Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
དཔལ་པདྨ་དཀར་པོའི་གསུང་མགུར་ཞལ་གདམས་ཀྱི་རིམ་པ་འཐོར་བུ།
   
   
   


 
previousདཔལ་པདྨ་དཀར་པོའི་གསུང་མགུར་ཞལ་གདམས་ཀྱི་རིམ་པ་འཐོར་བུ།next

དཔལ་པདྨ་དཀར་པོའི་གསུང་མགུར་ཞལ་གདམས་ཀྱི་རིམ་པ་འཐོར་བུ།

དཔལ་པདྨ་དཀར་པོའི་གསུང་མགུར་ཞལ་གདམས་ཀྱི་རིམ་པ་འཐོར་བུ་བཞུགས་སོ། །སྙིང་པོའི་ལམ་ལ་མཛུབ་བཙུགས་ནས། །དག་པ་རབ་འབྱམས་སར་སྐྱེལ་བ། །འགྲོ་བའི་དེད་དབོན་འབྲུག་པའི་ཞབས། །བྱང་ཆུབ་ཕྱིན་ཀྱི་བར་དུ་མཆོད། །གཞུང་བརྒྱ་སྨྲ་བའི་ཀོང་སྟོན་ཁྱོད། །ལུང་དང་རིགས་པས་རྨོངས་པ་ཅི། །དེ་ལ་ནན་བརྟག་བྱ་མི་འཚལ། །ཡང་དག་འཇོག་ཁྱེར་ཅུང་ཟད་བཤད། །ཚིག་གི་ཐ་དད་མི་མཛད་པར། །དོན་གྱི་རུ་མ་ཅི་འདུག་ལྟོས། །གནས་ལུགས་གཏན་ལ་འབེབས་པ་ལ། །མདོ་སྔགས་གཉིས་ཀ་བློ་རྩེ་གཅིག །འོན་ཀྱང་དངོས་ཟིན་འབེབས་ཁྱེར་ལ། །ཟབ་དང་ཡང་ཟབ་བླ་མ་གསུང་། །ཕར་ཕྱིན་ཐེག་པའི་འཇུག་སྒོ་ལ། །དཔྱད་སྒོམ་འཇོག་སྒོམ་རྣམ་གཉིས་སྣང་། །ཐོས་པས་སྒྲོ་འདོགས་ལེགས་དཔྱད་ནས། །སྒོམ་ལ་འཇུག་པ་སྔ་མའི་ལུགས། །འདི་ལ་ཐོས་དོན་སེམས་པའི་རིང་། །སྒོམ་སྐད་བཏགས་ཀྱང་བསམ་བྱུང་ཡིན། །རེ་ཞིག་བརྟག་དཔྱད་ཙམ་བཞག་ནས། །རྣམ་པར་མི་རྟོག་གང་སྐྱེ་བྱ། །ཞི་གནས་སེམས་རྙེད་བརྟན་པར་བྱ། །ཇི་ཙམ་བཞག་ལོ་གནས་པར་ནུས། །དེ་ཡི་ངོ་བོ་དྲན་པ་ཡིན། དྲན་པ་ཡེངས་པ་མེད་ལ་བཏགས། མ་ཡེངས་པ་ན་འགྱུར་བ་རིག །རིག་པའི་ཆ་དེ་ཤེས་བཞིན་ཡིན། །དེ་ཉིད་དུས་གཅིག་ཉིད་བྱུང་བས། །དྲན་ཤེས་འཇུག་པ་གཅིག་ཏུ་གསུངས། །ཐུན་ལ་འཇུག་དང་ཐུན་ནས་སུ། །སྔར་གྱི་ཐོས་དོན་ལ་སེམས་ལ། །དངོས་གཞིའི་དུས་སུ་མི་རྟོག་གཞག །སྦྱོར་དུས་རྟེན་རྒྱུ་ཐ་དད་པས། །དངོས་གཞི་སོ་སོ་སོར་འགྱུར། །དེས་ན་ཞི་གནས་ཡིད་བྱེད་ལམ། །བསམ་གཏན་བཞི་པ་དག་ཐོབ་ནས། །མངོན་ཤེས་རྫུ་འཕྲུལ་འབྱུང་བའི་ཕྱིར། །དེ་འདོད་པ་རྣམས་དེ་ལ་འཇུག །འདོད་སེམས་རྩེ་གཅིག་ལ་བརྟེན་ནས། །ལྷག་མཐོང་བགྲོད་པ་རྐྱང་གྲོལ་བཞིན། །ཟག་མེད་ལམ་གྱི་ཁྱད་པར་གྱིས། །ཉན་ཐོས་པ་བཞིན་འདི་མི་འགྱུར། །ཐོས་པས་༼༢ན༣༽སྒྲོ་འདོགས་མ་ཆོད་ཀྱང་། །བླ་མའི་མན་ངག་ཙམ་བསྟེན་ནས། །རྣམ་པར་མི་རྟོག་བསྒོམ་པ་ལ། །འཇོག་སྒོམ་པ་ཞེས་དིང་སང་གྲགས། །གཉིས་ཀར་རྩེ་གཅིག་སེམས་བརྟན་དད། །ཤེས་བཞིན་གྱིས་དཔྱོད་སོར་རྟོག་སྟེ། །ལྷག་མཐོང་དངོས་རྒྱུ་འདི་ཡིན་གྱི། །ལུང་རིགས་དཔྱད་པས་མི་རྟོགས་ཏེ། །དེ་ནི་ཁ་ཕྱིར་ཕྱོགས་པ་དང་། །གནས་ལུགས་ནང་ཕྱོགས་རང་རིག་ལས། །གཟུང་འཛིན་གྱིས་བཏང་གསལ་རིག་ཤར། །རང་ངོ་རང་གིས་ཤེས་སྙམ་རྗེས། །རྩེ་གཅིག་སེམས་ལས་འགྱུར་ཙམ་མཐོང་། །འགྱུར་བ་རང་དུས་ལས་མི་གནས། །འགྱུར་མཐོང་ཉིད་དུས་རང་གྲོལ་བ། །ཐོག་སྦྲུལ་ཐག་པར་མཐོང་བ་བཞིན། །མཐོང་དང་མཐོང་བྱ་བརྟགས་ན་སྟོང་། །མ་དཔྱད་སྒྱུ་མ་ཙམ་དུ་སྣང་། །གང་ཤར་ངོས་ཟིན་འདི་ལ་ཟེར། །དེས་ནི་དམིགས་པ་ཉོན་མོངས་དང་། །སྤྱོད་པ་ཀུན་ལ་འདི་རིག་པས། །གང་ཞིག་སྤང་རྒྱུ་སུ་ཡིས་སྤོང་། །ཇི་ལྟར་བྱས་སྤོང་མི་དམིགས་པས། །སྤང་བླང་མེད་པའི་ལམ་འདི་ཡིས། །ཆོས་ཀུན་གདོད་ནས་གནས་པར་འབྱོར། །དེ་ཕྱིར་ལྷན་ཅིག་སྐྱེས་སྦྱོར་གསུངས། །ཅུང་ཟད་སྣང་རྒྱུ་དམིགས་རྒྱུ་ཡོང་། །དེ་སྲིད་ངོ་ཤེས་རང་གྲོལ་ཡོད། །རྣམ་རྟོག་ཆོས་སྐུར་འཆར་སྐབས་ཡིན། །ལྟག་མཐོང་མངོན་སུམ་གྱུར་པ་ཟེར། །སྣང་དམིགས་ཐམས་ཅད་དག་པ་ན། །འབྲས་བུ་ཕྱག་རྒྱ་ཆེན་པོར་སོང་། །དེ་ནི་ཀུན་ཁྱབ་ཕྱོགས་ཆ་བྲལ། །བྱིས་པའི་བློ་ཡིས་རྟོགས་པ་མིན། །སངས་རྒྱས་ཁོ་ནའི་གཞལ་བྱའོ། །དེས་ན་མཚན་ཉིད་དངོས་ཟིན་ལ། །བརྒྱུད་པས་ཉོན་མོངས་འདུལ་བ་ཡིན། །ཤར་དུས་གྲོལ་བ་འདིའི་གནད་ཀྱིས། །གསང་སྔགས་པ་རྣམས་དངོས་རྒྱུ་འཇོམས། །ཉོན་མོངས་ཉིད་མཐོང་བྱང་ཆུབ་ཏུ། །ཟབ་མོའི་མདོ་ལས་ཀྱང་གསུངས་པས། །ཕུགས་སུ་མདོ་སྔགས་དགོངས་པ་གཅིག །ཅེས་ཀོང་ཡུལ་རྡོ་རྗེ་གདན་ནས་པདྨ་དཀར་པོས་སྤུར་སྟེང་ཆོས་སྡེའི་སློབ་དཔོན་ཀོང་སྟོན་གཞུང་བརྒྱ་སྨྲ་བགྲགས་པ་རིན་ཆེན་ལ་བསྲིངས་པའོ།། །།གཟུང་འཛིན་༼༢བ༤༽གྱི་འཆར་སྒོ་དྲག་པའི་ཚེ། །འདུ་འཛི་གཡེང་བས་འབྱམས་གྱུར་ན། །མཁས་མཁས་བསླབ་པ་པག་ཤིར་སོང་། །བདེན་མེད་དུ་འཆར་བ་ཞིག་དགོས་དགོས་འདྲ། །ཉོན་མོངས་ཀྱི་རླུང་འཚུབ་ལངས་པའི་ཚེ། །གཉེན་པོ་གར་ཁྱེར་མ་བྱུང་བའི། །བཙུན་བཙུན་སྐད་བྱས་ཚུལ་འཆོས་ཡིན། །ཞི་དུལ་དུ་སོང་བ་ཅིག་དགོས་པ་འདྲ། །ཆོས་བརྒྱད་ཀྱི་རྦ་གློང་འཁྲུག་ཙ་ན། །མགོ་སྙོམས་ཀྱི་གྲུ་བོ་འཆག་མཁན་དེ། །ཞིག་ཞིག་སྐད་བྱས་ཀྱང་བཟང་བརྫུ་ཡིན། །རོ་སྙོམས་སུ་འགྲོ་བ་ཞིག་དགོས་པ་འདྲ། །ཆགས་སྡང་གི་མཚོན་རྩེ་གཟིངས་ཙ་ན། །སྡུག་བསྔལ་ལེན་ཞིག་མི་བསམ་པའི། །བློ་སྦྱོང་སྦྱོང་བྱས་ཀྱང་རེངས་པོ་ཡིན། །བདག་གཞན་མཉམ་ཉིད་གཅིག་དགོས་པ་འདྲ། །ཞེས་རབ་འབྱམས་སྨྲ་བ་སངས་རྒྱས་རྡོ་རྗེ་ལ་གདམས་པའོ།། །།དུས་སྙིགས་མར་གྱུར་པའི་གནས་སྐབས་འདིར། །ཆགས་སྡང་གི་གློང་ན་བན་བཙུན་འཁྱམ། །མི་གཞན་མའི་ཕུན་ཚོགས་མི་བཟོད་འཁྲུགས། །འདི་བསམས་ཀྱིན་གྲོང་ཡུལ་གྱི་ཕྱོགས་ལ་བྱོལ། །ཟང་ཟིང་གི་འདུ་ལོང་དུག་གི་ཟས། །འབགས་ཆེ་ཀྱིན་ཐར་པའི་སྲོག་ལ་གཟན། །དེ་བས་ཆགས་མེད་ཀྱི་བྱ་བཏང་ལ། །ཆོས་འདུལ་བའི་སྙིང་པོར་བསམས་ནས་ཞུགས། །རྒྱུད་ཆོས་བརྒྱུད་གཅིག་དང་མ་བྲལ་རིང་། །ཡེངས་མེད་ཀྱི་ཞི་གནས་གསེར་ལས་དཀོན། །དེས་ན་ཞེན་ཡུལ་གྱི་སྟེང་འདི་རུ། །ལུང་རིགས་ཀྱི་རལ་གྲིས་ཅིས་མི་བསྣུན། །གར་གཏང་ལ་ལྷོད་དེ་སྡོད་ཚུགས་ན། །རྣམ་རྟོག་གི་གཡོ་སྒྱུ་དེ་ཀར་འཇིག །ཉམས་བདེ་གསལ་བའི་གློང་ན་རིག་པ་ཤར། །བདེན་འཛིན་ལ་འཇོམས་བྱེད་དཔའ་བོར་སོང་། །ཉོན་མོངས་པའི་རང་མཚང་དེ་ན་རིག །སྤང་རྒྱུ་ཞིག་མེད་པ་ལག་ཏུ་ལོན། །ཐོབ་མེད་ཀྱི་འབྲས་བུ་ཐོབ་པ་ལ། །དཀའ་ཚེགས་མེད་སྙམ་ངེས་ཤེས་སྐྱེད། །ཅེས་མཚན་སྒྲོག་མཁན་ཆེན་གྱིས་བསྐུལ་བས་པདྨ་དཀར་པོས་གླུར་བགྱིས་སོ།། །།ཟང་ཟང་ནེ་རིང་གི་སྒྲུབ་ཆེན་པ། །སྲས་བདེ་ལེགས་རྒྱལ་མཚན་གྱི་རྣམ་༼༣ན༥༽ཐར་སྐྱོང་། །ཕ་རྗེས་བུས་འཛིན་གྱི་དཔའ་དར་ལ། །ནོར་དངོས་པོའི་ཞེན་པ་ལོག་པས་ན། །གཏམ་དབྱངས་སུ་བསྙད་པའི་བསླབ་བྱ་བྱེད། །དེ་ཞིབ་མོར་བརྟགས་ལ་བླང་དོར་མཛོད། །གསར་བུ་ཡི་གེ་ནག་ཐུག་དུས། །གོ་ལ་རེ་ནས་སློབ་པས་ངལ། །ཟུར་གོ་ཙམ་ནས་ཙམ་གྱིས་གཞོག །སྙིང་རུས་ཅན་གྱིས་བློ་གསལ་ཐོན། །མི་གཞན་མས་སློབ་དཔོན་འོང་རེས་བཏུད། །གཞན་ལས་ཟབ་ཁྱད་ཆེས་བསམ་ནས། །ཚིག་གྱ་གྱུ་ཅིག་ལ་ཁྲིད་ཁྲིད་ནས། །གཞུང་ལུགས་ཀྱི་ཚུགས་ཁ་ཤོར་ནས་ཐལ། །ཐོས་བསམ་པ་ཡི་འབུབ་པ་ཡིན། །ཐོས་པ་བྱས་པའི་དགོས་པ་དེ། །ཚིག་ལས་དོན་མཚོན་དོན་ཡང་ནི། །དྲང་ངེས་གཉིས་ལས་ངེས་དོན་འཁྲིལ། །སྒོ་འདོགས་མེད་པ་དགོས་རྒྱུར་གདའ། །གཞོན་དུས་གདམས་ངག་སྣ་རེས་ཐོས། །གསར་འགྲོགས་བྱས་ནས་བསྒོམས་པའི་མཐུས། །ཉམས་སུ་མྱོང་བ་སྣ་རེ་རྙེད། །བྲོད་ཀ་སྐྱེས་ནས་རི་ལ་བསྡད། །ལྟོ་གོས་གཉིས་ལ་གྱོང་ཁུར་བས། །མི་ཆོས་པ་རྣམས་དད་པ་སྐྱེས། །སྔས་སྲུངས་རིམ་གྲོར་སྤྱན་འདྲེན་བྱས། །གྲོང་ལྟག་གཅིག་ཏུ་དགོན་པ་བཅས། །ཉམས་ཀྱི་སྣང་བ་འདུ་འཛིས་ཁྱེར། །སྒྱུར་འགོང་ལེགས་ཕྱོགས་སྒྲུབ་རྟགས་རློམ། །སྒོམ་ཆེན་རྣམས་ཀྱི་འབུབ་སར་མཐོང་། །བསྒོམས་པའི་དགོས་པ་གང་ཡིན་ན། །ཏིང་ངེ་འཛིན་གྱིས་དངོས་སྣང་བཤིག །ཤེས་རབ་ཟབ་མོས་ཞེན་པ་ཕྱུང་། །ཆོས་བརྒྱད་མགོ་བོ་སྙོམས་གྱུར་པས། །རྒས་ཀྱིན་རི་ཁྲོད་ཇེ་མཐོར་གཏོང་། །བྱིས་པ་ཞིག་ནས་དཀོར་ལ་བཟས། །རྣམ་རིག་བཀྲ་ན་རེ་བ་ཆེ། །འཇུན་མཁན་ཡོད་རིང་བསྟོད་ར་ཡོང་། །རང་དབང་ཐོབ་ནས་བག་ཡངས་ཀྱིས། །མི་ནག་པ་ལས་བུ་གཙིས་ཆེ། །བྱ་བྱེད་དེ་ཡི་ཆེད་དུ་སྤུང་། །རྒས་ཀར་དཀོར་སྨིན་སྡུག་ལ་གཏད། །བརྒྱུད་ཅན་བླ་མའི་འབུབ་སར་མཐོང་། །བརྒྱུད་པ་ངོམ་པའི་དགོས་པ་དེ། །ཕ་མེས་བྱ་བའི་སྲོལ་བཟུང་ནས། །སྡེ་དགོན་གུད་པ་བསྲུང་བ་དང་། །རང་ཉིད་ངན་འགྲོར་མི་འཁྱམ་ཙམ། །ཁ་ཞེ་མཐུན་པ་དགོས་རྒྱུར་གདའ། །དད་པ་ཅན་གྱིས་༼༣བ༦༽བསྙེན་བཀུར་བྱས། །རྒྱལ་ཁམས་རྣམས་སུ་མཚན་སྙན་གྲགས། །འདུས་པ་ཆར་སྤྲིན་ལྟ་བུར་འདུ། །ནོར་རྫས་རི་ལྟར་སྤུངས་ཙ་ན། །རང་གིས་ཆོག་པར་མི་འཛིན་པར། །གཞན་མའི་དེ་ཡང་བསྙབ་ལ་རིངས། །འོག་ཏུ་མ་འདུས་རྩོད་པ་འཛུགས། །ང་རིས་དམག་དཔོན་ཆེན་པོ་དེ། །བླ་ཆེན་རྣམས་ཀྱི་འབུབ་སར་མཐོང་། །མཚན་ཉིད་ལྡན་པའི་བླ་མ་ནི། །བསགས་པ་གཞན་ལ་ཕན་པར་སྦྱོར། །འདུས་པ་ཆོས་ལ་འགོད་པ་དང་། །ཀུན་མཐུན་ཀུན་ལ་གང་ཕན་སྒྲུབ། །འབྲེལ་ཚད་དོན་ལྡན་བྱེད་པ་ལགས། །ཟང་ཟང་ནི་རིང་གི་སྒྲུབ་ཆེན་ཆོས་སྐྱོང་བདེ་ལེགས་ཀྱིས་གསེར་ལ་སོགས་པའི་རྙེད་པ་ཕུལ། །ལྷག་པར་སྒྲུབ་ཚུགས་དཔེ་མེད་པ་གཟུང་། །ད་དུང་འཇིག་རྟེན་ཆོས་བརྒྱད་སེར་སྲུངས་ཐུ་བོས་སེར་བ་ལ་བཞིན། གདོང་བཟློག་ཏུ་བྱེད་པའི་བྱ་དགར། ཤར་ཀོང་པོའི་ཟ་ཡུལ་ཕུ་དཀར་རྒྱུད་ཆོས་སྡིངས་སུ་སྦྱར་བའོ།། །།སྔར་བྱས་པའི་སྡིག་དང་ལྟུང་བ་ཚོ། སེམས་འགྱོད་པས་བཤགས་ཤིང་བསྡམས་པས་འདག །དེ་མ་བྱས་ཉོན་མོངས་སྐྱེ་བའི་ཚང་། །ངན་སོང་གི་སྡུག་བསྔལ་འབྱུང་ས་ཡིན། །དུས་གསུམ་གྱི་དགེ་བ་གཞན་དོན་བཏང་། དེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །བསོད་ནམས་ཀྱི་ཚོགས་རྫོགས་དེ་ལས་འབྱུང་། །སངས་རྒྱས་ཤིག་སྒྲུབ་ན་མེད་ཀ་མེད། །དགེ་སྡིག་གི་རྩ་བ་སེམས་ལ་ཐུག །སེམས་སེམས་སུ་གཟུང་ན་གོལ་ནས་འགྲོ། །སེམས་སྟོང་ཉིད་དུ་ཤེས་ན་ལམ་གྱིས་འཁྱེར། །སྒྱུ་འཕྲུལ་བྱ་རོལ་རྩེ་བྱ་བའི་གྲོགས། །ཞེས་ལ་སྟོད་ལྷོ་པ་དགེ་སློང་འཕྲིན་ལས་རྒྱ་མཚོ་ལ་གདམས་པའོ།། །།རྗོད་བྱེད་ལུང་གི་སྒོ་ནས་རྣམ་མང་ཡང་། །ཅི་བཤད་སྙིང་པོ་གཅིག་ཏུ་འཁྲིལ་བས་སུ། །རང་སར་བདེན་དང་ཐུགས་གཅིག་མཛུབ་བཙུགས་པ། །ཆོས་ཀྱི་བླ་མར་འོས་ཀྱིས་མི་དབང་སྟེན། །དྲི་བྲལ་ཤེལ་ལ་ཚོན་ཆགས་མིན་ན་ཡང་། །གབ་རྩེ་གང་དུ་བཙལ་བའི་གདངས་འགྱུར་བཞིན། །མོས་དང་ཁམས་དང་བག་ལ་ཞི་དབང་གིས། གསུང་གཅིག་རྣམ་པ་མང་པོར་སོང་བ་༼༤ན༧༽ལས། །སྤྲིན་བཅས་སྤྲིན་མེད་དུས་ནའང་ནམ་མཁའི་ཁམས། །རྣམ་པར་མ་གྱུར་དེ་བཞིན་ཆོས་དབྱིངས་ལ། །སེམས་ཅན་སངས་རྒྱས་དབྱེ་བ་མེད་འདིས་སུ། །བཤད་བྱ་གཅིག་ཏུ་མི་འབབ་ཀ་མེད་ཡིན། །དེས་ན་གཅིག་ཤེས་ཀུན་གྲོལ་བསྒྲུབ་པ་ཡིས། །ཐོབ་པའི་སྙིང་པོ་བསམ་པའི་ལྷུན་ཆགས་པས། །སྒོམ་བྱུང་འབྲས་བུའི་དཔལ་བྱི་དགའ་ཆར་བྱིས། །འཇིག་རྟེན་ཁམས་ཀུན་འདོད་དགུས་ཚིམ་པར་འགྱུར། །འདི་མཁྱེན་འདོད་པའི་སྡེ་ལ་རྒྱབ་ཕྱོགས་པ། །གངས་དང་རི་སུལ་ནགས་ཕུག་དབེན་པར་མོད། །རྒྱལ་པོའི་ཕོ་བྲང་འཁོར་དུ་ལང་ལོང་མིན། །ཤཱཀྱའི་རིང་ལུགས་རང་ནི་དེ་ལགས་སོ། །ནོར་དང་ཆེར་འགྱིང་ཆོས་ཀྱིས་བསྒྲུབ་བྱ་ན། །འཁོར་ལོས་བསྒྱུར་བའི་སྲིད་སྤངས་ནགས་རྒྱུ་ཅི། །བཟའ་བཏུང་ག་ཞ་བྱ་བའི་སྙིང་ཡིན་ན། །ཀློག་དང་སྤོང་བར་བསྟན་འཛིན་བསྙན་ནས་ཅི། །སྡེ་དགོན་ཁེ་འཚོལ་གསོག་འཇོག་བྱེད་པ་དང་། །ཐལ་འགྱུར་སྔོ་ཕྱེར་སོང་བའི་ཚིག་སྦྱངས་དང་། །སྙིང་པོས་འཕོངས་པས་ཕཊ་བརྗོད་སྲང་རྒྱུ་རྣམས། །མོད་ཀྱང་ཆོས་སུ་སོང་སྙམ་མ་མཆིས་པ། །རྒྱལ་པོ་ཆོས་ཀྱི་སྣང་བ་མཆོག་གི་མདུན། །དམ་ཚིག་ངོ་མཚར་གཟིགས་མོ་འབུལ་ཞོས་སྙམ། །ལེགས་བཤད་ཚིག་རེའི་སྟང་སྟབས་ཉམས་འགྱུར་གྱི། །རྩེད་འཇོར་བགྱི་འདིར་སྤྱན་རས་བཙའ་བར་འོས། །ཞེས་པ་རིན་སྤུངས་སྡེ་པ་ཆོས་ཀྱི་རྒྱལ་པོ་ངག་དབང་ནོར་བུ་བཟང་པོ་ལ་གདམས་པའོ།། །།རིགས་ཀུན་བདག་རྡོ་རྗེ་འཆང་ཆེན་ཡང་། །མཚན་ལྡན་གྱི་བླ་མ་འདི་ཀ་ལགས། །ལོགས་ཤིག་ནས་སྐྱབས་གནས་འཚོལ་མི་དགོས། །ད་ས་སྡེ་བཙུགས་ནས་གསོལ་བ་ཐོབ། །ཐག་ཉེ་རིང་ལ་བལྟོས་པ་མ་མཆིས་པས། །རང་འདོད་པའི་དོན་ཀུན་བདེ་བླག་འཐོབ། །ཡོན་ཏན་ཀུན་སྐྱེ་བའི་ཞིང་ས་དེ། །ཡུལ་ཁྱད་པར་ཅན་ལ་དད་པ་ཡིན། །གང་དད་པ་ལྡན་ན་སྡིག་ལས་ཟློག །དགེ་ཚོགས་ཡར་སྤེལ་ལ་སྤྲོ་བ་ཚོ། །བཟོད་པའི་གོ་ཆ་དང་གིས་རྙེད། །བརྩོན་འགྲུས་ཀྱི་རྟ་ལ་དེ་ཞོན་ནས། །བསམ་༼༤བ༨༽གཏན་གྱི་བདེ་བའི་དགའ་སྟོན་ཅན། །ཤེས་རབ་ཀྱི་མཁར་བཟངས་སུ་ཡུད་ཀྱི་འགྲོ། །མ་ཚོར་བར་ཐར་པའི་ས་ལ་སྙོགས། །བླ་མེད་ཀྱི་གསེར་ལམ་དེ་དུས་རྙེད། །ཆོས་བྱས་སོ་སྙམ་མེད་པའི་དད་ཞིག་ལ། །རྫོགས་པའི་སངས་རྒྱས་སུ་སོང་ལགས་པ། །འདི་དྭགས་པ་དཀར་རྒྱུད་ཀྱི་ཟང་ཁྱད་ཡིན། །གླེགས་བམ་གྲལ་བསྒྲིགས་ཚོའི་བརྗོད་དོན་ཡིན། །ཐ་སྙད་མཁན་གྱི་བཤད་པ་ཡིན། །སྒོམ་ཆེན་རི་འཛིན་གྱི་བཅུད་ལེན་ཡིན། །ཁྱིམ་པ་བྱང་སེམས་ཀྱི་རྣམ་ཐར་ཡིན། །ཁྱེད་མི་དབང་དད་ཅན་གྱི་ཆོས་སྐལ་མཛོད། །ཆོས་བཤད་པ་མདོ་རུ་མ་འགྲིལ་ན། །ཚིག་རིགས་ཀྱི་བཤར་བྱང་ཟིན་དུས་མེད། །མདོ་དོན་ཉམས་སུ་མ་བླངས་ན། །ཤེས་ཀྱང་ཁྲོམ་གཏམ་ཟད་མ་ཡིན། །ཉམས་སུ་མྱོང་བའི་དུས་ཙ་ན། །དེ་ལ་ཡེངས་མེད་ཅིག་གཅེས་པ་ཡིན། །འདི་ཡང་གྲི་གུག་ནས་སྡེ་པ་དགོས་དགོས་ཀྱིས་ཞུས་པའི་ངོར་གནང་བའོ།། །།མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །དད་པ་ཅན་གྱི་གཙུག་རྒྱན་ན། །ཡིད་བཞིན་ནོར་བུ་ཉིད་དུ་མཐོང་། །དགོས་འདོད་ཞུ་ས་བཟང་ལགས་ནས། །མི་ངའི་བློ་གཏད་དེ་ཀ་ཡིན། །དེ་བས་དེ་ཡི་རྗེས་སུ་སློབ། །ཆོས་བཟང་པོའི་རྩ་བ་བྱང་སེམས་ཡིན། །ཀུན་ལ་ཉེ་རིང་མི་འབྱེད་པར། །རྣམ་གྲོལ་ལམ་ལ་འགོད་པར་འདོད། །མི་ངའི་ཉམས་ལེན་དེ་ཀ་ཡིན། །དེ་བས་འབངས་ལ་བྱམས་བརྩེས་སྐྱོང་། །སྐྱེ་བོ་ཕལ་ཆེར་ཁྲམ་པ་ཅན། །ཁ་ཞུ་གཏིང་འཁྱགས་ཀྱི་དཔེ་རུ་གདའ། །ཞུ་བའི་སྟབས་སུ་མི་བཏང་བར། །འཐད་དམ་མི་འཐད་བརྟགས་ནས་བྱེད། །མི་ཁོ་བོའི་སྤྱོད་འགྲོས་དེ་ཀ་ཡིན། །མི་རྒྱལ་ཁྱོད་ཀྱང་དེ་ལྟར་མཛོད། །ཆོས་ཀྱི་རྒྱལ་པོ་བྱ་བའི་སྡེ་པ་དམག་དཔོན་ཆེན་པོས་བསྐུལ་བའི་ངོར་པདྨ་དཀར་པོས་སྦྱར་བའོ།། །།ཚངས་པ་མཚུངས་པར་སྤྱོད་པ་རྒན་པོའི་གྲོགས། །དབེན་པར་བག་ཕེབས་བསྙད་བྱ་སྙན་པའི་བཅུད། །ཡིད་ཀྱི་བདུད་རྩི་སྟེར་བའི་འཕྲིན་ཡིག་གི། །འདབ་བརྒྱ་གད་དེ་བདག་མདུན་འཁྲིགས་པར་གྱུར། །བདག་ཀྱང་མཁས་རློམ་ཁུར་གྱིས་མནོན་ཅིང་། །ཚེ་འདིར་༼༥ན༩༽ཆགས་པའི་སྒྱིད་སྙོམས་རྒྱང་དོར་ནས། །གྲུབ་པའི་ཕྱིར་རྗེས་སྙེག་པའི་སྤྱོད་ཚུལ་གྱིས། །ནགས་མཐའ་ཐར་འདོད་རེ་བ་སྐོང་བཞིན་མཆིས། །ཆེད་དོན་མཁས་རློམ་ཆུ་ཤིང་ནགས་ཁྲོད་དུ། །དྲི་བའི་སྟ་རེ་བཟོད་པ་མི་རྙེད་པར། །དྲང་པོར་སྣྲ་ལ་ཚིག་ལན་འདི་དག་ནི། །མཛའ་བོས་མངགས་པའི་ཕོ་ཉ་བཞིན་དུ་བྱུང་། །འོན་ཀྱང་རྒྱལ་རིགས་སཱ་ལའི་ཚལ་འཁྲུངས་པ། །རྣམ་དཔྱོད་མེ་ཏོག་ཕོན་བུའི་སྙན་དངགས་ཀྱི། །དྲི་བསུང་ཞིམ་པོས་བདག་ཡིད་མགུ་བྱས་ཀྱང་། །བརྗོད་དོན་འབྲས་བུས་འཕོངས་ཕྱིར་ཚིམ་པ་ཅི། །ལོག་རྟོག་བ་མོའི་འཇུག་པས་མ་བཅོམ་པར། །བཤེས་གཉེན་སྟོན་ཀའི་དུས་ཅིག་བསྟེན་གྱུར་ན། །མཁས་པ་དགའ་བའི་ལེགས་བཤད་འབྲས་བུ་ནི། །མི་དབང་ཨ་མྲའི་ཤིང་དེར་ཆགས་སྙམ་སེམས། །དཔྱོད་ལྡན་དེ་ཡིད་རེ་བའི་ལན་གྱི་ཆ། །ཕུལ་བྱུང་རིག་པ་དང་ལྡན་ལུང་སྦྱར་བ། །བསྲིངས་པའི་གླེགས་བུ་འདི་ལ་ཀུན་རྟོག་གི། །པིར་བརྒྱས་རི་མོར་མཛོད་ཅེས་ཁྱོད་ཀྱིས་གསོལ། །གླེང་པས་དྲི་ཚིག་འབེན་གང་མ་མཐོང་བས། །ལན་དུ་སྨྲ་བའི་ཟོལ་སྦྱོར་མདའ་འཕངས་པ། །བླུན་པོའི་ཁྲོམ་པ་བཞད་གད་སྐྱེད་མོད་ཀྱང་། །དཔྱོད་ལྡན་འཕོངས་མཁས་རྣམས་ནི་ཁྲེལ་བའི་རྒྱུ། །གཟུ་ལུམས་ཅན་དང་རྩོད་པ་དོན་མེད་པས། །བདག་སེམས་བཏང་སྙོམས་ན་མང་ཁྱོད་ཚིག་གིས། །རིང་ནས་བསྐུལ་བ་མ་ལྷོགས་མཚན་ཙམ་ཞིག །སླན་ཆད་འཆལ་གཏམ་མི་སྨྲའི་ཆེད་དུ་སྦྱར། །འཕགས་པའི་ཡུལ་དུ་མཆིས་འདྲ་སྨྲ་བའི་གྲྭར། །རྒོལ་དང་ཕྱིར་རྒོལ་གང་རུང་ཁས་བླངས་ནས། །བསྟན་པ་དཔང་བཙུགས་རྩོད་པས་མཆོག་གྱུར་ན། །བདག་སེམས་དགའ་ཡང་གངས་རིའི་ཁྲོད་འདིར་མིན།། །།སེམས་ཅན་ཐམས་ཅད་དྲིན་ཅན་མ་ལགས་པས། །བདེ་འདོད་སྡུག་བསྔལ་བྲལ་ན་བསམ་པའི་བློས། །བླ་མེད་བྱང་ཆུབ་སྒྲུབ་པར་དམ་བཅའ་བ། །ཐེག་པ་ཆེན་པོའི་ཆོས་ཀྱི་འཇུག་སྒོ་ཡིན། །བསམ་པས་རང་དོན་ཞི་བ་རྒྱང་བྲིམས་ནས། །ལུས་ངག་གཞན་གྱི་བྲན་དུ་བཀོལ་ནུས་ཏེ། །༼༥བ༡༠༽ཡོངས་སུ་བསྔོ་བའི་རྒྱས་འདེབས་ལ་འབད་ན། །རྫོགས་པའི་སངས་རྒྱས་སྒྲུབ་པའི་ལམ་མཆོག་ཡིན། །དངོས་ཀུན་སེམས་ལ་སེམས་ཉིད་སྟོང་པས་ན། །ཡེངས་མེད་དྲན་པའི་རྒྱུན་ལམ་མ་ཆད་པའི། །ཅི་སྣང་དེ་ཁར་འཛིན་མེད་འཇོག་ནུས་ན། །དམིགས་མེད་མ་དང་མཇལ་བ་ཆོས་ཉིད་ཡིན། །ལུས་ལྷ་བརྗོད་པ་སྔགས་སུ་ཡིད་ཆེས་ཀྱི། །དབང་པོ་ཆེ་མདུན་སྡུག་བསྔལ་ག་ལ་ཡོད། །ཐམས་ཅད་བདེ་བར་འབར་ཕྱིར་གཡུགས་བགྱིས་དང་། །ཕྱག་རྒྱ་ཆེན་པོའི་གློང་དུ་བརྒྱལ་ཏེ་འགྲོ། །ཞེས་ཕག་མོ་ལྷ་ཁང་ནས་གདམས་སོ།། །།ཁྱེད་སྔོན་གྱི་ལས་འཕྲོ་ཆོས་སུ་སད། །གཞོན་ནུ་ཉིད་ནས་ཆོས་སྒོར་འཚངས། །བླ་མ་མང་པོའི་ཞལ་སྐྱིན་ལོན། །དེ་ཕྱིར་སྙན་བསྐུལ་ག་ལ་དགོས། །འོན་ཀྱང་ཡང་དག་ལམ་གྱི་གནད། །མ་ནོར་དཔལ་ལྡན་འབྲུག་པའི་གསུང་། །ཁོ་བོའི་མགྲིན་པར་འཁྱིལ་བ་མང་། །ཅུང་ཟད་སྟོན་གྱིས་ལེགས་པར་གསོན། །ཡང་དག་བླངས་པའི་ཚུལ་ཁྲིམས་ཀྱིས། །འདོད་ཡོན་ལྔ་ལ་གདོང་འདེད་ཐོང་། །བཙུན་པ་རང་དུ་དེ་ནས་སླེབ། །ཐར་པའི་རྨང་གཞི་ཐིངས་པ་ལགས། །ཐོས་པ་བྱས་པའི་ཆོས་ཐམས་ཅད། །རང་གི་རྒྱུད་ཐོག་འབེབས་ཚུགས་ན། །མཁས་པ་རང་དེ་དེ་ལ་ཟེར། །ཐོས་པའི་སྙིང་པོ་སྒྲུབ་པར་བརྩིགས། །ཉམས་སུ་བླངས་པའི་དྲོད་རྟགས་དེས། །ཚེ་འདིའི་སྣང་ཤས་སྡུག་ཟད་བཏང་། །ཞིག་པོ་རང་དེ་དེ་ལ་འོང་། །གཅིག་ཤེས་ཀུན་གྲོལ་མཁར་དུ་ལོངས། །རང་རྒྱུད་རྟོགས་པ་ལྡན་ཙ་ན། །ཐབས་ལ་མཁས་པའི་འཁོར་ལོ་བསྒྱུར། །འགྲོ་དོན་རང་ཅིག་དེ་ལ་འབྱུང་། །མཐོང་ཐོས་དྲན་རེག་ཐམས་ཅད་འཚེངས། །དེ་ལྟར་གཞི་ལམ་འབྲས་བུའི་བར། །ཨེ་བདེན་གཟིགས་ན་ཡང་དག་སྟེ། །མི་ཤེས་དྲི་བ་བྱེད་པའི་ངོར། །རྫུན་པོ་དཀྱུ་བའི་བླ་མ་མིན། །ཐུག་སར་ཐུག་པའི་གནད་ཀ་དེས། །ཐ་སྙད་ཚིག་སྒུམ་གསོག་མ་ཁོམ། །ཤཱཀྱ་ཐུབ་དང་འགལ་དོགས་པས། །ནོར་རྫས་སྒྲུབ་རྩོལ་བྱེད་མ་ནུས། །གཞན་ལ་སྒྲོ་འདོག་སྐུར་བཏབ་ནས། །༼༦ན༡༡༽སྡིག་ལ་བྲེ་གསོག་བྱེད་མ་ཤེས། །དམ་ཆོས་སྙིང་ལ་ཟུག་པའི་ཕྱིར། །རྒྱལ་ཁམས་མི་དང་བསྟུན་པ་མིན། །མཁའ་འགྲོ་ཆོས་སྐྱོང་ཁྲོས་དོགས་ནས། །ཆོས་འགལ་དང་དུ་ལེན་ལ་ཞེད། །སྒྲ་རྣམས་བྲག་ཆར་མཚུངས་མཐོང་བས། །བསྟོད་སྨད་མཉམ་པ་ཉིད་དུ་བཏང་། །བློ་བདེ་ཕུགས་སུ་འཚངས་པས་ན། །འཕྲལ་སྣང་ཐམས་ཅད་བདེ་བར་ཤར། །ཨ་ལ་ལ་ཧོ་བླ་མའི་དྲིན། །ལན་ལོན་པར་དཀའ་ཡང་བརྩེ་བས་སྐྱོངས། །གྱང་མཐོ་སྤྲུལ་སྐུ་བདེ་ཆེན་རོལ་པ་ལ་པདྨ་དཀར་པོས་འབྲུག་ཆོས་སྡིང་ནས་བསྲིངས་པ་དགེ་ལེགས་འཕེལ་བའི་རྐྱེན་དུ་གྱུར་ཅིག། །།ཡང་དག་ཕུལ་གྱི་ལམ་ནས་འགྲོ་བ་ཀུན། །རྣམ་བྱང་རྡོ་རྗེའི་ས་ལ་འདོད་མཁས་པ། །མཚུངས་པ་མེད་པའི་རྗེ་བཙུན་འབྲུག་པའི་ཞིབས། །ཀུན་གྱི་ཅོད་པན་འོས་དེར་གསོལ་བ་འདེབས། །གང་གི་བཤད་པའི་མ་ནུས་སར་འཁོད་པའི་འགྲོ། །དབྱངས་ཅན་མགྲིན་པར་འཆང་བ་འབའ་ཞིག་བཞིན། །ལེགས་བཤད་སྙིང་གར་འཚངས་རྣམས་ཉེར་ཞི་བའི། །བདུད་རྩིས་ཚིམ་པར་གྱུར་ལ་ཕྱག་འཚལ་ལོ། །ལས་དགེ་བ་ཉིད་དུ་འགྱུར་མི་འགྱུར། །རང་སེམས་ཀྱི་བསམ་ཚུལ་ཉིད་ལ་རག །རྩེ་གཅིག་གིས་དད་པའི་ལས་བྱས་ན། །ཐར་པའི་རྒྱུ་རུ་ཐེ་མི་ཚོམ། །སྤྲོས་མེད་མངོན་པར་བྱང་ཆུབ་མ་མཐོང་ན། །སྤྲོས་བཅས་དམིགས་པའི་ཆོས་ཀྱི་མཐའ་མི་ཆོད། །དེས་ན་སྒོ་གསུམ་གཡེང་བ་རྒྱང་བོང་ལ། །རང་སེམས་དྲན་པའི་ར་བས་བསྐོར་བ་འཐད། །ཚུར་བཀུག་དྲན་པའི་གོ་བས་ཚུགས་མི་ཐུབ། །མ་བཅོས་རང་ཚུགས་ཐུབ་ན་དེ་ཁའི་གོར། །རྐྱེན་སྣང་ཕྲ་རགས་གཉིས་མེད་འབྱོར་བར་སེམ། །དེ་ཚེ་ཆུ་ལ་ཆུ་གཞག་ལྟ་བུར་འགྱུར། །ཞེས་གདམས་སོ།། །།དཔལ་དགམ་པོའི་བཀའ་བརྒྱུད་སྙན་གྲགས་ཆེ། །སྒོས་སྒྲུབ་པའི་བཀའ་བབས་འབྲུག་པར་ཐུག །སེམས་ཡིད་གཉིས་མེད་པས་གསོལ་བཏབ་ན། །དོན་སྙིང་པོ་གཅེར་མཐོང་ཐེ་མི་ཚོམ། །ལས་བྱས་པ་མདོ་ཡོད་སེམས་ཅན་དོན། །རང་སྐྱིད་ཕྱིར་མིན་ན་ཚོགས་གཉིས་འཕེལ། །༼༦བ༡༢༽འབྲས་སྐུ་གཉིས་ལག་པའི་རྩེ་ལ་བཞུགས། །ཆོས་རྒྱུད་ལ་ཁེལ་ན་ཟེར་ཚད་བདེན། །འདི་ཡང་ཇོ་གདན་མཁན་པོར་གནང་བའོ།། །།མཐའ་མེད་ཁམས་གསུམ་འཁོར་བ་འདིར་འཁྱམས་ཤིང་། །མི་བཟོད་སྡུག་བསྔལ་དྲག་པོ་མྱོང་གྱུར་ཚེ། །བདག་ཅག་ཁྱེད་ལ་རེ་ས་མི་ཞུ་ན། །གཞན་པའི་སྐྱབས་གནས་སུ་འདུག་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་རྗེ་བཙུན་སྙིང་རྗེའི་གཏེར། །ཐུགས་རྗེས་ལའུར་གཟིགས་དང་འཇིག་རྟེན་དབང་། །བྱིན་རླབས་དངོས་གྲུབ་ཞུའོ་ལྷག་པའི་ལྷ། །ལྷ་མིའི་དབང་པོ་སྟོབས་ལྡན་ཀུན་འཇོམས་པའི། །འཆི་བདག་བདེ་ཆེན་དེས་ནི་བདག་ཅག་ཀྱང་། །ཤུལ་ལམ་འཕྲང་དུ་དབང་མེད་ཁྲིད་ཙ་ན། །གཞན་པའི། སྐྱེས་ནས་ད་ཕན་དོན་མེད་ལས་ལ་ཟད། །ད་ནི་དམ་འཆི་ཆ་མེད་རྒས་ལ་ཐུག །དལ་འབྱོར་སྟོང་ལོག་སོང་ལ་འགྱོད་ཙ་ན། །ཡར་གྱི་མཐོན་པོའི་དཔལ་ལ་སྦྲུས་ཀྱིན་བཟས། མར་གྱི་ཁྲལ་མི་བཞུར་ཞིང་བག་མེད་སྤྱད། །འདི་འདྲའི་ལན་ཆགས་ཕྱི་མ་འཇལ་དགོས་ཚེ། །བསྐྱངས་ཀྱིན་ལོད་རུང་འགའ་ཞིག་གཉེན་སྙམ་བརྩེ། །སུས་ཕན་དེས་པ་མེད་ཀྱང་ལ་ལར་སྡང་། །ཐམས་ཅད་མར་གྱུར་ཤེས་ནས་འགྱོད་ཙ་ན། །བྱམས་པའི་གཉེན་བསྐྱུར་བསགས་པའི་ནོར་བཞག་ཅིང་། །མངའ་རིས་བོར་ཏེ་འཇུར་མིག་བར་དོའི་འཕྲང་། །སྒྲོན་མེ་ལག་སྟོང་ཤད་ཚེ་ཅི་དྲག་ན། །འདོད་པ་མ་ཁེངས་དགེ་བའི་བཤེས་ལ་སྨད། །ཀུ་རེ་ཀྱལ་ཁས་ཡོན་གནས་རྣམས་ལ་སྨྲེ། །དེ་འདྲའི་རྣམ་སྨིན་ངན་འགྲོར་ལྷུང་ཙ་ན། །ད་ནི་མཚན་ལྡན་བླ་མའི་ཞབས་བསྟེན་ནས། །སྙིང་ནས་དམ་པའི་ཆོས་ལ་ཕྱོགས་པ་ཡི། །བྱང་ཆུབ་སྤྱོད་པ་རྒྱ་མཚོར་སླེབ་ཀྱི་རིང་། །མདོར་ན་སྐྱེ་བ་འདི་དང་བར་དོ་གཞན། །བྱང་ཆུབ་སྙིང་པོར་སླེབ་པ་དེ་བར་དུ། །བློ་གཏད་རེ་ས་ཁྱོད་ཉིད་གཅིག་པུ་སྟེ། །མི་དབང་མཚོ་སྐྱེས་རྡོ་རྗེ་དྲན་གྱུར་པའི། །སྐྱོ་བསངས་པའི་ར་ཟླར་ཁྱོད་སྦྲན་ནས། །མི་དབང་དེ་དང་བདག་ཅག་ཁྱོད་མདུན་དུ། །ལྷན་ཅིག་ཆོས་༼༧ན༡༣༽ཀྱི་དགའ་བས་འཚོ་བར་ཤོག །ཅེས་པ་འདི་གཞིས་ཀ་ཆོས་རྒྱལ་ལྷུན་གྲུབ་རྩེའི་ཡངས་པ་ཅན་གྱི་འདུན་སར་འབོག་ཀོང་གདན་ས་པས་ཞུས་པའི་ངོར་པདྨ་དཀར་པོས་སྦྱར་བའོ།། །།རྒྱལ་བས་མདོ་རྒྱུད་ཀུན་ནས་བླ་མ་ཉིད། །མཉེས་བྱེད་ཆོས་ཀྱི་སྙིང་པོར་གསུངས་པས་ན། །སྐྱེས་ཆེན་དམ་པ་ཐམས་ཅད་དང་དུ་བཞེས། །དེ་ཚུལ་ཁྱོད་ལ་སྣང་བས་བློ་བ་དགའ། །རྐྱེན་ངན་ཁྲག་ཁྲིག་སྤུངས་ཀྱང་ཉམ་མི་ང་། །དགེ་ལེགས་བྱེ་པ་རྙེད་ཀྱང་མི་དཔའ་བ། །སྔོན་དུས་འབྲུག་པའི་སྒོམ་ཆེན་རྣམས་ལ་ཡོད། །དེ་ཡང་ཁྱོད་བློར་སོང་བས་བདག་སེམས་མགུ། །ཅལ་སྒྲོག་བླུན་པོའི་གཏམ་རྗེས་མི་སྙེགས་པར། །དཔྱོད་ལྡན་མཁས་ལ་ཡིད་ཆེས་འདི་ལྟ་བུ། །དམ་པའི་སྤྱོད་པ་རྡོ་ལ་བྲིས་འདྲ་བས། །ཁྱོད་ཚུལ་བསམས་ཀྱིན་བདག་ནི་ཡི་རང་སྐྱེས། །ཞེས་རྒྱལ་བྱད་ཚལ་དུ་དགེ་སློང་ལ་གདམས་པའོ།། །།དལ་འབྱོར་ཀྱི་མི་ལུས་རྙེད་དཀའ་བ། །སྔོན་བསགས་ཀྱི་དཔལ་ལས་ཐོབ་དུས་འདིར། །སྙིང་ནས་ཀྱི་ཆོས་གཅིག་མ་བྱས་ན། །འདི་ཐོབ་པས་ཕན་པ་ཨེ་འདུག་གཟིགས། །དུས་གཏན་གྱི་སྐྱབས་མགོན་མཚན་ལྡན་རྗེ། །འབྲལ་མེད་སྙིང་གི་དཀྱིལ་དུ་བསྒོམས། །བློ་རེ་ལྟོས་འཆོས་ལ་གསོལ་བ་ཐོབ། །རྐྱེན་གང་བྱུང་ཐུགས་རྗེར་ཤེས་པ་དང་། །འཇིག་རྟེན་གྱི་སྐྱེ་བོས་དབེན་པའི་གནས། །མི་མེད་ཀྱི་རི་ལ་མི་ཚེ་སྐྱོལ། །སྐྱིད་འདོད་ཀྱི་འཁྲི་བ་རྦད་ཆོད་ལ། །མ་བཅོས་པའི་སེམས་ལ་གོམས་འདྲིས་གྱིས། །ཀུན་ཁྱབ་ཀྱི་ཡེ་ཤེས་ཆེན་པོ་འདི། །ཡིན་པ་ལ་ཡིན་པར་ངོ་ཤེས་པ། །གསང་སྔགས་ཀྱི་ལམ་དུ་རྒྱལ་བས་གསུངས། །ཟ་ཆོས་ལ་མ་བརྩོན་གནས་ལུགས་བསྒོམས། །ཐ་སྙད་ཀྱི་ཆོང་ལ་ཟད་པ་མེད། །ལམ་ཟབ་ཀྱི་གདམས་ངག་རི་ལ་བསྒོམས། །རི་ཁྲོད་དུ་ཤི་བས་ཆོས་མགོ་ཐོན། །ཆོས་ཕྱིར་དུ་ཤི་བས་བསམ་དོན་རྫོགས། །རང་འདོད་ཀྱི་བསམ་པ་ཡུལ་ཕུད་ལ། །རྟོགས་ལྡན་གྱི་རྗེ་ལ་གསོལ་བ་ཐོབ། །མཆོག་ཐུན་མོང་གི་དངོས་གྲུབ་འབྱུང་བར་ངེས། །རེ་མ་ཆེ་ཆགས་མེད་ཀྱི་ལྷ་ཆོས་༼༧བ༡༤༽གྱིས། །ཞེས་ཟང་ཟང་ནེའུ་རིང་པ་ཆོས་སྐྱོང་བདེ་ལེགས་ལ་གདམས་པའོ།། །།ཆོས་བརྒྱད་ཚེ་འདིའི་སྣང་བ་བོར། །བླ་མ་རྗེ་ལ་བློ་སེམས་གཏོད། །དབེན་པའི་རི་ལ་སྒོམ་ནས་སྡོད། །མ་རྒན་འགྲོ་དྲུག་དོན་ལ་འབུངས། །དགེ་སློང་དོན་གྲུབ་དཔལ་འབྱོར་ལ་གདམས་པའོ།། །།དང་པོར་བྱམས་དང་སྙིང་རྗེ་བྱང་སེམས་སྦྱོངས། །དེ་ནས་ཕྱག་རྒྱ་ཆེ་ལ་བབས་ཀྱིས་གཞོལ། །བརྟན་པ་ཐོབ་ཕྱིར་གཉིས་མེད་སྤྱོད་པ་སྐྱོང་། །ལག་ཏུ་ལོང་ན་སངས་རྒྱས་ཐེ་མི་ཚོམ། །ཟང་ཟང་ནེའུ་རིང་པ་ཀརྨ་ཚེ་རིང་ལ་གདམས་པའོ།། །།དཔལ་འཐུང་སྤྱོད་གྲོང་གི་ནགས་འདབ་ན། །ཟོང་འདོད་དགུས་གང་བ་བོད་ཡུལ་ཤར། །མི་སྐལ་བཟང་རོལ་པའི་ཞིང་ཁམས་སུ། །རིགས་སྔགས་སྐྱེས་དགེ་སློང་པདྨ་དཀར། །གནས་ཅི་ཞིག་ངེས་པས་མ་བཅིངས་པས། །རྗེ་རས་ཆུང་བླ་མའི་གདན་སར་སླེབ། །སེམས་བཅོས་མའི་འཇོག་ཐབས་མ་རྙེད་ཀྱང་། །རང་བབས་ཀྱི་ངང་ནས་སྣང་གྲགས་ཀུན། །རང་བཞིན་སྟོང་པའི་ངེས་ཤེས་རྙེད། །སྟོང་ཉིད་དང་སྣང་བ་དབྱེར་མེད་འདྲེས། །ཡོད་མེད་ཀྱི་སྒྲོ་འདོགས་གཅོད་པས་འཕོངས། །འཁྲུལ་རྫོགས་སྣང་བ་རང་སར་བསྟན། །གཉེན་པོའི་ཡེ་ཤེས་མ་རྙེད་པས། །དགག་སྒྲུབ་ཀྱི་མཚན་མ་སྤྲོས་སམ་ཅི།། །།མ་སྨད་ཡོན་ཏན་ཀུན་གྱི་རབ་དཀར་ཞིང་། །ལེགས་བཤད་མགྲིན་རྔ་བརྡུང་ལ་ཟླ་མེད་པའི། །རྒྱལ་སྲས་ངང་པའི་གཙོ་བོ་རས་ཆུང་པ། །བདག་ཅག་འགྲོ་བའི་ཡིད་མཚོར་རོལ་བར་མཛོད། །སྡུག་བསྔལ་འཛིན་འཁྲི་རབ་ཏུ་འཁྲིགས་གྱུར་པའི། །འཁོར་བའི་རྒྱ་མཚོར་ལྟུང་བའི་འགྲོ་བ་རྣམས། །བྱམས་དང་ཐུགས་རྗེའི་ཕྱག་གིས་ལེགས་དྲངས་ནས། །རྣམ་གྲོལ་སྐམ་སར་ཞོག་ཅིག་རྗེ་བཙུན་ལགས། །པདྨ་དཀར་པོས་བྱས་པའོ།། །།བཅོམ་ལྡན་འདས་དེ་བཞིན་གཤེགས་དང་གྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་༼༨ན༡༥༽དཔའ་སེམས་དཔའ་ཆེན་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ། །སངས་རྒྱས་དེ་དག་ལ་དམིགས་ནས་ལན་བདུན་བརྗོད། །དབུགས་བསྔམས་རང་ལུས་འཇིག་རྟེན་དབང་ཕྱུག་སྐུ། །ཕྱི་ལྷ་ནང་སྟོང་དབུས་ན་དབུ་མའི་རྩ། །ཚངས་བུག་ནས་བཟུང་ལྟེ་བའི་བར་དུ་སླེབ། །འོག་ཟུམ་སྟེང་ནི་རྒྱ་གླིང་གོ་བཟློག་བཞིན། །སྙིང་ཐད་རང་གི་རྣམ་པར་ཤེས་པ་སྲཱིཿ སྤྱི་བོའི་ཐད་མདུན་བླ་མ་འོད་དཔག་མེད། །ཐུགས་ཀར་སྲཱིཿཡིག་འོད་ཟེར་ལྕགས་ཀྱུའི་དབྱིབས། །ཚངས་བུག་ནས་འོང་བདག་གི་སྙིང་སྲཱིར་ཟུག །ངག་ཏུ་ཧིག་བརྗོད་དེས་སྲཱིཿཡར་ཡར་དྲངས། །ཚངས་བུག་ནས་འཐོན་སྟོན་པའི་ཐུགས་ཀར་ཐིམ། །བདག་ནི་འདི་ནས་ཚོ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །དེར་སྐྱེས་ནས་ནི་འོད་དཔག་མེད་པའི་དྲུང་། །བྱང་ཆུབ་སྤྱོད་པ་མཆོག་ལ་སློབ་བྱེད་ཤོག །ཅེས་ལན་མང་དུ་བརྗོད་དོ། །བདེ་བ་ཅན་གྱི་འཕོ་བའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གསུམ་གྱི་མཚན་གང་གིས་དྲན་པ་ཙམ་གྱིས་ཞིང་དེར་སྐྱེ་བར་བདེ་བ་ཅན་གྱི་ཞིང་བཀོད་ནས་གསུངས་བ་བཞིན། གསང་སྔགས་ཆོས་གླིང་དུ་གདམས་པའོ།། །།ལུས་ངག་ཡིད་གསུམ་རྣལ་དུ་ཕབ། །མཚན་ལྡན་བླ་མ་སྤྱི་བོར་བསྒོམ། །ཡང་དང་ཡང་དུ་གསོལ་བ་ཐོབ། །མཐར་གཉིས་སུ་མེད་པ་བསྟིམ་ནས་སུ། །དཔྱད་དཔྱད་བསམ་བསམ་མི་བྱ་བར། །གང་ཤར་སྟེང་དུ་ལྷུག་པར་བཞག །མི་སྡོད་འགྲོ་ན་སུ་འགྲོ་བལྟ། །བལྟས་པས་མི་མཐོང་དངོས་མེད་ཞིག །ཅང་མེད་མིན་པས་དངོས་པོ་ཡང་། །གང་བྱས་མི་འགལ་སྤང་བླང་ཞི། །དེ་སྒོམ་པ་པོ་ལ་གནད་དུ་ཆེ། །ཤེལ་དཀར་ཆོས་མཛད་ལ་གདམས་པའོ།། །།ཨོཾ་སྭ་སྟི། །མི་ལུས་ཡིད་བཞིན་འདི་ནི་ཐེངས་གཅིག་ཙམ། །དེ་ཡང་འཆི་བདག་གཏུམ་པོས་ནམ་འཇོམས་མེད། །དེ་ལ་ཕན་ངེས་དམ་པའི་ལྷ་ཆོས་ཡིན། །སྙིང་ནས་སྙོམས་༼༨བ༡༦༽ལས་དོར་ཅག་པདྨ་དཀར། །གཞོན་པའི་ལང་ཚོ་འདི་ནི་ཡུད་ཙམ་ནས། །ལ་འུར་རྒས་པའི་ནད་ཀྱིས་འཛིན་པར་ངེས། །དེ་ཚེ་བློ་དང་འབྱུང་བཞི་རྒུད་ལགས་པས། །ད་ལྟ་འབད་པ་ཐོན་ཅིག་པདྨ་དཀར། །ཉེ་འཁོར་དག་ནི་ཚོང་འདུས་གནས་འགྲོན་བཞིན། །མྱུར་དུ་འབྲལ་བར་ངེས་པའི་ཚུལ་མཐོར་ནས། །ཞེན་ཆགས་སྲེད་པ་སྐྱེ་བ་མ་འཁྲུལ་ལམ། །སེམས་ཉིད་ནང་དུ་ཁུག་གཅིག་པདྨ་དཀར།། །།ན་མོ་ལོ་ཀ་ཤྭ་ར་ཡེ། །ཁམས་གསུམ་འཁོར་བའི་སྡུག་བསྔལ་ཞི་འདོད་ན། །བགྲང་ཡས་འགྲོ་བ་ཀུན་ལ་བརྩེ་བའི་གཉེན། །སྤྱན་རས་གཟིགས་ལ་སྙིང་ནས་སྐྱབས་ཞུས་ལ། །ཡིག་དྲུག་རེམ་ལས་བགྲོངས་དང་ཤེས་ལྡན་ཚོ། །སྙིགས་དུས་ཚེ་འདི་དགུན་ཀའི་ཉི་མ་བཞིན། །ལོང་མེད་མྱུར་དུ་འཇིག་པར་ངེས་ལགས་པས། །སྙོམས་ལས་ལེ་ལོ་སོས་དལ་མ་བཞུགས་པར། །ཡིག་དྲུག་འདི་ལ་ཀུན་གྱིས་བརྩོན་འགྲུས་ཞུ། །མི་རྣམས་ཕལ་ཆེ་དུས་མིན་འཆི་བ་ལ། །རྟག་ཏུ་རེ་བའི་ངང་རིང་ཅི་ལ་ཁོམ། །དེ་བས་ཉིན་མེད་མཚན་མེད་ཞལ་འདི་ལས། །ཡིག་དྲུག་ལྷང་ངེ་བགྲོངས་དང་ཤེས་ལྡན་ཚེ། །མི་ཕན་ཚེ་འདིའི་བྱ་བས་མ་བྲེལ་བར། །ཕན་ངེས་དམ་པའི་ཆོས་ལ་བསྒྲིལ་རེ་རན། །སྙིང་ནས་འཆི་བདག་བདུད་ལ་སོམས་མཛོད་ལ། །ཆོས་ཀྱི་སྙིང་པོ་ཡིག་དྲུག་འདི་ལ་བསྒྲིལ། །བདེ་ཞིང་སྐྱིད་དགེ་བའི་འབྲས་བུ་ལགས། །སྡིག་པའི་ལས་ལ་སྡུག་བསྔལ་ཁོ་ན་འབྱུང་། །དེ་ཕྱིར་འདམ་ཁ་ལོག་པར་མ་མཛད་པར། །དམ་ཆོས་མ་ཎི་འདྲེན་ལ་བརྩོན་པར་འཚལ། །ཚེ་འདིའི་ལེགས་པ་སྔར་བསགས་འབྲས་བུ་ཡིན། །ཕྱི་མའི་དོན་རྣམས་ད་རེས་མ་བསྒྲུབས་ན། གར་སྐྱེས་རང་དབང་མེད་དོ་ཤེས་ལྡན་རྣམས། །སྙིང་ནས་ཡིག་དྲུག་འདི་ལ་ཐུགས་དམ་འཚལ། །བདེ་སྡུག་ཐམས་ཅད་མི་རྟག་འགྱུར་བའི་ཆོས། །བསམ་ན་བློ་གཏད་ཐུབ་པ་མེད་བཞིན་དུ། །འཕྲལ་སྐྱིད་མངའ་ཐང་རེ་ལ་ར་རྒྱལ་བ། །མི་དེ་དང་བསླུས་ཡིན་ནོ་མ་ཎི་བ། གཞན་དོན་ཐམས་ཅད་རང་གི་ཡོན་ཏན་༼༩ན༡༧༽རྒྱུ། བསམ་མེད་པོ་གཅིག་རང་ཕན་ཉིད་ལ་སྒྲིལ། །སྙིགས་དུས་ཆོས་པ་ཧ་ལ་ལ་ཡིད་ཅིག་སྐྱོ། །འཁྲུལ་མེད་མ་ཎི་འདི་ལ་འབུངས་མཛོད་དང་། །ཁ་ཤད་ཁྲམ་པའི་ཆོས་ཀྱིས་རྒྱུད་མི་འཐུལ། །བླུན་སྒོམ་འདག་སྦྱར་འདི་ཡང་འཚང་རེ་ཆེ། །ཁེ་ཆེ་ཉན་ཆུང་ཆོས་དེ་རྒྱལ་བས་ཀྱང་། །ཡིག་དྲུག་འདྲེན་པ་འདི་ཀ་ཡིན་པར་གསུངས།། །།དམ་ཆོས་བྱེད་པའི་མི་ལུས། ཡང་ཡང་ཐོབ་པར་མི་འདུག །ཁར་རྗེས་ལན་ཅིག་རྙེད་དུས། །གཏན་གྱི་དོན་ལ་རེམས་དང་། །རྙེད་དཀའི་དལ་འབྱོར་དེ་ཡང་། །ཚུལ་ཁྲིམས་བསྲུངས་ན་ཐོབ་པས། །མི་དགེ་བཅུ་པོ་སྤངས་པའི། །དགེ་བའི་ལས་ལ་འབད་དང་། །མཐོ་རིས་ཐར་པར་འཛེག་གམ། །ངན་འགྲོའི་གཡང་སར་འབབ་པ། །རང་དབང་རང་ལ་ཡོད་དུས། །འདམ་ཁ་ཡར་ལ་གྱིས་དང་། །འཆི་བདག་གཏུམ་པོ་དེ་ནི། །དལ་བྲེལ་ལྟ་བར་མི་འདུག །ཐོག་རྒྱུགས་ནམ་ཡོང་མེད་པས། །སྙིང་ནས་ལྷ་ཆོས་གྱིས་དང་། །སྔན་མས་བསགས་པའི་ནོར་རྫས། །སུས་ཟ་ཨེ་འདུག་གཟིགས་ལ། །སེར་སྣའི་མདུད་པ་བཀྲོལ་ནས། །བསགས་ཚད་སྦྱིན་པར་ཐོད་དང་། །སྐྱེས་ནས་སྐད་ཅིག་མི་སྡོད། །འཆི་བདག་དྲུང་དུ་སྙེག་པས། །རྟག་རྩིས་ཕྱེ་བཤོལ་མ་ཁོམ། །བློ་སྣ་ཆོས་ལ་སྒྱུར་དང་། །འཆི་ཁ་མ་ཡི་མི་ལ། །བཤོལ་འདེབས་ཐུབ་ཀྱི་ཨེ་འདུག །བསླུས་བས་ལྷུས་ས་མེད་པ། །རང་ལའང་ངེས་པར་འོང་ངོ་། །སྣ་མཆོག་གྲོང་གེ་སཱ་ལང་། ཐུབ་དབང་དེ་ཡང་གཤེགས་ན། །སྙིང་པོ་མེད་པའི་ལུས་ཚོ། །མི་རྟག་འཇིག་པ་ཨ་ཅང་། །ལས་འབྲས་བསླུ་བ་མེད་ཅིང་། །སྐྱིད་སྡུག་དགེ་སྡིག་རྗེས་འབྲང་། །དེས་ན་སྡིག་པ་བསྐྱུར་ནས། །དགེ་བ་དུམ་རེ་གྱིས་དང་། །ཟུག་རྔུ་ཨེན་ཙམ་བསམས་ཀྱིན། །འཁོར་བའི་སྡུག་བསྔལ་སུས་བཟོད། །སྡུག་བསྔལ་བསྐྱུར་བས་མི་འཁྱུར། །ཉོན་མོངས་ལས་དེ་སྤོངས་དང་། །གཏན་གྱི་སྐྱབས་གནས་ཞུ་ས། །མཚན་ལྡན་བླ་མ་བཟང་སྟེ། །དཀོན་མཆོག་གསུམ་འདུས་ཡིན་འདུག །གསོལ་བ་༼༩བ༡༨༽སྙིང་ནས་ཐོབ་དང་། །བསྟེན་པའི་ལྷ་ལ་སུ་བཟང་། །སྤྱན་རས་གཟིགས་དབང་རྒྱལ་སྲས། །རྒྱལ་བའི་ཐུགས་རྗེ་འདུས་ནས། །སེམས་ཅན་དོན་ལ་བྱོན་འདུག །འདྲེན་པའི་སྔགས་དེ་ཡིག་དྲུག །ཕན་ཡོན་བཤད་པས་མི་རྫོགས། །བོད་འབངས་ཀུན་གྱི་སྔགས་སྐལ། །རེམ་ལས་གསུང་དང་ཁྲོམ་པ། །བཤད་ཀྱང་ཁ་ཡི་ཁྲམ་པ། །བསྒོམས་ཀྱང་བླུན་བསྒོམ་ངང་དུ། །ཕལ་ཆེར་འགྲོ་ཡི་འདུག་པས། །རང་བློ་མ་ཎིར་སྒྲིལ་དང་། །མ་ཎི་བ་ཡི་སྙིང་གཏམ། །རྒྱལ་སྡེ་ཁྲོམ་ལ་ཞུས་པ། །གསན་དགོངས་མཛད་ན་ཨེ་ལེགས། །ཁྱེད་རང་རྣམ་པས་གཟིགས་ལ། །སྙིང་པོ་མ་ཎིར་སྒྲིལ་དང་།། །།ན་མོ་གུ་རུ། ཞིང་ཁམས་འཛམ་གླིང་བྱང་གི་ཕྱོགས། །གངས་ཅན་བརྤ་ཏ་ཉིད་ན། །འཇམ་དབྱངས་མི་ཡི་གཟུགས་སྤྲུལ་པ། །ངག་དབང་ཆོས་ཀྱི་རྒྱལ་པོ་ཡི། །ཐུགས་རྗེས་བྱིན་གྱིས་བརླབས་པའི་བུ། །རྣལ་འབྱོར་ངག་དབང་ནོར་བུ་ང་། །འཇིག་རྟེན་འཁོར་བའི་བྱ་བ་ལ། །དགོས་མེད་བསམ་པ་སྐྱེས་ལགས་པས། །གང་ལའང་ཞེན་པ་མེད་པས་སྐྱིད། །ཅི་བྱས་ཀྱང་སྐྱིད་པའི་སྤྲང་པོ་ང་། །མཚན་ལྡན་གྱི་བླ་མ་དམ་པ་ལ། །ཞེན་མེད་ཀྱི་མོས་གུས་བྱས་ལགས་པས། །བླ་མ་རང་སེམས་སུ་ཤེས་པས་སྐྱིད། །སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ། །མ་རྒན་གྱི་འགྲོ་དྲུག་སེམས་ཅན་ལ། །སྙིང་རྗེ་དང་གཞན་དོན་བགྱིས་ལགས་པས། །ད་ལྟ་རང་འདོད་བྲལ་བས་སྐྱིད། །བདེ་གཤེགས་ཀྱི་བསྟན་པ་ལ་བསམས་ནས། །ཡང་ཡང་དུ་སྤྲུལ་པའི་ཚུལ་བཟུང་སྟེ། །གཟུགས་སྐུ་གཉིས་ཤུགས་ལས་ཐོབ་སྟེ་སྐྱིད། །རྗེ་ཡོངས་འཛིན་དམ་པའི་བྱིན་བརླབས་ཀྱིས། །ལྷན་སྐྱེས་ཀྱི་རང་བཞིན་ཆོས་ཀྱི་སྐུ། །བདེ་བླག་ཏུ་རྟོགས་པས་བདག་རེ་སྐྱིད། །ཨ་ལ་ལ་སྐྱིད་པའི་ཉི་མ་ཤར། །ཨ་ཧོ་ཡའི་སྲིད་པའི་བདེ་བ་ཡིས། །འགྲན་མིན་གྱི་བདེ་བ་ཁོང་ནས་རྒྱས། །ཨ་ཀྱང་ཀུ་རེ་བགྱིས་པ་ལགས། །འཕགས་པ་རྣམས་དགོངས་པ་མི་ཁྲེལ་འཚལ། །ཞེས་པ་འདི་ཡང་གཉལ་གྱི་སའི་ཆ། །ཕོ་༼༡༠ན༡༩༽བྲང་ལྷུན་གྲུབ་ཡང་རྩེའི་པོ་ཏ་ལར་སྦྱར་བ་དགེ། །རྒྱལ་བའི་སྙིང་རྗེའི་གཏེར་རྣམས། །གཅིག་ཏུ་བསྡུས་པའི་འཕགས་མཆོག །སྤྱན་རས་གཟིགས་དབང་ཁྱེད་ལ། །སྙིང་རྗེའི་རྒྱང་འབོད་ཐལ་ལོ། །སེམས་ཅན་ཐམས་ཅད་སྒྲོལ་བར། །མགོན་པོ་ཁྱོད་ཀྱིས་དམ་བཅས། །བདག་སོགས་ད་དུང་འཁྱམས་པ། །སྐྱོབས་ཤིག་སྤྱན་རས་གཟིགས་དབང་། །མ་རུངས་སྡིག་ལ་སྤྱད་པས། །སངས་རྒྱས་ཀུན་གྱིས་མ་འཐུལ། །སྙིགས་དུས་འདི་དུ་འཁོར་བ། །སྐྱོབས་ཤིག་སྤྱན་རས་གཟིགས་དབང་། །བཟོད་དཀའི་མཚོན་ཆས་གཏུབ་ཅིང་། །བསྐལ་མེས་སྲེག་དང་འཚོད་པ། །ལས་ངན་རྣམ་སྨིན་རྡོལ་རྣམས། །སྐྱོབས་ཤིག །ལྟོ་ཆེ་ཁ་སྐམས་མིག་ཞན། །བཀྲེས་སྐོམ་ཆོ་ངེས་ཁོལ་བ། །ཉམ་ཐག་གཤིན་རྗེའི་འཇིག་རྟེན། །སྐྱོབས་ཤིག །བརྡེག་འཚོག་བཀོལ་དང་གསོད་པ། །གཅིག་ལ་གཅིག་ཟས་རྨོངས་པས། །སླར་ཡང་ངན་འགྲོར་གཞོལ་ཀུན། སྐྱོབས་ཤིག །རང་དབང་ཡུད་ཙམ་ཡོད་དུས། །སྡིག་ལ་ཧབ་ཤ་བྱས་ནས། ངན་འགྲོར་ཆས་པའི་མི་ཚེ། །སྐྱོབས་ཤིག །རང་གི་འབྱོར་པས་མ་ཚིམ། །གཞན་གྱི་དཔལ་ལ་སྡང་བས། །ཁྲོ་འཁྲུགས་འཐབ་པའི་ལྷ་མིན། །སྐྱོབས་ཤིག །ཆོག་ཤེས་མེད་པས་འབྱོར་པ། །སྤྱད་པས་སྔར་དགེ་ཟད་པའི། །ཆོས་ཀྱི་འཕོངས་པའི་མཐོ་རིས། །སྐྱོབས་ཤིག །ཁ་ཆོས་ཞེ་ལ་མེད་པས། །ཆོས་བརྒྱད་ག་བུར་གྱུར་ཏེ། །ཀུན་སློང་གཅིག་པུ་ཤེས་རྣམས། །སྐྱོབས་ཤིག །དད་རྫས་ཁོང་དུ་བརྫངས་ནས། །བག་མེད་ལས་ཀར་ལེན་པའི། །གཟུགས་བཙུན་དྲེད་པོའི་ཚོགས་རྣམས། །སྐྱོབས་ཤིག་སྤྱན་རས་གཟིགས་དབང་། །མི་བཟང་འཁོར་བའི་བརྩོན་རར། །ཉམ་ཐག་སྡུག་གིས་ཨེ་མནར། །བསམ་མནོ་བཏང་ཚོ་བགྲོས་ནས། །དམ་པའི་ཆོས་ལ་གཤེགས་དང་། །གནོད་མང་ཚེ་ལ་རྟག་འཛིན། དང་གིས་རང་བསླུས་ངེས་སོ། །འཆི་དྲན་དད་པ་ལྡན་ཚོ། །དམ་པའི་ཆོས་ལ་གཤེགས་དང་། ༼༡༠བ༢༠༽གཏན་དོན་སྒྲུབ་པའི་མི་ལུས། །མཚན་མོའི་གློག་ལྟར་ཡུན་ཐུང་། །སྟོང་ལོག་མི་གཏོང་བ་ན། །དམ་པའི། བར་དོར་གཤིན་རྗེའི་དྲུང་དུ། །དཀར་ནག་རྡེའུ་སྤུངས་ཚེ། །སྡིག་ལ་འགྱོད་ཀྱང་འཕྱིས་ཀྱི། །དམ་པའི། སྐྱིད་འདོད་སྡིག་པ་སྤྱད་པས། །ཇེ་སྡུག་ཇེ་སྡུག་འགྲོ་པའི། །འཁོར་བར་ཆགས་རྒྱུ་ཅི་ཡོད། །དམ་པའི། སྔ་མས་བྱས་པའི་མདོ་ཙམ། །ཕྱི་མ་བྱས་པའང་དེ་འདྲ། །དོན་མེད་ལས་ལ་མ་འབྱམས། །དམ་པའི། །བསགས་པའི་མཐའ་མ་འཛད་ཅིང་། །འདུས་པའི་ཐ་མ་འབྲལ་བ། །བརྩིགས་པའི་ཐ་མ་འགྱེལ་བས། །མི་རྟག་རྟག་པར་འཛིན་དང་། །མི་ཕན་ཕན་པར་རེ་བ། །མི་གཙང་གཙང་འཛིན་བོར་ནས། །དམ་པའི་ཆོས་ལ་གཤེགས་དང་། །དཀོན་མཆོག་གསུམ་ལ་སྐྱབས་ནས། །བྱང་ཆུབ་སེམས་ལ་སྦྱངས་ཏེ། །མར་གྱུར་དྲིན་ལེན་བསབ་ཕྱིར། །དམ་པའི་ཆོས་ལ་གཤེགས་དང་། །མཚན་ལྡན་གྱི་བླ་མ་སྤྱི་བོར་བསྒོམས། །སྒོ་གསུམ་ཆིག་དྲིལ་གྱི་གསོལ་འདེབས་བྱས། །སེམས་ཇི་བཞིན་འདི་ཡི་ངང་དུ་གཞག །དེ་རང་ངོ་ཤེས། །ཕྱག་ཆེན་ཡིན། །ཤེས་སོ།། །།མཚོན་གྲགས་པ་ཅན་གྱི་ར་ལུང་པ། །ཕ་བྱིན་རླབས་ཅན་གྱི་ཞབས་པད་ཟུང་། །ཁོང་ས་གསུམ་འགྲོ་བའི་ཟུར་ཕུད་ལ། །ཡིད་བཞིན་གྱི་ནོར་བུར་གྱུར་ཕྱིར་བཏུད། །ཁྱེད་བསོད་ནམས་ཅན་གྱི་མི་དབང་ལ། །ཁོང་གནའི་མི་མཛངས་པའི་ལུགས་འགའ་ཙམ། །འཇིག་རྟེན་གྱི་རྒན་རབས་ཤེས་ལྡན་བཞིན། །ཅུང་ཟད་ཅིག་གསོལ་གྱི་མ་ཡེངས་གསོན། །དུས་སངས་རྒྱས་བྱོན་པའི་ཞིང་དུ་འཁྲུངས། །མཆོག་དགེ་བའི་བཤེས་ཀྱི་རྟེན་མ་བཟང་། །དོན་དམ་པས་སྤྱོད་པ་དར་བའི་ཚེ། །དུས་གཏན་དོན་བསྒྲུབས་ན་ཅང་སྲིག་གྲུང་། །མི་ཆེན་པོ་ཕལ་གྱི་ཚེ་འདི་ལ། །ཐུགས་ཞེན་ཆགས་ཚ་བས་སྡིག་ལ་ཧ་པ། འཕྲལ་ཁ་ཉེ་མིག་ཉེའི་དབང་བཏང་ནས། ཚེ་ཕྱི་མ་ཕན་ཆད་ཡལ་བར་འབོར། །ཁྱོད་དེ་བཞིན་མ་མཛད་ཆོས་བཞིན་སྤྱོད། །མ་རབས་པོ་ངན་པའི་བྱ་བ་སྤོངས། །བློ་གཏད་ཐུབ་༼༡༡ན༢༡༽མངའ་འབངས་བྱམས་པས་སྐྱོངས། །སངས་རྒྱས་ཀྱི་བསྟན་ལ་སྲི་ཞུར་མཛོད། །ལུས་སྲོག་གཅོད་འདོད་གཡེམ་མ་བྱིན་ལེན། །ངག་བརྫུན་ཕྲ་ཚིག་རྩུབ་འཁྱལ་པར་སྨྲ། །ཡིད་བརྣབ་སེམས་གནོད་སེམས་ལོག་ལྟ་བཅུ། །འདི་ངན་འགྲོར་འཕེན་པའི་ལམ་ཡིན་ལ། །རང་ལྷ་མིའི་རྟེན་འབྱོར་དུས་ཀྱིས་ཀྱང་། །ཚེ་ཐུང་དང་ནད་མང་གནོད་པ་ཀུན། །དེ་ཁོ་ནས་བྱས་ཕྱིར་དུག་ཟས་བཞིན། །བཅུ་པོ་དེ་སྤང་བ་དགེ་བཅུའི་ཁྲིམས། །འདི་མངོན་པར་མཐོ་པ་འཛེག་པའི་སྐས། རྟེན་རྣམ་པར་ཐར་པ་སྐྱེ་བའི་སྒོ། །ཐར་པ་དང་ཐམས་ཅད་མཁྱེན་པའི་ཡུལ། །ཚེ་ཡུན་ཐུང་ནམ་འཆི་དུས་བཏབ་མེད། །དེས་ན་དགེ་སྒྲུབ་ལ་ཕྱི་བཤོལ་སྤོང་། །ལས་བྱས་པ་མདོ་ཡོད་བསོད་ནམས་བསགས། །དེར་རྒྱུ་འབྲས་བསམས་ཀྱིན་བླང་དོར་མཛོད། །སྦྱིན་པ་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། རྟེན་རྡོ་རྗེའི་ལུས་ལ་རླུང་སེམས་གཅུན། །ཕྱག་མཚན་སྒོམ་པའི་ཙཎྜྻ་ལིས། །སེམས་ཁར་འཇོག་པའི་གཏུམ་མོ་སྤོར། །དེར་ཐིག་ལེ་ནཱ་དའི་དཔྱིད་ཐིག་གིས། །མཐའ་ལོག་ཕྱག་རྒྱ་ཆེན་པོ་འགྲུབ། །ལམ་འདི་ལྟའི་གནད་ལ་དབང་འབྱོར་པ། །ངེད་དཔལ་ལྡན་འབྲུག་པའི་བུ་བརྒྱུད་ཡིན། །ཕ་བཟང་གིས་བསྐྱངས་པའི་བུ་སློབ་རྣམས། །བདེ་ཆེན་གྱི་གནས་སུ་ཁ་ཡན་འཕྱོ། །ཞེས་རྒྱལ་མཁར་རྩེར་སྡེ་པ་དད་པ་བཞིན་མི་འགྱུར་མཚན་འཛིན་པ་ལ་པདྨ་དཀར་པོས་གདམས་པའོ།། །།རྡོ་རྗེ་འཆང་ཆེན་བླ་མའི་ཞབས་ལ་འདུད། །སྤྱིར་སྒོམ་ཆེན་གྱི་མཁྱེན་རྒྱ་རྣམ་རྟོག་རྒྱུ། །སྒོ་ས་མི་རྒན་ཁྱོད་ཉམས་སུ་ལེན་པ་ལ། །ལུས་གདོད་མ་ནས་དག་པ་ལྷ་ཡི་སྐུ། །འཇའ་ཚོན་ལྟར་གསལ་བའི་སྤྱི་གཙུག་ཏུ། །ཁོང་དུས་གསུམ་གྱི་སངས་རྒྱས་རྡོ་རྗེ་འཆང་། །༼༡༡བ༢༢༽ཕ་བླ་མ་ལས་གཞན་དུ་མི་བལྟ་བར། །མ་སེམས་ཅན་རྣམས་འཁོར་བ་ལས་བསྒྲལ་ཕྱིར། །མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་འདོད་པས། །ཚེ་འདི་ཉིད་ནས་རྣམ་པ་ཐམས་ཅད་དུ། །སྐྱབས་མགོན་དང་རེ་ས་གཞན་མེད་པར། །ཡིད་རྩེ་གཅིག་ཏུ་གསོལ་བ་དྲག་པོ་ཐོབ། །ཕ་བླ་མའི་སྣང་བརྙན་འོད་དུ་ཞུ། །བདག་ལུས་ལ་ཐིམ་པས་དབྱེར་མེད་འདྲེས། །ནམ་མཁའ་ལ་ནམ་མཁའ་ཇི་བཞིན་དུ། །གནས་ལུགས་ཀྱི་དང་དུ་གཉིས་མེད་གཞག །བཞག་པ་ལྟར་གནས་ན་རྩེ་གཅིག་ཟེར། །སེམས་རང་ཐོག་ཏུ་སླེབ་ན་སྤྲོས་པ་བྲལ། །ཀུན་ཟུང་འཇུག་ཏུ་ཤེས་ན་རོ་གཅིག་རྟོགས། །སྒོམ་མེད་སངས་རྒྱས་ཀྱི་དགོངས་པ་ཡིན། །མདོ་རྒྱུད་ཀྱི་སྙིང་པོ་མོས་གུས་ལ། །བགྲད་ཐང་རྟོགས་ལྡན་གྱི་ཆོས་སྐལ་གྱིས། །བློ་རྩེ་གཅིག་བསྒྲུབ་འདོད་ཁོ་ན་བས། །གནས་དབེན་པ་བསྟེན་ཅིག་རང་རྒྱུད་སྦྱོངས། །སེམས་ཡེངས་མེད་དྲན་པས་གཞུར་ཐུབ་ན། །ཁོང་བྱིང་རྒོད་ཀྱི་འཕྲང་ལ་འཇིགས་མི་དགོས། །གྲོགས་བཟང་པོ་བརྩོན་འགྲུས་གཅེས་པ་ཡིན། །བོགས་མོས་གུས་ཀྱིས་འཐོན་པས་གསོལ་བ་ཐོབ། །མ་འགྲོ་དྲུག་ཏུ་ཤེས་ན་བྱང་སེམས་སྐྱེས། །ཆོས་ཅི་བྱས་བླ་མེད་ཀྱི་བྱང་ཆུབ་བསྔོས། །ཞེས་གདམས་པའོ།། །།སེམས་དབང་པོའི་གྲོང་ལ་འཁྱམས་བཅུག་ན། །ཕྱི་གཟུང་བའི་སྣང་བ་མི་འགག་ལ། །ནང་འཛིན་པའི་བྱ་བས་བག་ཆགས་འགུགས། །མངོན་བྱང་གི་གཟིགས་མོ་འབྱུང་བར་དཀའ། །སེམས་བཟོ་བཅོས་མེད་པའི་ཀློང་དུ་བཅུག །དྲན་ཤེས་བཞིན་སྒོ་བ་བཟང་པོ་བསྐོས། །བལྟར་མེད་ཀྱི་ལྟད་མོ་དེ་ལ་འཆར། །དགག་གཞག་གི་ཡུལ་ལས་འདས་པས་ན། །བླ་མ་དཀོན་མཆོག་ལེགས་འཛིན་ལ་གནང་བའོ། །ན་མོ་གུ་རུ་བྷྱཿབཀའ་བླ་མེད་ཆོས་ཀྱི་སྒྲོན་མེ་ཡིས། །སྲིད་གསུམ་གྱི་མུན་པ་སེལ་མཛད་པའི། །བརྒྱུད་པ་གཅིག་ཡོད་པ་དཀར་བརྒྱུད་ཅེས། །དེ་སྲིད་ཞིའི་དཔལ་འབྱོར་ཡིན་པར་ངེས། །དོན་ཆོས་ཀྱི་སྐུ་ལས་གཞན་དུ་མེད། །ཡེ་གདོད་༼༡༢ན༢༣༽ནས་གནས་པའི་རང་གི་སེམས། །དེ་སངས་རྒྱས་དངོས་སུ་ངོ་སྤྲོད་པའི། །བླ་མ་གཅིག་ཡོད་པ་ངག་གི་དབང་། །རིགས་ཀུན་གྱི་ཁྱབ་བདག་ཡིན་པར་ངེས། །ཐ་མལ་ཤེས་པ་ལས་གཞན་དུ་མེད། །མཆོག་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་པོ། །བདེ་བླག་ཏུ་སྩོལ་བར་མཛད་པ་ཡི། །ཡི་དམ་ཅིག་ཡོད་པ་འཁོར་ལོ་སྡོམ། །དེ་བརྟན་གཡོ་ཀུན་གྱི་རང་བཞིན་ཡིན། །དོན་ལྷན་ཅིག་སྐྱེས་ལས་གཞན་དུ་མེད། །བདུད་བཞི་ཡི་བར་ཆད་ཇི་སྙེད་པ། །དེ་ཐུགས་རྗེས་འཇོམས་པར་བྱེད་པ་ཡི། །ཆོས་སྐྱོང་ཞིག་ཡོད་པ་ཕྱག་བཞི་པ། །དཔལ་ཧེ་རུ་ཀ་དང་དབྱེར་མེད་པའི། །ཡེ་ཤེས་ཀྱི་རྩ་ལ་ལས་གཞན་དུ་མེད། །འཕྲིན་ལས་ཀུན་ཇི་ལྟར་བསྒོ་བ་བཞིན། །ཐོགས་མེད་དུ་སྒྲུབ་པར་བྱེད་པ་ཡི། །མཁའ་འགྲོ་ཅིག་ཡོད་པ་དུད་སོལ་མ། །དུས་གསུམ་གྱི་རྒྱལ་བའི་ཡུམ་མཆོག་དེ། །སྟོང་ཉིད་ཀྱི་དོན་ལས་གཞན་དུ་མེད། །གནད་ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན། །ལས་ཀུན་ལས་ཕུལ་དུ་བྱུང་བ་ཡི། །གདམས་ངག་ཅིག་ཡོད་པ་སྡོང་པོ་གསུམ། །ཚེ་གཅིག་ལ་སངས་རྒྱས་སྟེར་བར་ངེས། །འགག་མེད་ཀྱི་རྩལ་ལས་གཞན་དུ་མེད། །དོན་ཐ་སྙད་ཚིག་གི་བརྗོད་བྲལ་ཞིང་། དེ་གཉིས་སུ་མེད་པའི་ངོ་བོ་ཅན། །ལྟ་བ་ཅིག་ཡོད་པ་ཁས་ལེན་བྲལ། །དེ་རྒྱལ་བ་ཀུན་གྱི་དགོངས་པ་ཡིན། །རང་སེམས་ལས་གཞན་དུ་ཡོད་པ་མིན། །བསྒོམ་བྱ་སྒོམ་བྱེད་ཀྱི་མཚན་མ་ཡི། །མཐའ་དེ་ལས་འདས་པའི་བདག་ཉིད་ཅན། །སྒོམ་པ་ཅིག་ཡོད་པ་ཡིད་བྱེད་བྲལ། །དེ་འཁོར་འདས་ཀུན་གྱི་རང་བཞིན་ཏེ། །དོན་གཉུག་མའི་ཡེ་ཤེས་ལས་གཞན་དུ་མེད། །འདི་བྱ་དང་འདི་བྱེད་ལས་འདས་ཤིང་། །བཟའ་གཏད་དང་ཕྱོགས་ལྷུང་བྲལ་བ་ཡི། །སྤྱོད་པ་ཅིག་ཡོད་པ་བླང་དོར་བྲལ། །དེ་ཞེན་མེད་ལྷུག་པར་སྤྱོད་པ་ཉིད། །དོན་ཟག་པ་མེད་ལས་གཞན་དུ་མེད། །འགྱུར་བ་མེད་པའི་ལྷན་ཅིག་སྐྱེས། །དེ་འཆིང་བ་ཀུན་ལས་འདས་པ་ཡི། །འབྲས་བུ་ཞིག་ཡོད་པ་དེ་དོགས་བྲལ། །དེ་ཡང་དག་དོན་གྱི་རྒྱལ་༼༡༢བ༢༤༽བ་སྟེ། ཆོས་ཉིད་ཀྱི་གཏན་ཡུལ་ཟིན་ལས་མེད། །དོན་དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །ཕ་བླ་མའི་ཆོས་སྲིད་ཟིན་པ་ཡིན། །དཀར་བརྒྱུད་ཀྱི་བསྟན་པའི་མངའ་བདག་ཉིད། །དེ་ངག་དབང་ནོར་བུའི་མྱོང་གླུ་ཡིན། །མི་སྐལ་བཟང་འགའ་ཞིག་མ་གཏོགས་པ། །དོན་ཀུན་གྱིས་གོ་བ་དཀའ་མོ་མཆི། །ཞེས་པ་བཀྲ་ཤིས་མཐོང་སྨོན་དུ་ཤུགས་འབྱུང་དུ་བགྱིས་པའོ།། །།ན་མཿཤྲཱི་ཝ་གནྡྲཱི་ཡ། ཕ་གྲུབ་པའི་དབང་ཕྱུག་ཆོས་ཀྱི་རྒྱལ། །ཆེ་རབས་ཀྱི་འདྲེན་པ་སྐུ་དྲིན་ཅན། །དཔལ་ཀུན་མཁྱེན་ངག་གི་དབང་པོ་དེ། །བདག་གི་གཙུག་རྒྱན་དུ་བཞུགས་སུ་གསོལ། །རྗེ་འབྲུག་པའི་བརྒྱུད་འཛིན་བླ་མའི་བུ། །རི་ཁྲོད་པའི་དགེ་སློང་ངག་གི་དབང་། །ཀུན་དགའ་ཡི་རྣམ་རྒྱལ་སྐད་པ་ལ། །ཁྱེད་བྱ་བ་བཏང་བའི་རྣལ་འབྱོར་བ། །སངས་རྒྱས་ཀྱི་རྒྱ་མཚོ་ཞེས་གྲགས་པས། །མི་ཕྱེད་པའི་དད་པའི་ཤུགས་དྲག་གིས། །བཀའ་དམ་པའི་བདུད་རྩི་དགོས་སོ་སྐད། །ཚིག་སྡེབས་སྦྱོར་མཁས་པོ་མི་ཤེས་ཀྱང་། །མི་ཁྱོད་ཀྱི་ངོ་གདོང་མ་བཟློག་པས། །དོན་ཅུང་ཟད་བཀོད་དེ་མ་ཡེངས་ཉོན། །སྔོན་རྒྱལ་བ་ཆོས་ཀྱི་སྤྱན་ལྡན་དེས། །སེམས་ཅན་གྱི་བློ་དང་གང་འཚམས་པར། །ཆོས་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །དོན་རང་སེམས་འོད་གསལ་ཆོས་སྐུར་འདུས། །རྣམ་རྟོག་གིས་འཁོར་བར་སྣང་བ་ཡང་། །དོན་ཆོས་སྐུ་ཉིད་ལས་གཞན་མ་ཡིན། །དཔེ་ཆུ་བོ་གཅིག་ལས་འཁྱག་རུམ་དང་། །རྦ་རླབས་དང་རླབས་མེད་ཅིར་ཡང་སྣང་། །ཆུ་བོ་ཡི་ངོ་བོར་གཅིག་པ་ལྟར། །ཅིར་སྣང་མཛད་ཕྱག་རྒྱ་ཆེན་པོ་ལས། །ལོགས་ནས་གཞན་པ་ཡོད་མ་ཡིན། །རང་ཉིད་ལ་ཡོད་པའི་སངས་རྒྱས་ཏེ། །མི་མཐོང་བར་གཞན་ནས་འཚོལ་བ་མང་། །གཏམ་ཚིག་གསུམ་བྱ་བཏང་རྒན་པོ་ཡི། །ཡིད་དཀྱིལ་དུ་ཞོག་ཅིག་སངས་རྒྱས་པ། །མི་ཁྱེད་དང་བྱ་བྲལ་དགེ་སློང་ང་། །སྐྱབ་ནས་ཚེ་རབས་ཐམས་ཅད་དུ། །འབྲལ་མེད་དུ་དམ་པའི་ཆོས་སྤྱོད་ཅིང་། །རྣམ་མཁྱེན་ཀྱི་༼༡༣ན༢༥༽སངས་རྒྱས་མྱུར་ཐོབ་ཤོག །མཉམ་གྲོགས་རང་ཚོད་བཟུང་བའི་བསྟེན་ཐབས་འདི། །བྱིན་རླབས་རླུང་ལ་བསྐུར་བའི་རྒྱུར་འདུག་པས། །རྙེད་དཀའ་རྙེད་པའི་བསམ་པ་རྟག་བཅངས་ནས། །མཉེས་པར་བྱ་ལ་འབད་པ་བསླབ་བྱ་ཡིན། ཞུ་བའི་དུས་སུ་ཐོས་ལོར་བཞག་པ་འདི། །ལག་ལེན་རླུང་ལ་བསྐུར་བའི་རྒྱུར་འདུག་པས། །ཚིག་དོན་ཞུ་གཏུག་བྱེད་ཅིང་ཉམས་འོག་གཞུག །ཉན་ཚད་རྒྱུད་ལ་ངེས་ཁེལ་བརླབ་བྱ་ཡིན། །ད་ལྟ་གཞོག་མཐོང་ཕྱིས་ནས་བྱའོ་སྙམ། །ཉམས་ལེན་རླུང་ལ་བསྐུར་བའི་རྒྱུར་འདུག་པས། །མི་རྟག་འཆི་བ་ནམ་ཡོད་ངེས་མེད་པས། །དྲན་པའི་མདོ་རང་སྒྲུབ་པ་བསླབ་བྱ་ཡིན། །གཟིམས་དཔོན་འཇམ་དབྱངས་པད་དཀར་ལ་བསླབ་བྱར་གདམས་པའོ།། །།ཟང་ཟིང་གི་ལོངས་སྤྱོད་འདུས་དུས་ན། །དགོས་མེད་ཀྱི་བློ་སྣས་རྡོག་བརྫིས་བྱས། །དབེན་གནས་གང་མཐོར་བགྲོད་པ་དེ། །ཞེན་ལོག་པའི་རྣམ་ཐར་ཡིན་པས་བསྔགས། །མོས་སྒོམ་གྱི་གཉེན་པོ་རྒྱང་བསྲིངས་ནས། །ཡིན་ལུགས་ཀྱི་སྟེང་དུ་མ་ཡེངས་བཞག །ལས་ཟིན་སྐྱེས་བུ་དེ་ལ་འབྱུང་། །ཕྱོགས་བྲལ་གྱི་རྣལ་འབྱོར་བློ་རེ་བདེ། །འགྲོ་དྲུག་ལ་དམིགས་པའི་བྱང་སེམས་ཀྱང་། །འཁྲུལ་སྣང་ལ་གསལ་འདེབས་ཡིན་མཐོང་ནས། །བདག་གཞན་མཉམ་ཉིད་ཀྱི་གློང་ཡངས་སུ། །འཁོར་གསུམ་དག་པའི་སེམས་སྦྱངས་འཚལ། །སྐུ་གཉིས་ལྷུན་གྲུབ་ཅིག་དེ་ལ་འབྱུང་། །ནམ་མཁའ་ལྟ་བུའི་རྒྱུ་འབྲས་ཟེར། །རོ་གཅིག་དུ་མར་ཤར་འདིས་སུ། །སྒོམ་མེད་ཀྱི་རྒྱལ་ཁམས་བཀྲ་ཡིན། །ཅེས་པ་འདི་ཡང་ནེ་རིང་སྒྲུབ་ཆེན་ལ་གནང་བའོ།། །།ཀྭ་ཡེ་ལྟ་ཡི་བླ་མའི་བློ་གྲོས་བྱིན། །ཁ་བའི་རི་ལྟར་སྤུངས་འཐུག་བསོད་ནམས་གཟིས། །ག་ལ་བརྒྱན་པའི་ས་སྤྱོད་དེ་ཡི་ཚིག །ང་ཡི་ཡིད་ཀྱི་ངལ་བའི་གསོས་སུ་སྨིན། །ཅ་རེ་ཁྱོད་ཀྱི་གྲགས་སྙན་གུར་ཀུམ་ཆར། ཆ་ཙམ་མིན་ལ་བསྟོད་པའི་ཙ་ཏ་ཀ །ཇ་ཡི་ལོ་མ་ལྟ་བུའི་གཤོག་བརྐྱང་ནས། །ཉ་རྒྱས་༼༡༣བ༢༦༽ཟླ་བའི་གྲོང་ཁྱེར་དེ་དྲུང་འཕུར། །ཏ་ཐཱ་ག་ཏའི་བསྟན་ལ་སྦྱིན་པའི་བདག །ཐ་མལ་སྲིད་པའི་ལུས་ཀྱིས་མི་མགུ་བར། །ད་ལྟ་ཆོས་ཀྱི་ནོར་ཅན་འཆོ་་་་་་། ན་གདུང་མ་བསམ་པ་ཡི་ཕྱོགས་འདིར་འོངས། །པ་ར་མ་ཡི་ཚུལ་ལ་འདྲིས་པའི་ཞར། །ཕ་རོལ་ཐ་སྙད་ཚོགས་ཀྱི་མགྲོན་བསྟབས་པས། །བ་བཞིན་ཚིག་གི་འདོད་འཇོ་སྦྱིན་ནུས་པས། །མ་ལུས་འགྲོ་བའི་ཉེར་འཚོར་འགྱུར་བའི་ཕྱིར། །ཙ་རི་ཏྲ་ལྟར་དབེན་པའི་ནགས་ནང་དུ། །ཚ་གྲངས་བཟོད་པའི་བསམ་གཏན་སྒོམ་འདོད་ཀྱང་། །ཛ་ལང་སྐྱེ་བོའི་ཁྲོད་འདིར་རྟག་ལྷུང་བས། །ཝ་ལེར་ལྷ་ཆོས་དྲན་ཀྱང་ཕྱི་བཤོལ་ལས། །ཞྭ་ལྟར་མཁས་བཙུན་བཟང་བཀུར་མི་དབང་ཁྱེད། །ཐ་མའི་མགྲོན་ལས་ལྷག་པས་སྙིགས་དུས་ལ། །ལའུར་མེད་པའི་བདེ་ལ་སྦྱོར་ཞིག་ཅེས། ཡ་རབས་ཁྱོད་ཀྱིས་རྣ་བའི་རྒྱན་དུ་བསྲིངས། །རཱ་ཛ་ཕལ་ཆེར་མི་བསྲུན་འདི་འདྲའི་དུས། །ལ་ལར་ནོར་ཕྱིར་སྲོག་ཀྱང་འཚོང་ཕོད་པ། །ཤ་ཟ་ལྟ་བུའི་ཁྲེལ་མེད་ཀྱིས། །གང་བའི། ས་སྟེང་འདི་ན་བདག་གིས་ཅི་བྱར་མཆིས། །ཧ་ཅང་མཛའ་བའི་སྤྱི་བརྟོལ་སྨྲས་པ་ལ། །ཨ་ལ་ལ་ཞེས་ཁྱོད་ཀྱིས་དགོངས་པར་རིགས། །དེ་སྐད་བཀྲ་ཤིས་རྣམ་པར་རྒྱལ་བ་ནས། །བཀྲ་ཤིས་ཁ་བཏགས་སྐྱེས་བཅས་བསྲིངས་པ་དགེ། །།ལྷ་རིགས་ཕུན་ཚོགས་དགའ་བའི་ཚལ་ནང་དུ། །སྔོན་བསགས་ལས་འཕྲོ་བརྡར་སོན་ལེགས་སྨིན་ནས། །ཚུལ་ལྡན་དང་པོའི་མྱུ་གུ་ཕྲར་མཐོན་པ། །བསྐྱངས་པས་ཐོས་བསམ་ཡལ་འདབ་རྫོགས་པ་དེས། །སྙན་པའི་དྲི་ལེན་དང་བའི་ཕོ་ཉ་བས། །འབིགས་བྱེད་ཁྱོད་བློར་ཆགས་པའི་དེས་གསར་སྤྲིན། །རྩོམ་པའི་གྲུ་ཆར་དུ་བཞུ་འདི་ཕོབ་ཅེས། །བསྐུལ་ལ་སྤྲོ་བའི་དབྱར་སྐྱེས་རྔར་བཅས་བསྲིངས། །བློ་རཏལ་ཆར་སྡོད་ཙ་ར་ཀ་ཡི་ཝ། །ངོམས་པ་ཎ་མ་མ་རྣོན་ཀླུ་དབང་སྡེའི། །རྣམ་དཔྱོད་ཉེར་འཚོའི་ཆུ་ཀླུང་སྤེལ་བའི་འོས། །ཞིབ་མོ་ཞིབ་མོར་བྱེད་པའི་ཤེས་རབ་ལྕེས། །མྱང་པས་ཤེས་མོད་བརྟགས་ནས་ཇི་འདྲའི་ལན། །མངག་གཞུག་ན་བུན་༼༡༤ན༢༧༽གཞོན་ནུ་འདི་ལ་བསྐུར། །ཆར་འདི་རང་བློ་དད་པའི་རྗེས་འབྲངས་སུ། །བབས་པར་ཁྱོས་མཐོང་ཆེན་སྦྱངས་སྟོབས་ཀྱིས། །ཉི་འོད་བཀྱེ་ནས་ལུང་རིགས་དབང་པོའི་གཞུས། །ཀུན་དགའི་ངོ་མཚར་སྟོན་གྱི་ལྟད་མོར་བྱོན། །ཕྱོགས་ལྷུང་ཐན་པ་ཆེན་པོས་མ་གཅོས་པའི། །སྨྲ་བའི་ནགས་ནང་དེར་ནི་ཁོ་བོའི་ཡིད། །དང་བས་བསྟོད་ཚིག་ཅ་ཅོ་སྤེལ་བྱེད་པ། །ཐར་འདོད་མདོངས་ཐ་ཅན་གྱི་རྩེ་དགའི་གཉེན། །ཚིག་སྦྱོར་གྱིས་བཀྲ་དོན་བཟང་བསུང་ཞིམ་པ། །ལེགས་བཤད་གསར་པ་གསར་པའི་དཔལ་ཡོན་གྱིས། །ཐུབ་བསྟན་ཨུཏྤལ་མཐིང་ཁའི་ཚལ་དར་ལ། །བརྩོན་འདི་མཁས་པའི་སྙན་གོང་ཕྱོགས་ལྷུང་དབང་། །བཤད་པའི་གེ་སར་གཡོ་བ་ཙམ་མིན་པ། །ལག་ཁྲིད་གདམས་པའི་སྦྲང་རྩིར་སྨིན་པས་ཀྱང་། །སྐལ་བཟང་བུང་བའི་དཔྱིད་དུ་ཆོས་སྨྲའི་མཚོར། །ལེགས་སོའི་ཉི་འོད་འཐུང་དེ་པད་དཀར་ལོ།། །།ཆོས་ཟབ་དགུའི་ཉིང་ཁུ་གསོལ་གསོལ་ནས། །སྣོད་ལྡན་གྱི་ངོ་ན་སྐྱུག་མཁན་དེ། །དཀར་བརྒྱུད་ཀྱི་གསེར་སྦྲང་རྐང་དྲུག་ལྡན། །རྣམ་གྲོལ་གྱི་མཁའ་ལ་འཕུར་རྣམས་ཡིན། །ཁྱོད་དེ་རྗེས་འབྲང་བའི་རྣལ་འབྱོར་པ། །བླ་མ་སློབ་དཔོན་གྱི་ཁུར་འཛིན་སྤངས། །སྒྲུབ་ཆེན་ཆོས་སྐྱོང་བདེ་ལེགས་ཁྱོད། །མི་མེད་ཀྱི་དབེན་དགུ་འགྲིམ་འདོད་པར། །ང་རྗེས་སུ་ཡི་རང་སྐྱེས་ནས་སུ། །ནན་ཏན་དང་དབུ་ཚུགས་མ་བྱས་སོ། །དུས་ད་ལྟ་སྙིགས་མ་ལྔ་བདོའི་ནང་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྐད། །མི་གཞན་ལེགས་མཐོང་ན་ཐུགས་འཁྲུགས་ནས། །སྐྱོན་མེད་ཀྱི་མི་ལ་མི་ཁ་འཆོས། །ལས་འབྲས་བསླུ་མེད་ཀྱི་གནད་གོ་བས། རང་སྨོད་པའི་འདམ་དུ་ལྷུང་གྱུར་ན། །ལས་སྔོན་བྱས་འདག་བསམ་དགའ་བ་སྐྱེད། །ཁ་གཏོང་ལ་དེ་ཙམ་མ་འཇིགས་པ། །དེ་ཙམ་གྱི་བསྟོད་ར་གཏོང་མཁན་སྣང་། །རང་བྱས་ལ་གཡོ་སྒྱུ་མ་ཞུགས་པ། །ཆོས་ལག་ལེན་དུ་བསྒྲིལ་བའི་མདོ་སྡེ་ཡིན། །དེ་བདག་བསྟོད་སྨད་༼༡༤བ༢༨༽མཉམ་ཉིད་འབྱོངས། །ཁོར་གཞན་ལུགས་དད་ན་དད་པས་ལེགས། །དག་སྣང་འབྱོངས་པའི་ཆོས་ལུགས་ཡིན། །མ་དད་ན་བཏང་སྙོམས་གཞོག་ལ་ཐོང་། །དགྲ་ཟུན་གྱི་ལབ་ལོབ་རྣ་བར་གཟན། །ཆགས་སྡང་གི་བགྱི་བ་ཞེ་རྩ་འཁྲུག །ཁ་རོག་པར་སྡད་ན་དེ་ཀས་ཆོག །ཆོས་སྙིང་པོའི་དོན་ལ་རང་ཅག་སྤྱོད། །མ་ཡེངས་པའི་འཇོག་པ་གཤིས་ཐོག་ཡིན། །སྣང་གྲགས་བྱུང་ན་སྒོམ་གྱི་གྲོགས། །གང་ཤར་ཆོས་སྐུའི་ཡོ་ལང་ཡིན། །ཞེས་སྒྲུབ་ཆེན་ནེ་རིངས་པ་ཏི་སི་ལ་སོགས་པའི་ཁུར་འཁུར་གྱི་བླ་མར་འོས་སྙམ་སྨྲས་པས། །ཚེ་བློས་བཏང་གི་སྒྲུབ་པ་མཐར་སྐྱེལ་བའི་དགོངས་གྲོལ་ཞུས་དུས་ཞལ་གདམས་སུ་བྱས་པའོ།། །།རྟག་ཏུ་འཆར་ལ་ནུབ་པ་མི་སྲིད་པ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཉི་མའོ། །དེ་དང་དེ་ཡི་རེག་བྱས་ཡིད་སིམ་པས། །ཐམས་ཅད་རྣམ་པ་ཀུན་གྱི་ཕྱག་གི་འོས། །སྙིགས་དུས་ཕྱོགས་རིས་ཟུག་རྔུ་ཆེས་པ་དང་། །སྔོན་ལས་ཀྱིས་འཕངས་སྨྲ་མཆུ་མང་ན་ཡང་། །རང་སྤྱོད་རྒྱལ་བའི་བསྟན་ལས་མ་གཡོས་ན། །བྱས་ཚད་འཚེངས་པ་ཡིན་ནོ་རིགས་ཀྱི་བུ། །ངོས་སུ་ཚུལ་ལེགས་ལྐོག་ཏུ་བག་འཁྱལ་བའི། །དགེ་སྦྱོང་འཇིག་རྟེན་མིག་ངོར་མཛེས་ན་ཡང་། །གང་བྱས་རྣམ་སྨིན་རང་ལ་འོང་འདིས་སུ། །མཛུབ་མོ་བཀུག་ལ་རང་རྒྱུད་རེངས་མ་འཇུག །བླ་ཆེན་རྣམས་ནས་གྲྭ་རྐྱང་སྙོམས་ཆུང་བར། །ཟང་ཟིང་ནོར་ཕྱུགས་ངོམ་ཞིང་གཞན་དགའ་ཡང་། །དེ་འདྲ་འདུལ་བ་དམད་པའི་ལས་ཡིན་གྱི། །གང་ལའང་དྲོད་རིགས་འདོད་ཆུང་ཆོག་ཤེས་གྱིས། །བག་ཆགས་ངན་པ་འགྲོགས་ཡུན་རིང་འདིས་སུ། །གར་སླེབ་ངེས་པ་མེད་པས་སྒོ་གསུམ་སྤྱོད། །ཅི་བྱེད་སྔོན་དུ་ལེགས་པར་བརྟགས་ནས་སུ། ཆོས་མཐུན་གང་ཡིན་་་་་ལ་གཞན་མ་བཤོལ། སྦྱིན་པས་བོས་ལ་སྙན་པའི་གཏམ་སྨྲ་ཞིང་། །དོན་སྤྱོད་བག་ཕེབས་གྱུར་ནས་དོན་མཐུན་པར། །གཏན་གྱི་དོན་ཆེན་སྒྲུབ་ལ་སྦྱར་ནུས་ན། །འགྲོ་དོན་ཆེན་པོ་འོང་གི་ཐེ་མ་ཚོམ། །སྙིགས་དུས་ལོག་༼༡༥ན༢༩༽སྒྲུབ་དར་བའི་འཁོར་གྱི་ཁྲོད། །བཟོད་པ་ཁོང་བདེན་འཇམ་ལ་ཐབས་མཁས་པས། །རྣལ་མར་སྒྲུབ་པའི་ཆོ་ག་སྦྱོར་ཤེས་ན། །ཐམས་ཅད་བདུན་པ་ལག་པའི་རྩེ་ལ་འོང་། །གལ་ཏེ་བྱས་ཀྱང་ཚབས་སུ་མི་འགྲོ་ན། །སྔོན་ལས་ཡིན་གྱི་དེ་རུ་སྡིག་པ་སྦྱོངས། །དཀོན་མཆོག་གསུམ་ལ་ར་མདའ་ཞུ་བ་ལས། །གཞན་པའི་ཐབས་གཞན་མི་དགོས་དེ་ཡིས་ཆོག །ཐ་སྙད་ཀྱོག་པོའི་འཐེན་ཁྱེར་ཆོས་ཀྱི་དགྲ། །དེ་བསྐྱུར་བཀའ་དང་དགོངས་འགྲེལ་གཞུང་ཀུན་དང་། ཚིག་དོན་ཞུ་དག་ཐུབ་པའི་ཐོས་པ་ལ། །བསམ་ཞིག་བཏང་ན་བསྟན་པ་གཟུང་བ་ཡང་། །ལན་རེར་གོ་བ་དཀའ་ཡང་ཡང་དང་ཡང་། །མཇལ་དང་ངེས་རྟོགས་དགོས་ཀྱི་དེ་དང་དེར། །ཀློག་པའི་མོད་ལ་ཡིད་སུན་མི་སྐྱེ་བར། །ཚིག་དོན་གར་སོང་གདོས་དང་ཀུན་ཤེས་འབྱུང་། །ཤིན་ཏུ་ཟབ་མོའི་གནས་ལ་ཐེ་ཚོམ་ན། །དད་པའི་སྟོབས་ལས་གཞན་གྱིས་རྙེད་དཀའ་བས། །མཚན་ལྡན་བླ་མ་དམ་པར་བློ་བཀལ་ནས། །རྩེ་གཅིག་གསོལ་བ་ཐོབ་དང་འདོད་དོན་འགྲུབ། །མདོར་ན་རང་མཐོང་སྐྱོན་ཡིན་དམན་ས་གཟུང་། །གཞན་ངོར་མི་འགྲོ་དགེ་ཡང་ཅམ་གྱིས་ཞོག །ཕན་འགྱུར་སྲོག་ལ་མི་བལྟ་སྒྲུབ་ལ་ཐུག །དེ་སྐད་པདྨ་དཀར་པོའི་ལེགས་བཤད་གསུང་། །མྱངས་ན་ཞིམ་པ་གང་ལ་བསྲིངས་འདིས་སུ། །བློ་གསལ་བུང་བའི་སྡེ་རྣམས་ཡིད་དགའ་བའི། །ཟློས་གར་ཆེན་པོས་ས་འདི་ཁྱབ་གྱུར་ཅིག །ཅེས་རྒྱལ་བྱེད་ཚལ་ནས་མདོ་གྲྭ་འཆད་ཉན་པ་འཇམ་དཔལ་གྲགས་པ་ལ་པདྨ་དཀར་པོས་ཉུང་དུར་གདམས་པའོ།། །།རྗེ་ཉི་ཟླ་ལྟར་གྲགས་རིན་པོ་ཆེ། །དཔལ་ངག་དབང་ཆོས་ཀྱི་རྒྱལ་པོར་འདུད། །ཁྱོད་སྒྲུབ་བརྒྱུད་འཛིན་པའི་བུ་སློབ་ལ། །ཚིག་མང་པོའི་སྤྲོས་པ་བགྱི་མི་འོས། །དོན་ཉམས་ལེན་གནད་དུ་དྲིལ་ཏེ་བཤད། །བློ་རྩེ་གཅིག་ཉོན་དང་བླ་སྦྱང་པ། །བརྒྱུད་ལྡན་གྱི་བླ་མ་དམ་པ་ལ། །སངས་རྒྱས་དངོས་སུ་མཐོང་གྱུར་ན། །ཚེ་གཅིག་གིས་སངས་རྒྱས་ལག་རྩེར་ཞོན། །དེ་ཕྱིར་མོས་གུས་ལ་༼༡༥བ༣༠༽སྙིང་ཕུད་ཚུགས། །ལུས་འདོད་ནས་གྲུབ་པའི་ལྟར་ཤེས་ནས། །གདངས་རྟེན་དང་བརྟེན་པར་གསལ་འདེབས་ཙམ། །དོན་ཟུང་འཇུག་གི་སྟེང་དུ་བསྒྲིལ་གྱུར་ན། །ལྷ་ཐམས་ཅད་གཅིག་གི་འགྲུབ་པར་གོ། །སྟེང་རོ་མ་ལམ་དུ་བྱེད་པའི་སྒོ། །ཨ་ཧཾ་གི་འབྲོས་འདོད་ཡ་མཚན་ཅན། །ཉི་ཟླ་འཕེན་སྡུད་མི་བགྱིད་པར། །རླུང་དབུ་མར་བཅུག་ན་འགྲུབ་པར་གོ། །འོག་རྐྱང་མའི་ཁ་ལས་འཛག་མེད་བཅིངས། །རྟེན་ཕོ་ཉའི་གསེབ་ལམ་ལ་ཕྱིན་ནས། །ཆོས་ཕྱག་ཆེན་གྱི་རང་ཞལ་བལྟ་ཤེལ་ན། །ཟུང་འཇུག་ཀྱང་མིང་དུ་མི་ལས་སྙམ། །ཞེས་པ་བླ་མ་སྦྱང་པ་བློ་གྲོས་བླ་མ་ལ་གདམས་པའོ།། །།སྐྱབས་ཀྱི་མཐར་ཐུག་བླ་མ་རིན་པོ་ཆེ། །འགྲོ་བ་ཀུན་ལ་བརྩེ་བའི་སྤྱན་རས་གཟིགས། །ཁྱོད་ལ་གསོལ་བ་འདེབས་སོ་མཁྱེན་པས་དགོངས། །བདག་རྒྱུད་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །དེ་ནས་བརྩམས་ཏེ་གར་སྐྱེ་ཐམས་ཅད་དུ། །ཡོངས་འཛིན་དགེ་བའི་བཤེས་སུ་ཁྱོད་བསྟེན་པས། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་བསྒྲུབ་པ་ལ། །གེགས་མེད་མཆོག་ཏུ་དཔའ་བར་བྱིན་གྱིས་རློབས། །ཞེས་སོ།། །།རྗེ་སྔོན་གྱི་གདུལ་བྱའི་སྣང་ངོ་ན། །མཚན་མི་ཏྲ་ཛོ་ཀི་ལྷ་ཡི་གསོལ། །དུས་ད་ལྟ་ངེད་ཅག་གདུལ་བྱའི་ཕྱིར། །དཔལ་སྒྱུ་མའི་གར་མཁན་གྲུབ་པའི་རྗེ། །ང་དྲན་པའི་གདུང་ཤུགས་ཇེ་ཆེར་ཐལ། །ཕ་མཁྱེན་པས་གཟིགས་ཤིག་སྐུ་དྲིན་ཅན། །འབངས་ཡལ་བར་འདོར་གཏན་དུ་གཟིགས། །དུས་ད་ལྟ་ཞལ་མཇལ་ཞུས་ན་བསམ། །ཕ་བུ་ལ་བརྩེ་བའི་དུས་ལ་བབ། །ཅེས་སྟག་རྩེ་སྒྲུབ་སྡེར་ལོ།། །།བདེ་ཆེན་དམུ་སྟེང་གནས་མཆོག་འདིར། །མེས་པོ་རྗེ་བཙུན་རས་པས་བྱོན། །དག་པ་ལོངས་སྐུའི་ལྷ་ཚོགས་གཟིགས། །དཔའ་བོ་དཔའ་མོས་དབུས་སུ་མཆོད། །བདེ་ཆེན་གྱི་རོལ་གར་ཅི་ཡང་བཀྱེ། །དེ་ཕྱིར་བྱིན་རླབས་ཡ་མཚན་ཆེ། །ང་དེ་ལ་བསམ་ནས་བསྐོར་དུ་འོངས། །སྐལ་ལྡན་ཕོ་མོ་ཚོགས་ཀྱི་མཚོན། །ལྷ་ཡི་མངོན་དབྱིངས་སུ་༼༡༦ན༣༡༽དགྱེས་པ་ངེས། །རྒྱུད་བྱིན་གྱིས་བརླབས་པས་རིག་པ་འུར། །འཕྲལ་བཅོས་མའི་འཁྲིགས་ག་རང་སར་ཞིག །དབྱིངས་སུ་རིག་པ་ཐིམ་པ་སྙམ། །སྣང་བ་ཚོགས་སུ་སོང་བ་སྙམ། །ཉམས་དགའ་བོ་ཞིག་ལ་གུ་ཡངས་པོ། །བློ་བདེ་པོ་ཞིག་ལ་རྒྱ་ཡན་པོ། །དངོས་གྲུབ་མྱུར་དུ་ཐོབ་ཐོབ་འདྲ། །དཀར་བརྒྱུད་ཀྱི་རྣམ་ཐར་འཁྱོངས་སམ་བསམ། །ཉམས་དགའ་བོ་སྐྱིད་དོ་འདིར་ཚོགས་ཚེ། །ཞེས་བདེ་ཆེན་དམུ་སྟེགས་སུའོ།། །།མཚན་ཐོས་པས་འཁོར་བར་མི་ལྡོག་པ། །དཔལ་དགས་པོ་དཀའ་བརྒྱུད་བྱིན་རླབས་ཅན། །ལྷག་པར་སྒྲུབ་བརྒྱུད་འབྲུག་པའི་རྗེ། །དུས་གསུམ་དུ་བྱོན་རྣམས་ཁོ་བོའི་སྐྱབས། །རྩེ་གཅིག་ཏུ་ཁོང་ལ་བློ་གཏད་པས། །དོན་ངང་གིས་གྲུབ་པས་འཚེངས་པར་བྱུང་། །དད་ལྡན་གྱི་ཡོན་བདག་ཁྱེད་རང་ཡང་། །དུས་གཏན་གྱི་རེ་བལྟོས་དེ་ལ་གཏོད། །བསམ་པ་ཐོག་ཁེལ་ཞིག་གདོན་མི་ཟ། །རྗེ་དེ་དག་རྣམས་ཀྱི་སྐྱབས་ཞུགས་ནས། །ལས་སྡིག་པ་བྱེད་པ་མི་རིགས་པས། །དུས་དེ་ནས་གཟུང་སྟེ་དགེ་བཅུ་ལ། །བློ་ནུས་དང་སྦྱར་ཀྱིན་བགས་ཀྱིས་སློབས། །སྤྱིར་ཁམས་གསུམ་འཁོར་བའི་མཚང་ལ་ལྟོས། །སྒོས་སྙིགས་དུས་རྩོད་པ་ལྷུར་ལེན་ལ། །སེམས་བརྟགས་གཞིགས་བཅུག་ན་ཐར་འདོད་སྐྱེས། །དེ་སྨོན་ལམ་གྱིས་ཟིན་ན་ལམ་དུ་ཞུགས། །རང་དོན་མིང་བྱེད་དུ་མ་ལས་པར། །འཇིག་རྟེན་རྒན་པོ་བསམ་ཤེས་ཅན། །གྲོས་འདུན་ལ་འབད་འགྲན་མ་རྒན་རྣམས། །བདེ་ཐབས་ལ་བརྩོན་ན་བྱང་ཆུབ་མཆོག །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །དེ་ཕྱིར་དགེ་རྩ་བྱང་ཆུབ་སྔོས། །ཞེས་དེར་རྒྱས་པའི་ཨའོ་ལའོ།། །།འཁོར་བའི་ཉེས་དམིགས་ཤེས་ནས་ཐར་འདོད་ཀྱི། །བྱང་ཆུབ་རྒྱུ་ལ་འབད་པའི་རྩོམ་པ་ལ། །རྟག་ཏུ་བར་ཆད་མེད་ཅིང་འགྲུས་པ་ཡིས། །བསམ་པའི་དོན་ཀུན་འགྲུབ་པར་གྱུར་ཅིག་གུ། །རྡུལ་ཚོན་ལུས་དང་བྷ་ག་བྱང་སེམས་ཀྱི། །དཀྱིལ་འཁོར་བཞིར་ཞུགས་ལུས་ངག་ཡིད་རྣམ་ཤེས། །བུམ་༼༡༦བ༣༢༽གསང་ཤེས་རབ་བཞི་པ་ལེགས་བསྒྲུབས་ནས། །སྐུ་བཞི་མངོན་གྱུར་དམ་ཚིག་སྐྱོང་བར་ཤོག །རང་ལུས་རྡོ་རྗེ་ཕག་མོ་ལུས་དབུས་ནང་། །རྩ་གསུམ་འཁོར་ལོ་བཞི་ནང་ལས་ཀྱི་རླུང་། །འཕོ་མེད་བཅིངས་པའི་འབར་འཛག་ཉམས་ཡིན་གྱིས། །མཆོག་གི་གཏུམ་མོ་འབར་བར་གྱུར་ཅིག་གུ། །སྣང་སྲིད་སྒྱུ་མ་ལྟ་བུར་མཐོང་བའི་མཐུས། །འཇིག་རྟེན་ཆོས་བརྒྱད་མགོ་བོ་སྙོམས་གྱུར་ནས། །ཕུང་ཁམས་སྐྱེ་མཆེད་དག་པའི་ལྷར་གསལ་བོས། །ཉིན་མཚན་བར་དོ་ལམ་དུ་ལོངས་པར་ཤོག །ཆོས་རྣམས་ཉུན་གྱི་གནས་ལུགས་འོད་གསལ་མ། །ཕྱག་རྒྱ་ཆེ་ལ་མཉམ་གཞག་གོམས་ཤུགས་བུས། །མངོན་གྱུར་ཟུང་འཇུག་ཉིད་ལས་རྡོ་རྗེ་འཆང་། །ཡན་ལག་བདུན་ལྡན་མྱུར་དུ་འགྲུབ་པར་ཤོག །ཚེ་འདིའི་སྣང་བ་ནུབ་པར་ཉེ་བའི་ཚེ། །བླ་མ་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུས་ནས། །མཁའ་སྤྱོད་ཆེན་པོའི་ས་ལ་འཕོས་ནས་སུ། །གཞན་དོན་ཐམས་ཅད་རྟག་ཏུ་བྱེད་པར་ཤོག །ཅེས་སོ།། །།གཞུང་བརྒྱའི་ཚིག་ལ་ལྷ་ཡི་བླ་མ་དང་། །དོན་འབྱེད་ཀོཎྜྻ་ནྟི་ལྟར་གྱུར་པས། ལུང་རིགས་སྨྲ་ལ་སྤོབས་པ་དགེ་བ་ཅན། །གང་གི་ཞུ་འཕྲིན་ཟླ་བའི་བཞིན་རས་ནི། །ཚིག་རྒྱན་མེ་ཏོག་འཕྲེང་བས་སྤུད་པ་དང་། །སྐྱེས་ལྔའི་མཛའ་བ་དང་འགྲོགས་བོད་ཡུལ་ཤར། །ཅོག་སྐར་རྒྱུ་སྐར་རྒྱུ་འདྲའི་གསེབ་སོན་པས། །སྔར་གྱི་ཡིད་གཅུགས་སྲིད་ལ་མངོན་སུམ་བཞིན། །ཕྱོགས་དེར་སློབ་འདོད་རྣམས་ཀྱི་རེ་སྐོང་དུ། །གང་གི་ཤེས་པའི་དཔག་བསམ་བཀོད་གྱུར་ལ། །འཆད་རྩོད་རྩོམ་པའི་དྲི་བཟང་འགྱེད་པའི་ཚུལ། །ཐོས་པའི་ལམ་ཞུགས་གྲགས་པའི་ཕོ་ཉ་བས། །སྙིང་ལ་སིམ་པ་བྱེད་དུ་ངལ་བ་བྱས། །བདག་ཀྱང་འདུས་བྱས་ཆོས་ཀྱི་གནས་ཚུལ་ལས། །བདེན་གཉིས་རྣམ་པར་བྱེ་བའི་ཚུལ་རྟོགས་པས། །ནམ་མཁའ་སྤྲིན་བཅས་སྤྲིན་ནི་གོ་འབྱེད་པར། །ཇི་བཞིན་བྱ་བ་ཐམས་ཅད་ལམ་དུ་ཁྱེར། །རེས་འགའ་མཁས་པའི་ལས་༼༡༧ན༣༣༽བསམ་གཞུང་ལུགས་འབྱེད། །རེས་འགའ་གྲུབ་པའི་ཤུལ་འཛིན་སྒོམ་བཟླས་བྱས། །ཕལ་ཆེར་སྐྱེ་བོའི་ངོ་བཞིན་འགྱིང་བག་ནི། །དབང་ཕྱུག་ཆེན་པོའི་མདུན་ས་དྲུང་སླེབ་ཙམ། །ཐུབ་པས་འདུལ་བའི་ལུང་ལས་རབ་ཞིར་བསྔགས། །རང་ངོར་དེ་ཉིད་ཁོ་ནར་སྙིང་པོར་བྱས། །ལྔ་བརྒྱ་པ་རྣམས་འདོད་ཆེན་མཐོན་པོར་འཛིན། །དེ་ཕྱིར་ཆེན་པོའི་སྲོལ་ཡང་མ་བསྣུབས་གཟུང་། །བདག་སྤྱོད་འདི་ལྟར་ཁྱོད་ཀྱིས་ཤེས་གྱུར་ན། །སྲིད་ཞི་མཉམ་པ་མཁའ་དང་ལག་མཐིལ་བཞིན། །བདེ་སྡུག་རོ་གཅིག་ཙན་སྟེའུ་སྟེ། །བཟང་ངན་མ་མཆིས་གསེར་དང་བོང་བའི་དཔེ། །འདི་དག་ཀུན་རྫོབ་ཡོད་མ་མྱོང་བས་དང་། །དོན་དམ་མེད་མ་མྱོང་བས་མ་གྲུབ་སྐད། །ཕྱོགས་བྲལ་དབུ་མའི་ལུགས་སུ་ཞུགས་གྱུར་ན། །འཁོར་གསུམ་དག་པའི་ཉམས་ལེན་ལག་རྩེར་ལོན། །ཕྱག་རྒྱ་ཆེན་པོ་བྱས་ཀྱང་དེ་ཀ་རང་། །བྱས་ཚེ་དམ་པའི་ཆོས་ལས་གཞན་པ་མིན། །གདུལ་བྱ་འདུལ་བའི་འཕྲིན་ལས་རྒྱ་ཆེན་དེ། །མཁས་པ་ཁྱོད་ཀྱིས་བརྟགས་ཀྱིན་རི་མོར་འོས། །ཅུང་ཟད་བསྙད་འདིའི་རྟེན་དུ་བྱིན་བརླབས་པའི། །བདུད་རྩིའི་རིལ་བུ་ནུས་པ་མི་བསླུ་བ། །ཀཱ་ལ་ཀུ་ཊའི་ནད་འཇོམས་སྨན་ཐུམས་དང་། །ཕྱག་རྒྱ་ཆེན་པོའི་བཤད་སྦྱར་ངུར་སྨྲིག་གི། །མདངས་འཛིན་ཐེར་མ་ཟུང་ལ་རྟགས་བཀོད་དེ། །སྤྲིན་ཐོགས་ཆོས་ཀྱི་ཕོ་བྲང་ཆེན་པོ་ནས། །བཤོལ་ལྡན་གསུམ་པའི་ཚེས་བཅུར་བརྫངས་པ་ཡིན།། །།ཚེ་འདི་བློས་བཏང་གི་རྣམ་ཐར། །ལྟོ་གོས་གཏམ་གསུམ་ལ་མི་རྩེག །གཡའི་སྤང་གངས་ཁྲོད་དུ་སྡོད་པའི། །མཉམ་མེད་བླ་མ་ཡི་རིང་ལུགས། །སྒྲུབ་འདོད་སྨོན་ལམ་དུ་བྱས་ནས། །ལག་ལེན་མི་ཁྱུ་རུ་སྙེགས་བས། །རྒྱལ་སྲིད་འདུན་ཐབས་དང་འདྲེས་ཏེ། །ཁ་དང་ཞེ་ཕུགས་སུ་འཛོལ་ནས། །མི་དབང་ཕོ་བྲང་དུ་འཁྱམས་པ། །སྙིང་ནས་སྐྱོ་མོ་འདྲས་བྱུང་ངོ་། །རྒྱལ་ཁ་ཕ་རོལ་ལ་སྦྱིན་ནས། །ཕམ་ཁ་རང་སྐལ་དུ་ལོན་པ། །བདག་༼༡༧བ༣༤༽ལས་གཞན་གཅེས་སུ་མཐོང་བའི། །སེམས་དཔའ་ཆེན་པོ་ཚོའི་རྣམ་ཐར། །སྒྲུབ་འདོད་སྨོན་ལམ་དུ་བྱས་ནས། །ལག་ལེན་དགྲ་གཉེན་ལ་ཆགས་པས། །ཚེ་འདིའི་ཆེ་ཐབས་དང་འདྲེས་ཏེ། །ཁ་བཤད་ཁམ་གཏམ་དུ་ལུས་ནས། །གཟུགས་བཙུན་ཧོ་འདྲའི་གསེབ་འཁྱམས་པས། །སྙིང་ནས་སྐྱོ་མོ་འདྲས་བྱུང་ངོ་། །ཞེས་པ་འདི་ཕོ་བྲང་སྲོང་བཙན་དུ་བགྱིས་པའོ།། །།གནས་བཀྲ་ཤིས་བང་སོར་བཞུགས་པ་ལ། །ལུས་སྲོག་ལ་ཕངས་པ་མེད་པ་དགོས། །ཕུང་པོ་གཟན་སྐྱར་གྱི་གནད་འདི་ཀས། །གཉན་ས་འགྲིམ་པའི་གཅོད་དུ་གོ། །གནས་བཀྲ་ཤིས་བང་སོར་བཞུགས་པ་ལ། །ལྷགས་ངེད་ལ་འཇིགས་པ་མེད་པ་དགོས། །སྡུག་སྲན་རེ་བའི་གནད་འདི་ཀས། །སྒོམ་ཆེན་ཕལ་ཆེར་གྱི་རས་ཕུད་གོ། །ཞེས་སོ།། །།རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་འཕྲུལ་ཆེན་པོ། །ངོ་མཚར་ཀུན་ཏུ་སྣང་བའི་གཞལ་མེད་ཁང་། །ཇོ་བོ་རྣམ་གཉིས་རྟག་པར་བསྙེན་པ་འདི། །བསོད་ནམས་དམ་པའི་དམ་པ་ཡིན་སྙམ་མཛོད། །སྡིག་པ་ཆེ་ཡང་བཤགས་པས་མི་འདུག་མེད། །དེས་ན་སྔར་བྱས་ཐམས་ཅད་སྟོབས་བཞིས་ཤོགས། །ཕྱིན་ཆད་སྲོག་ལ་བབ་ནའང་མི་བགྱིད་བ། །དྲན་པས་དབང་པོ་བསྡམས་ན་འགྲུབ་པ་ཡིན། །དགེ་བ་ཆུང་ཡང་ཡོངས་སུ་བསྔོ་བས་འཕེལ། །བྱང་ཆུབ་བར་དུ་འབྲས་འབྱིན་སྟོབས་ཆེར་འགྲོ། །དེས་ན་ཅི་བྱས་རང་དོན་མ་ཡིན་པར། །སེམས་ཅན་ཀུན་ལ་སྟེར་བ་ཐབས་མཁས་མཆོག །དགེ་སྡིག་བསམ་པའི་རྩ་བ་ལ་རག་པས། །བྱེད་པ་ཆོས་སུ་ཨེ་འགྲོ་འགྲོ་ན་བྱ། །མི་འགྲོ་དུག་ཅན་ཟས་བཞིན་འདོར་བའི་ཕྱིར། །ཤེས་བཞིན་བྱ་ར་རྟག་ཏུ་འཛུགས་པར་བྱ། །མདོར་ན་སྡིག་སྤོང་དགེ་བ་བསྒྲུབ་པ་དང་། །རང་སེམས་འདུལ་བར་སྡེ་སྣོད་གསུམ་འདུས་པས། །ཉམས་སུ་ལེན་པ་སྙིང་པོར་སྒྲིལ་ཤེས་མཛོད། །ཐོས་དང་ཚིག་རྗེས་དཔྱད་པའི་བསམ་པ་དང་། །འཇིག་རྟེན་སྒོམ་པ་ཀུན་གྱི་སྙིང་པོའི་དོན། །རྟོགས་དཀའ་རྟོགས་བྱེད་དད་པ་ཁོ་ན་བར་༼༡༨ན༣༥༽མདོ་རྒྱུད་ཀུན་ལས་གསུངས་ཕྱིར་བཤེས་གཉེན་སྟེན། །བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་བཞིན། །འགྱུར་ངེས་བསླུ་བ་མེད་པའི་ཚིག་ལགས་པས། །ཡང་དག་དོན་ལ་མཉམ་པར་འཇོག་པ་གཅེས། །ཞེས་ཆོས་འཁོར་ལྷ་སར་དཀོན་གཉེར་གྱིས་བསྐུལ་ནས་པདྨ་དཀར་པོས་གདམས་པའོ།། །།ངོ་མཚར་མ་ལུས་འཁྲིལ་བའི་གོང་བུ་གང་། །སྣང་བར་བྱེད་པས་ཉི་མ་ལས་འགོངས་ཤིང་། །སྤྱད་ཀྱིན་རེ་བ་ཀུན་འགྲུབ་ནོར་བུས་ཀྱང་། །མི་མཚོན་ཕྱག་འོས་འཇམ་དཔལ་དེ་ལ་འདུད། །མ་རིག་མ་རྟོགས་ཁོང་འཚངས་རྣམ་འགྱུར་ལས། །རིགས་ལྡན་རིས་མེད་འོད་རྣམས་འདུལ་བ་ལ། །ཐུབ་དབང་མ་ལུས་གཟིགས་དེས་གསུང་རབ་ཀྱང་། །རྣམ་མང་གསུངས་ཕྱིར་ཐེག་ཀུན་དགོངས་པ་ཅན། །དེ་ཕྱིར་གང་ཡང་རྒྱ་མཚོའི་རྒྱ་ལྟ་བུར། །ཡངས་པའི་བློ་གྲོས་ཁོག་ཏུ་བཅུག་ནས་ཀྱང་། །སྲིད་ཞུར་མཛད་ན་དད་པ་ཅན་ཞེས་བྱ། །མི་རྒྱལ་མཛད་སྤྱོད་ཆོས་སུ་དེ་འགྲོ་ངེས། །བོད་འདིར་མཁས་པ་མང་ཡང་ཚིག་རེའི་རྗེས། །བསྙེགས་པས་སྙིང་པོའི་ཕྱོགས་ལ་མཇལ་མི་སྤྲོ། །བྱང་ཆུབ་སྙིང་པོའི་སྤོ་ལ་སྔར་བྱུང་བཞིན། །དཔའ་བོར་འགྱུར་འདོད་དོན་གྱི་སྙིང་པོ་ལོན། །དལ་བ་རྙེད་དཀའ་རྙེད་ནས་མྱུར་འཇིག་དང་། །འདུས་བྱས་སྐད་ཅིག་མི་གནས་ཁར་ཆུབ་ཀྱང་། །ཟང་ཟིང་རྙེད་པའི་དྲུང་དུ་དེ་ཡར་ནས། །བརྩེག་རུམ་རྩོད་པ་ལྷུར་ལེན་འདིས་སྐྱོ་ན། །ལས་བགྱིས་འབྲས་བུ་གང་འབྱིན་དེ་བསམས་ལ། །མི་འདོད་ངན་སོང་འགྲོ་བ་རྣམས་བགགས་ཏེ། །མཐོ་རིས་རྣམ་ཐར་རྒྱུར་གཟུང་རྟེན་དེ་ཡི། །ཐར་པའི་ས་ལ་འཛེག་ཏུ་ཅིས་མི་འབྱོན། །རྣམ་གྲོལ་ཐོབ་པར་འདོད་ཙམ་མ་ལགས་པས། །སྨོན་འཇུག་བྱང་ཆུབ་སེམས་ལ་བློ་སྦྱངས་ལ། །རྡོ་རྗེ་ཐེག་ཐབས་གསེར་འགྱུར་རྩིས་བྲན་ན། །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་ངེས། །ཞེས་སྡེ་པ་སྙེ་མོ་བར་གནང་བའོ།། །།༼༡༨བ༣༦༽སེམས་དཀར་པོ་དགེ་དང་མ་བྲལ་ན། །ལས་བྱས་ཚད་ཆོས་སུ་འགྲོ་ངེས་ཡིན། །ཚེ་ཕྱི་མ་མཐོ་རིས་རྟེན་བཟང་ཐོབ། །རྒྱུ་འབྲས་བསླུ་མེད་མཐོང་བ་ཡིས། །ཚོགས་ཅི་བསགས་བྱང་ཆུབ་ཆེན་པོར་སྔོས། །རྣམ་མཁྱེན་གྱི་གོ་འཕང་བཅར་དེས་ཡིན། །དེ་ཐམས་ཅད་དགེ་བའི་བཤེས་རག །སངས་རྒྱས་དངོས་སོམས་གསོལ་བ་ཐོབ། །ཅེས་པ་འདི་ཡང་ཧོར་སྨད་པའི་དཔོན་མ་ལའོ།། །།སྟོབས་ལྡན་ལྷ་དབང་གི་བརྒྱ་བྱིན། །འཆི་བདག་བདུད་པོ་ཡིས་གཙེས་ཚེ། །སྐྱབས་ཡུལ་སངས་རྒྱས་ལ་ཞུས་ནས། །བསོད་ནམས་ཚོགས་བསགས་ཀྱིས་བཟློག་འདུག །ད་ལྟ་བདེ་སྐྱིད་དུ་འཛོམ་རུང་། །མི་རྟག་འཇིག་པ་འདྲ་འོང་ངེས། །ལོང་ཡོད་ལྷ་ཆོས་ཀྱི་སྙིང་པོ། །ཚོགས་གཉིས་རྫོགས་ཐབས་ལ་འབོད་ཅིག །ཅེས་པ་འདིའང་གཞུག་སྣ་བར་གནང་བའོ།། །།རྗེ་བཙུན་བླ་མ་ཁྱོད་ཀྱིས་རྗེས་གཟུང་ནས། །སྐྱེ་དང་སྐྱེ་བར་དམ་པའི་ཆོས་སྤྱོད་ཅིང་། །ཁམས་གསུམ་འཁོར་བའི་རྒྱ་མཚོ་ལས་བརྒལ་ཏེ། །རྣམ་མཁྱེན་ནོར་བུའི་གླིང་དུ་ཕྱིན་པར་ཤོག །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །དཔལ་ལྡན་འབྲུག་པའི་བསྟན་ལ་ལེགས་ཞུགས་ནས། །ཚུལ་གནས་ཐོས་བསམ་སྒོམ་ལ་འབད་པ་ཡིས། །རྫོགས་པའི་བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་འདིའང་ཧོར་སྨད་པའི་དཔོན་མོ་ལ་གནང་བའོ།། །།བསྟན་སྐྱོང་མཁས་གྲུབ་རྒྱ་མཚོའི་སྤྱིར་གནས་ནས། །ཐར་འདོད་རེ་སྐོང་ལེགས་བཤད་ཆར་འབེབས་པས། །དམ་ཆོས་རྫོགས་ལྡན་དུས་བཞིན་རྟག་འཛིན་པ། །མི་ཕམ་པདྨ་དཀར་པོར་གསོལ་བ་འདེབས། །ཞེས་པ་འདི་འཕན་ཡུལ་ལྕང་གླིང་ཆོས་སྡིངས་པར་གནང་བའོ།། །།ཟབ་རྒྱས་ཆོས་ཀྱི་གཏེར་ཆེན་རྣམ་ཕྱེ་ནས། །ཐར་འདོད་རེ་བ་སྐོང་བའི་སྐྱབས་གཅིག་པུ། །རྗེ་བཙུན་བླ་མ་སངས་རྒྱས་ཀུན་གྱི་དངོས། །པདྨ་དཀར་པོའི་ཞབས་ལ་གསོལ་བ་འདེབས། །བདག་གིས་དགེ་བ་ཇི་ལྟར་བསགས་པའི་མཐུས། །སྐྱེ་དང་སྐྱེ་བར་༼༡༩ན༣༧༽དགེ་བའི་བཤེས་རྙེད་ཅིང་། །བྱང་ཆུབ་ཆེན་པོའི་སྤྱོད་ལ་ལེགས་སྦྱངས་ཏེ། །རྡོ་རྗེ་འཆང་དབང་མྱུར་དུ་ཐོབ་གྱུར་ཅིག །ཅེས་སོ།། །།རྗེ་བཙུན་པདྨ་དཀར་པོ་ཁྱོད་ཁོ་ན། །འདི་དང་ཕྱི་མ་ཀུན་གྱི་སྐྱབས་ཏེ། །དཀོན་མཆོག་གསུམ་གྱི་ངོ་བོར་བདག་ཅག་ནི། །དད་ཅིང་དང་བས་ཕྱག་འཚལ་གསོལ་བ་འདེབས། །ཇི་ལྟར་རྒྱ་མཚོ་ཆེ་ལ་ཨ་ག་ཧྱ། །རྒྱལ་བའི་གཞུང་ལུགས་ཀུན་ལ་ཁྱོད་ཉིད་དེ། །མ་ལུས་ཐུགས་སུ་ཆུད་པའི་ལེགས་བཤད་ཀྱི། །ཆོས་སྒྲ་དྲག་ཏུ་སྒྲོག་པར་གསོལ་བ་འདེབས། །གང་ཐོས་བདག་ཀྱང་མ་རིག་སྒྲིབ་བྲལ་བས། །ཡང་དག་ལམ་གྱི་ཕ་མཐར་ཕྱིན་ཐོབ་ཅིང་། །དེ་བར་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་ཏེ། །ཞི་དུལ་ངེས་པའི་དཔལ་ལ་སྤྱོད་གྱུར་ཅིག །ཅེས་པ་འདི་རི་མོ་མཁན་ཕྱག་རྗེས་པའི་ངོར་པདྨ་དཀར་པོས་སྦྱར་བའོ།། །།བདག་གིས་དུས་གསུམ་དགེ་བ་ཅི་བགྱིས་པ། །འདི་ནས་གཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ཡོན་ཏན་བདུན་ལྡན་མི་ཡི་རྟེན་གྲུབ་སྟེ། །རྗེ་བཙུན་བླ་མ་ཁྱེད་ཞབས་མཉེས་བྱེད་ཅིང་། །རྡོ་རྗེ་འཆང་གི་ལམ་ལ་འབད་གྱུར་ཅིག །ཅེས་རྗེ་བཙུན་བསམ་འཕེལ་ནས་ལ་གནང་བའོ།། །།དགུང་བསངས་མཐོན་པོ་ཡི་ཕྱོགས་སུ། །ཉི་ཟླ་ཟུང་གཅིག་གི་འཁོར་ལུགས། །ཡ་མཚན་དཔེ་ཟླ་དང་ཀྲལ་བ། །ལྷོ་ཕྱོགས་དགའ་སྟོན་དུ་ཆས་བྱུང་། །མེ་ཏོག་པདྨ་ཚོ་སྐྱིད་དོ། །རྒྱལ་ཁམས་ཕྱོགས་མེད་ཀྱི་ཕྱོགས་སུ། །མཚན་ལྡན་བླ་མ་ཡི་འགྲོ་དོན། །ཡངས་པའི་རྒྱལ་ཁམས་འདིར་ཕེབས་བཞུད། །མཆོད་ཡོན་ཞལ་མཇལ་ལ་སྐྱིད་དོ། །ཞེས་དང་།། །།སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །ཇི་སྲིད་བྱང་ཆུབ་སྙིང་པོ་དེ་སྲིད་དུ། །སྐྱབས་ཞུས་ཁྱེད་ཀྱི་ཐུགས་རྗེས་བདག་ཅག་ལ། །རྣམ་པ་ཀུན་ཏུ་སྐྱོབས་པའི་གསོལ་བ་འདེབས། །འཁོར་བར་གནས་པའི་ཚེ་ཡང་ཡོན་ཏན་རྟེན། ཡོན་ཏན་བདུན་ལྡན་མཐོ་རིས་ཐོབ་གྱུར་༼༡༩བ༣༨༽ནས། །སངས་རྒྱས་དགྱེས་པ་བསྐྱེད་པ་ཀུན་བསྒྲུབ་ལ། །རྟག་ཏུ་འབད་པས་སངས་རྒྱས་ཉིད་ཐོབ་ཤོག །ཅེས་པ་འདི་གཉིས་ནང་སོ་རེ་དགའ་ནས་མེ་མོར་གདན་འདྲེན་ཞབས་ཏོག་ལ་བྱོན་དུས་པདྨ་དཀར་པོས་བགྱིས་སོ།། །།དཔལ་ཙ་རི་ཏྲར་བྱོན་དུས་ཀྱི་གཟིགས་སྣང་སྙན་དངགས་ཀྱི་འཕྲེང་བ་བཞུགས་སོ།། །།གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་ཞབས་བརྟེན་པའི། །རྡོ་རྗེ་བཙུན་མོ་གང་དང་འཁོར་ལོའི་མགོན། །ལྷན་ཅིག་སྐྱེས་དགའི་དཔལ་དུ་རོལ་བའི་ཞིང་། །ཙ་རི་ཏྲ་དེར་དད་པས་ཕྱག་བགྱིའོ། །དགེ་ལེགས་རིན་ཆེན་བྱེ་བ་ཕྲག་སྙེད་ཀྱིས། །འཇིག་རྟེན་གསུམ་རྣམས་སྐལ་བཟང་བགྱིད་པ། །སྤྲུལ་པའི་ཞིང་དུ་ཁོ་བོ་སླེབ་པའི་ཚེ། །ངོ་མཚར་ལྟད་མོའི་དམ་པ་འདི་འདྲ་མཐོང་། །ཉི་ཟླའི་མིག་ཅན་མཐོན་མཐིང་ནམ་མཁའི་རལ་པ་དང་། །རྒྱུ་སྐར་ཅོན་པན་གློག་གི་འཕྲེང་བའི་དོ་ཤལ་ཅན། །སྔོ་བསངས་ལུས་ཀྱིས་ཕྱོགས་ཀྱི་འཁོར་ལོ་རྣམ་འགེངས་པ། །ཆུ་འཛིན་དྲག་པོའི་གཟིགས་མས་བགེགས་རྣམས་བཅིངས་པ་བཞིན། །གངས་རིའི་བཞིན་རས་བྲག་སྐྱིབས་ཨུཏྤལ་མིག །རི་བོའི་མྱོས་བུམ་ནགས་ཀྱི་དོ་ཀེར་ཅན། །ཁ་བའི་གོས་ཅན་འཛིན་མའི་འོད་དཀར་ནི། །ཆོས་བཟང་འདུན་སའི་མདངས་མཛེས་འཕོས་པ་སྙམ། །བྲག་དམར་འདི་དག་དགའ་བའི་འཛུམ་ཤོར་ནས། །སོ་ཡི་འོད་ཀྱིས་གདོང་པ་བྱུགས་པ་ལ། །མཚོ་སྔོན་ལྟ་བས་བྲེལ་ཚེ་ཟླ་བ་ཡིས། །མཁའ་ལས་བབས་ཏེ་སྟེང་ནས་བཀབ་པ་འདྲ། །ཁ་བའི་ཕོ་ཉས་གནམས་སྦྲེལ་བ་ལ། །རླུང་བཞོན་ཕྲ་མོས་བསྐྱོད་པའི་ལྗོན་ཤིང་གིས། །ལག་པས་ཡུན་རིང་བཟློག་ཀྱང་མ་ཁེགས་པས། །ཡིད་ཆད་གངས་ཀྱི་ཕག་ཏུ་ཡིབས་པར་གྱུར། །རྦ་རླབས་འཛུམ་ལས་ཉར་མའི་ཟེར་འཐོར་བའི། །ལྷུང་ལྷུང་གཏམ་གྱིས་མགྲོན་རྣམས་དགའ་བྱེད་པའི། །ཆུ་རྒྱུན་རྣམས་ཀྱང་ཟླ་བ་ཆུ་ཤེལ་གྱི། །གྲོགས་དང་ལྷན་ཅིག་བདེ་བར་གཉིད་པ་༼༢༠ན༣༩༽བཞིན། ན་བུན་ཞལ་བས་བརྒྱན་པའི་བྲག་སྐྱིབས་སུ། །རྩྭ་ཡི་གདིང་བ་མཆོག་ལ་བྱ་དང་ནི། །རི་དགས་དག་ཀྱང་ཤིན་ཏུ་བག་ཕབ་ནས། །དཀའ་ཐུབ་མཐར་ཐུག་དམ་པ་ལེན་པར་བགྱིད། །འདོད་པའི་འདུ་འཛི་དག་ལ་རྒྱབ་ཕྱོགས་ནས། །རྩེ་གཅིག་སྒྲུབ་པས་བྲེལ་བའི་བསམ་གཏན་པར། །བརྒྱ་བྱིན་དད་པས་བསྒོས་ནས་བི་ཤྭ་དེས། །ཀརྐེ་ཏ་ཡི་ཁང་བུ་བཟོས་པ་བཞིན། །ཟབ་རྒྱས་ཆོས་ཀྱི་སྣང་བ་བྱེ་བ་ཡིས། །སྲིད་གསུམ་རྨོངས་པའི་མུན་ནག་མཐར་བྱེད་པའི། །བསྟན་འཛིན་ཉིན་བྱེད་དབང་པོ་ང་མཐོང་བས། །ཉི་ཟླ་སྤྲིན་གྱི་རུམ་དུ་གབ་པ་བཞིན། །ཞེས་ས་གའི་དུས་ཆེན་གྱི་ཉིན་དཔལ་ཙ་རི་ཏྲར་སྦྱར་བའོ།། །།མངྒ་ལཾ། །ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousདཔལ་པདྨ་དཀར་པོའི་གསུང་མགུར་ཞལ་གདམས་ཀྱི་རིམ་པ་འཐོར་བུ།next