Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
རྫོགས་པ་ཆེན་པོའི་སྙིང་པོ་དྲིལ་བ་པདྨ་སྙིང་ཏིག


 
previousརྫོགས་པ་ཆེན་པོའི་སྙིང་པོ་དྲིལ་བ་པདྨ་སྙིང་ཏིགno next

རྫོགས་པ་ཆེན་པོའི་སྙིང་པོ་དྲིལ་བ་པདྨ་སྙིང་ཏིག

རྫོགས་པ་ཆེན་པོའི་སྙིང་པོ་དྲིལ་བ་པདྨ་སྙིང་ཏིག་ཅེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཀུན་ཏུ་བཟང་པོའི་རོལ་གར་ལས། །ཞི་ཁྲོའི་འཁོར་ལོ་ཅིར་ཡང་ཤར་ལས་འདིར། །དགའ་རབ་རྡོ་རྗེར་སྣང་དང་གཉིས་མིན་པའི། །པདྨ་འབྱུང་གནས་གང་དེར་བདག་སྐྱབས་སོ། །ཐེག་བརྒྱད་ཆུ་ཀླུང་མ་ལུས་གཞོལ་བའི་གཞི། །སེམས་ཀློང་གཏིང་མཐའ་མི་ཟད་ཆུ་གཏེར་གྱི། །བརྗོད་དོན་གདེངས་ཅན་བདག་པོའི་གཙུག་གི་རྒྱན། །མན་ངག་བསམ་འཕེལ་ནོར་བུ་འདིར་ཁྱོངས་སོ། །དྲང་དོན་གཏམ་གྱི་གྲིབ་མས་བློ་དམན་ཚིམ། །རྟོག་གེའི་ཁྲམ་གྱི་ཆང་གིས་ཤེས་ལྡན་བཟིར། །བླ་མེད་རྫོགས་ཆེན་ཡན་ལག་བརྒྱད་ལྡན་ཆབ། །པད་དཀར་འབའ་ཞིག་དགའ་བའི་སྐྱེམས་སུ་སོང་། །དེ་ཡང་། ཐེག་པ་རིམ་པ་བརྒྱད་ཀྱི་གཞོལ་ས། སེམས་སྡེ་ཀློང་སྡེ་རྒྱ་ཆེ་བའི་ཉིང་ཁུ། རྫོགས་པ་ཆེན་པོའི་མན་ངག་ཟབ་མོ་ཐམས་ཅད་ཀྱི་ཡང་རྩེ། སྐལ་བ་དང་ལྡན་པའི་གང་ཟག་སྒོམ་པའི་ཡུན་ལ་མ་བལྟོས་པར་སངས་རྒྱས་ཀྱི་སར་དཀྲི་བའི་ཐབས་མཆོག་ཏུ་གྱུར་པ་འདི་བཤད་པར་བྱ་སྟེ། གདུལ་བྱ་སྤྲོ་བ་བསྐྱེད་པའི་བྱུང་ཁུངས། གང་བྱུང་བའི་ཆོས་ཀྱི་སྒོ་རྣམ་པར་དབྱེ་བའོ། །དང་པོ་ནི། ཡོན་ཏན་རྫོགས་པའི་དབྱིངས་སུ་མངོན་པར་བྱང་ཆུབ་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཞི་ཁྲོའི་འཁོར་ལོ་རིས་མེད་པར་བཞེངས་ནས་མཐའ་ཀླས་པའི་འགྲོ་བའི་བསམ་པ་དང་བསྟུན་པའི་སྤྲུལ་པའི་སྐུ་ཅིར་ཡང་འཆར་བཞིན་པའི་སྟོན་པ་ཀུན་ཏུ་བཟང་པོས། འོག་མིན་གྱི་གནས་སུ་རྡོ་རྗེ་འཆང་ཆེན་པོར་ཡང་དག་པར་སྣང་བར་མཛད་ནས། སྤྲུལ་པའི་སྐུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཛོད་འཛིན་པ་ཕྱག་ན་རྡོ་རྗེ་ལ་བཤད་པ་ཇི་ལྟ་བ་བཞིན་དུ། དེས་ཀྱང་འགྲོ་བ་མིའི་ལུས་ལྟར་སྣང་ཡང་དགོངས་པ་སངས་རྒྱས་དང་ཐ་མི་དད་པའི་དཔའ་བོ་ཆེན་པོ་དགའ་རབ་རྡོ་རྗེ་ལའོ། །དེས་ཀྱང་ཟླ་ཚེས་གསར་པའི་ལུས་ལྟར་དཀར་བའི་ཞབས་སེན་གྱི་འཕྲེང་བས་གྲུབ་པ་དང་རིག་པ་འཛིན་པ་ཐམས་ཅད་ཀྱི་རལ་པ་ཀུན་ཏུ་དཀྲིས་པ་སྐལ་བ་མཆོག་ཏུ་དགེ་བ་ལ་སྦྱོར་བར་མཛད་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལའོ། །དེས་དཔལ་འབྲུག་པ་རིན་པོ་ཆེ་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ལ་སྟེ། དེའི་ཚུལ་ཡང་། གསལ་རྗེ་གངས་ཀྱི་ར་བར་དམ་ཆོས་དགོངས་པ་འདུས་པ་གསན་པའི་ཚེ། ཉིན་གཅིག་དྲི་མ་མེད་པའི་ནམ་མཁར་འཇའ་འོད་སྣ་ལྔའི་གུར་ཁྱིམ་ཆེར་བཀྲ་བའི་དབུས་ན། ཁྱེའུ་ལོ་བརྒྱད་ཙམ་ལོན་པ་བླ་གོས་ངུར་སྨྲིག་གསོལ་ཞིང་དར་གྱི་པཎ་ཞྭ་ཅན་ཤིན་ཏུ་བཞེངས་སྐུར་ཡོད་པ། ཕྱག་གཡས་ཆོས་འཆད་དང་། གཡོན་མཆོད་སྦྱིན་གྱི་ཚུལ་དུ་མཛད་པ་ཅིག་དངོས་སུ་གཟིགས་པ་ནི། འདི་ནི་ངེས་པར་སྔགས་འཆང་གྲུབ་པ་བརྙེས་པ་པདྨ་འབྱུང་གནས་ཡིན་པར་ཐེ་ཚོམ་མེད་སྙམ་དུ་སེམས་ཤིང་ཡོད་པའི་ཚེ། ཁྱེའུ་དེའི་ཞལ་ནས། རིགས་ཀྱི་བུ་ཆོས་ཐམས་ཅད་ལ་བལྟ་བར་འདོད་པས་ནི་གང་ལ་ཡང་བལྟ་བར་མི་བྱའོ། །གང་ལ་ཡང་བལྟ་བར་མི་བྱ་བས་ནི་ཆོས་ཐམས་ཅད་ལ་བལྟ་བར་བྱའོ་ཞེས་གསུངས་ཤིང་བྱིན་རླབས་འཕོ་བའི་དབང་བསྐུར་ནས། རྫོགས་པ་ཆེན་པོའི་དགོངས་པ་ཟ་འོག་བཀྲམ་པ་ལྟ་བུར་མངོན་དུ་མཛད་པའི་བཀའ་དྲིན་སྩལ་ཏེ་འཇའ་ཡལ་བ་བཞིན་དུ་སོང་ངོ་། །དེས་ཀྱང་མཚན་གྱི་ཟེར་ཙམ་ཐོས་པས་སྲིད་པའི་གདུང་བ་སྐྱེངས་པར་ནུས་པའི་གྲུབ་པའི་ཟླ་བ་ངག་དབང་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་ལའོ། །དེས་བདག་ལ་མཆོག་ཏུ་བཀའ་དྲིན་དུ་མཛད་པ་ཡིན་ཞིང་། བརྒྱུད་པ་རིང་མོའི་སྤྲོས་པ་ལ་དགའ་བ་དག་ནི། རྒྱལ་བའི་དབང་པོས་དཔལ་ཡིད་བཟང་རོལ་བའི་ཞལ་སྔ་ནས་ལ་ཐེག་པའི་རྩེ་མོ་ཨ་ཏིའི་ཆོས་ཚུལ་མ་ལུས་པ་ཁོང་དུ་ཆུད་པར་ནོད་པའི་ཚུལ་འདིས་ཡིད་ཆེས་པའི་གནས་སུ་གྱུར་པ་ཡིན་ནོ། །གཉིས་པ་ལ། གཏན་ལ་དབབ་པའི་གཞི་ཀ་དག་དང་ལྷུན་གྲུབ། གཏན་ལ་འབེབས་པའི་ལམ་ཁྲེགས་གཅོད་དང་ཐོད་བརྒལ། གཏན་ལ་ཕབ་པའི་འབྲས་བུ་སྐུ་དང་ཡེ་ཤེས་བཤད་པ་གསུམ་ལས་དང་པོ་ནི། རྡོ་རྗེའི་ཚིག་འདིར། རིགས་ཀྱི་བུ་ཆོས་ཐམས་ཅད་ལ། ཞེས་གསུངས་པའི་ཆོས་ཐམས་ཅད་ནི་གཞིའི་གནས་ཚུལ་ཡིན་ལ་དེ་ལ་བལྟ་བར་འདོད་པས། ཞེས་པ་ལམ་ཉམས་སུ་ལེན་པའི་དབང་དུ་བྱས་ནས་བསྟན་ཅིང་། དེ་ཡང་རྣམ་པ་གཉིས་ཀྱི་དབྱེ་བས། གང་ལ་ཡང་བལྟ་བར་མི་བྱའོ་ཞེས་ཁྲེགས་གཅོད་དང་། སླར་ཐོད་བརྒལ་གྱི་ལམ་སྟོན་པའི་ཕྱིར། གང་ལ་ཡང་བལྟ་བར་མི་བྱ་བས་ནི་ཆོས་ཐམས་ཅད་ལ་བལྟ་བར་བྱའོ། །ཞེས་གསུངས། དེ་ལྟར་ལམ་བསྒོམས་པས་འབྲས་བུ་ཞར་གྱི་རྙེད་པའི་ཕྱིར་འབྲས་བུ་ཤུགས་ལ་བསྟན་པ་ཡིན་ནོ་ཞེས་རྡོ་རྗེའི་ཚིག་ཅུང་ཟད་ཕྱེ་ནས་ཤིན་ཏུ་རྣམ་པར་དབྱེ་བ་ལ་འཇུག་པར་བྱ་སྟེ། གཞིའི་གནས་ལུགས་ངོ་བོ་ཀ་ནས་དག་ཅིང་། རང་བཞིན་ལྷུན་གྱིས་གྲུབ་པ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པར་གནས་པ་སྟེ། དེ་གཉིས་ངོ་བོ་གཅིག་པའི་ཕྱིར་སྣང་སྟོང་གཉིས་མེད་དུ་བཞག་ལ། དེའི་གནས་ལུགས་སྟོང་པ་མི་འགྱུར་བ་སྐུའི་བདག་ཉིད་དེ། དོན་ལ་སྐུ་གསུམ་འདུ་འབྲལ་མེད་པ་ཉི་མའི་དཀྱིལ་འཁོར་ལྟར་ནང་དུ་གསལ་ཡང་དངོས་པོ་དང་མཚན་མར་མ་གྲུབ། རང་བཞིན་ཡེ་ནས་འོད་དུ་གསལ་ཡང་ཕྱིར་སྣང་ཁ་དོག་རིས་ཅན་དུ་མེད། དེ་ཉིད་ཐུགས་རྗེ་རིག་པའི་ཡེ་ཤེས་སུ་བཞུགས་ཀྱང་རྣམ་པ་ཕྱི་རོལ་ཡུལ་ལ་མི་སྤྱོད་པས་ཕྱི་རྒྱ་མ་རལ་བ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གཞོན་ནུ་བུམ་པ་སྐུའི་གནས་ལུགས་ཞེས་བྱ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་བཞུགས་པ་ཡིན་ནོ། །དེ་སྐད་དུ་ཡང་རང་ཤར་ལས། ང་མེད་པའི་སྔོན་རོལ་ན་གཞི་འདི་ལྟར་དུ་གནས་ཏེ། གཞི་ཀ་དག་ཆེན་པོ་ཞེས་བྱ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་སོ། །ངོ་བོ་སྟེ་མི་འགྱུར་བའི་ཡེ་ཤེས་མ་འགགས་པར་གསལ་བ་གཞོན་ནུ་བུམ་པ་སྐུའི་གནས་ལུགས་ཞེས་བྱའོ། །རང་བཞིན་འོད་ལྔའི་སྣང་བ་མ་འགགས་སོ། །ཐུགས་རྗེའི་སྣང་བ་ནི་དཔེར་ན། ནམ་མཁའ་སྤྲིན་མེད་པ་ལྟ་བུའོ་ཞེས་གསུངས་སོ། །གཉིས་པ་ལ། སྨིན་བྱེད་ཏིང་ངེ་འཛིན་གྱི་དབང་དང་། གྲོལ་བྱེད་ལམ་གྱི་རང་བཞིན་བཤད་པའོ། །དང་པོ་གཞན་དུ་ཤེས་ལ། གཉིས་པ་ལ། སྔོན་འགྲོ། དངོས་གཞི་གཉིས། དང་པོ་ལ། ལུས་ངག་ཡིད་ཀྱི་སྔོན་འགྲོ་གསུམ་ལས། དང་པོ་ནི། དབེན་ཞིང་ཡིད་དུ་མཆིས་པའི་གནས་སུ་འབོལ་བའི་སྟན་ལ་ལུས་གློད། རྐང་པའི་པུས་མོ་གཉིས་ཕྱིར་བཀྱེ་ཞིང་མཐིལ་གཉིས་སྤྲད། ལག་གཉིས་སྤྱི་བོར་ཐལ་མོ་སྦྱར་བས་རྡོ་རྗེ་རྩེ་གསུམ་པའི་དབྱིབས་སུ་བྱས་ཏེ། མཐིང་ཤུན་དྲི་མ་མེད་པའི་ཁ་དོག་ཅན་དུ་བསམ་པ་ལ་སེམས་གཟུང་སྟེ་གཞག་གོ །དེ་ཡང་། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅས། ལུས་སྦྱངས་སེམས་ལ་ཕན་པ་ཡིན། ཞེས་གསུངས། གཉིས་པ་ནི། ལུས་དེ་ཉིད་ཀྱི་ངང་ནས་ཁ་ཅུང་ཟད་ལྡང་ཙམ་བྱས་ལ། ཧཱུཾ་གི་སྒྲ་ཧ་ཅང་མི་ཆེ་མི་ཆུང་བ་རིང་བར་བླང་བ་དང་བསྟུན་ཁོང་ནས་རྣམ་ཤེས་ཧཱུཾ་གི་ངོ་བོ་སྣ་ནས་ཐལ་ཐལ་བྱུང་ནས་སྣང་བ་ཐམས་ཅད་མེར་གྱིས་གང་བས་ཕྱིའི་སྣང་བ་ལ་རྒྱས་ཐེབས་པ་དང་། ཧཱུཾ་གོང་ལས་ཐུང་བར་བགྲངས་པས་ཧཱུཾ་དེ་དག་རླུང་ནང་དུ་བརྔུབས་པ་དང་མཉམ་དུ་བྱུང་བས་ལུས་མེར་གྱིས་ཁེངས་པར་མོས་པས་ནང་ཕུང་པོ་ལ་རྒྱས་གདབ་པར་བྱའོ། །དེ་ལ་བརྟེན་ནས་ཧཱུཾ་ཞེས་ངར་དང་བཅས་བརྗོད་པས་རང་གི་རིག་པ་ཧཱུཾ་གི་རྣམ་པར་ཕྱིའི་དངོས་པོ་གང་མཐོང་ཐམས་ཅད་ཕར་ཐལ་ཚུར་ཐལ་ཕུག་པར་བསམས་ཤིང་། བརྟན་པ་དང་ཧཱུཾ་དེ་ཁོང་པ་ནས་སྤྱི་བོ་དང་། སྤྱི་བོ་ནས་རྐང་མཐིལ་དང་། མཐར་ལུས་སྐོར་ལེ་མེད་པར་ཐལ་ཐལ་ཕྱིན་པར་མོས་པ་རྩལ་སྦྱངས་པའོ། །དེ་ནས་ཧཱུཾ་ཞེས་དྲག་ཏུ་བརྗོད་པས་ཧཱུཾ་གཅིག་རྟིང་ལ་གཉིས་རྟིང་ཐོན་པ་དམིགས་རྟེན་གང་སྣང་ལ་ཁྲིལ་ཁྲིལ་དཀྲིས་ནས་རྩེ་མོར་འཁོར་བ་དང་། ཧཱུཾ་དལ་བུར་བྱས་པས་དཀྲིས་པ་དེ་དར་ཅིག་གློད་པ་བསྙེན་བཙལ་བའོ། །དེ་ནས་མདུན་དུ་རི་མོ་སྤྲིན་འགྲོས་ལྟ་བུར་བྲིས། ཧཱུཾ་སྙན་ལ་རིང་བར་བརྗོད་པས་ཧཱུཾ་དེ་ལ་ཞུགས་ཏེ་སོང་། འཁྱོག་མཚམས་སུ་ངལ་བསོ་ཞིང་མཐར་ཐུག་གི་བར་ཕྱིན། ཚུར་ལོག་པ་ལ་སྦྱང་བ་ལམ་དུ་ཞུགས་པ་སྟེ། ངག་ནི་ཧཱུཾ་ཞེས་གནས་པ་ལ། །རྒྱས་བཏབ་པ་དང་རྩལ་སྦྱང་དང་། །བསྙེན་བཙལ་ལམ་དུ་ཞུགས་པ་ཡི། །ངག་སྦྱངས་སེམས་ལ་ཕན་པ་ཡིན། །ཞེས་གསུངས། གསུམ་པ་ནི། རིག་པ་འདི་དང་པོ་གང་ལས་ཚུལ་ཇི་ལྟར་བྱུང་ཕྱི་ནང་བར་གང་དུ་གནས། མཐར་གང་དུ་ཇི་ལྟར་འགག་པ་རྩད་བཅད་པས་སེམས་ཀྱི་ངོ་བོ་སྟོང་པ་ཉིད་བྱུང་གནས་འགྲོ་གསུམ་དང་བྲལ་བ་ཡིན་པ་ལ་ཡིན་པར་ངེས་ཤེས་སྐྱེ་བ་ཡིན་ནོ། །སེམས་ཉིད་དང་པོར་བྱུང་བ་དང་། །བར་དུ་གནས་དང་ཐ་མར་འགྲོ །དེ་ལྟར་སེམས་ལ་བརྟགས་བྱས་ནས། །སེམས་སྦྱང་སེམས་ཀྱི་གནས་ལུགས་ཤེས། །ཞེས་གསུངས། དེ་ནས། ལུས་ངག་ཡིད་གསུམ་ཐ་མལ་གྱི་རྐྱེན་གྱིས་མི་གཡོ་བར་རང་བབས་སུ་འདུག་པས་རྣལ་དུ་དབབ་པར་བྱའོ། །གཉིས་པ་དངོས་གཞི་ལ། དབང་པོ་ཡང་རབ་ཐོས་གྲོལ་དུས་གཅིག་གིས་ཁྲིད་པ་ཁྲེགས་གཅོད། དབང་པོ་རབ་བསྒོམ་པའི་ཡུན་གྱིས་ཁྲིད་པ་ཐོད་བརྒལ་གཉིས་ལས། དང་པོ་ལ། ངོ་རང་ཐོག་ཏུ་སྤྲད་པས་ལ་བཟླ། ཐག་ཆིག་ཆོད་དུ་བཅད་པས་ཆིངས་བསྡམས། གདེངས་གྲོལ་ཐོག་ཏུ་བཅའ་བས་འཕྲང་བསལ་བའོ། །དང་པོ་ནི། ཕྱི་སྣང་བ། ནང་རིག་པ། བར་གཟུང་འཛིན། སྣང་རྟོགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མེད་པ་གསལ་སྣང་ཙམ་སྟེ། བློ་ལ་སྣང་ཡང་སྣང་དུས་དེ་ཉིད་དུ་ཕྱི་ནང་གང་དུ་ཡང་ཡོད་མ་མྱོང་པས། རབ་རིབ་ཅན་གྱི་སྐྲ་ཤད་དང་མཚུངས་ལ། ཐམས་ཅད་རིག་པའི་ངོ་ལ་རང་སྣང་བའི་ཆ་ནས་ཅིར་བརྟགས་ཀྱང་མི་འགལ་ཞིང་། སྟོང་པའི་ངོས་ནས་རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང་། དག་སྣང་འདས་པ་མ་མཐོང་། འཁོར་འདས་ཀྱི་རིག་པ་མ་མཐོང་། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལས་གཡོས་པ་མེད་དེ། ངོ་བོར་མ་གྲུབ་པས་མཐོང་བ་དང་མཐོང་བྱེད་ལས་འདས་པ་རིག་པའི་ངང་ནས་ཤར་བས་འཁོར་འདས་རིག་པའི་རང་མདངས་སམ་རོལ་པ་ཞེས་བཏགས་པ་ཙམ་སྟེ། དོན་དུ་ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་བཅིངས་གྲོལ་སྤང་བླང་མེད་པའི་ངང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས་འཁོར་འདས་མིང་མེད་ཆེན་པོར་ལ་བཟླ་བའོ། །ཚུལ་འདི་རྗེ་བཙུན་རས་ཆུང་ཞབས་ཀྱིས་ཀྱང་། རྫོགས་པ་ཆེན་པོ་ལ་ཕྱོགས་རིས་མེད། །ཕྱོགས་རིས་བྱུང་ན་རྫོགས་ཆེན་མིན། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་ལ། མ་བཅོས་པར་གློད་པ། ཐོག་བབས་སུ་གཞག་པ། མཉམ་པ་ཆེན་པོ་ཁྱབ་གདལ་བ་གསུམ་ལས། དང་པོ་ནི། ལུས་སྐྱིལ་ཀྲུང་། མིག་བར་སྣང་ལ་སྲིག་གེ་བལྟས་ཏེ། བློས་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་ཕྱིར་མི་སྤྲོ། ནང་དུ་མི་སྡུད། བར་དུ་མི་སེམས་སེམས་ཀྱི་འཕྲོ་འདུ་ཀུན་བཅད་ནས་རིག་པ་དྭངས་སང་ཕྱེད་པའི་ངང་ངོས་གཟུང་སྟེ། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེན་ནེ་གཞག་གོ །དེ་ཡང་། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་གཞག་པས་ངོ་མཚར་ཆེ། །ཞེས་གསུངས་སོ། །དེ་ལྟར་གཞག་པས་རླུང་ལྔ་དབྱིངས་སུ་འཆིངས་ཏེ་རང་སྣང་དག་པའི་འོད་གསལ། ཕྱིར་དུ་བ་སྨིག་རྒྱུ་འཇའ་འོད་ལ་སོགས་པ་དང་། ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེའོ། །ཞེས་གསུངས་སོ། །གཉིས་པ་ནི། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ལ་བཅར་ཕོག་ཏུ་གཞག་པས་རང་སངས་སུ་ཆལ་ཆལ་སོང་བའི་ངང་དུ་མ་ཡེངས་པར་འཇོག་པའོ། །སེམས་ནི་དམ་དུ་མ་བཅིངས་པར། །རང་ཤར་ངང་ལ་མ་ཡེངས་པའོ། །ཞེས་གསུངས། དེ་ལྟར་ཤེས་པ་གང་འགྱུས་ཀྱི་སྟེང་དུ་གཞག་པས་སེམས་ཀྱི་ཁང་བུ་རང་ཞིག་ནས་འགྱུ་བ་རྟོག་སངས་ཀྱི་འབྲས་བུ་འཆར་རོ། །གསུམ་པ་ནི། ཚོགས་དྲུག་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་སྣང་བ་ཡུལ་གྱི་གནད་གང་སྣང་གི་སྟེང་དུ་གཞག་པས་བེམ་པོའི་སྣང་བ་དེར་འཛིན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་འཆར་བ་ཡིན་ནོ། །དེ་ཡང་། ལུས་དང་ཡུལ་དང་རིག་པ་ཡི། །རང་སྣང་དག་པའི་ཚད་དུ་གཟུང་། །ཞེས་སོ། །གསུམ་པ་གདེངས་གྲོལ་ཐོག་ཏུ་བཅའ་བས་འཕྲང་བསལ་བ་ནི། ཉན་རང་ལྟར་ཉོན་མོངས་སྤོང་བ། །སེམས་དཔའ་ལྟར་སྦྱོང་བ། ཐེག་པ་ཐུན་མོང་བ་ལྟར་གཉེན་པོས་འདུལ་བ། སྔགས་འོག་མའི་བསྐྱེད་རིམ་ལྟར་བསྒྱུར་བ། རྫོགས་རིམ་ལྟར་རང་ཞིར་གཏོང་བ། སེམས་སྡེ་ལྟར་རང་ལུགས་སུ་འཇོག་པ། ཀློང་སྡེ་ལྟར་དེ་ཉིད་ཆོས་ཉིད་དུ་བྱེད་པས་དག་པ་ལྟ་བུ་མ་ཡིན་གྱི། ཕྱི་ནང་གཉིས་མེད་ཟང་ཐལ་བའི་རིག་པ་ཤེལ་གོང་དྲི་མ་མེད་པ་ལྟ་བུ་ལ་གཞི་མེད་པའི་གནད་ཀྱིས་འཁྲུལ་པའི་རྒྱུ་མེད་པས་རྩལ་དང་བྲལ་བའི་རིག་པ་ལ་ལམ་མེད། ལམ་མེད་པས་འབྲས་བུ་ཁམས་གསུམ་དུ་ལྡོག་པའི་ས་མེད་དེ། ཡེ་ནས་གྲོལ་ཟིན་ནམ་མཁའ་ལྟ་བུའི་དགོངས་པར་ལྷུན་གྱིས་གྲུབ་ཟིན་པ་ཡིན་ནོ། །དེ་ལྟར་ཕྱི་སྣང་བ། ནང་ལུས་སེམས་དང་བཅས་པ་ཐམས་ཅད་མེད་པ་གསལ་སྣང་ཆུའི་ཟླ་བ་ལྟ་བུར་རྟོགས་པས་རྩལ་འབྱོངས་ཚེ་རིག་པ་ནམ་མཁའ་ལྟ་བུའི་དོན་ལ་གནས་པའི་ཕྱིར་ཆོས་ཟད་པས་སྣང་བ་དང་ལུས་ཆུ་ཟླ་ལྟ་བུ་འབྱོངས་ཏེ། རྩིག་པ་དང་ར་བ་ལ་སོགས་པ་ལ་ཐོགས་པ་མེད་ཅིང་། སྤྱན་དང་མངོན་ཤེས་ཚད་མེད་འཐོབ། འཕགས་པའི་བདེན་པ་མཐོང་ནས་ཡང་སྲིད་རྣམ་པར་གྲོལ་ཏེ། ཀ་དག་གི་ས་ལ་འགྲོལ་བ་ནི། འབྱུང་བཞིའི་རྡུལ་ཕྲན་ནུས་མེད་པོ་ཡེ་ཤེས་ཀྱི་མེས་བསྲེགས་ཏེ། ན་བུན་ཡལ་བ་ལྟར་ནམ་མཁའི་མཐོངས་སུ་སྐུའི་རྫུ་འཕྲུལ་བསྟན་ནས་དོན་དུ་འགྱུར་ན་ཡེ་ཤེས་ཀྱི་མེས་བསྲེགས་པའི་རྡུལ་ཕྲན་དེ་དག་སྐུ་གདུང་རིང་བསྲེལ་དུ་བྱིན་གྱིས་རློབ་ཅིང་མི་འགྱུར་ན་རང་དངོས་སུ་ཞི་བར་མཛད་ནས་རིག་པ་ཆོས་སྐུའི་དབྱིངས་སུ་ཞུགས་ཏེ་གཟུགས་སྐུ་འཕྲིན་ལས་དང་བཅས་པ་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །དབང་པོ་རབ་བསྒོམ་པའི་ཡུན་གྱིས་བཀྲི་བ་ཐོད་བརྒལ་ལ། རབ་ཡེ་ཤེས་ཀྱི་རང་མདངས་ལ་འཁྲིད་པ་ཚེ་འདི་ཉིད་ལ་འཚང་རྒྱ་བའི་གདམས་ངག འབྲིང་ཆོས་ཉིད་སྟོབས་སུ་བྱས་ནས་ཆོས་ཉིད་ཀྱི་བར་དོར་འཚང་རྒྱ་བའི་གདམས་ངག མཐའ་མ་མངལ་དུ་མི་གཏོང་བ་སྤྲུལ་པ་སྐུའི་ཞིང་དུ་དབུགས་དབྱུང་བའི་གདམས་ངག་གོ །དང་པོ་ལ། གནད་གསུམ་གཟིར་ནས་མངོན་སུམ་རང་ཐོག་ཏུ་སྤྲད་པ། དེ་ལས་སྣང་བ་བཞིན་ཇི་ལྟར་འཆར་ཚུལ་བཤད་པ་གཉིས་ལས། དང་པོ་ལ། བཅའ་བ་ལུས་ཀྱི་གནད་གསུམ། གཟིགས་པ་སྒོའི་གནད་གསུམ། ཁྲིད་པ་དབྱིངས་ཀྱི་གནད་གསུམ། སྣང་བ་ཡུལ་གྱི་གནད་གསུམ་སྟེ། བཞི་ལས། དང་པོ་ནི། ལུས་འགྱིང་ཚུགས་རྐང་མཐིལ་གཉིས་ས་ལ་ཕབ། ལག་སོར་བསྒོངས་ཏེ་སར་བཙུགས། རོ་སྟོད་སེང་ལ་བོར། རྩལ་མཇིང་པ་ལ་བསྐྱུར་བ་ཆོས་སྐུ་སེང་གེའི་འདུག་སྟངས། ཁ་སྦུབ་པུས་བྲང་དུ་སྦྱར། རྐང་སོར་ཕྱིར་འཕུལ། ལག་པའི་གྲུ་མོ་ས་ལ་སྦྱར་ཏེ་ལྐོག་མ་བརྟེན། མགྲིན་པ་ཅུང་ཟད་གྱེན་ལ་བཏེགས་པ་ལོངས་སྐུ་གླང་པོ་ཆེའི་འདུག་སྟངས། ལུས་ཙོག་པུ་པུས་བྲང་སྦྱར་བའི་པུས་སྟེང་དུ་གྲུ་མོ་བསྣོལ། ལུས་སྤྱི་དང་མཇིང་པ་ཐད་ཀར་བསྲང་བ་སྤྲུལ་སྐུ་དྲང་སྲོང་གི་འདུག་སྟངས་ཏེ། ལུས་གནད་དེ་དག་ཁོང་ལྷོད་པར་བཅས་པས་རྩ་རླུང་བདེ་ལུགས་སུ་གནས་པའི་དགོས་པ་ཡོད་ཅིང་། རླུང་གི་གནད་ཀྱང་ཁ་དང་། གློ་བར་འབྲེལ་བའི་གློ་བའི་རྩ་བའི་རྩ་སོག་སྦུབས་ཙམ་དེའི་ནང་གི་སེམས་ཀྱི་རྟ་དེ་རང་འགགས་ལ་གཏོང་བའི་ཕྱིར། རླུང་ཁ་ནས་དལ་བུས་ཕྱིར་དྲངས་ལ་ཡུན་ཇི་ཙམ་གནས་པ་བཟུང་བས། རྟ་དང་མི་གཉིས་སོ་སོར་བྲལ་ཏེ་མི་སྙིང་ནང་གི་རིག་པ་ལ་ཐིམ་ནས་མི་རྟོག་པའི་བསམ་གཏན་རང་བབས་སུ་འབྱུང་བ་ཡིན་ནོ། །གཉིས་པ་ནི། ཙིཏྟ་རིན་པོ་ཆེའི་ནང་ན་གཞི་འཛིན་པའི་ཀ་དག་གི་འོད་གསལ་སྙིང་པོ་ལྔ་ལྡན་གྱི་རིག་པ་གདོད་མའི་མགོན་པོ་འོད་མི་འགྱུར་བ་དེ་ངོ་བོ་ཀ་དག་ལ། རང་བཞིན་ལྷུན་གྲུབ། ཐུགས་རྗེ་སེམས་ཅན་ཀུན་ལ་ཁྱབ་པར་བཞུགས་པ་ཞི་ཁྲོ་ལ་སོགས་པ་ཀུན་གྱི་འབྱུང་གནས་སུ་གྱུར་པ་དེ་ནི་བུམ་ནང་གི་མར་མེ་བཞིན། ཤ་ཁྲག་གི་སྦུབས་ཀྱིས་མ་འཐུམས་པར་རིག་པའི་རང་གདངས་ཕྱིར་གསལ་བའི་སྒེར་ཁུང་ལྟ་བུའི་སྒོའི་གནད་ནི་མིག་ཡིན་པས་དེ་མི་བསྒུལ་བར་གཟིར་ཏེ། ཆོས་སྐུའི་གཟིགས་སྟངས་གྱེན་དུ་བཟློག་སྟེ་སྟེང་གི་ནམ་མཁའ་ལ་བལྟ་བ་དང་། ལོངས་སྐུའི་གཟིགས་སྟངས་ཟུར་གྱི་ཐད་ཀ་ལ་བལྟ་བ་དང་། སྤྲུལ་སྐུའི་གཟིགས་སྟངས་ས་ལ་ཕབ་སྟེ་བལྟ་བར་བྱ་སྟེ། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཞེས་སོ། །གསུམ་པ་ནི། འཆར་སྒོ་རྙེད་ནས་མིག་དལ་བུས་སྟེང་། ཟུར་འོག་གང་སྣང་གི་སྟེང་དུ་དབྱིངས་སྣང་ཁྲིད་ཤེས་པ་མ་འགྱུས་པར་ཤིག་གེ་འཇོག་པ་སྟེ། དབྱིངས་ཀྱི་གནད་ནི་ཁྲིད་པ་སྟེ། །ཞེས་སོ། །བཞི་པ་ནི། ཕྱིའི་ཡུལ་སྤྲིན་མེད་པའི་ནམ་མཁའི་དབུས། ཉི་མ་ལ་ཁྲུ་གང་ཙམ་གྱི་འོག་ཏུ་གཏད་། དེའི་རིག་པ་དྭངས་སངས་ཕྱེད་པས་སྣང་བའི་འཕེལ་མྱུར། ནང་གི་ཡུལ་དབྱིངས་ཀྱི་སྒྲོལ་མ་ལ་གཏད། རྡོ་རྗེ་ལུ་གུ་རྒྱུད་ཤར་བ་དང་དེ་ཉིད་བཙོན་དུ་བཟུང་བས་འོད་གསལ་མ་བུ་འབྲེལ། གསང་བའི་ཡུལ་རིག་པ་རང་དྭངས་ཨ་ལ་གཏད་པས་རྡོ་རྗེ་ལུ་གུ་རྒྱུད་སོ་སོར་རང་རིག་མཐོང་བས་ཀ་དག་ཆོས་ཟད་ཀྱི་དགོངས་པ་རང་ས་ན་གསལ་ལོ། །གལ་ཏེ་དབྱིངས་རིག་གི་སྣང་བ་མ་ཤར་ན་མིག་ཟུར་ལ་མཉམ་པར་བལྟས་ནས། མཐོང་དུས་ནམ་མཁའི་དཀྱིལ་སྨིན་ཕྲག་གི་ཐད་ལ་མི་བསྒུལ་བར་བལྟ་བ་གནད་ཡིན་ཏེ། མིག་ནི་ནམ་མཁའ་ཁམས་སུ་བརྟག །སངས་རྒྱས་སྐུ་ཡི་ཐིག་ལེ་འཆར། །དེ་ཉིད་དགོངས་པའི་དྲོད་རྙེད་ནས། །རིག་པའི་སྐུ་ནི་ལུ་གུ་རྒྱུད། །སྐུ་དང་བཅས་པ་སྣང་བའོ། །ཞེས་གསུངས། གཉིས་པ་དེ་ལས་སྣང་བ་བཞི་ཇི་ལྟར་འཆར་ཚུལ་བཤད་པ་ལ། ཆོས་ཉིད་མངོན་གསུམ་གྱི་སྣང་བ། ཉམས་གོང་འཕེལ་གྱི་སྣང་བ། རིག་པ་ཚད་ཕེབས་ཀྱི་སྣང་བ། ཆོས་ཉིད་ཟད་པའི་སྣང་བ་བཞི་ལས། དང་པོ་ནི། འཁོར་འདས་གཉིས་ཀྱི་ཆ་འཛིན་པས་དག་སྣང་དང་འཁྲུལ་སྣང་མཐོང་བྱེད་དུ་སྐྱེས་པའི་དབང་རྟེན་དྭངས་བ་དང་། དེ་ལ་བརྟེན་པའི་འོད་རྩ་དྭངས་བ་ནི་རྒྱང་ཞགས་ཆུའི་སྒྲོན་མའོ། །དེས་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བས་གྲུབ་མཐའ་འདོད་རྒྱལ་དུ་འཛིན་པ་ལས་བློ་བཟློག་སྟེ། དེ་ཡང་ཆོས་ཉིད་ནི། དངོས་པོ་གཤིས་ཀྱི་གནས་ལུགས་ངོ་བོ་ངོས་གཟུང་དང་བྲལ་བས་བདེན་པར་མ་གྲུབ། རང་བཞིན་ཡེ་ནས་རྣམ་དག་གི་ངང་དུ་རང་གསལ་བས་མེད་ཅེས་སྟོང་པ་ཆད་ཆད་མ་ཡིན་པས་རྟག་ཆད་ཀྱི་མཐའ་དང་བྲལ་ཞིང་མཐའ་བྲལ་ལས་ཀྱང་འདས་པའོ། །མངོན་སུམ་ནི་དེ་རྗེས་སུ་དཔག་མ་དགོས་པར་དབང་པོའི་སྤྱོད་ཡུལ་དུ་དངོས་སུ་མཇལ་བར་བྱར་ཡོད་པས་སོ། །སྣང་བཞིའི་མཁའ་ལ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་རིག་དབྱེར་མི་ཕྱེད་ཚུལ་ཏེ། དེ་ཡང་ལུས་ངག་ཡིད་མི་བསྒུལ་བ་གསུམ་ལ་གཞི་བཅས། ཡུལ་ནམ་མཁར་རླུང་སེམས་འཕུལ་ཏེ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལྟ་བུ་བྲེང་ཆགས་འཁྱོག་མཚམས་ཐིག་ལེས་སྦྲེལ་བ་ལ་མིག་མི་བསྒུལ་བར་བསྡད་པས། ཐོག་མར་དཀར་ཟིང་ཟིང་བ་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་རེ་རེ་བ་གསུམ་སྦྲེལ་གྱི་བར་མཐོང་སྟེ། དེའི་ཚེ་ལུས་རུ་སྦལ་འཁར་གཞོང་དུ་བཅུག་པ་དང་། སེམས་བྱ་རྙི་ལ་ཟིན་པ་ལྟ་བུར་འགྱུར་ཞིང་མངོན་པར་ཤེས་པ་དང་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བ་ཡིན་ནོ། །གཉིས་པ་ནི། ཐིག་ལེ་འོད་ལྔའི་མུ་ཁྱུད་ཟླུམ་པོས་བསྐོར་བ་རང་གསལ་ཁ་དོག་དྭངས་པ་ནི་ཐིག་ལེ་སྟོང་པའི་སྒྲོན་མ་སྟེ། དེས་ཉམས་གོང་འཕེལ་དུ་མཐོང་བས་བདེ་བ་རང་རྒྱུད་དུ་འཛིན་པའི་སྣང་བ་ལས་བློ་བཟློག་སྟེ། དེ་ཡང་ཉམས་ནི་ཤེས་ཉམས་ལ་མི་བྱ་བར་སྣང་ཉམས་ལ་བྱ་སྟེ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའི་ལས་ཀྱི་མཐའ་ཕྱིར་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོལ་རང་སངས་སུ་དག་པའི་འཛིན་ཆའི་ཕྱེད་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ་ཞེས་བྱའོ། །གོང་འཕེལ་ནི་སྣང་བ་དེ་དག་ཇེ་བཀྲ་ཇེ་ལེགས་ཇེ་མང་ལ་སོང་བའོ། །སྣང་བ་ནི་རིག་པ་ཚད་ལ་མ་ཕེབས་ཀྱི་བར་དུ་ཤར་བ་ཐམས་ཅད་དོ། །དེ་ཡང་། ཆོས་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པས་ཤེས་པ་འཕྲོ་བསྡུ་དང་བྲལ་ནས། རྣམ་པར་མི་རྟོག་པའི་ངང་ལ་ལྷན་གྱིས་གནས་པ་ངོ་བོ་ཀ་དག་གི་རིག་གདངས་ནམ་མཁར་གཏད་པས་སྐུ་དང་ཐིག་ལེ་ལ་སོགས་པར་སྣང་བ་རང་བཞིན་ལྷུན་གྲུབ་ཀྱི་གདངས་སོ། །དེའི་ཚེ་འཁྲུལ་པའི་སྣང་བ་འདི་ནུབ་ནས་དག་པ་ཡེ་ཤེས་འོད་ལྔའི་སྣང་བ་རྩིབས་ཤར་དང་གྱེན་བསྒྲེང་མདུང་རྩེའི་རྣམ་པ་དང་། རེ་ལྡེ། པདྨ་སྟོང་ལྡན། མཆོད་རྟེན་རིས། ཐིག་ལེ་མེ་ལོང་ཙམ་དང་། འཁར་གཞོང་ཙམ། ཕུབ་ཙམ། འོད་ཡུལ་གྲུ་ཙམ། གར་བལྟས་འོད་ཀྱི་འཇིག་རྟེན་དུ་འཆར་རོ། །ཚུལ་དེ་རིག་པ་ལ་ཉིན་མཚན་མེད་པར་སྣང་བས་ན་ལུས་ལ་གཉེར་མ་མེད་ཅིང་ཟས་སྐོམ་གྱི་སྣང་བ་མི་འཆར། རང་སྣང་ལ་འབྲལ་མི་ཕོད་པ་དང་། འཁྲུལ་པའི་གཏམ་མི་འབྱུང་། ནམ་མཁའ་ལ་དངོས་སུ་འགྲོ། ཐིག་ལེ་ཡུལ་ཁམས་ཙམ་མུ་ཁྱུད་ལྔ་ལྡན་གྱི་ར་བས་བསྐོར་བ་ཤར་ཚེ། སྔར་མི་ཤེས་པའི་ཆོས་ཤེས་ཤིང་། དགྲ་གཉེན་གྱི་འཁྲུལ་པ་ཞིག འདིའི་དུས་ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་ཤར། ནང་རིག་པ་སྡོད་པས་འཁྲུལ་པའི་རྒྱུ་དང་བྲལ། གསང་བ་རླུང་སེམས་སྡོད་པས་རྣམ་པར་རྟོག་པ་སྐྱེ་མི་སྲིད་དོ། །གསུམ་པ་ནི། མཐིང་ཁ་ལས། ལྔ་ལྡན་དུ་མཆེད་དེ་འོད་ལྔའི་མུ་ཁྱུད་ཟླུམ་པོ་ནང་ན་པད་འདབ་དང་བཅས་པ་ཟ་འོག་བེར་ཁྱིམ་ལྟར་སྣང་བ་སྟེ། རིག་པ་ལུ་གུ་རྒྱུད་གཟེར་འདེབས་པའི་ར་བར་བྱུང་བ་ནི་དབྱིངས་རྣམ་དག་གི་སྒྲོན་མ་སྟེ། དེས་རིག་པ་ཚད་ཕེབས་སུ་མཐོང་བ་མ་དག་པ་འཁྲུལ་པའི་སྣང་བ་ལས་བློ་བཟློག་སྟེ། རིག་པ་ནི། གཞི་འཛིན་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་། ཡུལ་གྱི་རིག་པ་སྟོང་གསལ་གང་དང་ཡང་དབྱེར་མི་ཕྱེད་པའོ། །ཚད་ནི་ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་དབང་ཐོབ་པས་རང་ལུས་འོད་གསལ་དུ་གྲོལ། གསང་བ་རིག་པ་ལ་དབང་ཐོབ་པས་ལྔ་ལྡན་ལྷ་སྐུར་སྨིན་པའོ། །སྣང་བ་ནི་དེ་ལྟར་ཤར་བའི་ངང་ལ་གནས་པའོ། །དེ་ཡང་། ལྔ་ལྡན་འོད་ཀྱི་སྣང་བས་འཇིག་རྟེན་གྱི་ཁམས་ཀྱི་ས་རྡོ་རི་བྲག་གི་སྣང་བ་ཐམས་ཅད་ནུབ་ཅིང་མུ་ཁྱུད་ལྔ་ལྡན་གྱི་ཐིག་ལེ་འཆར། དེ་དག་རེའི་ནང་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་རྐྱང་པ་དང་། གྲོགས་རིགས་ལྔ་རེ་རེ་ལ་གཞན་བཞིས་བསྐོར་བ་དང་། ལྔ་ལྡན་འོད་ཀྱི་རིགས་ལྔས་སྟོང་གསུམ་གང་དུ་བལྟས་པ་ཐམས་ཅད་ཁེངས། རིག་པ་རྡོ་རྗེ་ལུ་གུ་རྒྱུད་འགུལ་བ་མ་ཡིན། དེའི་ཚེ་རང་གི་ལུས་ཀྱང་འོད་གསལ་ཟང་ཐལ་དུ་གྲོལ་ཏེ། རྡོས་བཅས་ཤ་ཁྲག་ཏུ་སྣང་བ་མེད་དོ། །འདིའི་དུས་ན་རིགས་ལྔའི་ཐུགས་ཀ་ནས་འོད་ཤིན་ཏུ་ཕྲ་བ་ཐག་པ་བསྒྲིལ་པ་ལྟ་བུ་རང་ལ་ཟུག་པ་དང་། དེ་བཞིན་གཤེགས་པའི་གཙོ་བོ་ལ་གཞན་རྣམས་བཞིས་བསྐོར་བ་རང་གི་སྙིང་གར་ཟུག་པ་ཡང་འབྱུང་ངོ་། །བཞི་པ་ནི། རྒྱང་ཞགས་ཐིག་ལེ་དབྱིངས་གསུམ་མ་བསྒུལ་བར་གཏད་པས། ནང་དུ་རང་རིག་དྭངས་སངས་ཕྱེད་པ་རང་གནས་ཀྱི་དགོངས་པ་ཀློང་རྡོལ་གྱི་ཤེས་རབ་དང་བཅས་པ་ནི་ཤེས་རབ་རང་བྱུང་གི་སྒྲོན་མ་སྟེ། དེས་ཆོས་ཉིད་ཟད་པའི་སྣང་བ་མཐོང་སྟེ་སྐུ་དང་ཡེ་ཤེས་སུ་ཞེན་པ་ལས་བློ་བཟློག་པའོ། །ཆོས་ཉིད་ནི་དངོས་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་གནས་པ་དེའོ། །ཟད་པ་ནི་ལུས་སེམས་ཀྱི་སྤྲོས་པ་དང་གྲུབ་མཐའི་ཞེན་པ་ཀུན་ཟད་དེ་ཅིར་ཡང་གྲུབ་པ་མེད་པའོ། །སྣང་བ་ནི་སེམས་ཉིད་སྒྲིབ་བྲལ་གྱི་མཁར་ཐུགས་རྗེའི་ཡེ་ཤེས་ཀྱི་མཛད་པའི་སྤྲིན་རྒྱུན་མི་འཆད་པར་འཆར་བའོ། །དེ་ཡང་། རིག་པ་ཚད་ཕེབས་ཀྱི་སྣང་བ་རྫོགས་ནས་ཆོས་ཉིད་ཟད་པའི་སྣང་བ་ལ་ཇེ་ཐིམ་ཇེ་ཐིམ་དུ་གྱུར་ཏེ། ལུས་ཀྱང་རེས་སྣང་རེས་མི་སྣང་བ་ཙམ་དུ་འགྱུར་བས། སྐབས་སུ་རང་གི་ལག་པའི་སོར་མོ་འོད་དུ་སྣང་བ་དག་ཡིན་ནོ། །དེའི་ཚེ་ལུས་སེམས་གཉིས་མེད་འོད་ཀྱི་རང་བཞིན་དུ་འདྲེས་པས་ཐུགས་རྗེའི་ཟེར་ཐག་འདུས་ཏེ་རིགས་ལྔའི་ཐུགས་ཀར་ཐིམ་ནས་མཐར་ཕྱིན་མི་སློབ་པའི་ལམ་སངས་རྒྱས་ཀྱི་གཞི་གདོད་མའི་ཀུན་ཏུ་བཟང་པོའི་ཀློང་དུ་བྱང་ཆུབ་པར་ཉེ་བ་ཡིན་ནོ། །དེའི་དུས་ངོ་བོ་ཀ་དག་གི་སྣང་བ་མཐོང་དུ་ཉེ་བས། ཆོས་ཅན་དང་ཆོས་ཉིད་ཀྱི་སྤྲོས་པ་ཀུན་ཟད་སར་འཁྱོལ་བའོ། །འདིའི་དུས་ན་སྐྱེ་བ་ལ་རང་དབང་ཐོབ་པས་སེམས་ཅན་གྱི་དོན་བྱེད་པར་འདོད་ན། རང་གི་ལག་པའི་སོར་མོ་ལ་གཏད་ཅིང་བལྟས་པས་ཟད་པའི་སྣང་བ་རང་ལོག་སྟེ། སེམས་ཅན་གྱི་དོན་དུ་འཕོ་བ་ཆེན་པོའི་སྐུ་འཇིག་རྟེན་དུ་ཇི་སྲིད་གནས་ཀྱང་སྐྱེ་འཆི་མེད་པ་རྡོ་རྗེ་སྐུ་ཐོབ་པར་འགྱུར་རོ། །དེའི་ཚེ་གང་ལ་གཏད་པའི་དངོས་པོ་འཇུ་བར་ནུས་པ་དང་། བེམ་པོ་ལ་རིག་པ་བཅུག་ན་དེ་ཉིད་འགུལ་བ་དང་། སྐད་འབྱིན་པར་ནུས་པ་དང་། མི་ལུས་ཐོབ་པའི་སེམས་ཅན་སུམ་སྟོང་ལ་རང་གི་རིག་པ་བཅུག་ན་འབྱུང་བ་དག་ནས་དེ་ཉིད་དུ་སངས་རྒྱས་པར་འགྱུར་རོ། །རྟགས་འདི་དག་མ་རྫོགས་པར་གྲོལ་བ་ཐོབ་པ་ཡོད་དོ། །དང་པོའི་གཞི་ཆོས་ཉིད་མངོན་སུམ་དུ་མ་མཐོང་ན་ལྷག་མ་གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བའོ། །དེ་ཉིད་ཤར་བས་ཆོས་ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། །དེ་ནས་མངོན་སུམ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། དོན་ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། །དེ་ལྟར་ཉམས་སྐྱེས་པའི་ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང་། འཚང་ལ་རྒྱ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་བའོ། །རིག་པའི་སྣང་བ་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་བ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ། །དེ་དག་ཀྱང་དང་པོ་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་བུ་ཆོས་ཟད་ཀ་དག་གི་དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་གདོད་ཕྱིར་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱའོ། །གཉིས་པ་འབྲིང་ཆོས་ཉིད་སྟོབས་སུ་བྱས་ནས་ཆོས་ཉིད་ཀྱི་བར་དོར་འཚང་རྒྱ་བའི་གདམས་ངག་ལ། རང་བཞིན་གནས་པའི་བར་དོར་ཤེས་བྱའི་དྲས་ཐག་བཅད་པ་ཐི་བ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག འཆི་ཀ་མའི་བར་དོ་ལ་མི་གསལ་བ་གསལ་འདེབས་པ་སྒེག་མོ་མེ་ལོང་བལྟ་བ་ལྟ་བུའི་གདམས་ངག ཆོས་ཉིད་བར་དོར་རང་སྣང་ལ་ཡིད་ཆེས་པ་བུ་མའི་པང་དུ་འཇུག་པ་ལྟ་བུའི་གདམས་ངག་གསུམ་ལས། དང་པོ་ནི། རང་བཞིན་གནས་པའི་བར་དོ་ལ་རྒྱུད་ལུང་མན་ངག་ཟབ་མོས་ཚིག་གི་སྒྲོ་འདོགས་བཅད། བསྒོམས་པས་དོན་རང་ཐོག་ཏུ་ཕབ་སྟེ། ཆོས་ཉིད་ཀྱི་ངང་དུ་ལ་བཟླ་བ་ནི། བྱ་ཐི་བར་རང་གི་ཚང་དུ་འཇུག་པ་ལྟ་བུའོ། །གཉིས་པ་ནི། ཕྱི་ནང་གི་འཆི་ལྟས་བརྟགས་ནས་འཆི་བ་བླུ་བའི་ཐབས་ལ་འབད། མ་སླུས་ན་གསང་བའི་འཆི་ལྟས། ས་ས་ལ་ཐིམ་པས་བག་བཞི་ས་ལ་ལྷུང་། ཤེས་པ་རྨུགས་སུ་འགྲོ །ཆུ་ཆུ་ལ་ཐིམ་པས་ཁ་སྣ་མིག་རྣ་བ་ནས་ཆུ་གློ་བུར་དུ་འབྱུང་ཞིང་བསྐམས། སོ་དྲེག་ཆགས། ཤེས་པ་ལང་ལོང་དུ་འགྲོ། མེ་མེ་ལ་ཐིམ་པས་དྲོད་སྡུད། མིག་གི་བཀྲག་ཤོར། ཤེས་པ་ནག་ཐིབས་འགྲོ །རླུང་རླུང་ལ་ཐིམ་པས་ཕྱི་དབུགས་རྒོད་ཅིང་རྩེགས་མ་མང་། ནང་དུ་ཤེས་པ་མི་གསལ། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་དབུགས་ཆད། ནང་དབུགས་ལུས་པའི་དུས་གྲོགས་མྱོང་བ་ཅན་གྱིས་སྨྱུག་མའི་དབུགས་ཆུས། སྐྱེས་པའི་གཡས། བུད་མེད་ཀྱི་རྣ་བ་གཡོན་པར་གཏད་ལ། ཁྱོད་རང་གི་ཤེས་པ་དག་པའི་སྣང་བ་ཆོས་ཉིད་ཀྱི་བར་དོ་ལ་འོད་དང་ཐིག་ལེ་སྐུའི་སྣང་བ་འཆར་བ་ཡིན་གྱི། དེ་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག་ཅེས་ལན་གསུམ་དུ་བརྗོད་པར་བྱའོ། །གསུམ་པ་ལ་འཇུག་པ་ཚོམ་བུའི་སྣང་བ། གྲོལ་བ་ཡེ་ཤེས་ཀྱི་སྣང་བ། མཐར་ཕྱིན་པ་ལྷུན་གྲུབ་ཀྱི་སྣང་བ་གསུམ་ལས། དང་པོ་ནི། རྣམ་ཤེས་ནམ་མཁའ་ལ་ཐིམ་པའི་དུས་ལུས་རྡོས་བཅས་བེམ་སྟོང་དུ་ལིང་གིས་སོང་། དབུགས་བར་སྣང་ལ་བུན་གྱིས་ཡལ་ནས། རིག་པ་མེ་སྟག་ཡར་བའི་རྣམ་པ་ལྟར་ཆོས་ཉིད་བར་དོ་རང་སྣང་དུ་ཤར་བའི་ཚེ། ནམ་མཁའ་ལ་འོད་གསལ་ཐིམ་པ་ཞེས་བྱ་བ་སྣང་བ་ཐམས་ཅད་འོད་ལྔའི་རྣམ་པར་མེར་གྱིས་འཆར་ཞིང་། དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པའི་དུས་རང་གི་ལུས་འོད་དུ་གསལ་ཞིང་། སྣང་བ་ཐམས་ཅད་འོད་ཀྱི་སྐུ་རིགས་ལྔ་ཚོམས་སུ་སྦྲེལ་མ་བསམ་གྱིས་མི་ཁྱབ་པ་འཆར་ཞིང་དེའི་ཚེ་རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོམ་བུའི་ཐུགས་ཀར་འབྲེལ་ནས། ཚོམ་བུའི་སྣང་བ་ལ་སེམས་ཟིན་ཏེ། དེའི་ངང་གི་བསམ་གཏན་ལ་ཞག་ལྔར་གནས་པ་འབྱུང་ངོ་། །གཉིས་པ་ནི། ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་དུས་རང་གི་སྙིང་ག་ནས་འོད་ཟེར་དཀར་པོ་གཅིག་ཤར་བ་དེ་ལས་མཆེད་ནས། རང་གི་དབང་པོའི་ཡུལ་ཙམ་ཁ་དོག་དཀར་པོའི་སྣམ་བུ་ཤིན་ཏུ་གསལ་བའི་དཀྱིལ་དུ། ཤེལ་གྱི་མེ་ལོང་འདྲ་བའི་ཐིག་ལེ་དཀར་པོ་མཆོག་ཏུ་གསལ་བ་ཁ་དོག་བཞིའི་ཐིག་ལེ་ལས་བརྒྱན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་མདངས་དེའི་སྟེང་དུ་མཉམ་ཉིད་ཡེ་ཤེས་ཀྱི་རང་མདངས་སེར་པོ་དང་། སོར་རྟོག་གི་རང་མདངས་དམར་པོ་དང་། ཆོས་དབྱིངས་ཡེ་ཤེས་ཀྱི་སྔོན་པོ་སྟེ། ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་ལ། རང་ཤར་དུ་རང་ངོ་ཤེས་ན་རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་སྟེ། དེ་ཉིད་དུ་ཕྱིར་མི་ལྡོག་པའི་གདེངས་ཐོབ་པ་ཡིན་ནོ། །གསུམ་པ་ནི། ཡེ་ཤེས་བཞིའི་སྣང་བ་ལ་རང་ཐིམ་པའི་སྐད་ཅིག་མ་ལ་སྣང་བ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འོད་ཀྱི་ཟླུམ་པོ། ལྗང་། སེར། དམར་དཀར་བའི་དབུས་མཐིང་ཁ་སྟོན་གནམ་དག་པ་ལྟ་བུ་ཕྱི་ནང་ཟང་ཐལ་བ། དབང་པོའི་སྤྱོད་ཡུལ་དུ་མི་གྱུར་བ་དེ་ཐམས་ཅད་དེ་ལྟར་སྣང་བ་ལྷུན་གྲུབ་ཡེ་ཤེས་རིན་པོ་ཆེའི་སྣང་བའམ། རིན་པོ་ཆེ་གསང་བའི་སྦུབས་ཞེས་བྱ། འདི་ལ་ཤར་ལུགས་བརྒྱད་སྐད་ཅིག་ལ་འབྱུང་སྟེ། ཐུགས་རྗེ་ལྟར་ཤར་བས་སེམས་ཅན་ཀུན་ལ་བརྩེ་བ། འོད་ལྟར་ཤར་བས་འཇིག་རྟེན་གྱི་ཁམས་ཁྱབ་པ། སྐུ་ལྟར་ཤར་བས་ཐམས་ཅད་ཡི་དམ་གྱི་ལྷར་སྣང་། ཡེ་ཤེས་ལྟར་ཤར་བས་སངས་རྒྱས་ཀྱི་ཞིང་ཁམས་མངོན་སུམ་དུ་གསལ། གཉིས་མེད་དུ་ཤར་བས་ཏིང་ངེ་འཛིན་དུ་གནས། མཐའ་གྲོལ་དུ་ཤར་བས་ཆོས་ཉིད་ཟང་ཐལ་དུ་རྟོགས། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་འཁྲུལ་སྣང་གི་ཆོས་རྨི་ལམ་སྒྱུ་མར་མཐོང་། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཇི་ལྟ་བ་ཇི་སྙེད་པའི་ཡེ་ཤེས་ཀྱི་མཁྱེན་པ་ཅི་རིགས་པ་འཆར་རོ། །འདིའི་དུས་རང་སྣང་ལ་ཡིད་ཆེས་པར་བྱས། ཏིང་ངེ་འཛིན་ལ་བློ་གནས་པས་ལྷུན་གྲུབ་ཡེ་ཤེས་རིན་པོ་ཆེའི་གདེང་རྙེད་པ་དེའི་ཚེ་མངོན་པར་ཤེས་པ་དྲུག་ཚན་རྣམས་འཆར་ཞིང་། ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནས། མ་དག་པ་འཁོར་བའི་སྒོ། དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པའི་བར་གྱིས་ལྷུན་གྲུབ་ཀ་དག་ལ་ཐིམ་པ་ཞེས་བྱ་སྟེ། གདོད་མའི་ས་ལ་གྲོལ་བ་མཐར་ཕྱིན་པས། མི་བརྗེད་པའི་གཟུངས་དང་། རྒྱུན་གྱི་ཏིང་ངེ་འཛིན་ལ་སོགས་པ་ནས་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་ཐོབ་པར་འགྱུར་བ་ཡིན་ནོ། །གསུམ་པ་མཐའ་མ་མངལ་དུ་མི་གཏོང་བ་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་བའི་གདམས་ངག་ནི། སྲིད་པ་བར་དོར་རྨི་ལམ་ལྟ་བུ་ཞག་ཞེ་དགུ་གནས་པ་དེའི་ཚེ། གང་དུ་འགྲོ་བར་འདོད་པའི་ཡུལ་དེར་སྐད་ཅིག་གི་ཕྱིན་པ་དང་། གང་ལ་རྣམ་ཤེས་བཅུག་ཀྱང་ཚུད་པ་ལ་སོགས་པའི་ཡོན་ཏན་དང་མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད་པ་ཡོད་ཅིང་། བར་དོ་ནང་དང་ལྷ་མིག་དག་པས་མཐོང་ལ། སྔར་བས་དྲན་པ་བདུན་འགྱུར་གྱིས་གསལ་ཞིང་དབང་པོ་ཀུན་ཚང་བར་ཡོད་པས་ན། སྔོན་བླ་མ་དམ་པས་ངོ་སྤྲད་པའི་ཆོས་ཉིད་མངོན་སུམ་གྱི་དོན་ལ་ཅུང་ཟད་སྦྱངས་པའི་མཐུས། སྤྲུལ་སྐུའི་ཞིང་དེ་དྲན་པ་ཙམ་གྱིས་གོང་གི་བག་ཆགས་ཟད་ནས། གཉིད་སད་པ་ལྟར་སྲིད་པའི་བར་དོ་ལས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་པདྨའི་སྙིང་པོ་ལས་རྫུས་ནས་སྐྱེས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་ཞལ་བལྟ་ཞིང་། ཆོས་ཉན་པ་ལོ་བརྒྱ་ཉི་ཤུ་རྩ་ལྔ་གནས་ནས། ཉོན་མོངས་པ་ཞེ་སྡང་གི་སྒྲིབ་པ་ཡོངས་སུ་སྦྱངས་ནས། ལྷོ་ཕྱོགས་དཔལ་དང་ལྡན་པ་རིན་ཆེན་འབྱུང་ལྡན་ལ་བརྒྱ་ཉི་ཤུ་རྩ་ལྔར་ཆོས་ཉན་ནས། ཉོན་མོངས་པ་གཏི་མུག་སྤངས། པདྨ་བརྩེགས་པར་སྣང་བ་མཐའ་ཡས་ལས་ལུང་བསྟན་པ་ཐོབ་ཅིང་། འདོད་ཆགས་ཀྱི་དྲི་མ་སྦྱངས། ལས་རབ་རྫོགས་པར་དོན་ཡོད་གྲུབ་པས་དབུགས་དབྱུང་། ཉོན་མོངས་པ་ང་རྒྱལ་ཕྲག་དོག་སྦྱངས། ཉོན་མོངས་པའི་དྲི་མ་བཅས་པ་མ་ལུས་པར་དག་སྟེ། མདུན་གྱི་ནམ་མཁའ་མི་ཕྱེད་བརྩེགས་པ་ལ་འཇིགས་པའི་དུར་ཁྲོད་མེ་རི་འབར་བར་ཁྲོ་བོའི་གཟུགས་སྣ་ཚོགས་འདུག་པར་མཐོང་ནས། སྐལ་བ་དང་ལྡན་པ་དེ་དེ་ཉིད་དུ་གྲོལ་བར་འགྱུར་རོ། །གསུམ་པ་གཏན་ལ་ཕབ་པའི་འབྲས་བུ་སྐུ་དང་ཡེ་ཤེས་ནི། ལམ་སྣང་བ་བཞི་འཆར་ཚུལ་ཡོངས་སུ་རྫོགས་པའི་ཚེ། སྣང་བའི་འཕེལ་དང་། ལུས་རྡོས་བཅས་དང་། སེམས་ཀྱི་སྤྲོས་པ་ཐམས་ཅད་ཟད་ནས་ལྷུན་གྲུབ་སྐུའི་སྣང་བའི་ངོ་བོ་ཀ་དག་ཏུ་གནས་པ་དེའི་ཐུགས་རྗེའི་ངོ་བོ་ཟེར་ཐག་ལ། ལུས་འོད་གསལ་དང་། སེམས་འོད་གསལ་གཉིས་འདྲེས་པ་སྟེ། འདུས་ནས་ཟེར་ཐག་ལྷུན་གྲུབ་གསུམ་འདུ་འབྲལ་མེད་པའི་ཐུགས་རྗེར་ཐིམ་པའི་ཚེ། གྲོལ་བའི་གདེངས་ཐོབ་ནས་མྱ་ངན་ལས་འདས་པ་ཞེས་བྱ་བ། ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ལ་རང་གནས་པས། འོག་མིན་གནས་སུ་མངོན་པར་བྱང་ཆུབ་པའོ། །དེའི་ཚེ་ཞི་བ་དང་ཁྲོ་བོའི་ཞིང་ཁམས་ཐམས་ཅད་དུ་རང་གསལ་ཏེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ནས་ཐུགས་རྗེའི་མཛད་པ་རྒྱུན་མི་འཆད་པ་ཡིན་ནོ། །འདྲེན་བྱེད་རྣམས་ལ་བདུད་རྩིའི་རྦ་རླབས་ནི། །ཅི་ཡང་སྤྲོ་བ་པདྨའི་འབྱུང་གནས་གང་། །སྐྱེ་བར་བརྟེན་པའི་སྲེད་པ་ཡང་ཡང་དུ། །ལྡང་བར་གྱུར་དེ་པུཎྜྻ་རཱི་ཀའོ། །མཆོག་གི་གནས་སུ་བཀའ་དྲིན་མཛད་དེའི་གཏམ། །ཡང་དག་ཕུལ་གྱི་རྩེ་མོར་སོན་མཐོང་ནས། །བདག་དང་སྐལ་མཉམ་ཡིད་ཀྱི་ངལ་བསོའི་ཆེད། །ཁོ་བོས་ལེགས་བཤད་རིན་ཆེན་ཁྲི་འདི་བསྒྲུབས། །སྔོན་བྱོན་མཁས་རྣམས་སྤྲོས་པ་རྒྱ་ཆེ་བས། །དུས་ཀྱིས་སྐྱེ་བོ་རྣམས་ལ་མཁོ་མ་གྱུར། །དེ་ཕྱིར་ཉུང་ངུའི་ཚིག་གི་ཟབ་མོའི་གནད། །ཐམས་ཅད་འབྱེད་འདི་བདག་གི་སྐལ་བར་བབ། །རྫོགས་པ་ཆེན་པོ་ཡང་གསང་གི་ཐེག་པ་གྲུབ་པའི་ཞལ་ལས་ཇི་ལྟར་ཐོས་པ་བཞིན་པདྨ་དཀར་པོས། སྣུབས་ཀྱི་སྔགས་འཆང་མཁྱེན་རབ་རྒྱ་མཚོས་ཀྱང་བསྐུལ་བས། ལྷོ་བྲག་མཁར་ཆུ་རིན་པོ་ཆེའི་གླིང་ནོར་བུ་སྤུངས་པའི་གཞལ་མེད་ཀྱི་ཁང་དུ་སྦྱར་བ་རྫོགས་སོ།། །།བཀྲིས།། །


previousརྫོགས་པ་ཆེན་པོའི་སྙིང་པོ་དྲིལ་བ་པདྨ་སྙིང་ཏིགno next