Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

2 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
 
ཀླན་ཀ་གཞོམ་པའི་གཏམ།


2 occurrences of བྱམས་པ་གླིང་
[Clear Hits]

 
previousཀླན་ཀ་གཞོམ་པའི་གཏམ།no next

ཀླན་ཀ་གཞོམ་པའི་གཏམ།

ཀླན་ཀ་གཞོམ་པའི་གཏམ་བཞུགས་སོ། །འཇམ་མགོན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གསུང་བདུད་རྩིའི་ཆ་ཤས་རེ་རེས་ཀྱང་། །ལོག་རྟོག་མུན་པའི་ཁེངས་འཇོམས་ངེས་དོན་གྱི། །ཀུ་མུད་འབྱེད་པའི་འཇམ་མགོན་བསིལ་ཟེར་ཅན། །དད་པའི་ཡིད་མཁར་རོལ་དེར་ཕྱག་འཚལ་ལོ། །དཔྱོད་ལྡན་ཡོན་པོའི་ངག་གི་རྗེས་ཞུགས་འགའ། །སོམ་ཉིས་རྒྱལ་བའི་གཞུང་ལམ་འདི་སྤངས་ནས། །ཚུལ་མིན་མྱ་ངན་ལམ་འཁྱམས་དུབ་པ་དག །སྙིང་རྗེའི་གཞན་དབང་སོང་བས་སླར་འདིར་ཁྲིད། །དེང་སང་འགའ་ཞིག་ན་རེ། ཁྱོད་ཀྱི་ཕྱག་རྒྱ་ཆེན་པོ་དང་རྒྱ་ནག་ལུགས་ཀྱི་རྫོགས་ཆེན་གཉིས་ཡས་འཛེག་དང་མས་འཛེག་མིང་འདོགས་ཕྱོགས་བསྒྱུར་བ་མ་གཏོགས་ཁྱད་མེད་དོ་ཞེས་གྲག་གོ །དཔྱད་ཀྱི། ཁོ་བོ་ཅག་གིས་ལྟ་བ་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབས་པ་ནི་གནས་ལུགས་མངོན་སུམ་དུ་རྟོགས་པ་ཁོ་ན་ལ་རག་ལས་ཏེ། གཞན་དག་གི་ལམ་ལས་འདས་ཤིང་། ཡིད་ཀྱིས་སྤྱོད་པའི་ཡུལ་དུ་ནམ་ཡང་མ་གྱུར་པས་སོ། །དེ་ལྟར་མངོན་སུམ་དུ་རྟོགས་པའི་དོན་དེ་ཉིད་ཇི་ལྟ་བ་བརྗོད་པ་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་ཚིག་གིས་འཕོངས་པར་གྱུར་པ་ཉིད་དོན་ལ་གནས་པས། ཐ་སྙད་རྣམ་པར་འཇོག་པའི་ཚེ་ཁས་ལེན་དང་བྲལ་ལོ་ཞེས་སྨྲས་སོ། །དེ་ལས་གཞན་དུ་ལྟ་བའི་རྣམ་གཞག་བཤད་པ་ཐམས་ཅད་བློས་བཏགས་ནས་བཞག་པའི་ཕྱིར། རིགས་པས་དཔྱད་བཟོད་མ་ཡིན་ནོ། དེ་ཙམ་གྱིས་ཧྭ་ཤང་དང་ཁྱད་པར་མེད་པར་གྱུར་ན། སློབ་དཔོན་འཕགས་པ་ཡབ་སྲས་ཀྱིས༑ ལྟ་བ་ཀུན་བཟློག་ལ་ཞུགས་པའི་དུས་སུ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་དང་། གལ་ཏེ་ངས་དམ་བཅའ་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དེ་ཉིད་གསུངས་པས། །དེ་ཡང་ཧྭ་ཤང་དང་ཁྱད་པར་མེད་པར་འགྱུར་རོ། །དེ་ལྟར་ན་ལུགས་འདི་འཛིན་པའི་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། རྒྱའི་ཧྭ་ཤང་ཅི་ལ་རྩོད། ཁྱོད་ཀྱིས་བསམ་པར་བྱ་དགོས་སོ། །སློབ་དཔོན་ཡབ་སྲས་དོན་དམ་དཔྱོད་པའི་རིག་ངོར་དེ་སྐད་གསུང་ལ། ཁྱོད་ལ་རིག་པས་དཔྱད་པ་མེད་པས་མི་མཐུན་ནོ་སྙམ་ན། དེ་ཡང་ག་ལ་ཡིན། སློབ་དཔོན་ཀྱང་དོན་དམ་དཔྱོད་བྱེད་ཀྱི་རིགས་ངོར་དེ་སྐད་གསུང་། ངེད་ཀྱང་དོན་དམ་གཏན་ལ་འབེབས་པའི་ཚེ་དེ་སྐད་སྨྲ་བས་ཇི་ལྟར་མི་མཐུན། དོན་དམ་ལ་དཔྱོད་པའི་རིགས་པ་ཡང་། དོན་དམ་གཏན་ལ་འབེབས་པའི་ཚུལ་ཉིད་ཡིན་པས། དེ་གཉིས་ལ་བྱེ་བྲག་ཅི་ཡོད། ཁྱོད་གོ་ན་དེ་ལྟར་སྨྲ་བས་སྐྱོན་མེད་དུ་ཆུག་ཀྱང་། གོང་མ་རྣམས་ཀྱིས་མ་ཡིན་ནོ་ཞེ་ན། དེ་ཡང་ཅི་ལ་འཐད། རྗེ་བཙུན་མི་ལས། ལྟ་བ་གཏན་ལ་འབེབས་ཙ་ན། །རྨོངས་པ་ང་འདྲ་མ་ཡིན་པ། །ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། །ལྐུག་མའམ་གཞོན་ནུའི་དགའ་བ་བཞིན། །མཚོན་པ་ཙམ་ལས་མ་རྟོགས་པ། །འདི་ཉིད་སྟོན་པར་ག་ལ་ནུས། །ཞེས་དང་༑ ཁ་ལྟ་དོན་དུ་ཁྱེར་བ་རྣམས། །དོན་དང་མཐུན་པར་ངས་མ་མཐོང་། །ཞེས་གསུངས་པ་མ་མཐོང་ཞིང་མ་གོ་བར་ཟད་ལ། གཞན་ལུགས་མི་ཤེས་བཞིན་དུ་སུན་འབྱིན་བྱེད་པའི་ངལ་བ་བརྟེན་དགོས་པ་ཁྱེད་ལ་རྒྱ་རྒྱལ་པོའི་ལུང་ཞིག་བྱུང་བ་ཡིན་ནམ། ཡང་མནོ་བསམ་མ་ཐོངས་པ་ལ་ལ། ལྟ་བ་ལ་དེ་ལྟར་ཡིན་དུ་ཆུག་ནའང་། སྒོམ་པའི་ཚུལ་དང་སྤྱོད་པ་ལ་ཁྱད་པར་མེད་དོ་ལོ༑ ཅི་ཧྭ་ཤང་གིས་ལུས་ངག་གི་དགེ་བ་ཐམས་ཅད་ཁྱད་དུ་བསད་ནས་མི་རྟོག་པ་འབའ་ཞིག་གིས་སེམས་རྟོགས་ཤིང་དེ་ཉིད་ཀྱིས་གྲོལ་བར་འདོད་ལ། ཁོ་བོ་ཅག དང་པོར་འདུ་འཛི་དང་གཡེང་བ་ཐམས་ཅད་སྤངས་ཏེ། ཞི་གནས་སམ། སེམས་རྩེ་གཅིག་པའམ། རྣམ་པར་མི་རྟོག་པའམ། མཚན་མ་མེད་པ་ལ་གནས་པ་བསྒྲུབས། དེ་ལ་འབྱམས་ན་གོལ་སར་བཞག དེ་ཙམ་ཞིག་མེད་ན་ཡེ་ཤེས་ཀྱི་ཚོགས་བསྒྲུབ་པའི་གཞི་མི་འབྱུང་བས་མེད་མི་རུང་དུ་བྱས། དེ་ནས་སྙིང་རྗེ་ཆེན་པོ་སོགས་ཐབས་ཇི་སྙེད་པ་དང་། དེ་གཉིས་ཟུང་འབྲེལ་གྱི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གིས་ཤེས་རབ་བསྐྱེད། དེ་སྐྱེས་པ་དང་སེམས་ངོ་འཕྲོད། ཟབ་མོའི་ཤེས་རབ་དེས་སྤང་བྱ་མཐའ་དག་སྤོང་ཞིང་། དེས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་བསྒྲུབ་པར་བཤད་པས་ཁྱད་པར་མེད་པར་ཇི་ལྟར་འགྱུར། མ་གྱུར་ཀྱང་ཁྱད་མེད་པར་གྱུར་ན་སྙམ་ན། ཁྱེད་ཀྱི་རེ་བ་རྫོགས་པར་གྱུར་ཅིག་ཅེས་ཁོ་བོ་ཅག་གིས་ཀྱང་སྨོན་ལམ་འདེབས་རོགས་བྱའོ། །ཚུལ་དེ་ཉིད་མདོ་ལས་མ་བཤད་པ་མ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། མཁས་པས་འདུས་བྱས་འདུས་མ་བྱས་རིག་ནས། །མཚན་མའི་འདུ་ཤེས་ཐམས་ཅད་རྣམ་བཤིག་སྟེ། །མཚན་མ་མེད་པ་ལ་ནི་དེ་གནས་ན། །ཆོས་རྣམས་ཐམས་ཅད་སྟོང་པར་རབ་ཏུ་ཤེས། །ཞེས་དང་། སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ཏེ། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །མི་ཡི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་སྟོན། །ཞེས་དང་། རྣམ་སྣང་མངོན་བྱང་ལས། ཐབས་དང་ཤེས་རབ་ལྡན་པ་ལ། །བསླབ་ན་བླ་མེད་ཐེག་པ་ནི། །འདུས་མ་བྱས་པ་དེ་ཐོབ་བོ། །ཞེས་གསུངས། དེ་བས་ན། མདོ་རྒྱུད་གང་ནས་ཀྱང་མ་བཤད་པའི་རྒྱུ་མཚན་ཅི་ཞིག་ཡོད། ཁྱོད་ཀྱིས་མི་རྟོག་པ་བསྒྲུབ་པའི་ཚེ། འདས་པ་མི་མནོ། མ་འོངས་པ་མི་བསམ། ད་ལྟ་བ་མི་དཔྱད། ཆེད་དུ་ཅི་ཡང་མི་བསྒོམ། སྟོང་པ་ཉིད་ཙམ་དུ་ཡང་མི་སེམས༑ སེམས་རང་བབས་སུ་བཞག་གོ་ཞེས་སྨྲས་པ་དང་ཧྭ་ཤང་གིས་བྱ་བྱེད་ཀྱི་ཆོས་ཀྱིས་འཚང་མི་རྒྱ་བས། རྣམ་པར་མི་རྟོག་པ་བསྒོམས་ནས་སེམས་རྟོགས་པ་ཉིད་ཀྱིས་འཚང་རྒྱ་སྟེ། ཁྱུང་ནམ་མཁའ་ལས་ཤིང་རྩེར་འབབ་པ་ལྟར་ཡས་བབས་ཀྱི་ཆོས་ཡིན་པས་དཀར་པོ་ཆིག་ཐུབ་ཡིན་ནོ། །ཟེར་བ་ཁྱད་པར་མེད་དོ་སྙམ་ན། མཚན་མ་མེད་པའི་ཞི་གནས་བསྒོམ་ཚད་བྱ་བྱེད་ཐམས་ཅད་སྤོང་བས་ཚིག་ཙམ་ལ་ཁྱོད་རྩོད་པ་ཞིག་སྟེ། དེ་ལྟ་ན། ཇོ་བོ་རྗེའི་དབུ་མའི་མན་ངག་ཏུ། ཤེས་པ་ཅིར་ཡང་མི་རྟོག ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ༑ ཞེས་བཤད་པས། དེ་ཡང་ཧྭ་ཤང་དང་ཁྱད་མེད་དུ་འགྱུར་བས། ཁྱོད་ཉིད་ཀྱང་ཧྭ་ཤང་གི་ལུགས་འཛིན་པར་འགྱུར་ཏེ། ཇོ་བོའི་རྗེས་འཇུག་ཏུ་གཏན་ཚིགས་མེད་ཨུ་ཚུགས་ཀྱིས་ཁས་ལེན་པས་སོ། །གཞན་ཡང་། དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་ཟབ་མོའི་མཚན་མ་མེད་པའི་རྣལ་འབྱོར་གྱི་སྒོམ་རིམ་ཐམས་ཅད་དང་། ཞི་ལྷག་གི་ལམ་མཚན་ཉིད་པ་སྟོན་པའི་མདོའི་སྒོམ་རིམ་ཐམས་ཅད་ཀྱང་ཧྭ་ཤང་གི་དང་ཁྱད་པར་མེད་པར་འགྱུར་ལ། དེ་ལྟ་ན། འཇིག་རྟེན་པ་འགའ་ཞིག་དང་། སྒོམ་ལ་ཞེ་འགྲས་པ་རེ་གཉིས་ལས། ཧྭ་ཤང་གི་གྲུབ་མཐའ་མི་འཛིན་པ་སུ་ཡང་རྙེད་པར་མི་འགྱུར་རོ། །དོན་ལ་རྩོད་དོ་ཞེ་ན། ཧྭ་ཤང་གིས་ལུས་ངག་གི་བྱ་བྱེད་གཏན་དུ་སྤོང་བ་ཡིན་ལ། ངེད་ཅག་ནི་ཞི་གནས་སྐྱེད་པ་དང་། སྐྱེས་ནས་གོམས་པའི་བར་དུ་སྟེ། དུས་ཐམས་ཅད་དུ་ནི་མ་ཡིན་ནོ། དེ་ཡང་། ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་དང་། དྲི་མ་མེད་པའི་འོད་ལས་ཀྱང་། སོམ་ཉི་འགྱོད་པ་དག་དང་གཉིད་དང་ནི། །ལེ་ལོ་རྒོད་པའི་ཆོམ་རྐུན་འདི་རྣམས་ཀྱིས། །གཉེན་འདུན་འཐིབས་པོའི་ནང་དུ་ཞུགས་པ་ཡིན། །ལམ་བཟང་རིན་ཆེན་འདི་ནི་འཕྲོག་པར་བྱེད། །ཅེས་གསུངས་པ་བཞིན་ནོ། །ཞི་གནས་དེ་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་ཡིན་ཏེ། དེས་ན་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱང་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཤེས་བྱ༑ །ཞེས་གསུངས་པས། ལུང་མ་བསྟན་ཡིན་ནོ་སྙམ་པ་ལྟར་དུ་ཡང་ཇི་ལྟར་འགྱུར། ཡང་འགའ་ཞིག་འཇིག་རྟེན་པ་དག་སྟོང་ཉིད་བསྒོམ་ན་ཡང་། དེ་ཡིས་དངོས་པོར་འཛིན་པ་བཟློག་མི་ནུས༑ །དེ་ཡིས་ཉོན་མོངས་ཕྱིར་ཡང་རབ་ཏུ་ལྡང་། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་བསྒོམ་བཞིན། །ཞེས་གསུངས། བདག་མེད་མ་རྟོགས་ན་དངོས་པོར་འཛིན་པ་འཇིག་མི་ནུས་པས༑ སྟོང་ཉིད་བསྒོམ་པ་འཁོར་བ་དང་ངན་སོང་གི་རྒྱུ་ཡིན་ནོ། །ཟེར་མོད། འོ་ན་སློབ་དཔོན་ས་ར་ཧས། འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་པས་ཀྱང་། །འཁོར་བ་འདིར་གནས་ཐར་པ་ཐོབ་སམ་ཅི། །ཞེས་པས། བདག་མེད་གཉིས་མ་རྟོགས་ན་དངོས་པོར་འཛིན་པ་འཇིག་མི་ནུས་པས། སྙིང་རྗེ་བསྒོམ་པ་འཁོར་བ་ངན་སོང་གི་རྒྱུ་ཡིན་ནོ། །ཞེས་ཟེར་དགོས་པར་འགྱུར་ལ༑ བདག་མེད་གཉིས་མ་རྟོགས་པར་སྟོང་པ་ཉིད་བསྒོམ་པ་འཁྲུལ་པ་ཡིན་པས་སྟོང་ཉིད་མི་བསྒོམ་པ་བཞིན་དུ། སྙིང་རྗེ་ཡང་མཚུངས་པས། སྙིང་རྗེ་ཡང་མི་བསྒོམ་མམ། དེ་ལྟ་ན་ཐབས་སྙིང་རྗེ་དང་། ཤེས་རབ་སྟོང་ཉིད་དང་བྲལ་བའི་བདག་མེད་མ་རྟོགས་པའི་གང་ཟག་རྣམས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པ་དང་བྲལ་བས། དེ་དག་གིས་བདག་མེད་གཉིས་རྟོགས་པའི་དུས་མི་སྲིད་དེ། སྡུད་པ་ལས། ཇི་སྲིད་ཚོགས་གཉིས་ཡོངས་སུ་རྫོགས་པར་མ་བྱས་པར། དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་འགྱུར། ཞེས་གསུངས་པས་སོ། །ཡང་ཡེ་ཤེས་གྲུབ་པ་ལས། རྨོངས་པའི་སྒོམ་པ་གང་ཡིན་པ། །རྨོངས་པས་རྨོངས་པ་ཐོབ་པར་འགྱུར། །ཞེས་བློ་མ་བཅོས་པའི་ངང་ལ་འཇོག་པའི་ཚུལ་འགའ་ཞིག་རྨོངས་པའི་སྒོམ་པར་བཤད་པའི་ཕྱིར༑ དེ་ཡང་རྨོངས་པའི་སྒོམ་པར་སོང་སྙམ་ནས་དགག་མོད། གཞན་བྱ་ཅི་དགོས། ཚུལ་ཁྲིམས་བསྲུང་བའི་ནང་ནས། འཆལ་པ་འགའ་ཞིག་བཤད་པས། ཚུལ་ཁྲིམས་བསྲུང་བ་ཐམས་ཅད་ཚུལ་ཁྲིམས་འཆལ་པར་ཡང་ཁྱོད་ཀྱིས་གཟུང་ཞིག གཞན་ཡང་། ཤོར་གོལ་གྱི་སྐྱོན་འཇིགས་འཇིགས་དག་གིས་བདག་ཅག་སུན་འབྱིན་པར་རློམ་སྟེ། བདག་ཀྱང་དེ་ལྟར་འདོད་པས༑ ཁྱོད་རང་ཅི་དགའ་བར་བྱུང་རྒྱལ་དུ་སྨྲོས་ཤིག ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོམ་ཡིན་པས། གསང་སྔགས་ཀྱི་ཕྱག་རྒྱ་ཆེན་པོའི་སྒོམ་མ་ཡིན་པར་འདོད་པ་འདི་ཡང་དེང་ཕྱིན་ནས་དོར་ཅིག ཅིའི་ཕྱིར་ཞེ་ན། དུས་འཁོར་ནས་གསུང་པའི་ཕྱག་རྒྱ་ཆེན་པོའི་བསྒོམ་པ་སོར་སྡུད་ཀྱི་ཉིན་མཚན་གྱི་རྣལ་འབྱོར་ཉིད། ཤེར་ཕྱིན་གྱི་མདོར། གང་ན་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །གང་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །ཞེས་ཚུལ་འདི་ཉིད་ཀྱིས་བསྟན་པར་འཕགས་ཡུལ་གྱི་མཁས་པ་ཆེན་པོ་དག་བཞེད་པས་སོ། །ལར་སེམས་མཉམ་པར་འཇོག་པ་ལ་དགྲ་ལྟ་ཅི་འཚལ། གསང་ཆེན་གྱི་ལམ་གཞན་ལྟ་ཞོག སེམས་རྩེ་གཅིག་པ་མ་ཐོབ་ན། བསྐྱེད་རིམ་ཀྱང་འཆོལ་བར་སོང་ནས་ནུས་པ་མི་འབྱིན་པར་བརྒྱ་སྟོང་དུ་བཤད་པ་མ་ཡིན་ནམ། ཡང་ཁོ་བོ་ཅག་གི་རྣལ་འབྱོར་བཞི་དང་༑ རྣལ་རྫུན་པ་མིང་དུ་མཐུན་ཀྱང་གཅིག་པར་ག་ལ་འགྱུར་ཏེ། གོང་དུ་བཤད་པ་རྣམས་ཀྱིས་གནོད་པར་མ་ངེས་སམ། ཟུང་འཇུག་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱས་པར་བཤད་པས༑ མདོ་ལམ་རྐྱང་པར་འདོད་པའང་འཇིག་གོ །མདོར་དངོས་བསྟན་མདོ་ཙམ་བཤད་ལ། སྔགས་སུ་སྦས་དོན་རྒྱས་པར་བཤད་པས་ལམ་རིམ་ཐ་དད་པ་ཡང་མ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །ས་ལམ་རྩི་བའི་རྨོངས་པ་འཁྲུལ། །ཞེས་པ་དང་། རྣལ་འབྱོར་བཞི་ལ་ས་ལམ་བརྩི་བ་འགལ་ལོ་ལོ། མི་འགལ་ཏེ། དང་པོ་ནི། ཕྱག་རྒྱ་ཆེན་པོའི་ངོ་བོ་བཤད་པའི་སྐབས་ཡིན་པས། དེ་ལ་དབྱེ་བ་མེད་པའི་ཕྱིར་ས་ལམ་ཇི་ལྟར་བརྩི། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པ་དབྱེར་མ་མཆིས། །ཞེས་གསུངས། རྣལ་འབྱོར་བཞིར་འགྱུར་བ་གང་ཟག་གི་བློ་མཐོ་དམན་ལ་བལྟོས་ནས་བཞག་པའི་ཕྱིར་ས་ལམ་བརྩིས་པ་ལ་ཅི་སྐྱོན། འདི་ལ་ནང་རྟེན་འབྲེལ་གྱི་ས་ལམ་ངོ་མཚར་ཅན་མ་བཤད་པ་མི་འགྲུབ་སྟེ། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པས་ལུས་བཅིངས་པས་རླུང་ཟིན། རླུང་ཟིན་པས་སེམས་འཆིང་། སེམས་འཆིང་པས་རླུང་འཆིང་། རླུང་འཆིང་ནས་དབུ་མར་ཚུད་ཅིང་བརྟན་པའི་ཡོན་ཏན་ཐམས་ཅད་ངམ་ངམ་ཤུགས་ཀྱིས་འབྱུང་ལ༑ དེ་ལས་ལྷག་པ་རྩ་རླུང་གི་གདམས་ངག་རྣམས་ན་ཡང་མ་བཤད་པས། ཕྱིར་རྒོལ་བའི་སྤོབས་པ་ལན་མེད་དུ་བྱས་པ་ཡིན་ནོ། །ཡང་། གོལ་ས་གསུམ་དང་ཤོར་ས་བཞི། །སྤངས་ནས་གཉུག་མ་བསྒོམ་པར་བྱ། །བྲམ་ཟེ་སྐུད་པ་འཁལ་བ་ལྟར། །སོ་མ་མ་བཅོས་ལྷུག་པར་བཞག །ཅེས་དཔེ་དོན་ལ་སྨྲེང་མོད། འདིར་དང་པོར་སྒྲིམ་པ་དང་། ཐ་མར་གློད་པ་དང་། དཔེ་དེ་ཉིད་ཀྱིས་གྲིམས་ལྷོད་སྙོམས་པ་ཞིག་དགོས་པར་བཤད་པ་མ་དགོངས་པར་ཟད་ལ། སྐུད་པ་དང་གྲིམས་ལྷོད་སྙོམས་པ་ཆོས་མཐུན་དུ་སྦྱར་བ་མ་གཏོགས། སྐུད་པའི་གནས་སྐབས་མཐའ་དག་དང་མཐུན་པར་ག་ལ་དགོས། རྟོག་གེའི་ཚུལ་ལའང་། སྒྲ་བྱས་པའི་དཔེར་བུམ་པ་འགོད་མོད། བྱས་པར་ཆོས་མཐུན་པ་ཙམ་ལས། ལྟོ་ལྡིར་བའི་ཡོན་ཏན་མཐའ་དག་སྒྲ་ལ་ཡོད་པ་མ་ཡིན་ནོ། །སོ་སོ་སྐྱེ་བོ་དག་ནི་རང་གིས་རང་ལ་བསྟོད། གཞན་ཕྱོགས་ལ་སྨོད་པས། དེ་དག་གིས་ཀླན་ཀ་ཙམ་གྱིས་ཅི་ལ་གནོད། འགའ་ཞིག་སོམ་ཉིར་གྱུར་ན༑ དེ་ཉིད་ཉེས་དོགས་བརྩེ་བའི་དབང་གིས་ཅུང་ཟད་བཤད་པ་ཡིན་ནོ། །མཁས་རྣམས་དྲང་པོའི་ལུང་རིགས་མིག་གཉིས་ཀྱིས། །ཕྱོགས་འདིར་ཞིབ་མོར་བརྟགས་ནས་དཔྱད་གྱིས་ལ། །རྒྱལ་བའི་གཞུང་ལུགས་རྣམས་དང་སུ་མཐུན་ལྟོས། །ཕྱོགས་འཛིན་ཞར་བའི་མིག་དེས་བལྟས་ཀྱང་ཅི། །རྒྱལ་བའི་གཞུང་ལུགས་མཁས་པས་མ་དཀྲུགས་ན། །བླུན་པོས་འབད་ཀྱང་ཤོག་བུའི་གོང་འོག་ཙམ། །ཚིག་འཁྱོག་འཁར་བ་ནག་པོ་བརྟེན་བཞིན་དུ། །རྣམ་གཞག་གཞུང་བཞིན་སྨྲ་བའི་ཁུར་འཁུར་ལོ། །སྙིང་སྟོབས་འདབ་བརྒྱའི་དབང་ཕྱུག་པདྨ་དཀར། །རྣམ་དཔྱོད་དྲི་བསུང་ཞིམ་པོས་སྙེམས་མིན་ཡང་། །དོན་གཉེར་བུང་བ་དགའ་ཕྱིར་ཆ་ཙམ་སྤྲོས། ཕྱོགས་ལྷུང་མི་གཙང་ངོས་ཀྱི་སྦྲང་བུར་ཅི།། ༈ རྣམ་རྟོག་ཆོས་སྐུའི་དྲིས་ལན་སྙིང་པོའི་དོན་གསལ་ཞེས་བྱ་བ་བཞུགས་སོ།། བདེན་དང་ཕ་རོལ་ཕྱིན་ཚུལ་འཆད་པའི་དབང་། །ལས་འབྲས་གསུང་ཕྱིར་ཚུལ་ཆེན་མཁྱེན་གྱུར་པ། །བློ་གྲོས་རྣམ་པར་རྒྱལ་བས་ངུར་སྨྲིག་འཛིན། །རྒྱ་མཚོའི་དབུས་ན་རྒྱ་མཚོ་དེ་ལ་ནི༑ །ཆོས་ཀུན་གཟིགས་པའི་རྫོགས་སངས་རྒྱས་ཀྱི་གསུང་། །ཅུང་ཟད་མ་གོད་མ་ཉམས་གཞན་དག་ལ། །སྟོན་མཁས་ཐུབ་པའི་བུ་ནི་བརྒལ་བའི་ལན། །ཅུང་ཟད་སྨྲ་ལ་སྤྲོ་བའི་མགྲིན་པ་བསྟོད༑ །ཕལ་ཆེར་ངན་པར་འཛིན་པའི་རྣམ་རྟོག་དང་། །བཟང་པོ་ཡ་མེད་འདོད་པའི་ཆོས་སྐུ་གཉིས། །དོན་དམ་སྤྲོས་བྲལ་ཡིན་པར་ཁྱད་མེད་ལོ། །དེ་ནི་བདག་གིས་བསྒྲུབས་པའི་རྗེས་སུ་སོང་༑ །རྒྱུ་མཚན་ངེད་ཀྱང་རྣམ་གཞག་འདི་དོན་ནམ། །ཡིན་ལུགས་ལ་སྨྲས་ཀུན་རྫོབ་ངོ་ལ་མིན། །རྣམ་རྟོག་ཆོས་སྐུ་མིན་ཞེས་འདོད་པ་དང་། །རྣམ་རྟོག་རང་ག་མ་དེར་འདོད་པ་གཉིས། །ཉེས་མཉམ་ཞེས་པ་རྗེ་བཙུན་གོང་མས་གསུངས། །མ་དོར་མ་བསྣན་རྣམ་པར་རྟོག་འདི་ཀ །ཡང་དག་མཐོང་བ་གྲོལ་བ་ཡིན་ཞེས་པ། །བྱམས་པའི་ཆོས་སྡེ་ཀུན་ལ་གཏམ་བཞིན་གྲགས། །དེས་ན་རྣམ་རྟོག་ཡང་དག་མཐོང་ཆོས་སྐུ། །འཁྲུལ་མཐོང་རྣམ་པར་རྟོག་པ་ཉིད་གཉིས་ལས། །རྣམ་རྟོག་རྣམ་རྟོག་མིན་པ་བདེན་གྱུར་པས། །གནས་འདིར་རྫོགས་པའི་སངས་རྒྱས་ཚད་མིན་ལ། །བླུན་པོ་ཚད་མར་ཐལ་ཞེས་ཁོ་བོས་སྨྲ། །གཞན་ཡང་བརྟག་གཉིས་ལ་སོགས་མདོ་རྒྱུད་དུ། །སྟོན་པས་འཁོར་འདས་མཚན་གཞི་གཅིག་ཀ་གཟུང་། །དེ་ཡང་ནོར་བ་ཡིན་ཞེས་བསུབ་པར་འོས། །སྟོན་པའི་ལུང་ལ་རྩི་བཞག་མི་བྱེད་ཅིང་། །བྱ་བསྡུས་མང་བའི་རིགས་པ་ཁས་ལེན་པའི། །ངལ་བ་འདི་ནི་དེང་དུས་མཚན་ཉིད་པ། །ཀུན་ལ་བདུད་ཀྱི་མགོ་བསྐོར་ཆེད་དུ་བཏབ། །གཞན་ཡང་ཉོན་མོངས་ཡེ་ཤེས་ཉིད་དང་ནི། །ཕུང་སོགས་སངས་རྒྱས་ཡིན་པར་ལུང་ལས་བཤད། །དེང་སང་དེ་མིན་དེ་ཡི་དག་པ་ཞིག །དེ་དང་དེར་འགྱུར་སྨྲས་པ་བཟང་པོར་བརྩི། །གདུལ་བྱ་སྐལ་པ་དམན་རྣམས་དྲང་བའི་ཕྱིར། །རྣམ་རྟོག་སྤང་བྱ་མི་རྟོག་བསྒྲུབ་འོས་ཞེས། །བརྫུན་པས་གསུངས་ནས་སྤང་བླང་མ་མཆིས་པའི། །བདེན་ངེས་དེར་སྦྱོར་འོ་སྐོལ་སྟོན་པའི་སྲོལ། ཡིན་ཕྱིར་བདག་ཅག་དེ་ཡི་རྗེས་སུ་འབྲང་། དེ་བས་སྐྱོན་འཕངས་ལུང་རིགས་ལྟར་སྣང་ཐོག །ད་རེས་རྡོ་རྗེའི་བྲག་ལ་ཐུག་ནས་ལོག །ཐུགས་ཟོན་མ་མཛད་ངེས་དོན་སྲོག་དང་འབྲལ། །མཐའ་གཅིག་རྣམ་རྟོག་སྤང་བྱར་འཛིན་འདི་ཡང་། །ཉེས་པའི་ནང་ནས་ཆེ་ཤོས་ཉིད་ཡིན་ཏེ། །རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་སྦྱོང་གསུངས་དང་། །ཉོན་མོངས་ཐབས་གསུངས་དེ་ཚེ་གཉེན་པོ་ཡིན། །ཉན་རང་འཕགས་པ་བདེན་མཐོང་བཀག་པ་མེད། །བྱང་འཕགས་གཟིགས་པ་རྣམ་གྲངས་དོན་མིན་ན། །བདེ་གཤེགས་སྙིང་པོ་ལྟ་ལ་མིག་མེད་བཞི། །སོ་སྐྱེ་ཉན་རང་ཐེག་པར་གསར་ཞུགས་སོ། །ས་ཆེན་ཞུགས་པའང་ཆ་ཙམ་ཐོགས་མེད་ཀྱིས། །གསུང་པ་ཀུན་ལའང་འགྱུར་བཅོས་མཛད་པ་ཞུ། །བདག་བློས་ཕར་གཞལ་རྫོགས་པའི་སངས་རྒྱས་ཀྱིས༑ །ཀུན་རྫོབ་མཁྱེན་བཟོ་སངས་རྒྱས་རང་ངོས་ནས། །ཀུན་རྫོབ་ཅི་ཡང་མ་གཟིགས་བདག་འདོད་ལ། །ཁས་བླངས་འགལ་བའི་སྐྱོན་དེ་ག་ལ་འོང་། །རྫོགས་སངས་རྒྱས་ཉིད་ཆོས་སྐུ་ཁོ་ན་སྟེ༑ །སྐུ་གསུམ་དེ་ལས་ཕྱེ་བ་ཟླ་གྲགས་དང་། །སེང་གེ་བཟང་སོགས་འཕགས་ཡུལ་ཕྱོགས་ནས་བསྒྲགས། །མདོར་ན་རྣམ་རྟོག་ཆོས་སྐུ་ཡིན་ཞེས་པའི། །གཏམ་འདི་ངེས་དོན་གཏན་ལ་འབེབས་པའི་དུས། །རྣམ་རྟོག་རྣམ་རྟོག་ཉིད་དང་སྤང་དགོས་སོགས། །དྲང་དོན་ཚེ་ཡིན་རྣམ་པར་མ་ཕྱེ་བར། །སྐྱོན་གཏོང་མཁས་པའི་མཛད་པར་ཨེ་འགྲོ་ན། །བློ་གྲོས་རྣམ་པར་རྒྱལ་བ་ཉིད་ཀྱིས་དཔྱོད། །དེ་སྐད་མཁས་པའི་མདུན་ན་མི་ཞུམ་ཞིང་། །འཆད་རྩོད་རྩོམ་ལ་དབྱངས་ཅན་ཐོབ་གྱུར་པ། །གྲུབ་པའི་ཁྲོད་ཀྱི་པདྨོའི་རྫིང་བུ་ན། །པུཎྜྻ་རཱི་ཀ་ལྟ་བུར་འགྱིང་དེས་ཕུལ།། ༈ ངམ་རིང་མཁན་པོའི་བརྒལ་ལན་བཞུགས་སོ།། ད་ལྟ་གངས་ཅན་ཁྲོད་ཀྱི་ཆོས་གྲྭའི་ཏོག །དཔལ་ལྡན་ངམ་རིང་ཚོགས་པ་ཆེན་པོའི་རྗེ། །རྣམ་རྟོག་ཆོས་སྐུའི་གཏམ་གསན་སྡང་སྐད་པ། །བདེན་ན་བློ་གྲོས་རྣམ་རྒྱལ་གང་གིས་འགྲུབ། །འོན་ཀྱང་ཐ་སྙད་ཙམ་ལ་མཁས་དགོངས་ན། །དེ་ནི་ཚིག་རྣོ་དོན་ལ་རཏལ་པས་དང་། །གནས་འདི་རྟོག་གེའི་ཡུལ་དུ་མ་གྱུར་པར། །ཐུབ་དབང་སྲས་བཅས་ལན་བརྒྱར་སྒྲོགས་པའི་མོད། །བདག་ནི་དད་པས་རྒྱལ་བའི་སྤྲུལ་པ་དང་། མོས་དམན་བདུད་དུ་གཟུང་བ་དེ་དག་ལ། །བདེ་སྡུག་མི་གདའ་དཔལ་ལྡན་དཀར་བརྒྱུད་པའི། །མན་ངག་རྒྱ་མཚོའི་ཀློང་དུ་ཉལ་བས་ཡིན། །དེ་ཡང་། རྣམ་རྟོག་ཆོས་སྐུ་ཞེས་བྱ་བ་འདི། ལུང་གིས་མི་འགྲུབ་པ་མ་ཡིན་ཏེ། རྩ་རྒྱུད་བརྟག་པ་གཉིས་པ་ལས། རྣམ་དག་ཡེ་ཤེས་གཟུགས་ཅན་དང་། །འཁོར་བ་རྣམ་པར་རྟོག་པ་གཉིས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་ཤིང་ཡི་གེས་མི་དུབ་ན་བསམ་གྱིས་མི་ཁྱབ་བོ། །རིགས་པས་གྲུབ་སྟེ༑ ཤེས་བྱའི་དངོས་པོ་རེ་རེའི་སྟེང་དུ་སངས་རྒྱས་རྣམས་ཀྱིས་ཇི་ལྟ་བ་གཟིགས་པ་ཞིག དང་། འཕགས་པ་སློབ་པ་རྣམས་ཀྱིས་དེ་དང་རྗེས་སུ་མཐུན་པར་མཐོང་བ་ཞིག་དང་། སོ་སོ་སྐྱེ་བོ་རྣམས་ཀྱིས་ཕྱིན་ཅི་ལོག་ཏུ་མཐོང་བའི་ཚུལ་གསུམ་སྟེ། རྒྱུད་བླ་ལས། སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་བཟློག་པ་སྟེ། །དེ་བཞིན་གཤེགས་པ་ཇི་ལྟ་བཞིན། །ཞེས་སོ། །དང་པོ་ནི་དོན་དམ་བདེན་པ། གཉིས་པ་ནི་རྣམ་གྲངས་ཀྱི་བདེན་པ་སྟེ་ཡང་དག་ཀུན་རྫོབ་ཀྱི་བྱེ་བྲག གསུམ་པ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་ལོག་པའི་ཀུན་རྫོབ་པ་རྣམས་སོ། །ཆོས་ཐམས་ཅད་ལ་སངས་རྒྱས་ཀྱིས་ཇི་ལྟ་བ་གཟིགས་པ་ཞེས་བྱ་བ་དེ་གང་ཡིན་ཞེ་ན། དག་པར་རབ་འབྱམས་ཞེས་པའི་མིང་སྙན་པོ་དེའོ། །དེ་ཡང་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཞེས་བྱ་བ་ཡིན་ནོ། །དེ་ཀ་ཆོས་ཀྱི་སྐུ་ལྡོག་པས་ཕྱེ་བའོ། །དེས་ན་སངས་རྒྱས་ཀྱིས་གཟིགས་པའི་ཆོས་ཐམས་ཅད་ཆོས་སྐུར་གསུང་ནུས་སམ་མི་ནུས། མི་ནུས་ན་ལམ་འབྲས་ཀྱི་སྣང་གསུམ་དུ༑ སངས་རྒྱས་ཀྱི་སྣང་བ་ལ་དག་པ་རབ་འབྱམས་ཞེས་པ་ཡུལ་ཐོན། ཡང་ནུས་ན་རྣམ་རྟོག་གི་སྟེང་དུ་སངས་རྒྱས་ཀྱི་གཟིགས་པའི་ཡིན་ལུགས་ཞིག་དང་། དེ་ལས་གཞན་པའི་མཐོང་ཚུལ་གཉིས་བཟོས་པའི་དང་པོ་དོན་ལ་གནས། ཕྱི་མ་དོན་ལ་མི་གནས་པ་ཡིན་པས་རྣམ་རྟོག་ཆོས་སྐུ་མིན་ཞེས་སུས་བསྒྲུབ་པར་ནུས་ཏེ། རྣམ་རྟོག་རྣམ་རྟོག་ཏུ་ལྟ་བ་ནི་སོ་སྐྱེའི་བློ་ངོ་ན་ཡིན་ལ། དེ་ཚད་མར་བྱས་ནས་སངས་རྒྱས་ཀྱི་གཟིགས་པ་འགོག་པ་ཧ་ཅང་ཐལ་ཆེས་པས་སོ། །སྤྱིར་རྣམ་རྟོག་ལ་རྣམ་རྟོག་གོ་ཞེས་ལྟ་བ་ཆོས་ཀྱི་བདག་འཛིན་ཡིན་ལ། དེ་ནི་ཐེག་ཆེན་པའི་དགག་བྱའོ། །ཡང་། སངས་རྒྱས་ཀྱིས་རྣམ་རྟོག་སྟེང་གི་དག་པའི་ཆ་གཟིགས། མ་དག་པའི་ཆ་མ་གཟིགས་སོ་སྙམ་ན་མ་དག་པའི་ཆ་ཡོད་བཞིན་དུ་སངས་རྒྱས་ཀྱིས་མ་གཟིགས་པས༑ སངས་རྒྱས་ཀྱིས་གཟིགས་པ་དེ་ཕྱོགས་གཅིག་ལ་ཞར་བའི་མཐོང་བ་དང་མཚུངས་པར་ཐལ་ལོ། །ཡང་། རྣམ་རྟོག་གི་དུས་སུ་ཆོས་སྐུར་མ་སོང་། ཆོས་སྐུའི་དུས་སུ་རྣམ་རྟོག་དག་པས་རྣམ་རྟོག་ཆོས་སྐུ་མ་ཡིན་ནོ་སྙམ་ན། འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། ཞེས་གསུངས་པས་བྱམས་པ་མགོན་པོ་ལའང་སྐྱོན་མཐོང་། རྒྱུ་མཚན་ཅི་ཞེ་ན། རོ་མི་ཞིམ་པ་སྣང་བའི་དུས་སུ་ཞིམ་པ་མེད། ཞིམ་པ་སྣང་བའི་དུས་སུ་མི་ཞིམ་པ་མེད་པས། རོ་མི་ཞིམ་པ་ཞིམ་པར་སྣང་མི་སྲིད་དོ་ཞེས་བྱ་བས་སོ། །དེ་ནི་བདག་ཅག་ལ་རོ་མི་ཞིམ་པ་རྟ་ཆག་རུལ་པ་ལྟ་བུ། སངས་རྒྱས་ལ་ཞིམ་པ་ལྷའི་བདུད་རྩི་དང་མཚུངས་པར་སྣང་བས་དེ་སྐད་ཅེས་བྱ་བ་ཡིན་ནོ་སྙམ་ན། སྔ་མ་ལ་ཡང་མཚུངས་ཏེ། བདག་ཅག་གིས་རྣམ་པར་རྟོག་པར་གཟུང་བ་འདི་ཀ་སངས་རྒྱས་ལ་ཆོས་ཀྱི་སྐུར་སྣང་གི བདག་ཅག་གིས་གཟུང་བ་ལྟར་ནི་མ་ཡིན་ནོ། །ཞེས་དེ་ཁོ་ན་ཉིད་གཟིགས་པ་རྣམས་ཀྱིས་ཐུགས་བརྩེ་བས་བརྡ་སྤྲོད་པར་མཛད་པ་ཡིན་ནོ། །གཞན་ཡང་རྣམ་རྟོག་ཁོ་རང་ངོ་ཤེས་པ་ལས་གྲོལ་བ་གཞན་མེད་དེ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ༑ །འདིར་རྣམ་རྟོག་ཅེས་པ་ཡང་། རྟོག་གེ་བས་བཞག་པས་སྒྲ་དོན་འགྲེལ་རུང་བ་ཁོ་ན་ལས་མི་ཟེར་ཏེ། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཀུན་ཏུ་རྟོག་པ་ཞེས་པའི་དབང་ལས་ཀུན་རྫོབ་པའི་ཆོས་ཐམས་ཅད་ལ་བྱེད་པ་ཡིན་ནོ། །སངས་རྒྱས་ཀྱི་ཀུན་རྫོབ་གཟིགས་པ་ཞེས་པའི་གཏམ་འདི་ཡང་གདུལ་བྱའི་བློས་དེ་ཐམས་ཅད་མཁྱེན་པ་ཡིན་པར་གཞལ་བའི་ཕྱིར་དུ་བདག་ཅག་ཀྱང་སྨྲ་ལ། སངས་རྒྱས་ཉིད་ཀྱིས་གཟིགས་པའི་ཆ་ནས་དེ་མི་འཐད་དེ་ཀུན་རྫོབ་ནི་མ་རིག་པའི་གཉིད་ཀྱིས་བསླད་པའི་རྨི་ལམ་ཡིན་ལ། སངས་རྒྱས་ནི་མ་རིག་པའི་གཉིད་སད་པ་ཡིན་པས་སོ། །སྐྱེས་བུ་གཅིག་ལ་དགྲ་གཉེན་བར་མ་གསུམ་གྱིས་ཅིག་ཅར་དུ་བལྟས་པས་རང་རང་གི་བློ་ལ་བལྟོས་ནས་དེ་དགྲ་གཉེན་བར་མ་གསུམ་དུ་མཐོང་བ་ལྟ་བུ། རྣམ་རྟོག་ཏུ་སྣང་བ་ཡང་འཐད། དེ་ལས་གྲོལ་བ་ཡང་འཐད། ངོ་བོ་མི་འགྱུར་བ་ཡང་འཐད་པ་ཡིན་ཏེ། སྣང་ཙམ་དུ་མི་འགག་པ་རྟེན་འབྲེལ་གྱི་གཞི། ཅིར་ཡང་མ་གྲུབ་པ་སྟོང་ཉིད་ཀྱི་གཞི། ཐ་དད་དུ་མི་གནས་པ་ཟུང་འཇུག་གི་གཞི། ཕྱོགས་ཆ་དང་བྲལ་བ་ཁྱབ་གདལ་གྱི་གཞི་ཞེས་བྱ་བ་འདིའི་གནད་ལས་ཡིན་ནོ། །དེ་རིག་ན། བརྟག་གཉིས་ལས། འདོད་ཆགས་ཞེ་སྡང་ཕྲག་དོག་དང་། །དེ་བཞིན་གཏི་མུག་ང་རྒྱལ་ཉིད། །དེ་ཀུན་དེ་ནས་ཉམས་དགའ་བར། །བཅུ་དྲུག་ཆར་ཡང་མི་འཕོད་དོ། །ཞེས་འབྱུང་བས་ཉོན་མོངས་པ་ཡེ་ཤེས། འཁོར་འདས་དབྱེར་མེད། སྲིད་ཞི་མཉམ་ཉིད་ལ་སོགས་པ་ངོ་མཚར་བའི་གཏམ་སྙན་པོ་ཐམས་ཅད་བདེན་པར་ཤེས་པར་འགྱུར་རོ། །འཛམ་བུའི་གླིང་ན་ཆབ་རྣམས་བྲོ་བ་མང་། །རྒྱ་མཚོ་ཆེ་ན་ལན་ཚྭའི་རོ་ཁོ་ན། །སླར་ཡང་འོ་མའི་མཚོ་དེར་བདུད་རྩི་ལོ། །དེ་བཞིན་བསྟན་པ་མཁྱེན་ན་འགལ་བ་ཅི། །ཞེས། རྟོག་གེ་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་བློ་གྲོས་རྣམ་པར་རྒྱལ་བ་ཞེས། ངམ་རིང་མཁན་པོའི་གོ་སར་བཞུགས་པ་དེ་ལ་པདྨ་དཀར་པོས་མདོར་བསྡུས་ཏེ་གདམས་པ་མི་འཐད་དོ་སྙམ་དགོངས་ན་ད་དུང་རྒྱས་པར་འབེལ་བའི་གཏམ་བརྩམ་མོ།། ༈ དགེ་བའི་བཤེས་གཉེན་མར་ཡུལ་པའི་དྲིས་ལན་ལེགས་པར་བཤད་པའི་གཞི་ཞེས་བྱ་བ་བཞུགས་སོ།། མ་བཅོས་རྣལ་མའི་གཞུང་ལམ་རྙེད་གྱུར་བས། །ཉོན་ཤེས་མ་རུངས་བསྐུངས་ཀྱི་ཁུངས་ཆད་ནས། །གཅིག་ཤེས་ཀུན་ལ་མཁས་པའི་མཐར་སོན་པའི། །འཇིགས་བྲལ་དཀར་རྒྱུད་བླ་མར་ཕྱག་འཚལ་ལོ། །ལུགས་གཟིགས་ཀླུ་སྒྲུབ་གཏམ་ལ་ཟོང་དུ་བསྙད། །ཐོགས་མེད་རྒྱ་ཆེའི་གཞུང་ཡང་གཅུང་གིས་སྔོན། །སྨད་ཅེས་གྲགས་ཕྱིར་རང་བློར་མ་འཆོལ་ལ། །ཀླན་ཀར་བྱེད་པ་ལྔ་རྒྱ་མཐའ་མའི་སྲོལ། །བླ་མ་ལྷ་ཡི་བཀའ་དྲིན་ཟླ་ཤེལ་གྱིས། སྙིང་གི་ཀུ་མུད་ཅུང་ཟད་ཕྱེ་བའི་ཆུ། །མཁས་འདོད་ཉི་མས་མ་གདུངས་མཚན་དུས་འདིར། །བུལ་མེད་བསམ་ཚེ་དྲི་སྣོད་འདི་འདོད་འཇོ། །དབུ་མ་རིགས་པའི་ཚོགས་ནས་བཤད་པའི་ལྟ་བ་དང་། དོ་ཧ་སྐོར་གསུམ་ནས་བཤད་པའི་ལྟ་བ་ལ། ངོ་བོ་མི་འདྲ་བའི་ཁྱད་པར་ཇི་ལྟར་ཞེས་དྲིས་པའི་ལན། དེ་གཉིས་བརྗོད་བྱེད་ཚིག་གི་སྒོ་ནས་གཏན་ལ་འབེབས་ཚུལ་ལ་ཁྱད་པར་ཆེ་སྟེ། རིགས་པའི་ཚོགས་ནས་ལྟ་བ་ངན་པ་ཐམས་ཅད་དགག་པའི་རིགས་པའི་སྒོ་ནས་བསྟན་པས་རྣམ་བཅད་དགག་པའི་རྣམ་པ་ཞེས་བཤད་དེ། དཔེར་ན། བདེན་པ་གཉིས་སུ་འཛིན་པ་བཟློག་པའི་ཕྱིར་གཞི་དབུ་མ་བདེན་པ་གཉིས་སུ་མེད་པར་བཤད་པ་ལྟ་བུ། དོ་ཧ་ལ་སོགས་པ་ཉམས་སུ་མྱོང་བའི་ངོ་ནས་བསྟན་པས་ཡོངས་གཅོད་སྒྲུབ་པའི་རྣམ་པ་སྟེ། བདེན་པ་གཉིས་ཟུང་འཇུག་གམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་པ་ལྟ་བུ། དོན་སྐྱེས་བུ་ལ་སྐྱོན་མེད་པ་ཞེས་དང་། འདི་ནི་ལེགས་པའོ་ཞེས་པ་ལྟ་བུ། ཞེ་འདོད་ཀྱིས་ལྟ་བ་བཟང་ངན་དུ་མི་སྨྲ། སྨྲ་ཙམ་རབ་ཏུ་མི་གནས་པ་དང་། ཟུང་འཇུག་རབ་ཏུ་མི་གནས་པ་དང་། དབུ་མ་ཆེན་པོ་དང་། དབུ་མ་ཆེན་པོའི་ཆེན་པོར་འཇོག་པའི་ཁྱད་ཙམ་ཡོད་ཅེས་ལན་དུ་བགྱིས་སོ། །གཉིས་པ། སྒོམ་ཚུལ་མི་འདྲ་བའི་ཁྱད་པར་ཇི་ལྟར་ཞེ་ན། ངེས་དོན་དབང་བཙན་པར་བྱེད་པའི་ཚེ་མདོ་སྔགས་དགོངས་པ་གཅིག་ཏུ་སྟོན༑ དེའི་ཚེ་མདོ་ཞེས་པའང་། ཚིག་གསལ་པོར་མ་བསྟན་པས། མདོར་བསྟན་གྱི་དོན་དུ་འཆད། སྔགས་ནི་ཤིན་ཏུ་རྒྱས་པར་བཤད་པ་སྟེ། རྒྱ་རོལ་ཏུ། ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས། །ཀླན་ཀ་མི་བཙལ་མདོ་ཙམ་བཤད་པར་བྱ། །ཞེས་གྱ་ནོམ་པ་སྔགས་ལ་བྱེད་དོ། །དེ་ཡང་། དཔེར་བརྗོད། ཨཱརྻ་དེ་ཝས་སྤྱོད་བསྡུས་སུ་མདོ་རྒྱུད་རྟོགས་པ་བསྲེ་བ་ཞེས་གསུངས་པའི་རྟོགས་པ་ནི་གྲུབ་པ་ཐོབ་པ་རྣམས་ཀྱི་སྙིང་གཏམ་སྟེ། དེ་བཤད་པ་ནི་རིམ་པ་གསུམ་པ་དང་བཞི་པ་སོགས་སུ་མདོའི་ལུང་དྲངས་པས་དེར་ཡང་དེ་ལྟ་བུ་བསྟན་པར་བསྒྲུབས་པ་ལྟ་བུའོ༑ །དྲང་དོན་དབང་བཙན་པར་བྱེད་པའི་ཚེ། མ་རྨོངས་བ་དང་། ཐབས་མང་དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་དབང་བྱས་ནས། ཞེས་མདོ་སྔགས་ཀྱི་ཁྱད་པར་ཅི་བཤད་པ་ཕལ་ཆེར་འདི་གཉིས་ཀྱི་སྒོམ་པའི་རིམ་པ་ལ་ཡང་འཇུག་གོ །དཔེར་ན་དབུ་མའི་སྒོམ་རིམ་དུ། སྒོམ་པའི་སྔོན་དུ་ཐབས་ཀྱི་བྱ་བ་འཇུག །མཉམ་པར་བཞག་པའི་ཚེ་ཤེས་རབ་ཀྱི་བྱ་བ་ཞུགས་པ་ལ་དབུ་མ་པ་ཐམས་ཅད་མཐུན། སྒྱུ་མ་ལྟ་བུ་དང་རང་རྒྱུད་པ། མཉམ་པར་འཇོག་པའི་ཡན་ལག་ཏུ་ལུང་གི་དོན་ཐོབ་པར་བྱ་བ་དང་། རང་གི་རིག་པ་ངེས་པར་སེམས་པའི་བྱེ་བྲག་རྡོ་རྗེ་གཟེགས་མའམ༑ གཅིག་དང་དུ་བྲལ་སོགས་ཀྱི་རྟགས་ཀྱི་རྗེས་སུ་དཔག་པས་ཆོས་ཐམས་ཅད་རབ་ཏུ་མི་གནས་པ་ཡིན་པ་ངེས་པར་བྱས། དེ་ཁོ་ནའི་དོན་ཡང་བསམ་པ་ཙམ་གྱིས་མི་རྟོགས་པས་མངོན་དུ་བྱ་དགོས༑ དེ་ཡང་ཞི་གནས་ལ་བལྟོས་པས་དེ་བསྒྲུབ་པའི་ཕྱིར་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་བརྗོད་བྱ་བསྡུས་པ་ལ་སོགས་པ་ལ་སེམས་གཏད་དེ་བསྒོམ། བྱིང་དུས་རབ་ཏུ་འཛིན་པའི་རྒྱུ་མཚན་ཡིད་ལ་བྱེད། རྒོད་ཚེ་ཞི་གནས་ཀྱི་རྒྱུ་མཚན་ཡིད་ལ་བྱེད། གཉིས་ཀ་ཞི་བའི་ཚེ་བཏང་སྙོམས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པས། ཏིང་ངེ་འཛིན་སེམས་རྩེ་གཅིག་པ་ཐོབ་པ་ན། སྔར་ཐོས་བསམ་གྱིས་ངེས་པར་བྱས་པའི་ཤེས་བྱ་ལ་སེམས་གཏད་ལ་ལྷག་མཐོང་དང་འབྲེལ་བར་བྱེད་དེ། དེ་ལ་དེ་ཁོ་ན་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་བསམ་པའི་ཤེས་རབ་ཀྱིས་ཁོང་དུ་ཆུད་ཀྱང་བསྒོམ་པའི་རིམ་པ་ནི་རིམ་གྱིས་ཏེ། སེམས་ཙམ་ལ་ནི་རབ་བསྟེན་ནས། ཕྱི་རོལ་དོན་འདི་མི་རྟོག་གོ །ཞེས་ཆོས་གཟུགས་ཅན་ལ་རྣམ་པར་རྟོག་པ་སྤོང་ངོ་། །དེ་བཞིན་ཉིད་ཀྱི་དམིགས་གནས་ནས། སེམས་ཙམ་ལས་ཀྱང་འདའ་བར་བྱ། འཛིན་པའི་རྣམ་པ་ལས་ཤིན་ཏུ་འདའ་བར་བྱས་ཏེ། གཉིས་སྣང་བ་མེད་པའི་སྣང་བ་ལ་གནས་པར་བྱ་བ་ཞེས་པའི་དོན་ནོ། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་པར་གནས་པར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡི་ཐེག་པ་ཆེན་པོ་མཐོང་། །གཉིས་མེད་པའི་ཤེས་པ་དེ་ལ་ཡང་༑ དངོས་པོར་མངོན་པར་ཞེན་པ་དོར་བར་བྱ་སྟེ། གཉིས་མེད་པའི་ཤེས་པ་སྣང་བ་མེད་པ་ཁོ་ན་ལ་གནས་པར་བྱའོ། །སྔ་མ་སྦྱོར་ལམ་དྲོད་རྩེ་བཟོད་པར་གཟུང་བ་རང་བཞིན་མེད་པར་རྟོགས་པ། ཆོས་མཆོག་ཏུ་འཛིན་པ་རང་བཞིན་མེད་པར་རྟོགས་པས། འདིར་གཞན་སྟོང་གི་ལྟ་བ་ཡིན། གཟུང་འཛིན་ལས་འདས་པའི་ལམ་གྱིས་གཟུང་འཛིན་གཉིས་མེད་ཀྱི་རང་རིག་རང་གསལ་ཡང་མེད་པར་མངོན་དུ་བྱས་པ་ཕྱི་མ་ནི་དབུ་མ་རབ་ཏུ་མི་གནས་པའི་ལྟ་བའོ། །ད་ལྟ་ཡང་གཅིག་ལ་གཟུང་བ་མི་འཐད་པའི་རིགས་པ་བསྟན་པའི་སྒོ་ནས་གཟུང་བ་ཆོས་ཀྱི་བདག་མེད་བསྒོམ༑ དེ་མེད་པས་འཛིན་པ་མེད་པ་དྲན་པར་བྱ་ཞིང་། འཛིན་པ་ཆོས་ཀྱི་བདག་མེད་བསྒོམ་ཤེས་པ་དེ་ཁོ་ན་གཉིས་སུ་སྣང་བའི་གཉིས་མེད་པས་ན་གཉིས་མེད་ཀྱང་མེད་པར་བསྒོམ། དེ་ལྟར་བློ་ཡུལ་དུ་མཚན་མ་འགའ་ཡང་མི་དམིགས་པས་མཚན་མ་མེད་པ་མི་རྟོག་པ་ལ་སེམས་གཏད་དེ། བྱིང་རྒོད། ཞི་ལྷག་ཆ་མི་མཉམ་པའི་འཇུག་པའི་སྐྱོན་སྤངས་ཏེ་གནས། ལངས་པའི་ཚེ་ཐབས་སྦྱིན་སོགས་ལ་འཇུག་གོ །དེ་ནི་ལས་དང་པོ་པའི་ཐབས་ཤེས་ཟུང་དུ་འབྲེལ་བ་འགྲུབ་པའི་ཚུལ་ཡིན་ནོ། །དེ་བས་ན་འདིའི་ཐབས་ཀྱིས་ལྟ་བ་མངོན་དུ་བྱེད་པ་ལ་བརྩོན་ཀྱང་གྲངས་མེད་གཅིག་འགོར་བར་བཤད་དོ། །ཐལ་འགྱུར་བ་རྟགས་ཀྱིས་མི་དཔྱོད་ཀྱང་སྐྱེ་བ་འགོག་པ་སོགས་ཀྱི་རིགས་པས་ཞི་གནས་བསྒྲུབ་པ་སྟེ། དེ་ནས་གཞན་འདྲའོ། །དེ་ལྟར་ཡང་ཇོ་བོས། ལུང་དང་རིག་པ་དག་གིས་ནི། །ཆོས་རྣམས་ཐམས་ཅད་སྐྱེ་མེད་པའི། །རང་བཞིན་མེད་པ་ངེས་བྱས་ནས། །རྣམ་པར་རྟོག་མེད་བསྒོམ་པར་བྱ། །དེ་ལྟར་དེ་ཉིད་བསྒོམ་བྱས་ནས༑ །རིམ་གྱིས་དྲོད་སོགས་ཐོབ་བྱས་ནས། །རབ་དགའ་ལ་སོགས་འཐོབ་འགྱུར་ཏེ། །སངས་རྒྱས་བྱང་ཆུབ་ཡུན་མི་རིང་། །ཞེས་གསུངས་པ་ཉིད་དོ། །དབུ་མ་པའི་སྒོམ་ནི་དེ་ཡིན་ལ༑ ཕྱག་རྒྱ་ཆེན་པོ་བ་ལ་ཡང་ཚུལ་མང་མོད། ད་རེས་ལྷན་ཅིག་སྐྱེས་སྦྱོར་དཀར་བརྒྱུད་རིན་པོ་ཆེའི་གཞུང་ལམ་ཡིན་པས། འདིའི་ལུགས་ཀྱི་ལམ་རྣལ་འབྱོར་བཞི་ལྡན་དུ་འཁྲིད་པའི་དང་པོ༑ དོ་ཧར། བསམ་དང་བསམ་བྱ་ཐམས་ཅད་ཡོངས་སུ་དོར་ནས་སུ། །ཇི་ལྟར་བུ་ཆུང་ལྷུག་པར་གནས་པ་བཞིན། །བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་གསུངས་ལ། སོ་སོ་སྐྱེ་བོ་རྣམས་ཀྱི་ཤེས་པ་ནི། །གློ་བུར་དུ་དམིགས་པ་མེད་པར་བྱེད་མི་ནུས་པས་ཡིད་ཀྱི་རྣམ་པར་ཤེས་པ་གདོན་མི་ཟ་བར་དམིགས་པ་ཞིག་ལ་དམིགས་དགོས་པས་རྟེན་ཅན། དེ་ཡང་འདས་པ་དྲན་པས། མ་འོངས་པ་དང་། ད་ལྟར་གྱི་འཆིང་བ་མངོན་རྒྱུ། བློས་ཆེད་དུ་བཏགས་པའི་སྒོམ་པ། ཅང་མེད་དུ་ལྟ་བའི་སྟོང་པ་རྣམས་ཚུལ་བཞིན་མ་ཡིན་པའི་དྲན་པའམ། དེའི་ཡིད་བྱེད་ཡིན་པས་སྤོང་ངོ་། དེ་སྤོང་མཁན་ཡང་དུས་འདིར་རྣམ་པར་རྟོག་པ་མ་སྐྱེས་པར་བྱའོ་སྙམ་པའི་བློ་ཁོ་ནར་ཟད་དེ། དེ་ལ་རེ་ཞིག་གཟུང་དྲན་གྱི་མིང་བཏགས་ནས་འདིར་དེ་ལ་སྒོམ་དུ་བྱས་ནས་དེས་སྔ་མ་རྣམས་ཟློག་པར་བྱེད་དེ། དེ་ལ་གོམས་པས་སེམས་ཅུང་ཟད་ཟིན་པ་ཙམ་དགྲ་ངོ་ཤེས་པ་ལྟ་བུར་འགྱུ་བ་མང་དུ་འགྲོ། དེ་དོ་ཧར། བཅིངས་པར་གྱུར་ན་ཕྱོགས་བཅུར་འགྲོ་བར་རྩོམ། ཞེས་པ་དེའོ། དེ་ཙམ་ནས་ཡང་ཆེད་གཉེར་མི་བྱ་བར་སེམས་བྱ་ར་བ་ཙམ་གྱིས་གློད་པ་གཙོ་བོར་སྟོན། སྔ་མའི་སྒྲིམ་མཁན་དེ་བཞག་པས། ཆུ་མ་རྙོགས་ན་དྭངས་པ་བཞིན། སྒོམ་དེ་ཡང་རྟོག་པ་ཞི་ནས་སེམས་རྣལ་དུ་ཕེབས་པའི་འགོ་དོད་པར་འགྱུར་ལ། འདི་ནི་དོ་ཧར། ཐོངས་པར་གྱུར་ན་མི་གཡོ་བརྟན་པར་གནས། ཞེས་དང་༑ འཇུར་བུས་བཅིངས་པའི་སེམས་ཉིད་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་བསྟན་པའི་དོན་ནོ། །གལ་ཏེ་གྲིམས་ལྷོད་སྙོམས་པ་མ་ཤེས་ན་སྒོམ་པ་སྔ་ཕྱི་སྤེལ་གྱིན་བསྒོམ་མོ། །འདི་ཚུན་གྱི་དྲན་པ་ནི། རྣམ་རྟོག་སྐྱེས་འདུག་མ་སྐྱེས་པ་བྱེད་དགོས་སྙམ་པ་ཁོ་ནར་ཟད་ལ། ད་དེ་སྤངས་ནས་བསྒོམ་དགོས། སྤོང་ཚུལ་ཞི་གནས་ཉིད་རང་ལ་ངང་གིས་གནས་པ་ཁོ་ན་ཡིན་ལ། དེ་ལས་རྟགས་ཅི་བྱུང་ཡང་རྟགས་ཅན་ཉམས་ཀྱི་འོད་གསལ་དེ་ཀ་ལ་མཉམ་པར་འཇོག དེ་ལས་ཞི་གནས་ཀྱི་ངོ་བོ་ཉིད་རྙེད་དེ། དེ་ནི་སེམས་རྩེ་གཅིག་པའོ༑ །སྒོམ་རིམ་དང་པོ་ལས། སེམས་རྩེ་གཅིག་པ་དེ་ཕྱི་ཕྱིར་ལས་སུ་རུང་བ་ཉིད་དང་ལྡན་ཞིང་དམིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ཐོབ་པས་བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་དང་། རྣམ་པར་ཐར་པ་ལ་སོགས་པའི་མིང་ཐོབ་བོ། །ཞེས་འབྱུང་། འདིར་ཡང་། དེ་ཉིད་རྒྱུན་བསྐྱངས་ན་རྩེ་གཅིག་འབྲིང་དང་ཆེན་པོར་འགྲོ་བས་འཇིག་རྟེན་པའི་བསམ་གཏན་ཇི་སྐད་བཤད་པ་དང་མངོན་ཤེས་དང་རྫུ་འཕྲུལ་འབྱུང་བ་ཡིན་ནོ། །ཞི་གནས་དེ་ཉིད་སོ་སྐྱེའི་མཉམ་བཞག་མ་ཡེངས་པའི་དྲན་པ། ཡང་དག་པར་རྟོག་པ་ཞེས་བྱའོ། །དེ་ལས་གནས་པ་དེ་ཉིད་བདེ་གསལ་མི་རྟོག་པའི་ཚུལ་དུ་མྱོང་མཁན་འགྱུ་བ་ཕྲ་མོ་ཚུན་རྩད་ཆོད་པ་ཞིག་ཡོད་དེ། དེ་ནི་ཞི་གནས་ཚུལ་བཞིན་ཡིད་བྱེད་དུ་ལངས་པ། སོ་སོར་རྟོག་པའམ་ཤེས་བཞིན་གྱི་མིང་དུ་བྱས་པ་དེའོ༑ །ཚུལ་དེ་གཉིས་གཞི་གཅིག་ལ་འདུ་བས་དྲན་ཤེས་བཞིན་འཇུག་པ་གཅིག་པའོ། །དྲན་པའི་ཆ་ནས་ཞི་གནས། ཤེས་བཞིན་གྱི་ཆ་ནས། སྐབས་འདི་ཀའི་ལྷག་མཐོང་དུ་བྱས། དེ་གཉིས་སྔོན་མ་གཞི། ཕྱི་མ་དེའི་སྟེང་དུ་དཔྱད་པས་ལྷག་མཐོང་མཚན་ཉིད་པ་སྐྱེ་བར་བཤད་དེ། དེའི་ཚེ་དེ་གཉིས་ཀྱང་དག་པར་འགྱུར་བས། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་གཉིས་བསྲེགས་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་གཉིས་བསྲེགས་པར་བྱེད། །ཅེས་འོད་སྲུང་གིས་ཞུས་པའི་མདོ་ལས་འབྱུང་ངོ་། །འདི་ཚུན་ནི་དབུ་མ་པ་དང་ཐུན་མོང་སྟེ། ཞི་བ་ལྷས། སེམས་ཀྱི་གླང་ཆེན་མྱོས་པ་ནི། །ཆོས་ལ་སེམས་པའི་ཀ་ཆེན་ལ། །ཇི་ལྟར་བཏགས་པ་མི་འཆོར་བ། །དེ་ལྟར་འབད་པ་ཀུན་གྱིས་བརྟག །ཅི་ནས་ཏིང་འཛིན་བརྩོན་པ་ནི། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །བདག་གི་ཡིད་ནི་གར་དཔྱོད་ཅེས། །དེ་ནས་ཡིད་ལ་སོ་སོར་བརྟག །ཅེས་སོ། །འདི་ལ་ཀུ་སཱ་ལི་པ་ཁ་ནང་ལྟའི་དཔྱད་པ་ཞེས་སོ། །དོ་ཧར། སེམས་ནི་ནམ་མཁའ་འདྲ་བར་གཟུང་བྱས་ཏེ། །ནམ་མཁའི་རང་བཞིན་ཉིད་དུ་སེམས་བཟུང་བྱ། །ཡིད་དེ་ཡིད་མ་ཡིན་པར་བྱེད་གྱུར་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་འབྱུང་ངོ་། །གསུམ་པ། ལྟ་ཐོག་ནས་སྒོམ་པ་འཚོལ་ཁྱེར་ཇི་ལྟར་ཞེས། ཕྱག་རྒྱ་ཆེན་པོ་བ་རང་ལུགས་ནི། རང་བཞིན་ཡོངས་ཤེས་ཞེས་པའི་མིང་ཅན་དེ་ཡིན་ལ། དེ་ཉིད་ནག་པོ་སྤྱོད་པས། རྣམ་མིན་རྟོག་ལས་སངས་རྒྱས་མིན། །དེ་བཞིན་རྣམ་རྟོག་བཅས་ལས་ཀྱང་། །ཤིན་ཏུ་རྣམ་དག་ཡོངས་ཤེས་ན། །མཁས་པ་རྣམས་ནི་འགྱུར་བ་ཉིད། །ཅེས་གསུངས་ཤིང་། མ་ཡེངས་པའི་དྲན་པ་ངོ་མ་སྟེ། དེས་ནི་ཉོན་མོངས་ཐམས་ཅད་ཀྱང་གསེར་འགྱུར་རྩིས་རེག་པའི་ལྕགས་གསེར་དུ་འགྱུར་བ་བཞིན་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་འདོད་ཆགས་ཆེན་པོར་གྱུར་པས་ལམ་གང་ཤར་ལ་སྤང་བླང་མེད་པ་ཞེས་བཞག་སྟེ། མདོར་སྲིད་ཞི་མཉམ་ཉིད་དུ་འཁྱེར་བ་བཤད་པ་འགའ་བྱུང་ཡང་དེ་ནི་འཕགས་པའི་དབང་དུ་བྱས་པ་འབའ་ཞིག འདི་ནི་སོ་སོ་སྐྱེ་བོ་ནས་འདི་ཀར་འཇུག་པ་ཡིན་པས་ལམ་ཕྱག་རྒྱ་ཆེན་པོ་ངོ་མ་འདིའོ། འདི་ལ་དགོངས་ནས་ཟླ་འོད་གཞོན་ནུས། སེམས་དང་རྣམ་རྟོག་ཆོས་སྐུ་གསུམ། །དང་པོ་ལྷན་ཅིག་སྐྱེས་པ་ལ། །གདམས་པས་གཅིག་ཏུ་སྦྱོར་བ་ལ། །ལྷན་ཅིག་སྐྱེས་སྦྱོར་མི་ཟེར་རམ། །ཞེས་གསུངས། དོ་ཧར། ཆོས་དང་ཆོས་མིན་སྐྱེས་ནས་ཟོས་པ་དེ། །འདི་ལ་ཉེས་པ་རྡུལ་ཙམ་ཡོད་མ་ཡིན། །ཞེས་འདོན། འདིས་སྣང་གྲགས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་རོལ་གར་དུ་བྱེད་ནུས་པ་འདི་རྡོ་རྗེ་ཐེག་པའི་ཁྱད་ཆོས་རྩ་བའི་སྒོམ་རིམ་མོ༑ །ལམ་གཞི་ཐོག་ཏུ་ཕེབས་པས་གཞི་ལམ་དབྱེར་མེད། ལམ་འབྲས་དབྱེར་མེད། དེའི་རྟོགས་པ་ནི་སྤྲོས་བྲལ་དུ་བཞག་པ་དང་། དེ་སློབ་པ་དང་མི་སློབ་པའི་ཟུང་འཇུག་གཉིས་སུ་གནས་པས་རོ་གཅིག་དང་སྒོམ་མེད་ཀྱི་རྣལ་འབྱོར་གཉིས་ཕྱེའོ། །དྲི་བ་བཞི་པ། ཕྱག་རྒྱ་ཆེན་པོ་སྒོམ་ཚུལ། ཅི་ཡང་ཡིད་ལ་མི་བྱེད་པར་གསལ་སྟོང་འཛིན་མེད་དུ་ཧད་དེ་བར་འཇོག་དགོས་པ་ཞིག་ནི་ཕལ་ཆེར་གྱིས་མཛད་ཀྱི་འདུག དེ་ལ་ཧྭ་ཤང་གི་སྒོམ་པ་དང་ཁྱད་མེད་ཀྱི་དགག་པ་མཁས་པ་རྣམས་ཀྱིས་མཛད་འདུག་ལགས་པ་དེ་གཉིས་ལ་མི་འདྲ་བའི་གསང་འདོན་ལུགས། ཡིད་ལ་སྒོམ་བདེ་བ་ཅི་ཞེས་པའི་ལན། ཕྱག་རྒྱ་ཆེན་པོ་བའི་ཡིད་ལ་མི་བྱེད་པ་ནི་མཻ་ཏྲཱི་པས་རྒྱས་པར་མཛད་མོད། མདོར་བསྡུ་ན། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས། རིགས་ཀྱི་བུ། རྒྱུ་གང་གིས་བརྟགས་པས་མི་རྟོག་པའི་དབྱིངས་ལ་ཡིད་ལ་མི་བྱེད་པ་ཞེས་བརྗོད་དོ། །རྣམ་པར་རྟོག་པ་ཐམས་ཅད་ཀྱི་མཚན་མ་ལས་ཡང་དག་པར་འདས་པ་བླངས་པའོ། །ཞེས་འབྱུང་བས། རྣམ་མེད་འོད་གསལ་བྱས་པ་དང་། སྣང་བ་མེད་པའི་ཏིང་འཛིན་ཞེས་བྱ་བ་ལ་སོགས་པའི་སྒྲ་རྣམ་གྲངས་པ་ཡིན་པས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ངོ་མ་ཡིན། ཇོ་བོས། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐྱེ་བ་མེད་པ་རྟོགས་གྱུར་པའི། །རང་བཞིན་སྟོང་ཉིད་ཤེས་པ་ནི། །ཤེས་རབ་ཅེས་ནི་ཡོངས་སུ་བཤད། །ཅེས་འབྱུང་བས་སོ། །རྒྱ་ནག་མཁན་པོའི་དེ་ནི་སོ་སོར་རྟོག་པ་སྤངས་པར་ཀ་མ་ལ་ཤཱི་ལས་བཤད། གསལ་སྟོང་འཛིན་མེད་ཧད་དེར་འཇོག་པ་ཕྱག་ཆེན་གྱི་སྒོམ་རྩ་བར་མི་བྱེད། སྤྱིར་གསལ་བ་འཛིན་མེད་དུ་འཇོག་པ་ལ༑ གྲུབ་ཐོབ་མང་པོས་ཧད་པོར་ཐོང་། ཧད་པོར་ཞོག་ཅེས་པ་ནི་བྱུང་། དེ་ལྟ་བུ་ནི་གསང་བ་འདུས་པར། འདི་མཉམ་བཞག་སྒྱུ་མའི་སྒོམ་པའི་རིམ་པར་བྱས། བདག་བྱིན་རླབས་ཀྱི་རྩ་བར་འགྲོ༑ ཕྱག་ཆེན་སྣང་མེད་དམ་འགྱུར་མེད་ཀྱི་བདེ་བ་ལ་འཇོག་པས་གསལ་བའི་སྟེང་དུ་འཛིན་མེད་དུ་འཇོག་རྒྱུ་ཅི་ཡོད། གསལ་བ་དེ་དག་པའི་རང་བཞིན་ལ་ཞུགས་ན་འོད་གསལ་ལམ་མངོན་པར་བྱང་ཆུབ་ཐོབ་ཅེས་འཇོག་པ་དེ་ཡིན། དེ་ལས་ཟུང་འཇུག་ཏུ་ལྡང་ངོ་། །རྒྱ་ནག་མཁན་པོའི་འདོད་པ་སྒོམ་རིམ་མཐའ་མར་འདི་སྐད་བརྗོད། གང་ཞིག་སེམས་ཀྱི་རྣམ་པར་རྟོག་པ་ལས་སྐྱེས་པའི་དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་སེམས་ཅན་རྣམས་མཐོ་རིས་ལ་སོགས་པའི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ། །གང་དག་ཅི་ཡང་མི་སེམས་ཅི་ཡང་མི་བྱེད་པ་དེ་དག་གིས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟ་བས་ན་ཅི་ཡང་མི་བསམ་མོད། སྦྱིན་པ་ལ་སོགས་པའི་དགེ་བ་སྦྱང་པ་ཡང་མི་བྱའོ། །སྦྱིན་པ་ལ་སོགས་པ་སྤྱད་པ་ནི་སྐྱེ་བོ་བླུན་པོའི་དབང་དུ་མཛད་ནས་བསྟན་པ་ཁོ་ན་ཡིན་ནོ། །ཞེས་པ་འདི་ཕྱོགས་སྔ་མའི་དམ་བཅའ་ཡིན། དེ་དགག་པ་ལ་དེ་ཉིད་དུ། འདི་ལྟར་ཅི་ཡང་མི་བསམ་མོ། །ཞེས་སྨྲ་བ་ནི་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཀྱི་ཤེས་རབ་སྤངས་པར་འགྱུར་རོ། །ཡང་དག་པའི་ཤེས་རབ་ཀྱི་རྩ་བ་ནི་ཡང་དག་པར་སོ་སོར་རྟོག་པ་ཡིན་པས་ན། དེ་སྤངས་ན་རྩ་བ་བཅད་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱང་སྤངས་པར་འགྱུར་རོ། །སྤྱིན་པ་ལ་སོགས་པ་སྤྱད་པར་མི་བྱའོ། །ཞེས་སྨྲས་པས་ཀྱང་སྦྱིན་པ་ལ་སོགས་པ་ཐབས་ཤིན་ཏུ་ཟུར་ཕྱིན་པ་སྤངས་པ་ཡིན་ནོ། །མདོར་ན་འདི་ལྟ་སྟེ། ཐབས་དང་ཤེས་རབ་ནི་ཐེག་པ་ཆེན་པོའོ། །ཞེས་སོགས་ཀྱིས་བཀག་པ་ཁོ་ན་ལས་གཞན་གར་ཡོད། ཡོད་དོ་ཞེ་ན་དེའི་ལུང་དེ་ལུགས་དཔང་དུ་འོས་པར་བཤད་པ་སྟོན་དང་ཞེས་དྲིའོ། །འདིར་ཡིད་ལ་མི་བྱེད་པ་བཀག་པ་མེད། འདིའི་ཕྱོགས་སྔའི་ཅི་ཡང་མི་བྱེད་པ་ནི་ལུས་ངག་གི་དགེ་བ་ལ་བསམ། དགག་པར་ཡང་དེ་ཀ་བཀོད་པ། ལར་དམ་བཅའ་འདི། རྩོད་པ་འདི་ཟེར་རྒྱུ་མེད་པར་རྣ་ཐོས་ཙམ་ཁྱེར་བའི་ཅལ་རྒྱུགས་འདི་སྡོམ་གསུམ་རབ་དབྱེ་བས་རི་བོང་ལྟ་བུར་སྨྲས། དེའི་རྒྱུགས་གཞན་དག་གིས་རི་དྭགས་ཀྱི་ཚོགས་ལྟ་བུར་བྱས་སོ། །རབ་དབྱེ་བ་རང་ལ་འདི་ཐད་དུ་ཏིག་ཏིག་མེད་དེ། རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ཞེས་སྨོས་པས་སོ། །སྒོམ་རིམ་གྱི་ལོ་རྒྱུས་རྟིང་མར་ཐེག་ཆེན་མདོ་ལུགས་ཀྱི་གདམས་ངག་སྟོན་པས་འོད་སྲུང་ལ་གནང་བ་རྒྱ་གར་བ་བཅུ། རྒྱ་ནག་པོ་བ་བཅུ། ཉེར་གཅིག་པ་བོད་དུ་འོངས་པའི་ཧྭ་ཤང་མ་ཧཱ་ཡ་ནར་བཅས་པ་ལ་གཏད། གལ་ཏེ་འདི་རྫོགས་ཆེན་པ་ཡིན་ན་དེ་ནི་ཐེག་པ་རིམ་དགུར་འདོད་པའི་རྩེ་མོ་ཡིན་པས་ཀ་མ་ཤཱི་ལས་མདོ་ལུང་གི་དགག་པ་སུན་འབྱིན་ལྟར་སྣང་དུ་འགྲོ། དེས་ན་ནི་ཀ་མ་ཤཱི་ལ་ངོས་ཚར་བཅད་ཀྱི་གནས་སུ་འགྲོ་དགོས་པར་འགྱུར་རོ། །རྫོགས་ཆེན་ཡིན་པ་མི་འཐད་པ་ཞིག་ན༑ ཨ་ཏི་ཉིད་ཀྱི་ལུང་གིས་སུན་འབྱིན་པར་རིགས་སོ་ཞེས་ཀྱང་སྨྲའོ། །ཅལ་རྒྱུགས་ལ་ཅིག་ཅར་བ་ལ་དགག་པ་བྱས་རྒྱུ་བ་བྱེད་དེ། དེས་མཛད་པའི་གཞན་གཞུང་འགོག་པ་སྒོམ་རིམ་མཐའ་མ་ཡིན་པས་དེར་ཅི་ཡང་མི་གྲགས་པས་ཕྱིས་ནས་དཔེ་ལྟ་ནུས་པ་རེ་ཙམ་བྱུང་ན། ཀ་མ་ལ་ཤཱི་ལའི་སྒོམ་རིམ་གསུམ་གཟིགས་ན་ཆོས་སྤོང་གི་ལས་མི་གསོག་པའི་ཁྱད་ཆེའོ། །དེ་ཡང་ཕྱག་རྡོར་གྱིས༑ འདི་ལྟ་སྟེ། དོན་ལ་རྟོན་པར་བྱ་ཡི་ཚིག་འབྲུ་ལ་རྟོན་པ་མ་ཡིན་པ་དང་། ཡེ་ཤེས་ལ་རྟོན་པར་བྱ་ཡིས་རྣམ་ཤེས་ལ་རྟོན་པ་མ་ཡིན་པ་དང་། ངེས་པའི་དོན་ལ་རྟོན་པར་བྱ་ཡི་དྲང་བའི་དོན་ལ་རྟོན་པ་མ་ཡིན་པ་དང་། ཆོས་ལ་རྟོན་པར་བྱ་ཡི་གང་ཟག་ལ་རྟོན་པར་བྱ་བ་མ་ཡིན་པའོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་ཚིག་འབྲུ་ལ་རབ་ཏུ་རྟོག་པ་ནི་ཐེག་པ་གང་དུ་ཡང་བཅོམ་ལྡན་འདས་ཀྱིས་མ་གསུངས་སོ། །ཞེས་པ་འདི་ལྟ་བུའི་ལུང་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཟབ་དོན་ལ་འཇུག་པར་མཛོད་ཅིག སྐབས་ཀྱི་དྲིས་ལན་དེ་ཙམ་གྱིས་ཐེབས་མོད། འདིར་བལྟས་རྟོག་དཔྱོད་ཅན་འགའ་སླར་སྨྲ་ན། ལུང་རིགས་བརྡར་ལ་བརྡར་རོ་ཤེས་ལྡན་ཁྱོད། །ཀུན་གྱི་རྣ་བར་དེ་སྐད་སྒྲོགས་པ་བབ། །མར་ཡུལ་གྱི་ལྷ་བཙུན་དགེ་བའི་བཤེས་གཉེན་ཆེན་པོའི་དྲིས་ལན༑ ལེགས་པར་བཤད་པའི་གཞི་ཞེས་བྱ་བ་ཙ་རི་ཏྲའི་ནགས་འདབ། བྱར་ཡུལ་འབྲས་གཤོངས་སུ་གྲགས་པའི་སའི་ཐིག་ལེ། ཕུན་སུམ་ཚོགས་པ་རབ་ཏུ་བརྟན་པའི་གཞལ་མེད་ཀྱི་ཁང་པར་པདྨ་དཀར་པོས་སྦྱར་བ་རྫོགས་སོ།། ༈ ཤར་རྩེ་ཞལ་སྔའི་བརྒལ་ལན་བཞུགས་སོ།། ཅི་བཤད་མཁས་མཛངས་ཞིབ་མོའི་དཔྱད་བརྡར་གྱིས། །བརྟགས་ཀྱིན་དག་པས་ལེགས་གསུངས་ཞེས་པའི་གནས། །དོན་ཀུན་སྒྲུབ་པ་ཁོ་ནས་ཐོབ་པའི་ཕྱིར། །སྟོན་པ་གཞན་སྤངས་དེ་ཞབས་ལ་བཏུད་དོ། །བདག་བློ་གཞོན་ནུ་མཐོང་ནས་ལང་ཚོའི་གཉེན། །མཁས་པའི་ཡིག་ཆ་ཡིད་འཕྲོག་མ་འོས་ཤེས། །དགག་བསྒྲུབ་ཤ་ར་བ་ཡིས་མཚམས་སྦྱར་བས། །འདོད་དོན་གྲུབ་པའི་དྲིལ་བསྒྲགས་དེ་ཉིད་ལ། །གར་སྦྱངས་ཕྱོགས་འཐེན་རླུང་དམར་ལོངས་ཆེ་དུས༑ །སྤྱན་དབུས་གཟིགས་པ་འཇུག་མིན་སྙམ་འཁུམས་ཚེ། །ཉིད་ཀྱི་ལེགས་བཤད་དཔྱིད་ཀྱི་ཕོ་ཉ་བས། །སྲོས་པས་དགའ་སྟོན་མེ་ཏོག་ཅི་ཡང་འབུལ། །འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་པ་མཁས་པའི་འདུན་ས་ནས་མཁྱེན་རབ་ཀྱི་ཆ་ནས་འཇམ་དབྱངས་གསར་མར་མཚན་གདགས་འོས་པ་མཁས་པ་ཆེན་པོ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོས་བྱང་ཆུབ་སེམས་འགྲེལ་གྱི་འགྲེལ་པ་མཛད་ནས། དེར་བདག་གིས་བགྱིས་པའི་ཕྱག་ཆེན་རྣམ་བཤད་དུ་དགག་བཞག་ཡོད་པར་དཔྱད་པ་མཛད་པ་ལ་མདོ་ཙམ་ཞིག་ལན་བགྱི་བར་ཞུགས་སོ། །ཐོག་མར་ལོ་རྒྱུས་ལ༑ ཐེག་ཆེན་དར། ཐེག་དམན་གུད་བྱས་པ་སློབ་དཔོན་དེ་གཉིས་ཀྱིས་སུན་ཕྱུང་བས་གུད་ཟེར་བ་ཅི་ཡིན། རྣམ་པར་དཔྱད་ན་ཐེག་དམན་གྱི་བསྟན་པའི་གནས་ཚད། བསྐལ་བཟང་དང་༑ མཛོད་འགྲེལ་ལས་ལོ་སྟོང་བཤད་པ་དེ་ཡིན། ཏིང་ངེ་འཛིན་རྣམ་པར་གཞག་པའི་མདོར། ལོ་སྟོང་པོ་དེ་ཉིད་ལ་འབྲས་བུའི་དུས་བཞིར་ཕྱེ་བས་ཀྱང་། ཨ་མ་ནཱ་སི་ཀ་རའི་སྒྲ་བཤད་ལ༑ སྤྱོད་བསྡུས་ཀྱི། འདི་ན་གསུང་རབ་འཆད་པ་དག་ནི། བྱཱ་ཀ་ར་ཎའི་ཚིག་མངོན་དུ་བྱས་ནས་སྒྲའི་དོན་འབའ་ཞིག་གི་རྗེས་སུ་འབྲང་ངོ་སོགས་ཀྱིས་ལུང་འགལ། ཁོ་བོ་ཅག་མཉམ་བཞག་ཏུ་སྟོང་པ་ཉིད་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་བསྒོམ་པར་འདོད་པའི་རྗེས་སུ་འབྲངས་པའི་རིགས་སྐྱོན་གཉིས་ཀར་དུ་མི་འགྱུར་ཏེ། ལུང་དེ་ནི་ལེགས་པར་སྦྱར་བའི་སྐད་ལ་ཞེན་པ་དགག་པ་ཡིན་ལ༑ གཞན་དུ་ན་བཤད་པ་བཞིའི་ཡིག་དོན་མི་རིགས་པར་འགྱུར་བས་སོ། །ཕྱི་མར་ཡང་མི་འགྱུར་ཏེ། དེའི་སྒྲ་དོན་ཚུལ་མིན་ཡིད་ལ་མི་བྱེད་པ། དེ་ཀ་ཚུལ་བཞིན་ཡིད་ལ་བྱེད་པ་ཡིན་པ་དང་དེ་ཡང་ནམ་མཁའ་ལ་སྐྲ་ཤད་ཅི་ཡང་མ་མཐོང་བ་ཉིད་མཐོང་བ་ཡང་དག་པ་ཡིན་པར། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པ་གསུངས་པས་སོ། །ཚུལ་བཞིན་མ་ཡིན་པ་ཡིད་བྱེད་ནི་མ་རིག་པ༑ ཚུལ་བཞིན་ཡིད་བྱེད་ནི་སོ་སོ་རང་རིག་འདིར་བསྟན་མ་རིག་པའང་རྣམ་རྟོག་སྟེ། སྤྱོད་རྒྱུད་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་པས་སོ། །དེ་ཡང་རྣམ་རྟོག་དང་སྟོང་པ་ཉིད་སོ་སོར་འབྱེད་པའི་སྒོམ་པ་ཉན་ཐོས་ཀྱི་ཡིན། ཐེག་ཆེན་ལ་མ་ཡིན་པ་མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་དམིགས་ཡེ་ཤེས་ནི༑ །རྣམ་པ་ཐ་དད་མེད་བསྒོམ་ཞིང་། །ཡོད་དང་མེད་དོན་མངོན་སུམ་པ། །རྣམ་རྟོག་དབང་འབྱོར་ཉིད་ཅེས་བྱ། །དེའི་འགྲེལ་པར། རྣམ་པ་ཐ་དད་མེད་པར་བསྒོམ་པ་ནི་མཚན་མ་དང་དེ་བཞིན་ཉིད་དག་ཐ་མི་དད་པ་ཉིད་དུ་མཐོང་བའི་ཕྱིར་རོ། །འདིས་ནི་ཉན་ཐོས་ཀྱི་མཚན་མ་མེད་པ་ལས་བྱང་ཆུབ་སེམས་དཔའི་མཚན་མ་མེད་ཁྱད་ཞུགས་པར་ཡོངས་སུ་བསྟན་ཏེ། དེ་དག་གི་མཚན་མ་དང་མཚན་མ་མེད་པ་ཐ་དད་པ་ཉིད་དུ་མཐོང་ནས་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང་། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པའི་སྒོ་ནས་མཚན་མ་མེད་པ་ལ་སྙོམས་པར་འཇུག་གོ །བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་ཉིད་ལ་མ་གཏོགས་པའི་མཚན་མ་མཐོང་བས་མཚན་མ་མེད་པར་མཐོང་སྟེ། དེའི་ཕྱིར་དེ་དག་གི་ཡེ་ཤེས་ནི་རྣམ་པ་ཐ་དད་མེད་པར་བསྒོམ་པ་སྒོམ་པ་ཡིན་ནོ། །ཞེས་གསུངས་པ་དང་། དཔྱད་གཞི་རྣམ་རྟོག་གམ་མཚན་མ་ཕྱོགས་ལ་མེད་ན། དེ་ཡོད་མེད་དཔྱད་རྒྱུ་གར་འོང་། དེས་བརྟགས་པའི་དངོས་ལ་མ་རེག་པ། དེ་ཡིས་དངོས་མེད་འཛིན་མ་ཡིན། །དང་། དངོས་འདི་སྤངས་ནས་སྟོང་ཉིད་མི་བཙལ་གྱི། །སོགས་ཀྱི་ལུང་དོན་དེ་དང་དེས། །རྣམ་རྟོག་གི་རང་བཞིན་ཤེས་ཙ་ན། །གང་ཤར་འདི་ཆོས་སྐུར་ཁྲོལ་ལོ་ལོ། །གསུངས་པས་གནད་གཅིག་པས་སོ། །ཡང་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཆོས་རྣམས་ཀུན་གྱི་རང་བཞིན་ཕྱག་རྒྱ་ཆེ། །སོགས་ཀྱིས་བསྟན་པ་དང་། རྡོ་རྗེ་འཕྲེང་བར་ཨེ་ཝཾ་དེ་བཞིན་གཤེགས་པའི་རྒྱ་སོགས་ཀྱིས་ཕྱག་རྒྱ་གཉིས་མིང་མཐུན་ཀྱང་། དོན་ཐ་དད་པ་ཡིན་ཅེས་པ་ལ། མཐའ་དྲུག་གི་དགོངས་མིན། མདོ་སྔགས་གང་ནས་བསྟན་ཀྱང་ཁྱད་མེད་དུ་བཞག་པས་གནོད་ལ་དེ་བཞིན་ངེད་ལྟ་འབྲས་ལ་མདོ་སྔགས་གཉིས་ཁྱད་མེད་འདོད་ནས། དོན་གཅིག་ནའང་ཞེས་འཆད་པས་སྐྱོན་མ་མཆིས། དགེ་ལྡན་པ་རང་བཞིན་མེད་པའི་དོན་གྱི་སོགས་ཀྱི་ཚིག་རིགས༑ མཁས་གྲུབ་རྗེའི་དུས་འཁོར་འགྲེལ་ཆེན་གྱི་མདོར་བསྡུས་དང་པོའི་ཚིག་ཏུ་འདུག དོན་དམ་པར་མེད་ཅིང་ཀུན་རྫོབ་ཏུ་ཡོད་པ་ཞེས་པ་འདི་ཡང་། ཀུན་རྫོབ་བདེན་པ་སྒྱུ་མ་ལྟ་བུར་སྒྲུབ་བྱེད་ཡིན་གྱི། དོན་དམ་བདེན་པ་ལ་ཐོ་རེག་མ་བྱུང་པས་དེའི་རྟག་ཆད་སེལ་བྱེད་དུ་མ་སོང་། ཀུན་རྫོབ་བདེན་པ་སྒྱུ་མ་ལྟ་བུའི་སྒྲུབ་བྱེད་དུ་སོང་བ་སྒྱུ་མ་གྲུབ་པའི་དུས་ཀྱི་སྒྱུ་མའི་རྟ་གླང་དོན་ལ་མེད་པ་དང་། སྣང་ངོར་ཡོད་པའི་དཔེས་འདུས་བྱས་རྣམས་དེ་ལྟ་བུར་བཞག་པས་སོ། །འདི་དག་དགེ་ལྡན་པ་ཙམ་དུ་མ་ཟད་ས་ཀར་ཕལ་ཡང་གཤིས་སྐྱེ་བ་མེད་པས་ཅིར་ཡང་མ་གྲུབ་ལ། གདངས་འགག་པ་མེད་པས་ཅིར་ཡང་འཆར་བས་སྣང་སྟོང་། གསལ་སྟོང་སོགས་འཇོག་པ་ཐམས་ཅད་ཁྱད་མེད་དོ། །ཞེས་བྱས་སོ། །ཁོ་བོ་ཅག་ཇོ་ནང་བ་བཞིན་རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པའང་མི་སྨྲ། ཤེས་བྱེད་སློབ་དཔོན་གྱིས། དེ་ཕྱིར་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པ། །ཞེས་དང་། མདོར། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཉིད། །ཅེས་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བཞིན་མེད་པ་དང་། དེ་ཡང་ཅང་མེད་ནས་རང་བཞིན་མེད་པར་མ་བྱས་ཀྱིས་ཕྱོགས་ཆ་ཐམས་ཅད་དང་བྲལ་བས། དེར་བཞག་པ་ཡིན་ནོ། །དེས་ན་རང་བཞིན་མེད་པ་ལས་རང་བཞིན་མེད་པའི་ཆོས་རྣམས་འབྱུང་བར་གྲུབ་བོ། །ཡང་གསུང་རབ་རྣམས་སུ། ཤིང་ཉིད་བརྡར་བའི་མེས་མཐར་ཤིང་ཉིད་སྲེག་པར་བྱེད་པ་ལྟར། སྟོང་ཉིད་རྟོག་པའི་རྣམ་རྟོག་གི་རྒྱུན་གོམས་པ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་འབྱུང་། དེ་ལ་བརྟེན་ནས་རྣམ་རྟོག་གི་བུད་ཤིང་བསྲེག་པར་གསུང་བ་ཐུགས་ཐོང་ཅུང་ཞིག་དགོས་པ་འདྲ་ཞེས་པ་རྟགས་དང་གཏན་ཚིགས་ཀྱིས་དཔྱད་པའི་རྗེས་ཀྱི་རྒྱུན་གོམས་པ་ལ་སྒོམ་པར་བཞག་པ་འདི། རྗེའི་ཞུ་འཕྲིན་དེ་ཉིད་དུ། རང་རྒྱུད་པ་མན་ཆད་ལ་རུང་གི་ཐལ་འགྱུར་བ་ལ་ཡོངས་མེད་གསུངས་པ་ཅིག་སྣང་བས་རྗེའི་ལུགས་དང་འགལ་བ་དང་། སྒོམ་རིམ་སོགས་ལས་གསུངས་པའི་སོ་སོར་རྟོག་པ་དེ། ཞི་གནས་ཀྱི་ངོ་བོ་ཡིད་བྱེད་དུ་བཞག་པ་དེ་ཡིན་པས་དེ་ནི་རྣམ་པར་མི་རྟོག་པའི་ཞི་གནས་ཀྱི་ངང་ཁོ་ན་ཡིན་པས་རྟོག་པར་མི་རུང་ངོ་། །དོན་བཅར་ན་སྦྱོར་ལམ་ཆོས་མཆོག་ཐ་མའི་མཉམ་བཞག་དེ་ནས་ཁ་ཕྱིར་ལྟའི་ཤེས་པས་མ་བསླད་པར་མཐོང་ལམ་ཐོབ་པར་འགྱུར་བ་ཡིན་གྱི། བར་དེར་ཁ་ཕྱིར་ལྟའི་རྗེས་ཞུགས་ན། རྟེན་ཆོས་མཆོག་ཐ་མ་བ་དང་། རྟེན་ཅན་བར་མ་ཆད་པའི་ཏིང་ངེ་འཛིན་དུ་མ་སོང་ལ། གལ་ཏེ་དེ་མཐོང་ལམ་པའི་ཡིན་ན། མཐོང་ལམ་རྗེས་ཐོབ་ཡེ་ཤེས་སྔར་སྐྱེས་ནས་མཉམ་བཞག་རྗེས་ལ་འབྱུང་བ་འདི་ཧ་ཆེན་པོ་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ལྟ་བ་དང་པོ་སྐྱེས་པའི་མཚམས་སུ་བཞག་པས་རྫོགས་པའི་བྱང་ཆུབ་སེམས་ལྟ་དང་པོ་ལ་གནས་ཀྱང་། ཞེས་གསུངས་པ་གྲུབ་བོ། །སྤང་ལ་ཆུ་རྡོལ་བ་ལྟ་བུ་ཞེས་པའི་ཚིག་རྒྱག་གཏེར་གསར་བ་དག་གི་བླུན་ཚིག་ཟབ་ཟབ་མོའི་མན་ངག་ཏུ་ལྟ་བ་ལ་ཆེད་དུ་གཉེར་བར་ཟད་ཀྱི། གཞུང་ལུགས་བཤད་རྒྱུ་སྲོལ་མ་ཆད་པ་དག་ལ་ཐུགས་འཕོག་ག་ལ་འོང་སྟེ་ལྐུག་པ་ལ་སྨྲས་པས་སྤྱང་པོ་བརྙས་དོགས་མི་ལྡང་བ་ལྟ་བུ་སྙམ་མོ། །ཡང་ཞུ་འཕྲིན་དེར་སྔགས་ལས་མདོ་ཟབ་པར་གསུངས་པ་ནི། ཇི་ལྟར་འདི་ན་ཤིང་རྩ་གཙོ་བོ་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི། །ཞེས་པའི་དཔེས། འདུལ་བསྟན་བསྟན་པའི་རྩ་བ་དང་རྒྱས་བྱེད་དུ་བསྒྲུབས་པས། དེ་ཉམས་དོགས་ཀྱི་མཐའ་འགེགས་སོ། །དེ་ལྟར་ཇོ་བོས་ཀྱང་། དང་པོའི་སངས་རྒྱས་རྒྱུད་ཆེན་ལ་སོགས་གསུངས་པས་དང་། འབྲི་ཁུང་དགོངས་གཅིག་ཏུའང་། གསང་སྔགས་ལས་འདུལ་བ་ཟབ་པར་གསུངས་པ་གནད་གཅིག དོན་ལ་དགོངས་པ་ཅན་ཡང་སྔར་ལམ་དུ་མ་ཞུགས་ལ་སྔགས་ལམ་ནས་གསར་དུ་ཞུགས་པ་དེ་ཚེ་གཅིག་ལ་སངས་རྒྱ་བ་བློར་མི་འཆུན་པ་དང་། འདོད་པ་ལྔ་ལམ་དུ་སློང་བ་བག་ཆགས་སུ་གཟུང་ནས་སྨྲ་ནས་སྨྱུག་གྲིས་མི་ཆོག་རྗེ་རང་གིས་མཛད་པའི་སྔགས་རིམ་ཆེན་མོ་སོགས་བསུབ་དགོས་མང་ཞུས་སོ། །ཕར་ཕྱིན་ནས་བཤད་པའི་བྱང་ཆུབ་སེམས་སོགས་དང་བྲལ་བའི་གང་ཟག་ཅིག་བླ་མེད་ཀྱི་ལམ་དུ་ཞུགས་ནས་གསུང་བ་འདི་ལྟ་བུ་གཏན་མི་རིགས༑ སྤྱིར་ཐེག་ཆེན་པར་འགྱུར་བ་ལ་ཆེན་པོ་བདུན་ལྡན་དགོས་ལ། འདི་ཆེན་པོའི་ཡང་ཆེན་པོ་ཡིན་པས་ཅི་ནས་མི་དགོས་བསམ་དཔྱད་པས་དང་། སྡོམ་པ་གསུམ་སྔགས་གཞུང་རང་ནས་ཀྱང་མདོ་ལམ་བལྟོས་པར་བཤད་པས་དང་། ཁྱད་པར་རྗེས། བྱ་སྤྱོད་སྔགས་སྡོམ་གྱི་དམ་ཚིག་ལྟུང་བ་སོགས་འཇུག་སྡོམ་ལས་གཞན་མ་ཡིན་པར་གསུངས་པས་སོ། །དེ་བཞིན་སྔགས་ལམ་དུ་འཇུག་པ་ལ། སྐྱེས་བུ་གསུམ་གྱི་ལམ་རིམ་ནས་ངེས་པར་བཀྲི་དགོས་པ་ཞིག་ན་གང་ཟག་དེ་ནི་སྐལ་མེད་དེ། བརྟག་གཉིས་སུ། སྐལ་མེད་སེམས་ཅན་འདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །ཞེས་ཞུས་པའི་ལན། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་གསང་འདུས་ནས་གསུངས་པའི་རིན་པོ་ཆེ་ལྟ་བུའི་གང་ཟག་ཀྱང་༑ ཀླུ་སྒྲུབ་དང་ཟླ་གྲགས་ལྟ་བུ་རང་དགོས་རྒྱུ་ཡིན་ན་ཧ་ཅང་སྦུགས་འཐུམས། སྙིགས་མ་ལྔ་བདོ་བའི་གང་ཟག་དེའི་གདུལ་བྱའི་གཙོ་བོར་བཤད་པ་དང་ཡང་འགལ་བར་འགྱུར་རོ། །འབྲོམ་གྱིས་ཇོ་བོའི་གསང་སྔགས་གསུང་བ་བཀག་ཅེས་སོགས་ཀྱི་གཏམ་རྒྱུད་ཡས་བཅད་མས་བཅད་དུ་གནང་བ་འདི་སྡེ་པ་དགའ་ལྡན་པའི་རྟ་པ་རྣམས་དགྲ་སྡེའི་སྟེང་དུ་དེ་བཞིན་བྱེད་ཀྱི་ཡོད་འདུག་པའི་སྤྱན་ལྟོས་ལོས་ཡིན། ཇོ་བོས་འཆད་ཉན་གྱི་རྐང་གསང་སྔགས་ལ་མཛད་པ་བཀག་པ་ཡིན་གྱི་དེ་ལ་ཐུག་རྡོར་སྔོ་ཕྱེ་མའི་ཤན་གྱི་ཇོ་བོས་སྔགས་གསུངས་ཏེ་ལྷ་བཙུན་ཞི་བ་འོད་ལ་སོགས་པ་ལ་གསང་འདུས་སྤྱན་རས་གཟིགས་སོགས་གསུངས་པའི་ཕྱིར་རོ་སྙམ་པ་ནི། ན་ཆུང་འདི་དག་ཀྱང་གསང་སྔགས་སྨྲ་བ་ཡིན་ཏེ་ཨོཾ་སང་མ་ཎི་ལ་པདྨེ་ཧཱུཾ་ཞེས་འདོན་པའི་ཕྱིར་རོ་སྨྲ་བ་དང་མཚུངས་སོ། །བསྟན་པ་ཐམས་ཅད་འགལ་མེད་དུ་འཁྱེར་དགོས་གསུང་པའང་། འཁྱེར་ཐུབ་མི་ཐུབ་སྔོན་ལོ་ཙཱ་བ་རིན་ཆེན་བཟང་པོས་ཇོ་བོ་བོད་དུ་ཕེབས། མཐོ་ལྡིང་དུ་ལྡན་དྲངས༑ དེ་དུས་རྒྱུད་སྡེའི་ལྷ་ཚོགས་ལྡེབས་བྲི་ལ་བཀོད་པ་ལ། དྲི་བ་མཛད་པས་གསང་སྔགས་རྒྱུད་སྡེ་སོ་སོའི་སྒོམ་པ་ལ་བསྔགས། ལོ་ཙཱ་བ་འདི་ལྟར་མཁས་པ་འདུག་པ་ལ་ང་བོད་དུ་འོང་མི་དགོས་གསུང་། ཡང་དེ་རྣམས་གང་ཟག་གཅིག་གིས་ཐུན་གཅིག་ཏུ་ཉམས་སུ་ལེན་ན་ཇི་ལྟར་བྱེད་གསུང་བ་ལ་ཞུ་ལན་འབུལ་མ་ཐུབ་པས། ལོ་ཙཱ་བ་རུལ་ང་འོང་དགོས་པར་འདུག་ཅེས་གསུངས་ནས་གསང་སྔགས་འཕྲུལ་གྱི་བཤད་པ་བརྩམས་དེ་ལ། མཁས་གྲུབ་རྗེས། དེ་ལོ་ཙཱ་བ་མ་རུལ། ཇོ་བོ་རང་རུལ་བ་ཡིན། ཅེས་གསུང་བས། འཕྲུལ་བཤད་ཐུགས་སུ་མ་སོང་། དེ་ལྟ་བུ་ན་བསྟན་པ་ཐམས་ཅད་འགལ་མེད་ཀྱང་ཅི་ལ་ཤོང་མཚུངས་སོ། །ཡང་ལོ་ཙཱ་བ་ཉིད་ཇོ་བོ་ལས་རང་མཁས་སྙམ་པའི་ང་རྒྱལ་ཡོད་པ་དེ་ཐོས་པས་ཞི་སྟེ། ཇོ་བོའི་གདམས་ངག་ཉམས་སུ་བཞེས་པས་འཇའ་ལུས་བརྙེས་ཞེས་གྲག་གོ །དེ་ལྟ་ན་བསྟན་པ་ཐམས་ཅད་འགལ་མེད་ཨ་ཅང་སྦྱོར་བ་ཐམས་ཅད་གཅིག་ཏུ་འབབ་པ་ཆུ་ཐམས་ཅད་རྒྱ་མཚོར་འཇུག་པ་ལྟ་བུར་གཅིག་འོང་བ་ཡིན་ནོ། །དེས་ན་གཞུང་ཆེན་མོ་དང་མན་ངག་ཉུང་ངུ་གཅིག་གི་ཕྱོགས་གཟུང་ཅིག་ཤོས་དགག་མི་འཚལ་ལོ། །བདེ་སྟོང་སྦྱོར་བའི་ཐད་དུ། བདེ་བ་མི་རྟག་པ་ཡིན་ཀྱང་བདེ་བའི་རིགས་འདྲའི་རྒྱུན་གྱི་སྟོང་ཉིད་རྟོགས་པ་ལ་མི་རིགས་པ་ཅི་ཡོད། ཅེས་པ་ལ་མི་རིགས་པ། ཆགས་པའི་གནས་སྐབས་བཅུར་ཕྱེ། དེ་ལ་སྔོན་གྱི་མཁན་པོ་རྣམས་ཀྱིས་རྗེས་དྲན་བཅུར་བཏགས། དེའི་དེ་མ་ཐག་བརྒྱལ་བའི་གནས་སྐབས་དེ་ལ་སྟོང་ཉིད་ཀྱིས་རྒྱས་ཐེབས་ན་བརྒྱལ་བར་མ་སོང་། མ་ཐེབས་ན། བརྒྱལ་བས་ཀུན་ནས་ཡེ་ཤེས་མེད། །ཅེས་པ་དེར། དེའི་དེ་མ་ཐག་པ་རྟེན་ཉམས་པ་དགའ་བྲལ་ལགས་སོ༑ །དེང་བདེ་ཆེན་རྣམ་པ་ཀུན་གྱི་མཆོག་ལྡན་གྱི་སྟོང་ཉིད་དུ་ལངས་ན་ནང་གི་ཉི་ཟླ་གཟས་ཟིན་པས་མས་བརྟན་གྱི་དགའ་བ་རྙེད་པར་འགྱུར་ཏེ། བསམ་མི་ཁྱབ་ཏུ། ཉི་ཟླ་གཟའ་ཡིས་ཟིན་པ་ན། །ཤེས་རབ་རྡོ་རྗེའི་སྦྱོར་བ་ཡིན། །བཞུ་བ་གཉིས་མེད་ཡེ་ཤེས་འགྱུར། །ཞེས་གསུངས་སོ། རྗེའི་རྫོགས་རིམ་མར་ལུགས་གཙོ་བོར་བཏོན་པ་དང་། བཤད་པ་འགོས་ལུགས་ཤས་ཆེ་བ་ལ། རིམ་པ་ལྔ་པའི་ཟུང་འཇུག་ལ། གླང་བུ་དོར་བསྡེབས་གཉའ་ཤིང་གིས་སྦྲེལ་བ་ལྟ་བུ་ལ་འགོས་ལུགས་པ་ཟེར། དེ་དེའི་དྲི་མ་ཡིན། རྗེ་མར་པ་དང་སྔོན་གྱི་ལོ་ཙཱ་བ་ཐམས་ཅད་ཟུང་འཇུག་གི་སྒྲ་དོན་གཅིག་ཡིན་པ་དང་། གཉིས་སུ་མེད་པ་ཡིན་པ་ལ་བཤད་ལ་གཅིག་ཡིན་པ་ཆུ་ལ་ཆུ་བཞག་པ་ལྟ་བུ་དང་གཉིས་མེད་ཀྱི་དོན། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་གསུངས་པས་སོ། །དོན་ལ་བྱང་འཕགས་ཀྱི་མཉམ་བཞག་གི་སྟེང་དུ་སྒྱུ་མར་སྣང་བ་དེ་མེད། ཡོད་ན་དེ་སྣང་བཅས་སུ་སོང་བར་ཐལ་བ་བཟློག་ཏུ་མེད་པས། རྗེས། འཇུག་ཊིཀ་ཏུ། བྱང་འཕགས་ཀྱི་མཉམ་བཞག་གི་ཀུན་རྫོབ་མི་གཟིགས་པས་སྣང་མེད་ཁོ་ན། སངས་རྒྱས་ཀྱི་ས་ན། ཇི་ལྟ་བས་སྣང་བ་མེད་པ་དང་། ཇི་སྙེད་པའི་མཁྱེན་པས་ཀུན་རྫོབ་ཐམས་ཅད་གཟིགས་པ་གཞི་གཅིག་ལ་བཞག་པས་སོ། །དེས་ནི་མཉམ་བཞག་ལས་ལངས་པས་སྒྱུ་མ་ལྟ་བུ་དེར་སོང་། ཡང་འདི་ན་དེ་འདྲ་བའི་རིམ་པ་གསུམ་པའི་སྒྱུ་མའི་སྐུ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་ཡང་ཡང་བཅུག་པས། ཞེས་བྱུང་བ་འདི་ནི་མི་རིགས་ཏེ། སློབ་དཔོན་ཡབ་སྲས་ཀྱི་རིམ་ལྔར། གང་ཞིག་དེ་ཉིད་རྟོགས་ཤིང་ཉེས་ཀུན་ཟད། །མན་ངག་ཐོས་པའི་སློབ་མ་ཡིས། །དེ་ནས་རྣལ་འབྱོར་རྣམ་གཉིས་སློབ། །རིལ་པོར་འཛིན་པའི་རིམ་པ་དང་། །དེ་བཞིན་རྗེས་སུ་གཞིག་པའོ། །ཞེས་དང་། སྤྱོད་བསྡུས་ལས། དེ་ལྟར་མུན་པ་དང་བྲལ་བའི་སྐད་ཅིག་མ་འོད་གསལ་བ་སྟེ། ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན་དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་། །དེ་ལྟར་ཐམས་ཅད་སྟོང་པ་ཉིད་མངོན་སུམ་དུ་བྱས་ནས༑ རིམ་པ་འདིས་བསམ་གཏན་རྣམ་པ་གཉིས་ལ་དམིགས་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་གཉིས་ཀྱིས་གོམས་པར་བྱས་པའི་ལག་རྗེས། སློབ་པའི་དུས་ཀྱི་སྒྱུ་ལུས་དེ་དག་ནས་སངས་རྒྱས་ཀྱི་སའི་སྒྱུ་མ་ཆེན་པོ་དེར་འགྲོ་བ་ཡིན་ནོ། །ཆོས་ཀྱི་བདག་ངོས་འཛིན་གང་གིས་ཆོས་སུ་འཇོག་པ་དེ་ཡིན། དེས་ན་གཟུགས་རུང་གཟུགས་ཀྱི་མཚན་ཉིད་དུ་གསུངས་པ་དེ་དྲང་དོན་དེ་དེས་སྟོང་པ་ངེས་དོན། དེའི་ཕྱིར་འཇུག་པ་རང་འགྲེལ་ལས། དེ་ལ་མིག་ལ་སོགས་པ་རྣམས། མིག་ལ་སོགས་པ་ཉིད་ཀྱིས་སྟོང་པ་ཉིད་དུ་སྨྲས་པ་ནི་རང་བཞིན་སྟོང་པ་ཉིད་གསལ་བར་བྱས་པ་ཡིན་གྱི། མིག་གི་ནང་གི་བྱེད་པ་དང་བྲལ་བའི་ཕྱིར་སྟོང་ཞིང་གཟུང་བ་དང་འཛིན་པའི་བདག་ཉིད་ཀྱིས་སྟོང་ངོ་ཞེས་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་མ་ཡིན་ནོ༑ །ཞེས་གསུངས་སོ། །དྲི་བ་ལྷག་བསམ་རབ་དཀར་འདི་རྗེའི་བཀའ་འབུམ་དུ་ཚུད་པ་མ་གཏོགས། རྗེས་མཛད་པ་མིན་ཞེས་རྒྱལ་ཚབ་རྗེའི་དངོས་སློབ་ བྱམསགླིང next hit་པ་བསོད་ནམས་རྣམ་པར་རྒྱལ་བས་གསུངས་ཤིང་དེ་ལ་དོན་མི་འཐད་པའི་དགག་པ་དང་རྗེའི་གསུང་མ་ཡིན་པའི་སྒྲུབ་བྱེད་ཡིག་རིས་སུ་བཀོད་པའང་མཐོང་ལ། མཐོང་བ་ལྟར་བདེན་ནམ་བསམ་པར་འདི་ཉིད་དུའང་འདི་ལྟ་བུས་ང་ལ་རྒྱུད་མ་ཐུལ་ཟེར་བ་རྐྱང་ཡོང་གི་འདུག་ཟེར་བ་ཞིག་སྣང་བས། རྗེ་ལ་དེ་ལྟ་བུའི་དོགས་པ་ལངས་ས་མེད་པས་སོ། །ཉན་ཐོས་པས་རང་བཞིན་ཆོས་སྐུ་ཁས་ལེན་གསུང་བ་འདི༑ སྒྲུབ་བྱེད་ཤིན་ཏུ་དཀོན་པ་ཡིན་ནོ། །དེས་ན་ཁོ་བོའི་ལུགས་ཀྱི་ལྷག་བཅས་པའི་རྒྱུད་ཀྱི་ཟད་མི་སྐྱེའི་ཡེ་ཤེས་ཁོ་ན་ཆོས་སྐུར་བཞག་པ་ཡིན་ལ། དེ་སྟོང་ཉིད་དུ། རིན་ཆེན་འཕྲེང་བར༑ ཁྱོད་ཀྱི་ཟད་པ་སྟོང་པ་ཉིད། །ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་པས་བསྒྲུབས་སོ། །རང་བཞིན་ཆོས་སྐུ་ཡོད་པས་སེམས་ཅན་ཐམས་ཅད་སངས་རྒྱས་སུ། བརྟག་གཉིས་ལས། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །ཅེས་པས་གསུངས། དེ་ཡིན་ན་སེམས་ཅན་སངས་རྒྱས། ཁྱད་མེད་པར་ཐལ་བའི་སྐྱོན་སྤོང་ལ། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེས་སེམས་ཅན་དུ་ལུས། དེ་ཉིད་བསལ་ན་སངས་རྒྱས་ཉིད། ཅེས་འབྲས་བུ་མངོན་དུ་གྱུར་པ་གསུངས་ལ། འདི་ལྟ་བུའི་སྐབས་སུ་སེམས་ཅན་ཐམས་ཅད་ལ་བདེ་བར་གཤེགས་པ་སྙིང་པོར་ཞུགས་པ་ཐུགས་སུ་ཆུད་མི་ཆུད་དང་། ཆུད་པར་རློམ་པ་རྣམས་ལྟར་མཚན་དཔེ་གསལ་རྫོགས་པ་ཞིག་ལ་བློ་རྩེ་མ་གཏད་པ་ཞིག་དགོས་རྒྱུར་འདུག་གོ །འཁོར་གསུམ་གྱི་དག་པ་འཇུག་པ་ལས། བྱང་འཕགས་ཀྱི་མཉམ་བཞག་ཡེ་ཤེས་སུ་གསུང་། འཁོར་གསུམ་དུ་རྟོག་པ་ཙམ་དེའི་རྗེས་ཤེས་སུ་འོས་ཏེ། མདོ་སྡེ་རྒྱན་དུ༑ འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་པ། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་འཕགས་པ་དང་སོ་སྐྱེའི་ཤན་གསུང་རབ་དཔང་པོར་བཞག་ནས་དཔྱད་འཚལ། ཀུན་རྫོབ་བདེན་པ་ཟད་མི་འགྲོན། །སྤྲོས་པ་ཉེར་ཞི་ཞི་ལྡན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་ཞེས་པའང་ཤིན་ཏུ་འགྲུབ་དཀའ་བ་དང་། བྱང་ཆུབ་སེམས་འགྲེལ་འདི་ཉིད་དུ། །དགེ་དང་མི་དགེའི་རྣམ་རྟོག་ནི། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །རྒྱལ་བ་རྣམས་ཀྱིས་སྟོང་ཉིད་གསུངས༑ །གཞན་ནི་སྟོང་པར་མི་བཞེད་དོ། །ཞེས་པའང་འགྲུབ་དཀའ། ཀུན་རྫོབ་དྲག་པོས་རང་གི་ཁུངས་རྡིབ་དོགས། །རྗེས་དཔག་སེན་མོས་བདེན་ཤོད་ཚངས་མགྲིན་རྩེ། །གཏུབས་པའི་ལེ་ལན་ཐོས་བསམ་དཀའ་ཐུབ་ལ། །ཅི་ཙམ་འབད་ཀྱང་འདོད་མདའ་འབྱིན་མ་ནུས། །དེས་ན་ཀུན་རྫོབ་འཁྲུལ་པར་ཤེས་ནས་སུ། །དེ་ཟད་ཉེར་ཞིའི་དབྱིངས་སུ་ཉལ་འདོད་ནས། །པདྨ་དཀར་པོ་དབུ་མའི་ཁང་ཁྱིམ་ལ། །ཞིག་གསོས་བྱའོ་བསམ་པ་གཡེང་བས་ཁྱེར། །ཞེས་previous hit བྱམས་ཆེན་པོའི་ཆོས་ཀྱི་གླིང ་ནས་ཕུལ་ལོ།། ༈ མཚན་སྒྲོག་མཁན་པོའི་དྲིས་ལན་བཞུགས་སོ།། གང་ལའང་སྒྲིབ་བྱེད་ཆ་ཙམ་མ་མཆིས་པས། །ཐམས་ཅད་གཟིགས་པ་ཞེས་བྱ་སྟོན་པ་དེའི། །ཞབས་ཀྱི་པདྨ་མཉྫྱུར་ཕྱག་བགྱིས་ནས། །ཡང་དག་འཇོག་ལ་འཇོག་པའི་གཏམ་གླེང་འདོད། །མཚན་སྒྲོག་དགེ་འདུན་འདུས་པའི་མཁན་དྲུང་འདུལ་བ་འཛིན་པ་གང་གི་བཞེད་དོན་མདོ་ཙམ་ཕུལ་བ། སྤྱིར་མཚན་ཉིད་ཐེག་པ་རང་གི་སྒོམ་པའི་རིམ་པ་ལ། ཐོས་པ་སྔོན་དུ་བཏང་ནས་དེ་ཁོ་ན་ཉིད་ལ་འཇུག་པ་ཤས་ཆེ་བར་སྣང་། ཐོས་པའི་བྱ་བ་ནི། གང་ལ་འཁྲུལ་པའི་གཞི་ངོས་བཟུང་། དེ་དེ་ལྟར་གྲུབ་བམ་མ་གྲུབ། དཔེ་གཏན་ཚིགས་དུ་མས་དཔྱད་པས། དགོས་པ་ཕྱིན་ཅི་ལོག་ཏུ་བཟུང་ནས། དེ་ལ་ཞེན་པ་དེ་ཞིག་འགྲོ་བ་ཙམ་སྟེ། འཇུག་པར། སོ་སོ་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་བས། །རྟོག་རྣམས་ལོག་པར་འགྱུར་བ་གང་ཡིན་ཏེ། །རྣམ་པར་དཔྱོད་པའི་འབྲས་བུར་ཐུབ་པས་གསུངས། །ཚུལ་འདིས་ནི་དབུ་མའི་ལྟ་ཁྲིད་ལྟ་བུའི་ཁྲིད་ཀྱི་ཚིག་རྗེས་དཔྱད་པས་བདེན་པར་གྲུབ་པ་བཀག་པའི་ཤུགས་ལས་བདེན་མེད་དུ་གཟུང་དགོས་པ་འདྲ་ཞིག་མི་ཡོང་ཀ་མེད་ལགས། དེ་ཐོས་བསམ་སྒོམ་གང་གི་ཆར་གཏོགས་གཟིགས་དང་བསམ་པ་ཡིན་ནོ། །བློའི་འཛིན་སྟངས་མེད་པའི་བསམ་པ་མི་འབྱུང་བ་ཡིན་མོད༑ ཕྱག་ཆེན་པ་ལ་སོགས་པའི། གསལ་ལ་འཛིན་པ་མ་ཞུགས་པའི་བར་གྱི་རྗེན་པ་ཉིད་ངོ་ཤེས་འཛིན་མེད་དྲན་ཤེས་ཀྱི་རྒྱུན་བསྐྱངས་པ་ལ་བརྟེན། བློ་རབ་འབྲིང་ཐ་གསུམ་གྱི་ཉམས་སྣང་འཆར་སྒོ་སོ་སོར་འབྱུང་བ་ཞིག་ཤིན་ཏུ་ཡོང་། དེ་ཡང་ཐོས་བསམ་སྒོམ་གང་གི་ཆར་གཏོགས་ན་ཕྱི་མའི་ཆར་གཏོགས་ཀྱང་། དེ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གཉིས་ཡོད་པའི་དང་པོ། དེ་ལ་ཁམས་གསུམ་སོ་སོའི་སས་བསྡུས་པ་ལས་འདི་འདོད་སེམས་རྩེ་གཅིག་པ་ཟེར་ས་གསུང་རབ་ཕལ་ལས། ཞི་གནས་ཀྱི་རྒྱུ་མཚན་དང་ཞི་གནས་གཉིས་སུ་བཤད་པའི་སྔ་མ་ཡིན། མན་ངག་མང་པོར་དེ་ནས་ཞི་གནས་ཀྱི་མིང་བཏགས། དེ་ལ་མ་ཡེངས་པའི་ཡོན་ཏན་གྱིས་སེམས་ཀྱི་འགྱུ་བ་ཕྲ་མོ་ཚོར། དེ་ཤེས་བཞིན་ཡིན། དེ་ཀ་སྐབས་འདིའི་ལྷག་མཐོང་དུ་སོང་བས། ལྷག་བསམ་རབ་དཀར་གྱི་དྲི་བར། ཞི་གནས་རྒྱ་མཚོ་མེར་བ་ལ། །ལྷག་མཐོང་ཉ་མོ་འཁྱུག་པ་འདྲ། །གསུངས་པ་ཡིན། དེ་ཙམ་ཡན་དུ་རྣམ་རྟོག་གི་དུས་སུ་ངོ་ཤེས་ཀྱི་རིག་པས་མ་སླེབ། ད་ལྟའི་འདི་བརྟན་པོ་ཞིག་བྱུང་ན། རྣམ་རྟོག་དང་ངོ་ཤེས་སྲང་མཉེན་པོའི་མདའ་ལྟ་བུ་ཞིག་འབྱུང་། དུས་དེའི་ཚེ་རྟོག་པ་སྐད་ཅིག་མ་ཡིན་པས་རང་དུས་ལས་མི་སྡོད། འཕྲོ་འཐུད་མི་ཚུགས་པས་གནས་པར་ལོག འདི་ལ་ཕྱག་ཆེན་ཁྲིད་ཡིག་ཏུ། གནས་འགྱུའི་རྩ་བ་གཅོད་པ་ཟེར། །འདིའི་དུས་སུ་སྒོམ་པ་པོ་དེ་ལ། །འགྱུ་བ་རང་གིས་རང་རིག་པར་འདུག་སྙམ་པས། ཆོས་སྐད་ལ་ཡང་། རང་ངོ་རང་གིས་ཤེས་དགོས། གཟུང་འཛིན་གཉིས་མེད་ཤེས་པ་རང་རིག་རང་གསལ་འདི་ཀའོ་ཟེར་བཟང་པོར་སེམས། འདི་ཚུན་སྤྱོད་འཇུག་ལས། སེམས་ཀྱི་གླང་ཆེན་མྱོས་པ་ནི། །ཆོས་ལ་སེམས་པའི་ཀ་ཆེན་ལ། །ཇི་ལྟར་བཏགས་པ་མི་འཆོར་བར། །དེ་ལྟར་འབད་པ་ཀུན་གྱིས་བརྟག །ཅི་ནས་ཏིང་འཛིན་བརྩོན་པ་ནི༑ །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །བདག་གི་ཡིད་འདི་གར་སྤྱོད་ཅེས། །དེ་ནས་ཡིད་ལ་སོ་སོར་བརྟག །གསུངས་པ་དེ་ཚུན་ཡིན། འདི་ཕན་ཆད་གསལ་ཆའམ་སྟོང་ཆའམ་བདེ་ཆ་ཅི་བྱུང་བ་དེ་སེམས་སུ་བརྟགས། དེ་ལས་གཞན་དུ་འགྱུར་བ་དེ་འགྱུར་བར་བརྟགས་པས། རིག་བྱ་རིག་བྱེད་གཉིས་འདྲ་བ་ཞིག་འབྱུང་། བརྟགས་པས་གཉིས་ནི་མི་འདུག་ཁོ་རང་གིས་ཁོ་རང་རིག་པར་འདུག་སྙམ་པས་རང་གིས་རང་རིག་བཅོས། དེ་སྐབས་འདིའི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་ཀྱང་། ལམ་གོང་དུ་འགྲོ་བ་ལ་དེ་དྲི་མ་ཡིན་པས། ཨཱརྻ་དེ་ཝས། བདེ་དེ་གང་གི་རིག་སྙམ་ན༑ །ཡིད་ཀྱིས་རིག་པར་བྱེད་མོད་ཀྱི། །རང་བཞིན་མེད་ཕྱིར་རིག་བྱ་དང་། རིག་བྱེད་འགྱུར་བའི་སྐྱོན་མེད་དོ། །ཞེས་གསུངས་པ་བདེ་བའམ་སྟོང་པའམ་གསལ་བར་དམིགས་རྒྱུ་འདུག་ཕན་འདི་ཀའི་ཞི་གནས། དེར་དམིགས་མེད། དྲན་མེད། ཡིད་ལ་བྱེད་རྒྱུ་ཀུན་དང་བྲལ་དགོས་པ་ཡིན། དེ་ལ་ཕྱག་ཆེན་པས་ལྷག་མཐོང་ངོས་བཟུང་། སྤྲོས་བྲལ་གྱི་རྣལ་འབྱོར་གཏན་ལ་དབབ་པ་ཟེར་རྒྱས་པར་བཤད། སྒོམ་རིམ་ལྟ་ཁྲིད་པ་ཚོས་བསམས་པའི་དོན་ཏེ། སྒོམ་དུ་འདིའི་དུས་འགྲོ་རྒྱུ་ཡིན། དེ་དག་གིས་ཀྱང་སྦྱོར་བའི་དུས་སུ། འཁོར་བ་འདི་ཅིའི་རྩ་བ་ཅན་ཞེས་དཔྱད་པས་བདག་ཏུ་གདགས་པ་འདིར་འདུག་ནས་འདི་སྤོང་བའི་ཕྱིར། དངོས་གཞི་ཞི་གནས་ལ་བཞག་པས། དེ་དང་ལྷན་ཅིག་པའི་ཤེས་བཞིན་ལ་བརྟེན། འཇིག་ཚོགས་ལ་ལྟ་བའི་རི་མཐོན་པོ་ཉི་ཤུ་འཇོམས་པའི་ཡེ་ཤེས་ཀྱི་རྡོ་རྗེ་དབུ་མའི་ལྟ་བ་རྣལ་མ་མངོན་སུམ་དུ་འགྱུར་བ་ཡིན། འོད་སྲུང་གིས་ཞུས་པའི་མདོ་ལས། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་གཉིས་བསྲེགས་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། སྐྱེས་པ་དེ་ཡིས་དེ་གཉིས་བསྲེག་པར་བྱེད། ཅེས་གསུངས། བསྲུབ་བྱ་ཤིང་གཉིས་ལྟ་བུ། སྔར་གྱི་ཞི་གནས་དང་། ཤེས་བཞིན། དེ་གཉིས་བསྲུབས་པས་མེ་འབར་དེས་དེ་གཉིས་བསྲེགས་པ་ལྟ་བུར། དབུ་མའི་ལྟ་བ་རྟོགས་པས་སྔར་གྱི་དྲན་ཤེས་གཉིས་པོ་སྦྱོང་བ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་བའི་ལམ་གང་ཤར་སྤང་བླང་མེད་པ། རྣམ་རྟོག་ཆོས་སྐུ། ཕར་ཕྱིན་ནས་བཤད་པའི་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་རྣམས་དུས་དེའི་ཚེ་དོན་ཐོག་གཅིག་ཏུ་བབས་པ་ཡིན། དྲན་ཤེས་རྟིང་མ་དེ་གཉིས་ཡོད་ན། གཉིད་འཁྲིག་སོགས་ཐམས་ཅད་རྟ་བཟང་པོ་རྟ་རྩལ་ཅན་གྱིས་ཞོན་པ་ལྟ་བུར་འགྱུར་ཏེ། སྤང་བྱ་མངོན་དུ་བའི་གཉེན་པོ་རྙེད་པའི་ཕྱིར་རོ། །གཞན་དུ་ཁ་ཚོ་འདོད་སེམས་རྩེ་གཅིག་པ་དེ་ནས་ཡིད་བྱེད་བཞིས། བསམ་གཏན་གྱི་ཉེར་བསྡོགས་སུ་གྱུར་པའི་ཡིད་བྱེད་བདུན་ལ་འཇུག། དེའི་མཐར་དངོས་གཞི་སྙོམས་འཇུག་སྐྱེ་བར་ཉན་ས་ལས་བཤད། བསམ་གཏན་དང་པོ་སོགས་དངོས་གཞི་ཐོབ་ནས་ཞི་གནས་སུ་བཞག འདི་ཀ་རང་སའི་ཞི་ལྷག་ཆ་མཉམ་ཡིན། གཞན་ལྷག་མཐོང་ངོ་མ་དབུ་མའི་ལྟ་བ་ཡིན་པས་ལམ་གྱི་བདེན་པ་མངོན་སུམ་དུ་མ་བྱས་པ་དག་ལ་མི་འདོད་དོ། །ཞེས་སྤར་བཅངས་སུ་ཕུལ་བ་ཞིབ་མོར་གཟིགས་ནས་འཐད་མི་འཐད་སྣང་ན་སླར་ཡི་གེར་མཛོད་ལ་གནང་བ་དང་། གཞན་དུ་ལེགས་པར་བསྒོམས་ན་བདེན་བརྫུན་ཤན་ཕྱེད་དུ་འགྲོ་བས་བསྒོམ་པར་ཞུ། ལུང་རིགས་རྒྱ་ཆེའི་འདོམ་སྨེར་བའི། །བློ་ཕུགས་གཏད་ས་མདེའུ་རྩེ་གང་། །འབེན་དུ་བཙུགས་སར་བཅར་འཕོག་པ། །སྙིང་པོའི་འཕོང་རྐྱེན་ཤ་ཝ་རས། །ཀོང་ཡུལ་རྡོ་རྗེ་གདན་ནས་བསྲིངས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །


previousཀླན་ཀ་གཞོམ་པའི་གཏམ།no next