངས་དེ་ལ། སླར་ཡང་ཏིང་ངེ་འཛིན་འདིར་ཉི་ཁྲི་དང་། ཆིག་སྟོང་དྲུག་བརྒྱ་འགགས་དགོས་ཅི་སྟེ་གསུངས། ཞེས་དྲི་བ་གཅིག །རྒྱུ་མཚན་ནི། དབུགས་ནི་བཅད་པའི་མཐའ་རུ་རྣམ་གསུམ་བགྲོད་པ་འདི་དང་རྣམ་པ་དྲུག་ཀྱང་ཡོད་པ་མ་ཡིན་ཏེ། ཞེས་རླུང་འགགས་ནས་ཕྱིར་ལྟ་ཅི་སྨོས། ནང་དུའང་རིགས་དྲུག་གི་བྱེད་པ་མེད་པ་གསུངས་འཚར་ནས། ཏིང་ངེ་འཛིན་དུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གཅིག་འགག་རིམ་བཤད་པ་འགལ་བ་ལྟར་སྣང་བ་དང་། ཏིང་ངེ་འཛིན་དུའང་ད་ལྟར་སྣ་ནས་འབབ་རིམ་འདི་ཀ་འགག་རྒྱུ་བའི་བཤད་པས་དཔེ་༼༨ན༡༥༽མང་པོའི་ལོགས་གང་འདུག་པ་དེ་དག་བཟློག་པའི་ཕྱིར་རོ། །ལན་ནི། སྦྱོར་བ་མཐར་གྱིས་པའི་དབང་དུ་བྱས་པ་འདི་ལ་ཏིང་ངེ་འཛིན་གྱི་རྣལ་འབྱོར་བསྒོམ་རན་པ་ན་ཡོན་པོའི་རྒྱུ་བ་འདི་ཐམས་ཅད་འགག་དགོས་པ་ཡིན་ཏེ། ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉིས་ཀ་ཡི་ཡང་སྲོག་གི་རླུང་ནི་ཆེན་པོ་འགགས། ཆུ་སྐྱེས་རྡོ་རྗེ་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཆེན་ལ་ནི་རབ་ཏུ་ཞུགས། དངོས་དང་དངོས་མེད་གཅིག་གྱུར་རྣམ་གསུམ་སྲིད་པ་ལ་གནས་གཞོམ་མེད་ལེགས་པར་རབ་ཏུ་རྟོགས་གྱུར་པ། དེ་ཡི་དུས་སུ་རྣལ་འབྱོར་པ་སྟེ་གང་ལ་གཉིས་ནི་ཅུང་ཟད་མེད་པ་མཆོག་གི་གོ་འཕང་འགྲོ། ཞེས་འབྱུང་ཞིང་། དེ་ཡང་། རླུང་ཕྱིར་འཕོ་བ་ཐམས་ཅད་འགགས་པ་ལོ་ཙམ་ཐུབ་པ་སྲོག་རྩོལ་གྱི་བྱེད་པར་གསུངས་པ་དང་ཡོན་པོའི་རྒྱུ་བ་མ་འགགས་ན་གཏུམ་མོའི་མེ་བརྟན་པར་མི་འགྱུར། འདིར་ཡོན་པོ་འགགས་པས་གཏུམ་མོ་ལྷག་པར་འབར་བས་རྗེས་དྲན་དུ་འགྱུར་བ་ཡིན་ཞིང་། ལམ་དྲུག་རང་གི་ངོ་ཏིའི་རྗེས་དྲན་དེ་ལ་བྱེད་པ་ཡིན་ནོ། །འོན་ཀྱང་རྣལ་འབྱོར་པ་དེ་ལ་རྣལ་འབྱོར་ལ་མི་འཇུག་པའི་དུས་སུ་རླུང་ཕྱིར་འཕོ་བ་ནི་མཉམ་རྒྱུ་ཡིན་ནོ། །ཡོན་པོ་དེས་པའང་སྣ་གཡས་གཡོན་རང་དུ་མ་ཟད་སྟེང་འོག་སོགས་གང་དུའང་ཕྱོགས་ཁྱེར་ལ་ཟུག་པ་དེ་ཡིན་ནོ། །འོ་ན་དེ་མེད་ན་འདིར་འགག་རྒྱུ་མེད་དམ་སྙམ་ན་ཡོད་དེ། ཟླ་བ་ཉི་མའི་གཟུགས་ནི་ཟོས་ནམ་མཁའ་ལ་ཉིན་མོ་དང་ནི་མཚན་མོ་ནམ་ཡང་མིན་པ་ཉིད། ཐུན་མཚམས་དེ་ནི་ལུས་ཀྱི་དབུས་སུ་རྣལ་འབྱོར་རྣམས་ཀྱི་དུས་ཀུན་བདུད་རྩིའི་གོ་འཕང་ལ་གནས་པའོ། །ཕྱོགས་ཟད་ཟླ་བ་མཁའ་ལ་གནས་པ་ཉི་མའི་གཟུགས་ལ་རོ་ནི་མཉམ་པར་འགྱུར་བ་ཇི་ལྟ་བར། སྲོག་དང་ཐུར་སེལ་ཟད་པར་གྱུར་ན་གསལ་བར་ཡང་ནི་ལུས་ལ་དངོས་གྲུབ་དུས་སུ་དེ་འགག་གོ། །ཞེས་པས་སོ། །དེ་གང་ཞེ་ན་ལས་རླུང་གི་བག་ཆགས་ལས་ཀྱི་རླུང་གི་གྲངས་དེའི་རྗེས་སུ་འགྲོ་བ་དེ་འགག་པ་སྟེ། དེའི་ཕྱིར་འདིའི་འགག་པ་རླུང་དབུ་མར་ཐིམ་པ་ཞེས་གསུངས་ཤིང་། དེ་ཀ་ཞི་བ་ཅན་ནམ་འགོག་པ་༼༨བ༡༦༽རྡོར་བཟླས་སོ། །དེ་དག་མཆོག་མི་འགྱུར་ལས། དེའི་ཕྱིར་ལུས་མེད་ཅིང་དབུགས་འབྱུང་བ་དང་འཇུག་པ་དག་ཀྱང་མེད་པར་ཐོག་མ་མེད་པའི་སེམས་ཀྱི་བག་ཆགས་གློ་བུར་བ་ནི་ཡང་དང་ཡང་དུ་སྐྱེ་བའི་དབང་གིས་འགྱུར་ཏེ། སེམས་ཅན་རྣམས་ཀྱི་རང་བཞིན་ཅན་ནི་མ་ཡིན་ནོ། །གལ་ཏེ་འཁོར་བའི་བག་ཆགས་འདི་རང་བཞིན་ཅན་དུ་གྱུར་པ་ཡིན་ན། དེའི་ཚེ། སེམས་ཅན་རྣམས་སངས་རྒྱས་ཉིད་ཅེས་བྱ་བར་མི་འགྱུར་རོ། །རྒྱུ་གང་གིས་གློ་བུར་བ་ཡིན་པའི་རྒྱུ་དེ་ཡིས་འདི་ཟད་པར་འགྱུར་ཏེ་དེ་ཟད་པ་ལས་སངས་རྒྱས་ཉིད་དུ་དེ་བཞིན་གཤེགས་པས་གསུངས་སོ། །དེ་ལྟར་རྣམ་པ་དུ་མས་རྣམ་པར་དཔྱད་ན་འཁོར་བ་འདི་ནི་རང་གི་སེམས་ཡིན་གྱི། འགྱུར་བ་མ་ཡིན་ནོ་ཞེས་གསུངས་ལ། འདིར་འཇོག་བྱེད་འཁྲུལ་པས་བཞག་པའི་བག་ཆགས་བདེ་ཆེན་གྱི་སྦྱང་གཞི་དང་། འཇོག་བྱེད་མྱང་འདས་ཀྱིས་བཞག་པའི་བག་ཆགས་དེའི་སྦྱོང་བྱེད་ལམ་དུ་བཤད་པས་མ་རིག་བག་ཆགས་ཀྱིས་པ་ཞེས་པ་ཐོབ་ལ་བཞག་པ་དག་ལའང་གཉིས་ཀ་ཡོད་པ་ཡིན་ནོ། །ཏིང་ངེ་འཛིན་དེར་རྩ་མདུད་གྲོལ་བ་དང་། འཛག་བདེ་དག་གསུངས་སྔོན་མ་རྣམས་ལ་མིན། ལམ་འདིར་ཁྱད་ཆོས་ལྷག་པ་ཅི་ཞིག་ཡོད། མེད་ན་སྐབས་འདིར་གསུང་བའི་རྒྱུ་མཚན་གང་། འདིར་རྩ་མདུད་བཤིག་བྱེད་ཀྱི་ཆོས་ཁྱད་པར་བཅི། གལ་ཏེ་མ་བསྟན་ན་དེའི་རྣམ་གཞག་འདི་ཁོ་ནར་བསྟན་ལ། གཞན་དུ་མི་གསུང་བའི་རྒྱུ་མཚན་ཞེས་དྲི་བ་ཅིག །རྒྱུ་མཚན་གོང་དུ་བཤད་པས་གང་ཟག་འདིའི་རྩ་མདུད་བཤིག་མ་ནུས་པས་ལམ་འདིའི་བར་དུ་བསྒོམ་དགོས་བྱུང་བ་དང་། འདི་ཉིད་ཀྱི་ལམ་རྣམ་གྲངས་པ་དང་། བཙན་ཐབས་ལེགས་པར་བཤད་འདོད་པའོ། །ལན་ནི། རླུང་དང་ཟླ་བ་ཉི་མ་འགགས་པར་གྱུར་ན་རྣམ་པར་ཤེས་པ་དང་ནི་ཡེ་ཤེས་གཅིག་ཏུ་འགྱུར། དེ་ལྟར་དེ་ལྟར་དང་ནི་དེ་བཞིན་དེ་ལྟར་རྣམ་གསུམ་དུ་འགྱུར་གཞན་ནི་ཅུང་ཟད་ཡོད་མ་ཡིན། ཞེས་པའི་རྣམ་ཤེས་ཀྱང་། དེ་དག་རྣམས་ལ་སྲོག་སོགས་རླུང་སྟེ་ཀུན་ནས་རླུང་གི་དབུས་སུ་ཉི་མ་ཟླ་བའི་བགྲོད་པའོ། །ཟླ་བའི་དབུས་སུ་དྲི་༼༩ན༡༧༽མེད་ནོར་བུ་བཞིན་དུ་དངོས་པོ་ཀུན་གྱིས་འཁྱུད་པའི་རྣམ་པར་ཤེས་པ་སྟེ། དེ་ནི་དངོས་དང་དངོས་མེད་གཉིས་མེད་ཉིད་དང་མཆོག་གི་བདུད་རྩི་ཡི་ནི་ཁྱབ་བྱེད་གཞོམ་མེད་དོ། །ཞེས་པའི་རྣམ་ཤེས་མི་ཤེགས་པའི་ཐིག་ལེ་ལེན་པའི་བྱ་བ་ནས་སྨོས་པ་དེའོ། །སོར་བསམ་བྱིས་རྩ་སྦྱངས། དེ་ཀ་རང་ངམ་དེའི་མཐའི་བཙན་ཐབས་ཀྱིས་སྲོག་དགག་རུང་བསྡད་ན་ཡུན་རིང་དུ་འགོར་བས། ལོ་གཅིག་ཚུན་དེ་བསྒོམས། དེ་ནས་སྲོག་འཛིན་གྱིས་རླུང་སྦྱངས་དེ་རང་ངམ་དེ་ཀའི་བཙན་ཐབས་བསྟན་ཀྱང་འཕོ་བའི་བག་ཆགས་སྦྱོང་མ་ནུས་པས་ཟླ་བ་དྲུག་དེ་བསྒོམ་དུ་བཅུག །དེ་ནས་གཏུམ་མོ་བསྟན་པས་སམ། དེ་ཡང་མ་ནུས་ན་དེའི་མཐའི་བཙན་ཐབས་སམ་ཡང་ན་ཕྱག་རྒྱ་བཞིའི་སྒོ་ནས་འཁྲིད་པས་རྣམ་ཤེས་དང་ཡེ་ཤེས་གཅིག་ཏུ་འགྱུར་བ་ཡིན་པས་ཏེ། རང་གི་སེམས་ནི་བརྒྱལ་དང་གཉིད་ལོག་ལ་རབ་ཞུགས་པ་མི་ཡི་བདག་པོ་རང་བཞིན་མེད་པར་འགྱུར། སད་ལ་རང་བཞིན་དང་བཅས་གསལ་བར་བྱེད་པ་དེ་ནི་སྲོག་ཆགས་རྣམས་ཀྱི་ཐར་པའི་ལམ་མ་ཡིན། དངོས་དང་དངོས་མེད་ཀྱིས་ཕྱེ་སེམས་ཀྱི་རྡོ་རྗེ་རྣལ་འབྱོར་པ་རྣམས་དག་ལ་བདེ་མཉམ་སྟེར་བ་ཡིན། ཕན་ཚུན་མཁའ་ཡི་ཤེས་རབ་ལ་འཁྱུད་ལྷན་སྐྱེས་བདེ་བར་གནས་པའི་རང་སེམས་དེ་ནི་ཐར་བ་སྟེར། ཞེས་པས་དབུ་མའི་ལམ་གང་ཟག་ལ་བལྟོས་པ་ནི་དེར་འདུག །སྦྱང་གཞི་རྩ་རླུང་ཐིག་ལེའི་ཁྱད། སྦྱོང་བྱེད་ནི་སོར་བསམ་སྟོང་པ་ཉིད་དང་། སྲོག་འཛིན་སྲོག་ཐུར་འདྲེས་པ་དང་། རྗེས་དྲན་ཞུ་བདེའི་སྟོང་ཉིད་ལ་སྦྱོར་བ་ཙམ། ཏིང་ངེ་འཛིན་ནི་འཕོ་བ་མེད་པའི་བདེ་ཆེན་ཡིན་པའི་ཁྱད་དོ། །འདི་ལོ་གསུམ་ཕྱོགས་གསུམ་བསྒོམས་པས་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །ཐིག་ལེ་བགག་པར་གྱུར་ན་ཀུན་ནས་མཆོག་གི་ཁྱབ་བདག་བདེ་བ་མཐའ་ཡས་དུས་སུ་འཇུག་པར་འགྱུར། །འཁོར་བདག་གི་བདེ་བ་སྤངས་ནས་མཆོག་གི་བླ་མའི་ཞལ་ནི་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། སྤྱོད་པ་སྒེག་པའི་གཟུགས་དང་མཆོག་ཏ་འཇིགས་པ་བྱེད་ལ་རྣལ་འབྱོར་མ་རྣམས་དགྱེས་པ་མ་ཡིན་ནོ། །ཞེས་པས་སོ། །དེ་བས་ན་ལམ་སོ་སོ་ནུས་པ་༼༩བ༡༨༽འཐོན་པ་ནི་དབང་པོ་རྣོ་བ་ཟུར་བསྟན་པས་གོ་བ་དང་། ཕྱི་མ་འདི་ལྡེབས་བསྟན་ན་གོ་བ་ལྟ་བུའི་ཁྱད་ཡོད། འདིར་གཏུམ་མོ་བསྒོམས་པ་ཞིག་ན་ལས་རྒྱ་བཙན་ཐབས་སུ་འགྲོར་ཆུག་སྟེ། ལས་རྒྱ། ཡེ་རྒྱ། ཕྱག་ཆེན་ལ་སློབ་པའི་སྒོ་གསུམ་བྱུང་བའི་ལས་རྒྱ་ལའང་དེ་བཙན་ཐབས་སུ་འགྲོ་བ་ཞིག་དགོས་ལ། དེ་གང་ཞེ་ན་རླུང་ནི་ཡང་དག་ཕྲད་པ་རྣམས་ཀྱི་གློག་གི་མེ་ཡི་རྩེ་མོས་སྤྱི་བོའི་ཟླ་བ་བཞུ་བར་བྱེད། ཐིག་ལེ་གང་གང་བཞུ་བ་འདི་ནས་མགྲིན་པ་སྙིང་ག་ལ་སོན་ལྟེ་བ་གསང་བ་དག་ལ་འགོག །ཐིག་ལེ་ལས་ནི་གཡོ་བའི་ཁ་བ་རྡོ་རྗེ་ནོར་བུ་ལ་གནས་རྒྱལ་མཚན་རྩེ་ལ་འགོག་པ་གང་། དེ་ནི་ཤེས་རབ་ཡེ་ཤེས་སྐད་ཅིག་གལ་ཏེ་ཐིག་ལེའི་འཕྲེང་བ་འཕོ་བ་མེད་པས་བདེ་བའོ། །ཞེས་པ་ནི་ཕྱག་རྒྱ་རང་གཞུང་དུ་སོང་། དེ་ཕྱིར་གཡོ་མེད་བདེ་བའི་སྐད་ཅིག་ལྷན་ཅིག་སྐྱེས་པ་འདིར་ནི་ཆོས་ཀྱི་དབྱིངས་ཀྱི་སྟེར་བྱེད་དེ། ཞེས་པ་བཙན་ཐབས་དེ་ཡང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའམ་པདྨ་ཅན་གྱི་བྷ་གའི་དབུས་ཀྱི་རྩ་དེ་ལ་བཞག །དེས་རྣལ་འབྱོར་རྣམས་སུ་འདུག་སྟངས་དང་ཁ་སྦྱོར་གྱི་ཐིག་ལེ་དྲང་དགོས་པའི་ཕྱིར་རྡོ་རྗེ་ཆུ་འཐུང་བ་ལ་སོགས་པ་བསྟན་མོད། དཔེ་དེ་འདྲ་མཐོང་ན་རྣལ་འབྱོར་པའི། སྤྱོད་རྩིང་དུ་གོ་བདག་ནི་རྡོ་རྗེ་ཐེག་པའི་དབང་གོང་མས་གཟུང་བར་བྱ་བ་མ་ཡིན་ནོ། །གདུལ་བྱའི་རིགས་འགའ་ཞིག་ལ་ལམ་འདི་མེད་ན་མི་གྲོལ་བས་ན། མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་སོགས་གསུངས་སོ། །ཡང་། ཕྱག་རྒྱ་བཞི་ནི། ལས་དང་། ཡེ་ཤེས་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དག་སྟེ། རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། ཞེས་པས་ལས་རྒྱ། དེ་ནས་ཉི་མའི་གཟུགས་ནི་ལུས་དང་གདོང་དང་རྐང་པ་གཙུག་ཏོར་ཡན་ལག་ཐམས་ཅད་རྫོགས་པར་ཏེ། ཞེས་པ་ཡེ་རྒྱ། གློག་གི་དབང་ཕྱུག་པའི་རྗེས་མཐུན་འཕོ་མེད་བདེ་བསྐྱེད་པར་བྱེད་མ་མཚན་ཉིད་ཡན་ལག་རབ་ཏུ་རྫོགས། ཕྱག་ཆེན། རྡོ་རྗེ་རྣམས་ཀྱི་རབ་ཏུ་སྣང་བར་བྱེད་མ་སྲིད་གསུམ་གནས་ལུས་ཆོས་ཀྱི་དབྱིངས་ནི་དེ་ནས་འགྱུར། དམ་རྒྱའོ། །འགྱུར་བ་མེད་པའི་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་༼༡༠ན༡༩༽པོ་འདི་རྣམས་གྲོང་དང་འབྲོག་དགོན་དུར་ཁྲོད་དང་། སོགས་ཀྱིས་སྒོམ་པའི་གནས་སོགས་བཤད་པ་ཡིན་ནོ། །ཕྱག་ཆེན་ཞེས་པའི་སྒྲ་ཡང་སྐབས་དུ་མ་ལ་གསུངས་ཏེ། རྩ་རྒྱུད་ལས། དུད་ཅན་མ་འདི་ཕྱག་རྒྱ་ཆེ། དེ་ནི་གཏུམ་མོར་རབ་ཏུ་བརྗོད། དང་། སོ་སོར་སྡུད་ལ་ཕྱག་རྒྱ་ཆེ། ནམ་མཁའ་སྟོང་པའི་མཚན་ཉིད་དོ། །སོགས་ཀྱིས་སོ། །ཡང་། བསམ་དང་འདོད་དང་ལུས་ལ་རིམས་དང་ཁ་མཆོག་པདྨ་སྐམ་དང་ཟས་ལ་རབ་ཏུ་མི་འཇུག་དང་། འདར་དང་སྨྱོ་དང་རབ་ཏུ་རྨོངས་པར་གྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་དྲག་ཏུ་རྒྱལ་བ་དག །ཅེས་ཆགས་པའི་གནས་སྐབས་བཅུ་གསུངས། རྡོ་རྗེ་ཅན་གྱིས་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་རྟེན་དུ། རབ་ཏུ་གསལ་ཞིང་ངེས་པ་དེ་རྣམས་ཡིད་སྲུབས་གནས་སྐབས་སུ་ནི་བརྒྱལ་བར་འདོད་པ་དེ་ནི་སུ། ཞེས་པས་ཆགས་པ་བཅུ་རྗེས་དྲན་གྱི་་་་་བར་འདོད་པ་ན་རྨོངས་པ་སྟེ། དེ་ནི་ཐ་མལ་པ་དག་གི་ཆགས་པ་ཡིན་པས་སོ། །འོ་ན་གང་ཞེ་ན་དུ་སོགས་ཀྱི་མིང་ཅན་བཅུ་སྟེ། ཆགས་པ་དེ་དང་དེ་རང་རིག་གིས་དག་པའི་ནུས་གཟུགས་ཡིན་པས་རྗེས་དྲན་ནོ། །དེ་ལྟར་འགྱུར་བ་ཡང་། དགའ་བའི་རླུང་དང་ལྷན་ཅིག་སྐྱེས་པའི་རླུང་གཉིས་བཤད་པའི་འདིར་དང་པོའི་རླུང་འཆིངས་པ་ཡིན་ལ། ཏིང་ངེ་འཛིན་དུ་ཕྱི་མའོ། །དེ་ལྟར་སློབ་དཔོན་ཀྱེ་ར་ལི་པས། བརྒྱལ་བས་ཀུན་ནས་ཡེ་ཤེས་མེད། ཅུང་ཟད་ཤེས་པ་ཕྱི་མོའི་ཕྱེད། ཡེ་ཤེས་ཕྱི་མོ་ཉིད་དུ་འགྱུར། ཞེས་དང་། བརྒྱལ་བར་འདོད་པ་དེ་ནི་སུ། ཞེས་པས་བརྒྱལ་བའི་གནས་སྐབས་དེ་ལམ་དུ་མི་འགྱུར་བས་དགག་པའོ། །དེས་གནས་སྐབས་ལྷག་མའང་འགྲེའོ། །ལུས་གཅིག་ཉིད་ཀྱིས་ཡེ་ཤེས་སྐུ་འགྲུབ་པ། གསལ་བར་གསུངས་ན། ལུས་ལས་མ་གཏོགས་གང་ཞིག་ཁྱབ་བྱེད་ཐར་པ་སྟེར་བའི་སངས་རྒྱས་གཞན་ནི་འགའ་ཡང་ཡོད་མ་ཡིན། ཞེས་པའི་འགྲེལ་པར། འདིར་ལུས་ཀྱི་ཁམས་སྒྲིབ་པ་མེད་པ་རྣམས་སངས་རྒྱས་ཉིད་སྟེར་བར་བྱེད་པ་དང་ཐར་བ་སྟེར་༼༡༠བ༢༠༽པའོ། །ཞེས་པས་སོ། །རྩ་སོགས་སྙིགས་མའི་ཁམས། ཇི་ལྟར་དངས་འགྱུར། ཞེས་དྲི། སྙིགས་མའི་ཕུང་པོ་འདི། སྤངས་ན་ལུས་གཅིག་དེ་ཡང་ཇི་ལྟར་འགྱུར། ཞེས་སྙིགས་མ་སྦྲུལ་ལྤགས་པ་བརྗེ་བ་བཞིན་གཞོག་པར་འདོད་པ་དག་ལ་ལུས་གཅིག་གིས་སངས་རྒྱས་འགྲུབ་པར་མ་སོང་སྟེ། ལུས་གཉིས་པའི་རྟེན་དེ་ལས་སོ་ཞེས་བརྒལ་བ་དང་བཅས་ནས་དྲི་བ་གཉིས། དྲི་དགོས་པའི་རྒྱུ་མཚན་ནི། སྔར་བྱེད་ལས་ཀྱིས་སྙིགས་མར་བཞག་པ་དེ་རྣམས་དངས་མར་འགྱུར་མི་སྲིད་སྙམ་པ་བཟློག་པ་དང་། སྙིགས་མ་འདི་ཀ་དངས་མར་འགྲོ་བ་དང་། ཡེ་ལེར་དེའི་ཕྱིར་རུལ་བའི་ལུས་འདི་ནི་ལྷའི་སྐུར་བརྗོད་པར་མི་ནུས་ཏེ། སྙིང་པོ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་པ་མི་འགལ་བར་སྟོན་འདོད་པའོ། །ལན་ནི། སྙིགས་མ་དངས་མར་འགྲོ་ཚུལ། མཆོག་མི་འགྱུར་རང་དུ། ཤེས་རབ་ཀྱི་ཆགས་པ་ལས་བྱུང་བ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་རྣམས་ཀྱིས་དེ་བཞིན་གཤེགས་པའི་ས་འདི་རྣམས་འཐོབ་སྟེ། མི་འཕོ་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཐོབ་པས་ས་དང་པོ་འཐོབ་བོ། །གྲངས་འདི་ཡིས་ས་བཅུ་གཉིས་ཀྱི་མཐར་ཐུག་པའོ། །མི་འགྱུར་བའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམས་ཀྱིས་བཅུ་གཉིས་འཐོབ་སྟེ། ཡན་ལག་བཅུ་གཉིས་འགགས་པ་ཇི་སྲིད་བར་རོ། །དུས་སྦྱོར་བཅུ་གཉིས་འགགས་པས་ཟླ་བ་བཅུ་གཉིས་འགག་གོ། །ཟླ་བ་བཅུ་གཉིས་འགགས་པས་ཉིན་ཞག་སུམ་བརྒྱ་དྲུག་ཅུ་འགག་གོ། །ཉིན་ཞག་སུམ་བརྒྱ་དྲུག་ཅུ་འགགས་པས་ཆུ་ཚེ་དེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམས་འགག་སྟེ། དེ་ལྟར་ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ལུས་ལ་ཆུ་ཚོད་ཀྱི་གྲངས་དབུགས་རྣམས་འགག་གོ། །དབུགས་འགགས་པས་ལུས་འགག་སྟེ་བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པའི་སྐད་ཅིག་རྣམས་ཀྱིས་སོ། །ཇི་ལྟར་དངུལ་ཆུ་སྐོལ་བ་ནི་ལྕགས་དང་རིན་པོ་ཆེ་རྣམས་ཟོས་ཤིང་དེ་རྣམས་ཀྱིས་ཚོན་ཆེན་པོ་གཟུང་ནས་གནས་ཏེ། བེམ་པོའི་ཁམས་ཉིད་ནི་མ་ཡིན་ནོ། །ཚོན་ཆེན་པོ་དེས་ལྕགས་གང་ལ་རེག་པར་བྱེད་པའི་ལྕགས་དེ་རྣམས་ནི་དྲི་མ་དང་བྲལ་བར་འགྱུར་ཞིང་རྡོ་རྣམས་ནི་༼༡༡ན༢༡༽རིན་པོ་ཆེར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྲོག་དང་བཅས་པ་རྣམས་ཟོས་ཤིང་དེ་རྣམས་ཀྱིས་ཚོན་ཆེན་པོ་གཟུང་ནས་གནས་ཏེ་བེམ་པོ་ཉིད་ནི་མ་ཡིན་ནོ། །ཚོན་དེས་བསོད་ནམས་ཀྱི་དབང་ལས་སེམས་ཅན་བདག་ལ་བྱིན་གྱིས་བརླབ་པར་བྱེད་པ་དེ་རྣམས་ལ་མངོན་པར་ཤེས་པར་འགྱུར་གྱི། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི་མ་ཡིན་ཏེ། གང་གི་ཚེ་ལྕགས་སྐོལ་བ་རྣམས་དངུལ་ཆུ་དང་ལྷན་ཅིག་ཉིད་དུ་འགྱུར་བ་དེའི་ཚེ་དངུལ་ཆུས་ཕུག་པའི་ལྕགས་རྣམས་དྲི་མ་མེད་པར་འགྱུར་གྱི། བེམ་པོའི་ཁམས་ཉིད་མེད་པ་ནི་མ་ཡིན་པ་བཞིན་ནོ། །ཕན་ཚུན་ཡང་དག་པར་ལྡན་པ་དེའི་ཕྱིར་ཁམས་ལ་ཁམས་ཉིད་མེད་ཅིང་དངུལ་ཆུ་ལ་དངུལ་ཆུ་ཉིད་མེད་དེ་སྔར་གྱི་རང་བཞིན་ཡོངས་སུ་བཏང་བའི་ཕྱིར་རོ། །དེ་བཞིན་དུ་སེམས་དང་ལྷན་ཅིག་ཏུ་གྱུར་པའི་ལུས་ཀྱི་ཁམས་རྣམས་ལ་ཁམས་ཉིད་མེད་ཅིང་སེམས་ལ་སེམས་ཉིད་མེད་དེ། སྔར་གྱི་འཁོར་བའི་བག་ཆགས་མེད་པའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་སེམས་གང་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ། །ཞེས་གསུངས་པས། སྙིགས་སོགས་དངས་མར་འགྲོ་ཚུལ་རྒྱས་པར་བཤད་དེ། སྙིགས་མ་སྤངས་པ་ཞེས་སྦྲུལ་ལ་ལྤགས་པ་འཇོག་རྒྱུ་འབྱུང་བ་དང་འདྲ་བར་སེམས་པ་ལས་ནོར་བ་ཆེ་བ་ཅི་ཡོད། འོ་ན་སྤྱོད་བསྡུས་སྒྲོན་མར། སྦྲུལ་ལྤགས་པ་བརྗེས་པ་བཞིན་དུ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཡང་ལུས་བརྗེས་ཏེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་བགྲོད་པར་བཤད་པ་ཇི་ལྟར་འགྱུར་ཞེ་ན། བཅུད་ལེན་པ་སྔར་གྱི་ལང་ཚོ་ལས་ཆེས་ཕུན་སུམ་ཚོགས་པར་གྱུར་ན། དེ་འདྲ་སྔར་གྱི་གཟུགས་བརྗེས་ནས་ཆེས་ཕུན་སུམ་ཚོགས་པར་གྱུར་ཡོད་ཟེར་བ་ལྟ་བུའོ། །དྲི་བ་གཉིས་པའི་ལན་ནི། སྙིགས་མ་སྤངས་ཁྱེར་དེ་མ་གོ་བར་ཟད་པ་དང་། ཡེ་ལེར་གསུངས་པའི་ཚིག་ལ་འཁྲུལ་པའོ། །ལུང་དེར་ནི། སྙིགས་མ་རྡུལ་གྲུབ་ལ་བཞག་ནས། དེ་འདྲ་སངས་རྒྱས་སུ་འགྱུར་བ་དགག་པ་ཡིན། དེ་དགག་དགོས་པ་ཡང་། སྔར་རྡུལ་གྲུབ་ཞལ་གྱིས་བཞེས་ནས། འཇིག་རྟེན་ཁམས་སོགས་གསུངས་པའི་གང་ཟག་དེའི་ངོར་ཡིན་ལ། རྡུལ་དུ་གྲུབ་པར་༼༡༡བ༢༢༽ཞལ་གྱིས་བཞེས་པའང་ངོ་གཟུང་བས་གཏོགས་དེ་ལྟར་གནས་པ་མ་ཡིན་པས་སོ། །སེམས་ཀྱི་སྣང་བ་ཙམ་ཡིན་པ་དགག་པར་མི་མཛད་པའི་ཁར་བསྒྲུབ་པ་དེ། སངས་རྒྱས་རྣམས་ཀྱི་རྟོགས་བྱ་མིན་པ་དཔག་མེད་ཡོན་ཏན་དང་ལྡན་སངས་རྒྱས་སྤྲུལ་པ་སྒྱུ་མ་ནི། སྲིད་པ་གསུམ་གྱི་གནས་སུ་བདག་ཉིད་སྟོན་པར་བྱེད་དེ་བརྒྱ་བྱིན་གཞུ་ནི་ཇི་བཞིན་ཉིད་དུའོ། །སྣ་ཚོགས་དངོས་རྣམས་ཀྱིས་ཕྱེ་རྒྱལ་བ་དང་བཅས་ལྷ་མི་རྣམས་ཀྱི་རང་རང་སེམས་ལར་བཞུགས་པ། འདི་ནི་མ་སྐྱེས་ཆོས་དེ་ཆུ་ལ་ནམ་མཁའ་བཞིན་དུ་འདིར་ནི་སྐྱེ་བར་འཁྲུལ་པ་སྟེར་བར་རོ། །བཅོམ་ལྡན་འདས་ཀྱིས་གསུང་འདིའི་ཕྱིར་བཅོམ་ལྡན་འདས་ནི་གཟུགས་ཀྱི་སྐུར་མི་འགྱུར་ཏེ་སངས་རྒྱས་ཐམས་ཅད་འདུས་པའི་ཕྱིར་རོ། །གལ་ཏེ་སངས་རྒྱས་གཟུགས་ཀྱི་སྐུ་ཡིན་ན་དེའི་ཚེ་རྡུལ་ཕྲ་རབ་ཀྱི་གཟུགས་ཀྱིས་ཀྱང་འདུས་པར་མི་འགྱུར་རོ། །ཞེས་འབྱུང་བས་དོན་འཁྲུལ་སྣང་ཤས་ཆེ་བའི་ཚེ་ལུས་སོགས་རགས་པ། འཁྲུལ་སྣང་ཤས་ཆུང་དུ་སོང་ན་དེ་ཀ་ཕྲ་བ་མི་ཤིགས་པ། འཁྲུལ་སྣང་ཐམས་ཅད་ཟད་པ་ན་གཉུག་མ་དོན་དམ་པའི་རྡོ་རྗེ་གསུམ་དུ་འགྱུར་བས་སོ། །གཞན་སྔར་གྱི་ཁུ་རྡུལ་མེད་པར་འགྲོ། གསར་པ་ཞིག་ཡོང་རྒྱུ་ཡིན་ན། མཚན་བརྗོད་ཀྱིས། རྐང་པ་ཡ་གཅིག་མཐིལ་གྱིས་གནོན། རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། ཚངས་པའི་ཡུལ་ས་རྩེ་ནས་གནོན། ཞེས་གསུངས་པ་བཞིན། སྤྱན་རས་གཟིགས་ཀྱིས། ཞབས་གཅིག་རྡོ་རྗེ་ནོར་བུ་རྡུལ་དང་ཉི་མ་དང་། གཉིས་པ་གཙུག་ཏོར་ཁུ་བ་རི་བོང་ཅན་ལ་ནི། རྟག་ཏུ་མི་ཕྱེད་དང་དབྱེར་མེད་འདོད་པ་བཀོད་གྱུར་པ། ཞེས་པ་འབྲེལ་མེད་པར་འགྱུར་རོ། །དེ་བས་དམར་ཆ་རྡུལ་འོག་ཏུ་གནོན་པ་ནི་ཡན་ལག་བཅུ་གཉིས་ཟད་པ་དང་། དྲང་དོན་དུའང་ཉི་མ་སྟོད་གནོན། ཁུ་བ་གཙུག་ཏོར་གྱི་མཐར་ཐུག་པར་གང་། དྲང་དོན་དུ་ཆུ་བོ་གྱེན་བཟློག །དེ་ཡང་། ཡེ་ལེར། དེས་ན་ཡན་ལག་བཅུ་གཉིས་འགགས་ཤིང་སྲོག་ཟད་པས། རྡོ་རྗེ་ཉི་མ་སྣང་བ་ཆེ། བདེན་དོན་རྣམ་པ་བཅུ་གཉིས་ལྡན། ཞེས་པ་སྟེ་རྡུལ་འགགས་པའི་ཕྱིར་རོ། །ཆ་བཅུ་དྲུག་གི་ཁུ་བར་དགགས་པས། རྡོ་རྗེ་ཟླ་བ་༼༡༢ན༢༣༽དྲི་མེད་འོད། དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་པ་སྟེ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་བསྒྲུབ་བོ་ཞེས་གསུངས་པ། བདེན་དོན་རྣམ་པ་བཅུ་གཉིས་ཀྱི་དབང་དུ་བྱས་ནས་ས་བཅུ་གཉིས་སུ་གསུངས་པ་ཤས་ཆེ། དེ་ཉིད་རྣམ་པ་བཅུ་དྲུག་ཏུ་བྱས་ནས་ས་བཅུ་དྲུག །འདི་དག་ལ་རྒྱུ་འབྲས་ཀྱི་དབྱེ་བས་གཉིས་སུ་ཡང་འབྱེད་པ་རིགས་པ་སྟེ། སོར་བསམ་ནས་ཏིང་ངེ་འཛིན་གྱི་བར་དུ་ལུས་ངག་ཡིད་ཡེ་ཤེས་ཀྱི་དག་པ་བཟོ་དགོས་པས་དེའི་མི་མཐུན་ཕྱོགས་རགས་པའི་ཡན་ལག་བཅུ་གཉིས་དག་པ་དང་། ཡས་ཀྱི་དགའ་ཤི་བརྟན་པས་ཡས་བརྟན་དུ་བཞག་པའི་དགའ་བ་བཅུ་དྲུག་རིག་པ་གཉིས་འབྱུང་བས་སོ། །བཅུ་གཉིས་ཀྱི་རྣམ་གཞག་སྤངས་པས་འབྱེད་པ་དང་། བཅུ་དྲུག་གི་རྣམ་གཞག་རྟོགས་པས་ཡིན་ཏེ་གྲངས་མང་ཉུང་གི་དབྱེ་བསྡུ་ནི་ཤེས་དགོས་སོ། །རྒྱུད་ལས། ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དངས་ཡི་སྙིང་པོ་སོགས། རབ་ཏུ་དགའ་བའི་ཐུགས་རྣམས་རྣལ་འབྱོར་པ་ལ་གྲུབ་པའི་དུས་སུ་ནམ་མཁའ་ལ་ནི་མངོན་སུམ་འགྱུར། དེ་ནི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ཐོ་རངས་དང་ནི་མཚན་མོ་ཕྱེད་ལ་འགྱུར། རིན་པོ་ཆེའམ་མེ་ཏོག་ཆར་ནི་མཆོག་གྱུར་དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་རབ་ཏུ་འབབ་པར་འགྱུར། ལུས་ནི་དངས་ཤིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱི་རབ་རྫོགས་འགྱུར། སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དྭངས་ཤིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང་། སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་གསུངས་པ་ནི་འོག་མིན་དུ་ལོངས་སྤྱོད་རྫོགས་སྐུའི་རྟེན་ལ་སངས་རྒྱ་བའི་རྣམ་གཞག་སྟེ་སམྦུ་ཊ་ནས་རིག་མའི་སྐྱེས་བུ་གྲུབ་པའི་ཚུལ་བཤད་པ་དེ་ཡིན། འདིའི་ལོངས་སྐུའི་གནས་འོག་མིན་ཡང་། སངས་རྒྱས་ཞིང་ནི་མ་ལུས་ལུས་ཅན་མིན་པ་སྲིད་གསུམ་སྐྱེད་༼༡༢བ༢༤༽པར་མཛད་པས་རྣམ་པར་གཟིགས་ནས་ནི། གཉིས་ཀ་རོ་མཉམ་དག་པའི་རྡུལ་ལ་སངས་རྒྱས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བ་སྟེ། སོ་སོ་རེ་རེའི་རོ་ཡི་རྡུལ་ལ་གཉིས་ཀ་རིགས་ཀྱི་དབང་གིས་རྡོ་རྗེའི་སྲས་པོ་རྣམས་ཀྱིས་བསྐོར། ས་ལ་སོགས་པའི་རྡུལ་ལམ་ལུས་རིགས་ལ་གནས་པ་མཐའ་ཡས་མི་གཡོ་སོགས་ལ་རབ་བཞུགས་རྣམས། ཞེས་པའི་འགྲེལ་པར། ད་ནི་ལས་ཀྱི་རླུང་ལས་གྲོལ་བ་རྣམས་ཀྱི་བཞུགས་ས་གསུངས་པ། སངས་རྒྱས་ཞིང་ཞེས་པ་ལ་སོགས་པ་སྟེ། འདིར་བཟང་པོ་སྤྱོད་པ་བསྒྲགས་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །ཅེས་གསུངས་པའི་ཕྱིར་ཀུན་རྫོབ་ཏུ་སངས་རྒྱས་ཀྱི་བཞུགས་ས་གང་ཡིན་པ་དེ་ནི་རྟེན་སྤངས་པ་དང་རྟེན་མེད་པ་མ་ཡིན་ནོ། །སྒྲིབ་པ་མེད་པའི་ཆོས་ཀྱི་དོན་དམ་པ་ནི་བཞུགས་པ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་འཕགས་ཀྱི་ལེའུ་ལས། སངས་རྒྱས་རྣམས་ལ་གང་དུའང་གཤེགས་པའམ་བྱོན་པ་མ་བྱུང་ངོ་། །འབྱོན་པར་མི་འགྱུར་རོ། །མི་འབྱུང་ངོ་། །ཞེས་གསུངས་སོ། །དེས་ན་དག་པའི་རྡུལ་ཕྲ་རབ་གྲུབ་པའི་བཅུད་ཁམས་ཐམས་ཅད་འབིགས་པར་བྱེད་པ་རྡུལ་གཅིག་གི་རྩེ་མོའི་རྟེན་ལ་སངས་རྒྱས་ཐམས་ཅད་ཏེ། གང་དག་སྟོང་པའི་མཚན་ཉིད་སྒྲིབ་པ་མེད་པ་རྣམས་མཐའ་དག་གོ། །དེ་ལྟར་སངས་རྒྱས་ཀྱི་ཞིང་ནི་མ་ལུས་ལས་ཅན་མིན་པར་ཏེ་ལས་ཀྱི་རླུང་དང་བྲལ་བར་སྲིད་གསུམ་སྐྱེད་པར་མཛད་པ་ཡེ་ཤེས་སྐུ་ཡིས་རྣམ་པར་གཟིགས་ནས་ནི། དག་པའི་རྡུལ་སངས་རྒྱས་ཐམས་ཅད་དེ་དེ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །གཉིས་ཀ་རོ་མཉམ་དག་པའི་རྡུལ་ལ་ཞེས་པ་ནི་ཕལ་པའི་བཅུད་གྲུབ་པའི་བཅུད་དུ་བྱས་པ་དང་། འཁོར་བ་པའི་བྱང་ཆུབ་ཀྱི་སེམས་མི་འགྱུར་བར་བྱས་པའོ་ཞེས་པའི་དོན་ཏོ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བ་སྟེ་ཞེས་པ་ནི་སྒྲིབ་པའི་ཆ་ཅུང་ཟད་ཙམ་གྱིས་སྨོན་པའི་སེམས་ལའོ། །རྡོ་རྗེ་སྲས་༼༡༣ན༢༥༽པོ་རྣམས་ཞེས་པ་ནི་སོ་སོ་རེ་རེའི་རོའི་རྡུལ་ལ་ཞེས་པ་ཤེས་རབ་དང་ཐབས་གཉི་གའི་ཆོས་ལ་གནས་པ་རྣམས་ཏེ་མི་གཡོ་བ་ལ་སོགས་པ་ལ་གནས་པ་རྣམས་སོ་ཞེས་པའི་དོན་ནོ། །དེ་བཞིན་དུ་སལ་སོགས་པའི་རྡུལ་ལ་འདོད་ཆགས་དང་བྲལ་བ་ལ་སོགས་པ་ས་ལ་སོགས་པའི་ཟད་པར་མངོན་སུམ་དུ་བྱས་པ་མཐའ་ཡས་པ་རྣམས་ཏེ་མི་གཡོ་བ་ལ་སོགས་པ་རབ་ཏུ་ཞུགས་པ་རྣམས་སོ་ཞེས་པའི་དོན་ཏོ། འདིར་རྡུལ་གྱི་སྒྲ་ཡིས་མི་གཡོ་བ་ལ་སོགས་པའི་ས་རྣམས་གསུངས་ཀྱིས་རྡུལ་ཕྲ་རབ་རྣམས་ནི་མ་ཡིན་ནོ། །དག་པའི་རྡུལ་གྱི་སྒྲ་ཡིས་རྟེན་དུ་གྱུར་པའི་ས་བཅུ་གཉིས་པོ་རྣམས་ཏེ་སྒྲིབ་པ་ཐམས་ཅད་ཟད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །དེ་དག་རྣམས་དང་ཐབས་ཅིག་རྡོ་རྗེ་སེམས་དཔའ་ཆགས་པའི་དུས་ཀྱི་བར་དུ་མཁའ་ལ་རྣམ་པར་བཞུགས་ཞེས་པ་ནི། འདིར་ཇི་སྲིད་སེམས་ཅན་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མ་འགྱུར་པ་དེ་སྲིད་དུ་དེ་རྣམས་ཀྱིས་སངས་རྒྱས་འབྱུང་བ་མཐོང་བར་མི་འགྱུར་རོ། །དེས་ན་ནམ་མཁའ་ལ་རྣམ་པར་བཞུགས་ཏེ་ཆོས་ཀྱི་སྐུ་ལ་གནས་སོ་ཞེས་པའི་དོན་ཏེ་ཞེས་རྒྱས་པར་གསུངས་པའི་དོན་ས་བརྒྱད་པ་ཚུན་ལོངས་སྤྱོད་རྫོགས་སྐུ་མི་མཐོང་བ་དང་དེའི་ཞིང་ཁམས་ཀྱང་མི་བགྲོད་པ། འདིའི་ལོངས་སྐུ་མཚན་ཉིད་ཐེག་པ་བ་དང་མཐུན་པར་མཚན་དཔེས་བརྒྱན་པའི་སྐུ་ཞིག་ལ་ངོས་གཟུང་། དེ་ཡངས་པ་དེ་དག་གི་ཏིང་ངེ་འཛིན་སྣང་བ་དང་བཅས་པའི་མཐུ་ཡིན་ལ་ཏིང་ངེ་འཛིན་དེ་ཡངས་འོག་མ་ལ་བལྟོས་ན་མཉམ་གཞག་རང་དུ་ཡོད་རང་སེའི་རྗེས་ཐོབ་ཏུ་སོང་སྟེ་སྣང་བ་དང་བཅས་པའི་ཕྱིར་རོ། །ཆོས་རྒྱུན་གྱི་ཏིང་ངེ་འཛིན་མ་ཐོབ་ཚུན་སངས་རྒྱས་མཐོང་མི་ནུས་འདིའི་སངས་རྒྱས་ནི་ལོངས་སྐུ་དེའི་རྒྱུ་མཐུན་པ་སྤྲུལ་པའི་སྐུ་སྟེ། འདི་རྣམས་དགྲོལ་བའི་སླད་དུ་སྲས་དང་བཅས་པ་རྒྱལ་བའི་བདག་པོ་ལས་ཀྱི་སར་ནི་རབ་ཞུགས་ཏེ། མངལ་ནི་རབ་ཏུ་གཟུང་བ་མཛད་ཅིང་མཆོག་གི་ཐུགས་རྗེ་དག་གིས་བྱང་ཆུབ་བསྐྱེད་པ་མཛད་ནས་ནི། ཉོན་མོངས་དང་ནི་བདུད་རྣམས་བཅོམ་ནས་ས་ཡི་སྟོང་གི་གནས་༼༡༣བ༢༦༽སུ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། སྤྲུལ་པ་སྒྱུ་མ་མཛད་ནས་སླར་ཡང་བཅོམ་ལྡན་འདས་ནི་དག་པའི་སྐུ་ཅན་དེ་ཉིད་ལ་ཐིམ་མོ། །འདིར་ཇོ་ནང་པས། གཟུགས་སྐུའི་རྒྱུ་གསར་བྱུང་ལ་འདོད་པའང་ནོར་བ་སྟེ། དེ་ཉིད་ཀྱི་འཕྲོས་སུ། དེ་ཕྱིར་རྒྱལ་བའི་དག་པའི་སྐུ་ནི་སྐྱེས་ཤིང་མཉམས་སྲིད་པ་གསུམ་པོ་ལའང་གནས་པ་སྟེ། བཅོམ་ལྡན་དེ་ཡིས་ཐམས་ཅད་དུས་སུ་སེམས་ཅན་དོན་ནི་མི་འདོར་ལས་ཀྱིས་བཅིངས་པ་མ་ཡིན་ནོ། །དེ་ལྟར་འཇིག་རྟེན་དབང་ཕྱུག་དག་ནི་སྲིད་པ་གསུམ་གྱི་གནས་སུ་ལས་ཀྱི་སར་གནས་ཉི་མ་ཀྱེ། སེམས་ཅན་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་འཕྲོག་ལྷ་གཞན་དག་ནི་ནམ་ཡང་མ་ཡིན་ནོ། །ཞེས་པས་སོ། །དེ་ནི། འོག་མིན་གནས་མཆོག་ཉམས་དགའ་བར། ཡང་དག་སངས་རྒྱས་དེར་སངས་རྒྱས། སྤྲུལ་པ་པོ་གཅིག་འདིར་སངས་རྒྱ། ཞེས་པའི་དོན་ནོ། །དག་པའི་སྐུ་གཉིས་ལ་གདུལ་བྱ་གཉིས་སྣང་བས་སྐུ་གཉིས་སུ་བཟོ། ཆོས་རྒྱུན་ནི་ཚོགས་ལམ་ནས་བཞག་པ་ཡིན་ལ། ས་བདུན་པ་ཚུན་སྤྲུལ་པའི་སྐུའི་གདུལ་བྱའོ། །དེ་ཡང་། སྐྱེ་བ་སྔ་མར་རང་གི་སྙིང་གིས་བསྐྱེད་པའི་ཞི་དང་ཆགས་པ་ལ་སོགས་དངོས་པོ་རྣམས་ཀྱིས་ནི། བག་ཆགས་སྟོབས་ཀྱིས་འཁོར་ལོ་གནས་པ་གཅིག་ནི་རྣམ་པ་དུ་མར་མཐོང་སྟེ་སྨོན་ལམ་དབང་གིས་སོ། །དོན་གཅིག་དུ་མའི་སྐད་ནི་རང་རང་དངོས་པོ་རྣམས་ཀྱིས་སྲོག་ཆགས་རྣམས་ཀྱི་སྙིང་ལ་རབ་ཏུ་འཇུག །ཅེས་གསུངས་སོ། །ས་བཅུའི་བསྒོམ་བྱ་ཕར་ཕྱིན་ཀྱང་། ནོར་ནི་གཏོང་བ་སྦྱིན་པ་ཡིད་དང་བུད་མེད་འགྲོགས་པ་ལས་ཀྱང་འཕོ་བ་མེད་པ་ཚུལ་ཁྲིམས་ཏེ། བཟོད་པ་སྒྲ་ལ་སོགས་པ་མི་འཇུག་པ་སྟེ་རླུང་གིས་གཉིས་ཀའི་བགྲོད་པ་འཇིག་པ་བརྩོན་འགྲུས་ཉིད། བསམ་གཏན་ཤེས་རབ་དག་ཀྱང་ལྷན་སྐྱེས་བདེ་ལ་གནས་པའི་སེམས་དང་ཀུན་ཏུ་འགྲོ་བ་ཀུན་གྱི་སྐད། དེ་ལས་སེམས་ཅན་དོན་དང་རྫུ་འཕྲུལ་སྲིད་པ་མཐར་བྱེད་མི་སྐྱེ་འཐོབ་སྟ་གཞན་པ་བཞི་རྣམས་སོ། །ཞེས་པ་ཉིད་དོ། །འདིར་མཆོག་མི་འགྱུར་ལས། སྐད་ཅིག་གང་ལ་ཡོད་པའི་སྐད་ཅིག་དེ་ལ་སངས་༼༡༤ན༢༧༽རྒྱས་ཉིད་དུ་མི་འགྱུར་ཏེ་སེམས་སྒྲིབ་པ་དང་བཅས་པའི་ཕྱིར་རོ། །སྐད་ཅིག་གང་ལ་སངས་རྒྱས་ཉིད་ཡིན་པའི་སྐད་ཅིག་དེ་ལ་བདུད་མེད་དེ་སྒྲིབ་པ་ཐམས་ཅད་ཟད་པའི་ཕྱིར་རོ། །ཞེས་དང་། བདུད་བཞི་དེར། སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་སེམས་དང་མ་རིག་པའི་བག་ཆགས་ཀྱི་བདག་ཉིད་བདུད་བཞི་སྟེ། དེ་རྣམས་ལས། ལུས་ཁྱི་སྒྲིབ་པ་ནི་ཕུང་པོའི་བདུད་དོ། །ངག་གི་སྒྲིབ་པ་ནི་ཉོན་མོངས་པའི་བདུད་དོ། །སེམས་ཀྱི་སྒྲིབ་པ་ནི་འཆི་བདག་གི་བདུད་དོ། །ཕྱི་རོལ་གྱི་མ་རིག་པའི་འཇུག་པ་ནི་ལྷའི་བུའི་བདུད་དོ་ཞེས་དང་། དེ་ནི་དེ་བཞིན་གཤེགས་པས་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་གིས་རྣམ་པར་བཅོམ་པ་ནི་བདུད་ཀྱི་དཔུང་བཅོམ་པ་སྟེ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཁོང་ཁྲོ་མ་རིག་པའི་གཟུགས་ཅན་རྣམས་ཟད་པའོ་ཞེས་པས། གཞན་སྔར་སྤངས་ཟིན། འདིར་འགག་རྒྱུ་ནི་ཡེ་ཤེས་ཀྱི་ཐིག་ལེའི་འཕོ་བ་ལས་མེད་ལ། ལུང་འདི་ལས་ལུས་སོགས་ཚང་མ་བཤད་པ་ཅི་ཡིན་སྙམ་དགོས་སོ། །དེ་སེལ་བ་ནི་ཐིག་ལེ་དེ་ཀའང་ལུས་སོགས་བཞི་ལྡན་དུ་གནས་སོ་ཞེས་མཆོག་མི་འགྱུར་ལས། རྣམ་པ་གཞན་དུ་ན་ཚོགས་པའི་ཡོན་ཏན་རྣམས་མེད་པར་ཡོན་ཏན་གཅིག་ལས་འཁོར་བའི་བག་ཆགས་སུ་མི་འགྱུར་རོ་ཞེས་པའི་ལུང་གིས་སོ། །དེས་ན་གཙོ་བོ་ཡེ་ཐེག་དང་ཕལ་པའི་ཡོན་ཏན་གཞན་གསུམ་གྱི་རྣམ་གཞག་འདིས་མཚོན་ན་སྐུ་མང་པོར་ཤེས་པར་བྱེད་དགོས་ཡོད་དོ། །འདིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་མི་འགྱུར་བའི་རིག་པ་འཛིན་པ་འཁོར་བའི་བག་ཆགས་ལས་འདས་པ། དེའི་ཆོས་མི་མཐུན་པས་འཁོར་བ་པ་རྣམས་འགྱུར་བའི་རིག་པ་འཛིན་པ་འཁོར་བའི་བག་ཆགས་ཀྱིས་གཟུང་བའོ་ཞེས་པས་འཁོར་འདས་ལག་པའི་ལྟོ་རྒྱབ་ལྟ་བུར་བཤད་ཅིང་། སངས་རྒྱས་ལས་གཞན་རྣམ་གྲངས་ཀྱི་དོན་དམ་བདེན་པར་བཤད་དོ་ཞེས་གདམས་སོ། །གཞན་ཡང་ཚུལ་འདིར་དཔྱད་པ་མང་མོད་ཀྱང་། རེ་ཞིག་ཡི་གེས་འཇིགས་ནས་ངས་མ་བཀོད། ཅེས་པ་ནི་ཞར་ཞར་ལ་བརྗོད་པ་དང་མ་བརྗོད་༼༡༤བ༢༨༽པའང་མང་ངོ་། །རྒལ་ལན་མི་ཐེབས་མཁས་པའི་ཁུར་བོར་ལ། སློབ་མའི་འདུ་ཤེས་གཟུང་ལ་འདིར་ཤོག་ཅིག །ཅེས་པ་ནི། དཔེ་ལྷོགས་ཙམ་ཚིག་འགའ་ཞིག་ཁོང་དུ་ཆུད་པ་རྒྱུ་མཚན་དུ་བྱས་ནས་གཞན་ལ་ལམ་འདི་སྟོན་མི་འོས་ཏེ། དེ་དག་གི་རྒྱུད་ཆུད་ཟ་བ་མཉེས་པ་ཆེན་པོར་འགྱུར་རོ། །རང་གིས་ཤེས་པར་བྱས་ཏེ་སྟོན་པར་འོས་པས་སློབ་དཔོན་འདི་ནའོ་ཞེས་སྟོན་པའོ། །ཡང་མཁས་པར་སྙེམས་པ་འགའ་ཞིག་ཡོད་མཆིས་ན། རྒྱུད་དང་སེམས་འགྲེལ་འཕགས་ཡུལ་གྲུབ་པའི་གཞུང་། ཚད་ཐུབ་དཔང་པོར་བཞག་ནས་རྩོད་བྱ་ཡིས། རིགས་པས་དཔྱད་བཟོད་ཡོད་ན་འདིར་ཤོག་ཅིག །ཅེས་པ་ནི་ཁོ་བོའི་ཚིག་ལ་སྐྱོན་ཆགས་སྙམ་ན་བརྩད་པར་བྱའོ། །དེ་ཡང་གཞན་རྣམ་པར་གྲོལ་བའི་ལམ་ཤེས་འདོད་པ་ཁོ་ནའོ།། །།མངྒ་ལཾ། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousརྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་དཀའ་གནས་ལ་དཔྱད་པ།next