Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

2 occurrences of འབེན་
[Clear Hits]


  
 
ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད།
  
  
  
  
  
  
  
 


2 occurrences of འབེན་
[Clear Hits]

 
previousཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད།next

ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད།

ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ཅེས་བྱ་བ་བཞུགས་སོ། །ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ཅེས་བྱ་བ། །དཔལ་ལྡན་འབྲུག་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ངག་གི་བརྗོད་པ་རྒྱ་མཚོས་བསྟོད་འོས་པའི། །དབང་ཕྱུག་ཆེ་ཞིང་རྒྱ་མཚོའི་རྡུལ་རེ་ལ། །ཆོས་རྒྱལ་སྲས་བཅས་རྒྱ་མཚོའི་རྡུལ་སྙེད་པ། །སྟོན་པའི་ངོ་མཚར་རྒྱ་མཚོའི་བདག་པོ་དང་། །ཨ་ཝ་དྷཱུ་ཏི་སྦྱངས་པ་བཙུན་མོ་ཅན། །རོ་རྐྱང་མཉམ་པ་ཙཎྜྻཱ་ལིར་ཞུགས་པས། །འཕོ་མེད་སེམས་ཀྱི་རྣལ་འབྱོར་རྫོགས་བྱས་མཐའི། །དམ་པ་རིགས་བརྒྱའི་སྒྱུ་མའི་གར་མཁན་པོ། །སྤྲིན་ལྡན་སྤྲིན་བྲལ་ནམ་ཡང་མ་བསྒྲིབས་ནམ་མཁའ་ཇི་བཞིན་དྲི་བཅས་དག་པ་ཟུང་དུ་འཇུག་ཚུལ་དེ་ལྟའི་གཞི། །རྙོག་པ་རྙོག་སེལ་མ་བསྒུལ་བཞག་པའི་སྣོད་ཀྱི་ཆུར་མཚུངས་ཕྱིན་ཅི་ལོག་དང་ཟློག་པ་ཇི་ལྟ་བ་ཡི་ལམ། །བཟོ་དང་བཟོས་མིན་ཐ་དད་མ་བྱེ་རྒྱན་གྱི་གསེར་འདྲ་གཅིག་ལས་དུ་མ་དགོད་དང་འདུ་བ་མི་འགལ་འབྲས། །ཡོད་མེད་ཡོད་མིན་སོགས་ལས་རྣམ་གྲོལ་དབུ་མའི་ལུགས་བཞིན་སེམས་གཟིགས་ཁོ་ནས་ཤེས་བྱ་ཀུན་མཁྱེན་བཀའ་བརྒྱུད་པ། །རྣམས་ཀྱི་ཞབས་ཀྱི་པདྨོ་མཉྫྱུ་ནི། །ཆེན་པོའི་རལ་པ་གདིང་བར་འདིངས་གོམས་པ། །སྤྱི་བོར་བླངས་ཏེ་དད་པས་མཆོད་བྱེད་འདི། །སྐྱེ་བར་སྤྲོ་བའི་སྨོན་ལམ་བཅས་བགྱིད་དོ། །ཀུན་གྱི་བློ་གྲོས་ཨ་ཡིག་ལས་འཁྲུངས་མགོན་པོ་གསུང་གི་དབང་ཕྱུག་སྟོན་ཀའི་ཟླ་བ་ཉ་འདྲ་བ། །སྡུག་བསྔལ་མྱུ་གུ་རྩད་ནས་གཅོད་དང་ཐེ་ཚོམ་བསལ་བར་དཔུང་པའི་སྟོབས་ལྡན་ཡིན་ཕྱིར་ཕྲག་གོང་དུ། །མཁྱེན་པའི་རལ་གྲི་སྙིང་རྗེའི་གླེགས་བམ་ཨུཏྤལ་སྙེ་མ་བུང་བ་སྡུད་པའི་ཟེ་འབྲུའི་རྩེར་འཛིན་ཞིང་། །ཚར་དུ་དངར་བའི་ཆོས་ཀུན་གྱིས་བརྒྱན་པད་འདབ་རྒྱས་པའི་སྤྱན་མངའ་བ་དེ་བདག་གི་སྙིང་ལ་རོལ་གྱུར་ཅིག །འོག་མིན་ཆེ་གཏམ་རྡོ་རྗེ་རིན་པོ་ཆེ། །རྒྱ་གར་པཎ་གྲུབ་གཙོ་བོའི་ཕྱག་འགྲིམས་པ། །སྒྲ་བསྒྱུར་མར་པའི་བཀའ་དྲིན་ཅི་ཡང་གིས། །དྭགས་པོ་བཀའ་བརྒྱུད་མཚུངས་བྲལ་བྱས་ལ་གཟིགས། །དབྱངས་ཅན་མགྲིན་པར་བྱས་པས་ཚིག་ལམ་སྐྱེད། །འཇམ་དབྱངས་སྙིང་ལ་ཁུགས་པས་དོན་བསྒྲིལ་ངག །བློ་ཆུང་འགལ་བར་འཛིན་པ་བཟློག་པའི་ལས། །བདག་སྐལ་ལ་བཞག་གོང་མ་བཏང་སྙོམས་བཞུགས། །རཏལ་ལ་བོངས་སྐོར་འོས་ཏེ་ཚིག་གིས་རྙོག །རྣོ་ལ་ཟུར་སྨོས་ཆོག་ཀྱང་དཔྱིས་མི་ཕྱིན། །དེ་ཕྱིར་ཚིག་འཚམས་དོན་རྒྱས་ལེགས་བཤད་དེ། །པད་དཀར་སུག་ལས་འདི་ཡང་དེ་ཕྱོགས་བསླན། །བསྟན་བཅོས་ནགས་སུ་ཚིག་སྦུན་ཤིང་ཤུན་པ། །སྙིང་ངོགས་དགག་བཞག་ལྟར་སྣང་ཐེམ་རིས་དོད། །བསམ་མནོའི་དཀའ་ཐུབ་ཀྱིས་བགྲེས་མཐུ་སྙམ་ནས། །བརྒལ་ལན་བཟང་པོའི་གསོས་ཡང་འདིར་སྟོབ་བོ། །འདོན་འདྲི་འཛིན་གོམས་ལུང་རིག་བྱང་བའི་ལས། །མཁས་རིག་གསལ་ལམ་བློས་བརྟག་གཞན་ཚིག་ལ། །དཔྱད་གསུམ་བགྱིད་པ་བསྟན་པའི་ག་བདར་ཡིན། །དེས་ན་བདག་ལུགས་བཀག་ཅེས་ཁྲོ་མི་འོས། །དགོས་པ་ཐོབ་ཕྱིར་བསྡུས་དོན་སྲོལ་བཏོད་ནས། །ཚིག་འབྱེད་མཚམས་སྦྱར་བརྒལ་ལན་སྐབས་བབ་པ། །མཁས་པ་བཤད་སྦྱར་རྩོམ་པའི་མན་ངག་ཅེས། །གསུང་རབ་རྒྱ་མཚོའི་གླེགས་བམ་དབྱིག་གཉེན་གསུངས། །བླ་མས་སྨྲས་པ་ཀུན་གྱི་སྙིང་བཅུག་ན། །ཤེས་བྱ་ཐམས་ཅད་ལག་མཐིལ་གཏེར་ལྟ་བུར། །གཞལ་ནུས་ཡེ་ཤེས་མིག་པོ་ཆེར་འཆར་བ། །བསླུ་བ་མེད་འདིས་བཤད་པའི་སྐབས་ཕྱེའོ། །འདིར་གང་བཤད་པར་བྱ་ན་ཡང་དག་པར། རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་རིན་པོ་ཆེར་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་བསྐོར་བ་ཐམས་ཅད་ཀྱི་སྙིང་། ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་མན་ངག་གི་དོན། སེམས་ཀྱི་རྡོ་རྗེ་མངོན་པར་སྤྱོད་པའི་རྫོགས་པའི་རིམ་པ་སྐལ་བ་ཅན་ཚེ་གཅིག་ལ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་སར་བསྐོ་བའི་ལུང་། རིགས་ངན་པ་རྣམས་ཀྱིས་བཟོད་པར་དཀའ་བའི་ཟིལ་མི་བཟད་པ་རྟོག་གེ་བ་རྣམས་སྙིང་ཤུགས་ནས་འདོན་པའི་དྲེད་སྡིགས་ཆེན་པོ། དཔལ་དྭགས་པོ་བཀའ་བརྒྱུད་པ་རྣམས་ཀྱི་སེང་གེའི་སྒྲ་འདི་བཤད་པ་ལ་གཉིས་ཏེ། རྗོད་བྱེད་ཚིག་གི་ཕྱག་རྒྱ་ཆེན་པོ་དང་། བརྗོད་བྱ་དོན་གྱི་ཕྱག་རྒྱ་ཆེན་པོའོ། །དང་པོ་ལ་གཞུང་ཕྱག་རྒྱ་ཆེན་པོའི་རབ་དབྱེ། དེ་ལས་ལྷན་ཅིག་སྐྱེས་སྦྱོར་གཙོ་བོར་འདོན་པའི་རྒྱུ་མཚན་གཉིས་སོ། །དང་པོ་ནི། གངས་ཅན་གྱི་ལྗོངས་ཆེན་པོ་འདིར་གང་དུ་ཞུགས་པས་འཚང་རྒྱ་བར་གདོན་མི་ཟ་བའི་རྡོ་རྗེ་ཐེག་པའི་གདམས་ངག་རྒྱ་མཚོ་འཆད་ཉན་དུ་མཛད་པས་སྙིང་པོ་དོན་གྱི་བསྟན་པ་དབྱར་ཀའི་མཚོ་ལྟར་དུ་སྤེལ་བ་ལ་འདྲ་འདྲ་མ་མཆིས་པ་ནི་དཔལ་ལྡན་འབྲུག་པ་ཞེས་པའི་རིང་ལུགས་འདི་ཀའོ། །དེ་ཡང་བཅོས་མའི་འཆིང་བ་ཐམས་ཅད་རྡོག་བརྫིས་སུ་མཛད་དེ། སངས་རྒྱས་ཐམས་ཅད་འཚང་རྒྱ་བར་གང་ལས་བྱོན་པའི་ལམ་རྣལ་མ་མཛུབ་བཙུགས་སུ་བསྟན་པས་རྡོ་རྗེའི་སློབ་མ་ཐམས་ཅད་ཆོས་བརྒྱད་ཀྱི་བསྡུ་ཚོམ་ཞིག །རིའི་བུ་བྱས། །ན་བུན་གྱི་གོས་གོན། ལྟོ་གོས་གཏམ་ནོར་ལ་རྩེག་རུམ་མི་བྱེད་པར་ཕྱི་དབེན་པ། ནང་མལ་སྟན། གསང་བ་ལུས་གནད། དེ་ཁོ་ན་ཉིད་དམིགས་པ་གར་གཏད་ཀྱི་སྟེང་དུ་སྤང་ལ་བེ་ཕུར་བཏབ་པ་ལྟར་སྡོད་ཚུགས་དེས། བླ་མའི་མན་ངག་སྙིང་ལ་ཞུགས་ཏེ་སྲིད་པའི་ར་བ་དུམ་བུར་གཏུབས་ནས་བདེ་བ་ཆེན་པོའི་ས་ཞེས་པ་མིང་སྙན་པོ་སྙན་པོ་ཅན་དེར་སོང་བ་ཤབ་དང་ཤོབ་མ་དགོས། གྲུབ་ཐོབ་གནམ་གྱི་སྐར་མ་ཙམ། སའི་དྲེག་པ་ཙམ་ཞེས་ཀུན་གྱི་རྣ་བའི་རྒྱན་དུ་སོང་བ་འདི་ཀའོ། །དེ་ལྟ་བུས་ནི་བསྟན་པའི་སྙིང་པོ་འདིར་ཞུགས་པའི་དགོས་པའང་ཤེས་པར་བྱས་སོ། །རིང་ལུགས་དེ་ལ་ལྟ་བ་གཙོ་བོར་བཏོན་པའི་གདམས་ངག་ཕྱག་རྒྱ་ཆེན་པོ། སྒོམ་པ་གཙོ་བོར་བཏོན་པའི་གདམས་ངག་ནཱ་རོའི་ཆོས་དྲུག་སྟེ་བསྲེ་འཕོ། སྤྱོད་པ་གཙོ་བོར་བཏོན་པའི་གདམས་ངག་འབྱུང་བ་རོ་སྙོམས། འབྲས་བུ་གཙོ་བོར་བཏོན་པའི་གདམས་ངག་རྟེན་འབྲེལ་རབས་བདུན། །ཀུན་ལ་གཅེས་པའི་གདམས་ངག་ལམ་ཟབ་མོ་བླ་མའི་སྒྲུབ་པ་ལྔ་ནི་གཞུང་ཆོས་ལྟ་བུ། གཞན་གདམས་ངག་བསམ་གྱིས་མི་ཁྱབ་པ་ནི། ཟུར་འདེབས་ལྟ་བུར་མཛད་པའི་དང་པོ་ལ། ཆོས་ཀྱི་རྗེ་གཙང་པ་རྒྱ་རས་པ་དེས། བཤད་པ་ཚིག་གི་སྐོར། གདམས་ངག་ཉམས་ལེན་གྱི་སྐོར། རྟོགས་པ་བྱིན་རླབས་ཀྱི་སྐོར་ཞེས་གསུངས་པ་ནི་འདིར་བསྡུས་པའི་དོན་ཡིན་ལ། དེ་ཡི་དང་པོ་ལ། གྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུག ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉི་ཤུ་རྩ་ལྔ། དང་པོ་ནི། དཔལ་གསང་བ་གྲུབ་པ། །ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པའི་གྲུབ་པ། ཡེ་ཤེས་གྲུབ་པ། གཉིས་སུ་མེད་པའི་གྲུབ་པ། ལྷན་ཅིག་སྐྱེས་གྲུབ་གཉིས་མཚན་མཐུན་པས་གཅིག་ཏུ་བགྲངས། དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་པ་དང་། དེ་ཁོ་ན་ཉིད་གྲུབ་པ་གཉིས་མཚན་མཐུན་པས་གཅིག་ཏུ་བགྲངས། གསང་བའི་གསང་བ་དེ་ཁོ་ན་ཉིད་ཀྱི་མན་ངག་གམ་སིདྡྷི་ཏ་ཀས་གྲུབ་ཏུ་གྲགས་པས་བདུན། ཐབས་དང་ཤེས་རབ་གཏན་ལ་དབབ་པའི་དོན་བསྡུས་སློབ་དཔོན་ཙ་མ་རིས་མཛད་པ་དང་། ལྷན་ཅིག་སྐྱེས་གྲུབ་ཕྱི་མའི་འགྲེལ་པ་ལྕམ་དཔལ་མོས་མཛད་པ་དེའི་སྡེར་བསྡུས་ནས་གྲུབ་པ་སྡེ་བདུན་ཞེས་འཆད་དོ། །གསང་བ་གྲུབ་པ་ཞེས་པའི་མཚན་གྱི་དོན་ནི། དེ་ཉིད་ལས། གསང་བ་དེ་ཉིད་མཆོག་དེ་ཉིད། །གྲུབ་པ་གང་ཞིག་དེ་བརྟེན་པ། །དེ་ནི་རྒྱལ་བ་ཀུན་འབྱུང་བ། །གསང་བ་གྲུབ་པ་ཞེས་བྱར་བརྗོད། །ཅེས་དོན་གྱི་དབང་དུ་མཛད་པ་དང་། དགུ་བཅུ་རྩ་ལྔ་དང་བཅས་པའི། །ཚིགས་སུ་བཅད་པ་ལྔ་བརྒྱར་ནི། །དངོས་གྲུབ་ཐམས་ཅད་བསྡུས་པའི་ཕྱིར། །གསང་བ་གྲུབ་པ་ཞེས་བྱར་བརྗོད། །ཅེས་རྗོད་བྱེད་ཀྱི་དབང་དུ་མཛད་དེ་གསུངས་པ། འདིར་དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དོན་ངེས་པར་བསྡུས་པ་ཞེས་པ་གསང་བ་འདུས་པར་ཡེ་ཤེས་ཀྱི་རིགས་སྦས་ཏེ་རིགས་གསུམ་བསྟན་པས་རྒྱུད་ནི་དེའོ། །དོན་ངེས་པར་བསྡུས་པ་ཞེས་པས་ནི་རྫོགས་པའི་རིམ་པ་ཙམ་དུ་མ་བཞག་པར་བསྟན་བྱའི་དོན་ཐམས་ཅད་འདིར་འདུས་པར་བཤད་དོ། །དེ་བས་ན་འདི་གསང་བ་འདུས་པའི་རྒྱུད་འགྲེལ་དུ་ཡང་གཏོགས་སོ། །དེ་ཡང་། འདི་ལ་ལེའུ་དགུ་བཞུགས་པའི་དང་པོ་མདོར་བསྟན་དང་། སྐབས་དེའི་གཞུང་། དགེ་འབྱུང་ཉོན་མོངས་མེད་པ་དང་། །བགེགས་རྣམས་ཐམས་ཅད་འཇིགས་མཛད་ཅིང་། །དངོས་གྲུབ་ཀུན་གྱི་རྟེན་གྱུར་པ། །ཡིད་བཞིན་ནོར་བུ་མཆོག་ལྟ་བུ། །སངས་རྒྱས་ཐམས་ཅད་སྐྱེད་བྱེད་ཅིང་། །གཡེང་བའི་དགྲ་རྣམས་འཇོམས་བྱེད་པ། །དོན་རྣམས་ཐམས་ཅད་སྒྲུབ་བྱེད་པ། །མངོན་པར་བྱང་ཆུབ་མཚན་ཉིད་དོ། །ཞེས་པས། ཤིན་ཏུ་རྣམ་པར་དག་པའི་རིམ་པ་གཅིག་པུ་བཤད་པ་སྟེ། གཞི་དང་ལམ། ལམ་དང་འབྲས་བུ་གཉིས་སུ་མི་ཕྱེད་པས་ཅིག་ཅར་བའི་ལམ་བསྟན། གཉིས་པས་རྒྱུད་ཀྱི་གླེང་གཞི་སྦས་དོན་དུ་བཤད་ཅིང་། དེ་དང་ལེའུ་གསུམ་པས། དང་པོའི་ལས་ཅན་སེམས་ཅན་རྣམས། །མཚོན་པས་ཡིད་ཆེས་བྱེད་པ་པོ། །མཁའ་དབྱིངས་རྡོ་རྗེ་ཀུན་སྦྱོར་བའི། །རེག་པས་ངོ་མཚར་ཆེན་པོ་ཉིད། །གདམས་པ་གང་གིས་འབྱུང་གྱུར་ཏེ། །མཆོག་ཏུ་དགའ་བ་བྱེད་པའོ། །ཞེས་དང་། རང་ལུས་ཐབས་དང་ལྡན་པའམ། །ཡང་ན་ལས་ཀྱི་ཕྱག་རྒྱས་སོ། །ཞེས་གཉིས་བྱུང་། ཐོད་བརྒལ་བའི་ལམ་དེའི་རང་ལུས་ཐབས་ལྡན། རྣམ་པར་གཡེང་བ་ཀུན་འབྱུང་བའི། །བུད་མེད་ཕྱག་རྒྱ་རྣམ་སྤངས་ལ། །རང་ལུས་ཐབས་དང་ལྡན་པ་ཡིས། །ཕྱག་རྒྱ་ཆེན་པོ་བསྟན་པར་བྱ། །ཞེས་དེ་ཡང་ལག་པའི་འདུ་བྱེད་སོགས་ལ་མ་བཞག དུས་འཁོར་བཞིན་གྱི་སྟོང་པ་ཉིད་ཀྱི་བཙུན་མོ་བསྟེན་པའོ། །ལེའུ་བཞི་པར། གོང་མ་གོང་མའི་ལས་ཉིད་ཀྱིས། །བསྒོམ་པར་བྱ་བ་བཞི་པོ་ཉིད། །དང་པོ་ཡི་གེ་དགོད་པར་བྱ། །བསྐྱེད་པའི་རིམ་པ་ལ་གནས་པས། །སྒྲུབ་པོས་དབང་པོ་བསྒོམ་བྱ་བ། །གཉིས་པ་རང་གི་རང་བཞིན་ཉིད། །གསུམ་པ་བཟང་པོ་མཆོག་གྱུར་པ། །ཡེ་ཤེས་ཕྱག་རྒྱ་རྣམས་པར་བསྒོམ། །བཞི་པ་གོང་མར་གང་གསུངས་པ། །ཕྱག་རྒྱ་ཆེན་པོ་རྣམ་པར་བསྒོམ། །ཞེས་བསྐྱེད་རིམ་དམ་རྒྱར་བཞག་ནས་དེ་ལས་མངོན་བྱང་ལྔ་དབྱེ། གཞན་ལས་དང་ཡེ་ཤེས་དང་ཕྱག་ཆེན་བཞིའི་བསྒོམ་པ་བཤད་པས་རིམ་གྱིས་པའོ། །འདིའི་ཕྱག་ཆེན་ཕྱག་རྒྱ་བཞི་པའི་དམ་རྒྱའོ། །རྣལ་འབྱོར་པ་དེ་ཐམས་ཅད་ལ་དགོས་ན་སྤྱོད་པའང་སྟོན་པ། བསྐྱེད་པའི་རིམ་པའི་ངོ་བོ་ཉིད། །དང་པོར་དེ་ཉིད་ཤེས་བྱས་ལ། །དེ་ཉིད་བསྒྲུབ་ཕྱིར་ཉེར་གནས་བྱ། །དེ་ནས་བསྒོམ་ལ་འབད་པ་ཡིས། །ཉམས་སུ་མྱོང་བ་བསྐྱེད་པར་བྱ། །དེ་ཉིད་གསལ་བར་གྱུར་སེམས་ཀྱིས། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད། །སོགས་ཀྱིས་སོ། །འདིར་བསྐྱེད་པའི་རིམ་པ་ཞེས་པ་ནི་རིམ་གཉིས་ཀྱི་རིམ་པ་དང་པོ་མ་ཡིན། །ཡེ་ཤེས་ཀྱི་སྐྱེད་ཚུལ་ལ་བཞག་པའོ། །ཡང་ལེའུ་ལྔ་པར། དཔལ་ལྡན་བདེ་བའི་མགོན་པོ་ཡིས། །མཆོག་ཏུ་གསང་དང་སྦས་པ་ཡི། །ཤིན་ཏུ་སྦས་པའི་དབང་བསྐུར་བ། །ཞེས་དབང་གོང་མ་གསུམ་སྦྱིན་པ་དབང་དུས་ཀྱི་ཡེ་ཤེས་ལམ་སྔ་མ་དག་གིས་གོམས་པར་བྱ་བ་ཞིག ལུགས་བཅས་རིམ་པའི་རྣལ་འབྱོར་གྱིས། །གཉིས་པ་ཐམས་ཅད་རྣམ་སྤངས་ལ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བསྒྲུབ། །ཞེས་པས་བསྟན། ལེའུ་དྲུག་པ་བདུན་པ་བརྒྱད་པ་གསུམ་གྱིས་དབང་དུས་སུ་སྐྱེས་པའི་ཡེ་ཤེས་སྤྱོད་པས་མཐར་འབྱིན་པ་དང་། །སྤྱོད་པ་ཡང་ཀུན་བཟང་། གསང་སྤྱོད། ཚོགས་སྤྱོད། རིག་པའི་སྐྱེས་བུའི་ཉེ་རྒྱུ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བཞིའི་ཉམས་ལེན་འབྱུང་བ་རོ་སྙོམས་ཇི་ལྟ་བ་ཞིག་གསུངས་སོ། །དགུ་པར་དེ་ཐམས་ཅད་ཀྱིས་སྤྱིར་རྡོ་རྗེ་སློབ་དཔོན་མཉེས་པ་དངོས་གྲུབ་ཀྱི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བཤད་པ་སོགས་ཀྱིས་སོ། །གཞུང་འདི་མཛད་པ་པོ་ཞིང་པ་པདྨ་རྡོ་རྗེ་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པ་ལས་བཤད་པ་དེ་ཡིན་ཞིང་། །འགའ་ཞིག་གིས་དེ་ཁ་དགྱེས་རྡོར་གྱི་སྒྲུབས་ཐབས་མཚོ་སྐྱེས་སུ་གྲགས་པའི་མཛད་པ་པོར་ཡང་འདོད་དོ། །ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པ་གྲུབ་པ་ཞེས་པའི་ཤེས་རབ་ནི་དེ་ཉིད་དུ །ཤེས་པས་ཤེས་བྱ་རབ་ཕྱེ་སྟེ། །སྦྱོར་བས་ཡོངས་སུ་བརྟགས་ནས་ནི། །ཆོས་རྣམས་རང་བཞིན་མེད་པ་ཉིད། །ཤེས་རབ་དེ་ཉིད་དུ་ནི་བརྗོད། །ཅེས་པའོ། །ཐབས་ནི། མ་ལུས་སྡུག་བསྔལ་རྒྱ་མཚོ་དང་། །སྡུག་བསྔལ་རྒྱུ་ལས་འདོན་གང་ཡིན། །སྙིང་རྗེ་སེམས་ཅན་ལ་ཆགས་པས། །འདོད་ཆགས་ཞེས་ནི་བྱ་བར་གྲགས། །རྟག་ཏུ་རྗེས་མཐུན་སྦྱོར་བ་ཡིས། །སྐྱེ་བོ་མངོན་པར་འདོད་པ་ཡི། །འབྲས་བུ་གང་ཡིན་ཉེར་སྦྱིན་པས། །དེ་ཉིད་ཐབས་ཤེས་བྱ་བར་གྲགས། ཞེས་པའོ། །གཏན་ལ་དབབ་པ་གྲུབ་པ་ཞེས་པ་ནི། ཆུ་དང་འོ་མ་འདྲེས་པ་བཞིན། །གཉིས་མེད་རྣམ་པའི་སྦྱོར་བ་ཡིས། །གཉིས་པོ་འདུས་པ་གང་ཡིན་པ། །ཤེས་རབ་ཐབས་ཞེས་བྱ་བར་འདོད། །དེ་ལྟར་གང་ལ་བཞག་པ་དང་། །བསལ་བར་ནུས་པ་མ་ཡིན་ཞིང་། །བཞག་དང་བསལ་བ་སྤངས་པ་ནི། །ཆོས་རྣམས་དེ་ཉིད་ཅེས་བྱར་བརྗོད། །ཅེས་པའོ། །འདི་ལ་ལེའུ་ལྔ་བྱུང་བའི་དང་པོས་ཐབས་ཤེས་ངོས་གཟུང་། གཉིས་པས་དེའི་རྒྱུར་བླ་མ་བསྟེན་པ། གསུམ་པས་དབང་བསྐུར། དབང་ཡང་། དེ་ནས་དཔལ་ལྡན་སློབ་དཔོན་སོགས་ཀྱིས་ཚོགས་དཀྱིལ་བསྒྲུབས་ཏེ་གསང་དབང་བསྐུར། དེའི་མཐར་རྗེས་གནང་སྦྱིན་པ་གསུངས་ཏེ། བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། སློབ་མ་སྡིག་དང་བྲལ་བར་འགྱུར། །སངས་རྒྱས་སྲས་མཆོག་དེ་ལ་ནི། །རྗེས་སུ་གནང་བ་དེ་ནས་སྦྱིན། །ཞེས་དང་། ཕྱིས་མོས་ན་ཚིག་དབང་བསྐུར་ཏེ། ཟབ་ཅིང་རྒྱ་ཆེ་བ་ལ་ལྷག་པར་མོས་ན་ནི། །ཚིག་གིས་རིན་ཆེན་དབང་བསྐུར་སྦྱིན་པར་བྱ་ཞེས་གསུངས་ཀྱིས། འདི་ལ་གསུམ་པའི་དབང་མ་བྱུང་། དབང་གི་ཆོ་གའི་འགྲོས་འདི་ལྟ་བུ་མི་འཐད་ན་སློབ་དཔོན་ཚད་མར་གྱུར་པ་དེས་ཅི་ལ་གསུང་། འཐད་ན་ནི་ཀ་དཔེ་མ་ངེས་པར་དགོས་པ་ཚོའི་འདོད་པ་ཨོཾ་ཨཱཿཧཱུྃ་ངོ་། །ལེའུ་བཞི་པས་རྣལ་འབྱོར་བཞིའི་མིང་མ་བཤད་ཀྱང་དོན་ཇི་ལྟ་བ་བཤད་དེ། ཕུང་པོ་ལྔ་ལ་སོགས་པའི་ཆོས། །གང་ཡང་དོར་བར་མི་བྱ་ཞིང་། །ནམ་ཡང་བཟུང་བར་བྱ་བ་མིན། །ནས། ནམ་མཁའ་ལྟ་བུར་མཁས་པས་བསྒོམ། །ཞེས་པའི་བར་གྱིས་རྩེ་གཅིག དེ་ནས། སྙིང་རྗེར་ལྡན་པའི་སེམས་ཅན་ལ། །རྒྱབ་ཀྱིས་ཕྱོགས་པར་མི་བྱའོ། །སེམས་ཅན་ཡོད་དང་མེད་ཅེས་པ། །རྣམ་རྟོག་ཉིད་ནི་མི་བྱའོ། །ནས། དེ་ནི་དེ་ཉིད་བསྒོམ་པར་བཤད། །ཅེས་པའི་བར་སྤྲོས་བྲལ། བྱ་བ་ཅུང་ཟད་ཡོད་མིན་པ། །ནས། །རྣལ་འབྱོན་རྒྱུན་དུ་སྐྱེ་བར་འགྱུར་གྱི་བར་གྱིས་རོ་གཅིག དེ་འདིར་གཉིས་མེད་བསྟན་པ་སྟེ། །བྱང་ཆུབ་སེམས་མཆོག་འདི་ཡིན་ནོ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་། །ནས། །ལེའུ་རྫོགས་པའི་བར་གྱིས་སྒོམ་མེད་དེ། ལེའུ་ལྔ་པས། སྔར་བཞིན་སྤྱོད་པ་བཞི་བཤད་ལ། དེ་ཡང་ཆོས་རྗེའི་རྣལ་འབྱོར་བཞིར་བཤད་པ་དང་མཐུན། གཞུང་འདི་སམྦུ་ཊ་ལ་བརྟེན་ནས་མཛད་པ་པོ་སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེ། འགྱུར་འགའ་ཞིག་ལས། སྐུ་མེད་རྡོ་རྗེ་ཞེས་འབྱུང་། དོན་པནྜི་ཏ་བདུད་རྩི་དགའ་བའི་འབྱུང་གནས་མི་ལའི་ཉ་ཆོས་སུ་འདི་ཁ་ཨུ་རྒྱན་པདྨ་བཤད། ཡེ་ཤེས་གྲུབ་པ་ཞེས་པའི་ཡེ་ཤེས་ནི། མ་ལུས་སྦྱོར་རྒྱུད་ལས་གསུངས་པའི། །རྡོ་རྗེ་ཡེ་ཤེས་བླ་ན་མེད། ཅེས་པའོ། །གྲུབ་པ་ནི། གང་ཞིག་རྟོག་པ་ཀུན་སྤངས་པའི། །དེ་ཉིད་ལ་ནི་ཡང་དག་གནས། །སྒྲུབ་པ་པོ་དེ་ཚེ་འདི་ཡིས། །བྱང་ཆུབ་དམ་པར་ཞུགས་པར་འགྱུར། །ཞེས་པའོ། །དེའི་ཕྱིར་ཡེ་ཤེས་གྲུབ་པ་ཞེས་བཞག་པ་འདི་ལ་ལེའུ་ཉི་ཤུ་ཡོད་པའི་དང་པོས་མདོར་བསྟན། གཉིས་པས་གཟུགས་སྐུ་བསྒོམ་པ་དང་། གསུམ་པས་རྣམ་བཅས་དང་། བཞི་པས་རྣམ་མེད་དང་། ལྔ་པས་རྨོངས་བསྒོམ་དང་། དྲུག་པས་དབུགས་འབྱུང་རྔུབ་ལ་བརྟེན་པའི་བསྒོམ་པ་དང་། བདུན་པས་དབང་པོ་གཉིས་སྦྱོར་གྱི་བདེ་བ་རྣམས་ཕྱག་རྒྱ་ཆེན་པོའི་ལམ་ངོ་མར་འདོད་པ་བཀག་པས་ཐབས་སུ་གོལ་བ་བསལ་བ་དང་། ཕྱག་རྒྱ་ཆེན་པོ་གནས་ལུགས་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཡིན་ལ། དེ་རྟོགས་པའི་ཐབས་ལ་ནི་དེ་ཉིད་འབའ་ཞིག་བསྒོམ་པར་ཟབ་མོད་ཀྱི། གཞན་གྱིས་ནི་མ་ཡིན་ནོ་སྙམ་པའི་ལོག་རྟོག་དགག་པ་ལ། སེམས་ཅན་བློ་གྲོས་ཆུང་བ་དང་། །བསོད་ནམས་ཆུང་ཞིང་བརྩོན་ཞན་རྣམས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཡེ་ཤེས་མཆོག་རྣམས་ཇི་ལྟར་ཐོབ། །ཅེས་སོགས་ཀྱིས་ལེའུ་བརྒྱད་པར་བསོད་ནམས་དང་ཡེ་ཤེས་སྤེལ་དགོས་པ་བསྟན། གསུང་རབ་ལ་ལར་སྲོག་གཅོད་སོགས་སྡིག་པར་བཤད། ལ་ལར་དགེ་བར་བཤད་པ་མི་འགལ་བ་བསམ་པ་ལ་རག་པར་སྟོན་པ་དགུ་པ། ཤ་ལྔ་སོགས་ཁ་ཅིག་ཏུ་བཟར་མི་རུང་བ་དང་། ཁ་ཅིག་ཏུ་དངོས་གྲུབ་ཀྱི་རྒྱུར་གསུངས་པ་གཟུང་འཛིན་གྱི་ཀུན་རྟོག་ཅན་གྱི་དབང་དུ་བྱས་པ་ལ་དང་པོ་དང་། ཐབས་ལྡན་ལ་གཉིས་པ་བཤད་པར་བཅུ་པས་དང་། །བགྲོད་པ་དང་བགྲོད་མིན་འཇིག་རྟེན་གྱིས་བཏགས་པ་ཙམ་ཡིན་པས་ཐབས་ལྡན་ལ་ཁྱད་པར་མེད་པ་བཅུ་གཅིག་པ་སྟེ། ཤེས་རབ་ཏུ་གོལ་བ་བཅད་པའོ། །བཅུ་གཉིས་པར་ཆོས་ཀྱི་མཚན་ཉིད། གཅུ་གསུམ་པར་གང་གིས་སྟོན་པའི་སློབ་དཔོན། བཅུ་བཞི་པར་གང་ལ་སྟོན་པའི་སློབ་མ། བཅོ་ལྔ་པར་ཡིད་ཆེས་ཀྱི་ལུང་དང་བཅས་པ་ཕྱག་ཆེན་གྱི་ལམ་ངོ་མ། བཅུ་དྲུག་པར་རྗེས་ཐོབ་ཏུ་ཐབས་བསྟེན་ཚུལ། བཅུ་བདུན་པར་ཐོག་མར་སྨིན་པའི་དབང་དགོས་པ་བསྐུར་བའི་ཚུལ་འདི་ནི་མདོར་བསྟན་དུ། རྟོག་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་མཆོག་བཟང་ཐོབ་པ་ཡི། །རྡོ་རྗེ་ཡེ་ཤེས་དབང་བསྐུར་བས། །དངོས་གྲུབ་མཆོག་ནི་འགྲུབ་པར་བྱ། །ཡང་དག་ཡེ་ཤེས་ཀུན་ལྡན་པས། །བྲིས་པའི་དཀྱིལ་འཁོར་སོགས་གཞན་དུ། །དབང་བསྐུར་བ་ནི་ལེན་བྱེད་ན། །འདི་ནི་དམ་ཚིག་ཉམས་པར་འགྱུར། །ཡང་། དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །རྡོ་རྗེ་ཡེ་ཤེས་ཞེས་བྱར་བཤད། །བློ་ལྡན་དེ་ཡིས་དབང་བསྐུར་ན། །དབང་བསྐུར་བར་ནི་ཤེས་པར་བྱ། །ཞེས་གསུངས། རྒྱས་བཤད་དུ། དེ་ནས་སངས་རྒྱས་ཀུན་དབང་བསྐུར། །རྒྱུད་རྣམས་ཀུན་ཏུ་སྦས་པ་ཡི། །སངས་རྒྱས་ཀུན་དངོས་རྣལ་འབྱོར་ནི། །ཐམས་ཅད་ཡང་དག་བདེ་བ་སྐྱེད། །སེམས་ཅན་ཀུན་གྱིས་མ་རྟོགས་པར། འཇིག་རྟེན་མགོན་པོས་གསུངས་པ་ནི། །དེ་བཞིན་གཤེགས་པ་ཀུན་གྱིས་ཐུགས། །སྐུ་དང་གསུང་ནི་ཐམས་ཅད་འདུས། །དེ་ལྟར་གཉིས་ཀ་ཤེས་ནས་ཀྱང་། །བྱིན་གྱིས་བརླབ་པར་བརྗོད་པར་བྱ། །འདི་དག་ཐམས་ཅད་ཡིད་དང་ནི། །ལུས་དང་ངག་ལས་ཡང་དག་བྱུང་། །སངས་རྒྱས་ཀུན་གྱིས་བྱིན་བརླབ་ཕྱིར། །རྗེས་གནང་དེ་ལ་སྦྱིན་པར་བྱ། །རྡོ་རྗེ་འཛིན་པ་ཀུན་གྱི་ཕྱིར། །རྫོགས་སངས་རྒྱས་ཀྱིས་དབང་བསྐུར་ཞིང་། །འདས་དང་མ་འོངས་རྣམས་དང་ནི། །རྡོ་རྗེ་འཛིན་ཀུན་གྱིས་ཀྱང་ངོ་། །ད་ནི་བློ་གྲོས་ཆེན་པོ་ཁྱོད། །སངས་རྒྱས་ཀུན་དང་སྐུ་གཅིག་སྟེ། །ཆོས་དང་ཟང་ཟིང་སྦྱིན་པ་ཡིས། །སེམས་ཅན་རྗེས་སུ་བཟུང་བར་གྱིས། །ནས། །ད་ནི་ཁྱོད་ཀྱིས་ཆོས་རྣམས་ལ། །སོམ་ཉི་དག་ནི་མི་བྱའོ། །སླར་ནི་དབང་བསྐུར་མི་བྱ་སྟེ། །གཞན་དུ་དམ་ཚིག་ཉམས་པར་འགྱུར། །ཡང་དག་ཆོས་མཆོག་འཛིན་པ་སྟེ། །ཁམས་གསུམ་གྱིས་ནི་ཕྱག་བྱས་ལ། །དབང་བསྐུར་ཁྱོད་ཀྱིས་ཐོབ་པས་ན། །འདི་ལས་མཆོག་གཞན་ཡོད་མ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཡེ་ཤེས་མཆོག་གི་དབང་བསྐུར་བའི། །རྣལ་འབྱོར་རྣམས་ཀྱི་བདག་ཉིད་ཆེ། །ཞེས་བྱིན་རླབས་ཀྱི་ཆོ་ག་ཁོ་ནས་དབང་ཐོབ་པ་དེ་རྒྱུད་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་དུ་འོས་པ་སོགས་གསུངས་པའང་མཐོང་། །གཞུང་འདི་ཚད་མར་ཡང་ཁས་ལེན་བཞིན་དུ་བྱིན་གྱིས་རླབས་པས་དབང་བསྐུར་གྱི་གོ་མི་ཆོད་ཟེར་བ་དེ་རྒན་འཆལ་ཁོ་ནར་ཟད་དོ། །བཅོ་བརྒྱད་པས་རྣལ་འབྱོར་པའི་མཐུ་བསྟན་ཏེ། དབང་པོ་མཆོག་རྫོགས་རིམ་གྱིས་གྲོལ་བའི་དབང་དུ་བྱས་པའོ། །བཅུ་དགུ་པས་དབང་པོ་འབྲིང་སྐད་ཅིག་ཀྲོང་བསྐྱེད་ཀྱི་བསྐྱེད་རིམ་དང་། ཉི་ཤུ་པས་དབང་པོ་མཐའ་མ་བསྐྱེད་རིམ་རྒྱས་པ་བསྒོམ་པར་བཤད་དོ། །གཞུང་འདི་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལ་བརྟེན་ནས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་འབྲིང་པོས་མཛད་པའོ། །གཉིས་མེད་གྲུབ་པ་དགག་བྱ་འགེགས་པའི་གཉིས་མེད་ཡིན་པར། དེ་ཉིད་དུ། ཡུལ་དང་དུས་དང་ཚེས་གྲངས་གཟའ། །རྒྱུ་སྐར་དཀྱིལ་འཁོར་མེད་པ་ནི། །རྡོ་རྗེ་སེམས་དཔའ་སྒྲུབ་པའི་ཐབས། །ཞེས་པ་འདི་ཡེ་ཤེས་གྲུབ་པ་ལ་བརྟེན་པ་ཡིན་ཏེ། དེར་ཆགས་ལམ་རྒྱས་པར་མ་བྱུང་བ་འདིར་བཤད་པས་སོ། །མཛད་པ་པོ་ལེགས་སྨིན་ཀ་ར་ཞེས་གྲགས་པ་དེའོ། །དཔལ་མོ་དང་གཅིག་པར་འདོད་པའང་སྣང་སྟེ། དེའི་ཚེ་ན་ཨིནྡྲ་བྷཱུ་ཏི་ལྭ་ཝ་པ་རབ་ཏུ་མ་བྱུང་བའི་དུས་ཀྱི་མཚན་དུ་འགྱུར་དགོས་པས། བསམ་མི་ཁྱབ་ཏུ། ཨིནྡྲ་བྷཱུ་ཏི་ལེགས་སྨིན་བཅས། །ཞེས་ཏོག་ཙེ་པའི་སྔ་རབས་ཀྱི་བླ་མར་བཤད་པ་དང་། ལྭ་ཝ་པ་དེའི་སློབ་མ་ཡིན་པས་མི་འཐད་དོ། །ལྷན་ཅིག་སྐྱེས་གྲུབ་གཉིས་བྱུང་བའི་དང་པོ་ལ་ལེའུ་གསུམ་གྱི་སྔ་མར་ལས་རྒྱ་དང་གཏུམ་མོ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པ་མངོན་དུ་བྱེད་ཚུལ། གཉིས་པས་སྒྱུ་ལུས། གསུམ་པས་འོད་གསལ་བཤད། འདི་དགྱེས་རྡོར་དེའི་ནང་ནས་བརྟག་པ་དང་པོའི་ལེའུ་བརྒྱད་པའི་རྫོགས་རིམ་ཆང་འཚོང་མ་བི་ན་ས་བཛྭ་ཡི་དོན་དུ་ཌོམྦི་ཧེ་རུ་ཀས་མཛད། དེ་ཡང་། བདག་མེད་རྣལ་འབྱོར་ལྡན་པའམ། །ཞེས་བུད་མེད་ཀྱི་གཟུགས་ཀྱིས་གདུལ་བའི་དབང་དུ་བྱས་པའོ། །སློབ་དཔོན་འདི་རང་ལུགས་ཀྱི་ལོ་རྒྱུས་ཐམས་ཅད་དུ་ཨིནྡྲ་བྷཱུ་ཏི་ཆེན་པོའི་སློབ་མ་ཡེ་ཤེས་ཀྱི་མཁའ་འགྲོ་མས་རྗེས་སུ་བཟུང་ཟེར་བ་ཡང་སྣང་། །གཞན་གྱིས་བི་པའི་སློབ་མར་འཆད། །མི་ཐུབ་ཟླ་བའི་དགྱེས་རྡོར་སྒྲུབ་ཐབས་སུ་འདིས་བརཏལ་ཞུགས་ཀྱིས་རྫུ་འཕྲུལ་བསྟན་ཚུལ་རྒྱས་པར་བཤད་བྱུང་ཡང་། དེའི་སློབ་དཔོན་མ་བཤད་དོ། །ལྷན་ཅིག་སྐྱེས་གྲུབ་ཕྱི་མ་ནི། དཔལ་ལྡན་རོལ་པའི་ལྷ་མོ་ཆེ། །ཞེས་པ་ནས། །ཡང་དང་ཡང་དུ་ཀུན་ལ་འདུད། །ཅེས་པའི་བར་གྱིས་བླ་མ་བརྒྱུད་པ། །དེ་ནས་རྐང་པ་གཉིས་ཀྱིས་རྩོམ་པར་དམ་བཅའ། དེ་ནས། གཞུང་ལས་མ་རྟོགས་རྙེད་མི་འགྱུར། །ཞེས་པའི་བར་གྱིས་ལྷན་ཅིག་སྐྱེས་པའི་རང་བཞིན་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་མཐའ་དག་ལ་ཁྱབ་པ་ཡིན་ཡང་བླ་མའི་ཞལ་མ་གཏོགས་པ་ལས་མི་རྙེད་པར་སྟོན། དེ་ནས། དེ་ནི་འབད་པ་མེད་པར་ཐོབ། །ཅེས་པའི་བར་གྱིས་བླ་མའི་ཞལ་ལས་རྙེད་པའི་རྗེས་ལ་འབད་པ་མེད་པའི་ཚུལ་གྱིས་ཉམས་སུ་མྱོང་བ་དང་ལྷན་ཅིག་སྐྱེས་པའི་ངེས་ཚིག་སྟོན། དེ་ནས། ལྷན་ཅིག་སྐྱེས་པ་ཐོབ་པར་འགྱུར། །ཞེས་པའི་བར་གྱིས་ཉམས་སུ་མྱོང་ནས་ཐམས་ཅད་དུ་མི་འབྲལ་བར་བྱ་དགོས་པ་དང་། དེ་ནས། ལྷན་ཅིག་སྐྱེས་པར་ངས་བརྗོད་བྱ། ཞེས་པའི་བར་གྱིས་རྟོག་པ་མེད་པའི་ལྷན་ཅིག་སྐྱེས་པ་བསྐུལ་བའི་དབང་གིས་སྙིང་རྗེའི་ཆ་ཟླ་བ་ཡར་ངོའི་ཆོས་ཅན་སེམས་ཅན་དང་ཆོས་ལ་དམིགས་པ་མེད་པ་དང་ལྷན་ཅིག་སྐྱེས་པ་ཡིན་པར་སྟོན། དེ་ནས། འགྲོ་བའི་གྲོང་ཁྱེར་དག་ཏུ་འཁྱམ། །ཞེས་པའི་བར་གྱིས་ལྷན་ཅིག་སྐྱེས་པ་འདི་ཉིད་བདེ་སྡུག་ཐམས་ཅད་ཀྱི་གཞི་ཡིན་པ་དང་། ལྟ་བ་དང་གྲུབ་མཐའ་འཛིན་པ་ཐམས་ཅད་ཀྱི་རྩོད་པའི་གཞིར་གྱུར་པ་དང་། ལྷན་ཅིག་སྐྱེས་པ་མི་ཤེས་པ་ནི་སྡུག་བསྔལ་གྱི་ཕུང་པོ་ལས་མི་གྲོལ་བར་སྟོན། །དེ་ནས། དེ་ཡིས་སྡིག་པ་མ་བྱས་སམ། །ཞེས་པའི་བར་གྱིས་ལྷན་ཅིག་སྐྱེས་པའི་རང་བཞིན་ལ་དེའི་རང་བཞིན་དུ་མ་རྟོག་པའི་སྐྱེས་བུ་དེ་རྣམས་སྡིག་པ་ཅན་ཡིན་པར་སྟོན །དེ་ནས། དངོས་པོ་ཀུན་ལ་ཡང་དག་གནས། །ཞེས་པའི་བར་གྱིས་འགྲོ་བ་ཐམས་ཅད་སངས་རྒྱས་ལ་སོགས་པའི་རང་བཞིན་ཡིན་ཏེ། ལྷན་ཅིག་སྐྱེས་པས་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །ཞེས་སྟོན། དེ་ནས། གླེན་པ་རྨོངས་པས་མི་ཤེས་སོ། །ཞེས་པའི་བར་གྱིས་བདག་ཏུ་ལྟ་བ་ཅན་གྱི་ཚངས་སོགས་མུ་སྟེགས་པས་མི་ཤེས་པར་སྟོན། དེ་ནས། དེ་ཡིས་ཀུན་ནས་མི་ཤེས་སོ། །ཞེས་པའི་བར་གྱིས་ལྷན་ཅིག་སྐྱེས་པ་མ་ཤེས་པས་གྲུབ་པའི་མཐའ་དུ་མ་འཛིན་ཞིང་རྩོད་པར་བྱེད་དགོས་བྱུང་ངོ་ཞེས་སྟོན། དེ་ནས། བླ་མ་དེ་ཡིས་འགྲོ་བ་སྒྲོལ། །ཞེས་པའི་བར་གྱིས་གསང་བའི་ཐེག་པ་བླ་མ་གཅིག་ནས་ཅིག་ཏུ་བརྒྱུད་དེ་འོངས་པས་ཉོན་མོངས་པ་རྩད་ནས་གཅོད་པ་སྟོན་པར་བྱེད་དོ། །དེ་ནས། དོར་བ་ཉིད་དུ་ཡོངས་བརྟག་པ། །ཞེས་པའི་བར་གྱིས་སློབ་བཞིན་པའི་རྣལ་འབྱོར་པ་རྣམས་ཀྱི་གདམས་ངག་སྟོན་ནོ། །དེ་ནས། དེ་ཡི་ཐམས་ཅད་རྫོགས་པར་འགྱུར། །ཞེས་པའི་བར་གྱིས་རྟོགས་པའི་ཏིང་འཛིན་མ་ལུས་པ་དང་། ལྷན་སྐྱེས་མ་ཡིན་པའང་སྟོན། །དེ་ནས། གང་ཞིག་མཐོང་བ་དེ་བདེན་ཡིན། །ཞེས་པའི་བར་གྱིས་ཇི་ལྟར་བརྟགས་པ་དེ་ལྟར་རྟོགས་པའི་བློའི་ཡུལ་དུ་འབྱུང་བར་སྟོན། དེ་ནས། བླ་མ་མཆོག་གིས་སྔོན་དུ་གསུངས། །ཞེས་པའི་བར་གྱིས་ལྷན་སྐྱེས་རང་གི་ངོ་བོ་རྒྱས་པར་བསྟན །དེ་ནས། ལན་ཅིག་གིས་ནི་བདེ་བ་ཆེན་པོ་མཁྱེན། །ཞེས་པའི་བར་གྱིས་བླ་མ་བརྒྱུད་པ་གོང་མའི་དབང་གིས་ལྕམ་གྱི་དྲིན་ལས་སློབ་དཔོན་རང་ཉིད་ཀྱི་ཁོང་དུ་ཆུད་ཚུལ་སྟོན། དེ་ནས། སྲིད་པའི་མཚོ་ལས་སངས་རྒྱས་བཞིན། །ཞེས་པའི་བར་གྱིས་བདག་བཞིན་དུ་བྱས་ན་གཞན་གྱིས་ཀྱང་རྟོགས་པར་འགྱུར་རོ་ཞེས་སྟོན། དེ་ནས། བདག་ལ་བཟོད་མཛོད་སེམས་ཅན་ཆེ། །ཞེས་པའི་བར་གྱིས་རྩོམ་པའི་རྗེས་ཀྱི་བྱ་བ་བསྟན་ཏོ། །ཞེས་དགེ་སློང་མ་དཔལ་མོའི་འགྲེལ་པ་བཞིན་དུ་བཤད་ལ། གཞུང་འདི་གཙོ་བོར་བདེ་མཆོག་འཁོར་ལོའི་རྩ་རྒྱུད་རྒྱས་པ་ལ་ལྷན་ཅིག་སྐྱེས་པའི་རྟོག་པ་ཞེས་འབྱུང་བ་དེ་ལ་བརྟེན་ནས་མཛད་པའོ། །སློབ་དཔོན་ལྭ་ཝ་པ་ཆེན་པོ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆུང་བ་རབ་ཏུ་བྱུང་བ་དེ་ཡིན། འདི་ཉིད་ནི་ལྕམ་དཔལ་མོའི་དྲིན་ལས་ཕྱག་རྒྱ་ཆེན་པོ་གཟིགས་པར་བཤད་པ་ནི་ཨུ་རྒྱན་གྱི་སློབ་དཔོན་དང་སློབ་དཔོན་མ་རྣམས་ཀྱི་གདམས་ངག་གི་དབང་དུ་མཛད། བི་ན་ས་བཛྭ་ཡི་སྲས་དང་སློབ་མར་བཤད་པ་ནི་ལྷན་ཅིག་སྐྱེས་གྲུབ་སྔ་མ་ལ་སོགས་པའི་གདམས་ངག་བརྙེས་པའི་དབང་དུ་བྱས་པས། གྲུབ་སྡེ་ཐམས་ཅད་དང་། སྙིང་པོ་སྐོར་གྱི་བསམ་མི་ཁྱབ་རྣམས་རྗེ་བཙུན་ཏི་ལླིས་སློབ་དཔོན་འདི་ལས་གསན་ཏེ། ནཱ་རོ་པ། དེ་ནས་མཻ་ཏྲི་པ་དང་མར་པ་དཔོན་སློབ་ཀྱིས་དར་བར་མཛད་པས་བདག་ཅག་རྣམས་ལ་བཀའ་དྲིན་གཞལ་དུ་མེད་པས་བསྐྱངས་པའོ། །གཞུང་འདི་ལས་ལྷན་ཅིག་སྐྱེས་སྦྱོར་གྱི་གནད་ཐམས་ཅད་འཐོན་ཏེ་འོག་ཏུ་འཆད་པས་ཤེས་སོ། །དེ་ཁོ་ན་ཉིད་གྲུབ་པ་གཉིས་བྱུང་པའི་དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་པ་ཞེས་པའི་དངོས་པོ་ནི་ལུས་དངོས་པོའི་གནས་ལུགས་ཡིན་ལ། དེའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་དེ་ངག་གི་རང་བཞིན་ནོ། །དེ་གྲུབ་ཁྱེར་ནི། །ལུས་སོགས་རགས་པ་ངོས་གཟུང་། དེ་ཕྲ་བ། དེ་ཤིན་ཏུ་ཕྲ་བ། དེ་ཐམས་ཅད་སྟོང་པ་འོད་གསལ་དུ་གཏན་ལ་ཕབ་ན་དེ་དག་གི་རང་བཞིན་མེད་པ་མངོན་དུ་གྱུར་པས། རང་བཞིན་ཡོངས་སུ་ཤེས་པ་ཞེས་རྡོ་རྗེ་ཐེག་པའི་ལམ་ངོ་མ་དེར་གྲུབ་པའི་དོན་ཏེ། དེ་ཉིད་དུ། འདི་ནི་གཉིས་སུ་མེད་ཅིང་རང་བཞིན་གྱི་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་གནས་སྐབས་ལས་བདག་ཉིད་ཀྱིས་དོན་དེ་རྟོགས་པར་བྱ་བའི་ཕྱིར་བདག་ཉིད་ཀྱིས་སྐྱེས་པ་དང་བུད་མེད་ཀྱི་གཟུགས་སུ་མངོན་པར་སྤྲུལ་ལོ། །རང་གི་ངོ་བོ་ཉིད་འབྱིན་པ་པོའི་རང་བཞིན་དུ་དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་འདིར་སྟོན་པར་མཛད་དོ་ཞེས་པས་སོ། །འདི་ཨུ་རྒྱན་གྱི་རྣལ་འབྱོར་མ་ཐམས་ཅད་ཀྱིས་བགྲོས་པ་ཡིན་མོད་ཀྱང་བསྟན་བཅོས་སུ་བསྡུ་བ་ནི་རང་བྱུང་གི་རྣལ་འབྱོར་མ་ཙི་ཏོ་ཞེས་བྱ་བས་སོ། །དེ་ཁོ་ན་ཉིད་གྲུབ་པ་ཞེས་པའི་དེ་ཁོ་ན་ཉིད་ནི། དེར། སངས་རྒྱས་བྱང་ཆུབ་རྡོ་རྗེ་ནི། །ཞེས་པ་ཡིན་ལ། གྲུབ་པ་ནི་དེ་མ་ཐག་ཏུ། ཚེ་འདིས་འགྲུབ་ཀྱིས་གཞན་དུ་མིན། །ཞེས་པ་སྟེ། འདི་འོག་སྒོ་གཙོ་བོར་བཏོན་ནས་ཕྱག་རྒྱ་ཆེན་པོ་གཏན་ལ་འབེབས་པ་མཛད་པ་པོ་ནི་སློབ་དཔོན་གྱི་རཱ་ལི་པ་སྟེ། སིདྡྷི་ཏ་ཀས་གྲུབ་ནི། གཉུག་མ་ཆིག་ཆོད་དུ་ཁྲིད་པའི་གདམས་ངག་མཛད་པ་པོ་རྒྱལ་པོ་དཱ་རི་ཀ་པའོ། །དེ་ལྟར་གྲུབ་པ་སྡེ་བདུན་ལས། ལྷན་ཅིག་སྐྱེས་གྲུབ་མ་གཏོགས་ཐམས་ཅད་ཨུ་རྒྱན་གྱི་ཡུལ་དུ་མཛད་པའོ། །གཉིས་པ་སྙིང་པོ་སྐོར་དྲུག་ནི། དོ་ཧ་མཛོད། ཙེ་མོ་དོ་ཧ། བདག་བྱིན་བརླབ། ཕྱག་རྒྱ་བཞི་པ། སེམས་ཀྱི་སྒྲིབ་སྦྱོང་། བསམ་མི་ཁྱབ་དང་དྲུག རྒྱལ་པོ་དོ་ཧ་དང་། བཙུན་མོ་དོ་ཧ་དང་། མཛོད་ཆུང་བ་དང་། ཀ་ཀའི་དོ་ཧ་རྩ་འགྲེལ་དང་། ཚིགས་སུ་བཅད་པ་བཅུ་གཉིས་པ་ལ་སོགས་པ་དེའི་སྐོར། དེ་བཞིན་བྱང་ཆུབ་སེམས་འགྲེལ། སེམས་ཀྱི་རྡོ་རྗེའི་བསྟོད་པ་སོགས་ཀྱང་ངོ་། །དེ་ལ་དོ་ཧ་མཛོད་ལ། འགྲེལ་པ་གྲུབ་ཐོབ་ཆེན་པོ་གླིང་གིས་མཛད་པར། ཞེན་པ་གཏང་དང་བླ་མ་བསྟེན། །ཉམས་བླངས་རྟོགས་པའི་འཆར་ཚུལ་དང་། །བསྐྱང་ཐབས་འབྲས་བུའི་ཐོབ་ཚུལ་ཏེ། །རྣམ་པ་དྲུག་གི་ཡང་དག་བཤད། །ཅེས་ཕྱག་ཆེན་འབའ་ཞིག་ཏུ་བཀྲལ་བ་དང་། ཕྱིས་པཎྜྻི་ཏ་ནགས་ཀྱི་རིན་ཆེན་གྱི་གསུང་ངག་ལ་བརྟེན་ནས་དཔལ་ཡིད་བཟང་རོལ་པས་སྦྱོར་བ་ཡན་ལག་དྲུག་ཏུ་བཀྲལ་བའང་རྒྱལ་དབང་རྗེས་ཞིབ་མོར་གསན་ཅིང་གཅུ་གལ་དུ་མཛད་ལ། མཻ་ཏྲི་པའི་འགྲེལ་པ་ནི། མངའ་བདག་གིས་མཛད་པ་མ་ཡིན། དེ་དང་མཚན་མཐུན་པ་བལ་པོ་བྷ་དནྟའི་གཅུང་པོ་ཞིག་ཀྱང་བྱུང་བ་ལྟ་བུས། མཚན་ཙམ་སྙིང་པོར་མི་བྱ། པཎྜྻི་ཏ་ཐར་པ་འབྱུང་གནས་ཀྱིས་འགྲེལ་པ་ལེགས་སོ། །དོ་ཧ་གཞན་གཉིས་ནི་འདི་དང་བརྗོད་བྱ་བསྡུས་འབྲིང་དུ་སྣང་བས་ལོགས་སུ་མི་བགྲང་། འདི་གཉིས་ལ་རྗེ་བཙུན་རས་ཆུང་པས། རྒྱ་གར་ན་དོ་ཧ་སྐོར་གསུམ་དུ་མ་གྲགས། བོད་དུ་བླ་མ་བལ་པོ་དེ་སྐད་གསུང་ཞེས་པས་ཚད་ཐུབ་ཏུ་མི་བཞེད་པའང་མང་དུ་སྣང་ལ། རང་ལུགས་ཚད་མར་མཛད་པ་ཉིད་འཐད་པར་སེམ་མོ། །རྩེ་མོ་དོ་ཧ་ནི། སློབ་དཔོན་འདིས་རྣལ་འབྱོར་བཞིར་བཤད་པའི་ཁུངས་དྲག་ཤོས་ཡིན་པས་དང་། རང་བྱིན་བརླབ་ནི། དེར་ཟླ་གསང་ཐིག་ལེ་དང་། སྔོན་གྱི་འདུ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་ལས། གསང་བའི་རྒྱུད་ཀྱི་སྙིང་པོ་ལས་ཆེས་སྙིང་པོར་གྱུར་པ། སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་བར་གྱུར་པ། ལུང་ཐམས་ཅད་ཀྱི་ཀུན་རྫོབ་ཀྱི་གཙོ་བོར་གྱུར་པ། ཞེས་པས་རྒྱུད་སྡེ་དུ་མའི་གསང་ཚིག་ཡིན་ཞིང་། མོས་གུས་ཕྱག་ཆེན་པོར་བཤད་པའི་ཚུལ་སྟོན་པས་ན་ལོགས་སུ་བགྲང་ཞིང་། ལམ་ཟབ་ཀྱི་གཞུང་དུའང་མཛད་དོ། །དོ་ཧ་ཞེས་པ་གཉིས་རྒོད་ལ་བྱེད་པ་རྨོངས་པའི་བཤད་པ་བཟོ་བཅོས་མ་བྱས་པའི་དོན་ཞིག་ཡིན་ཀྱང་བསྒྱུར་ན་མ་བདེ་བས་ཐད་སོར་བཞག་པ་གཎྜྻི་བཞིན་ནོ། །མཛད་པ་པོའི་སློབ་དཔོན་ནི་བྲམ་ཟེ་ཆེན་པོ་ས་ར་ཧ་ཞེས་ཉི་ཟླ་ལྟ་བུར་མཁས་བླུན་ཀུན་ལ་གྲགས་པ་དེའོ། །སློབ་དཔོན་འདི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ན་བྱོན་ནོ་ཞེས་འཆད་པ་མང་ནའང་། རྣམ་པར་དཔྱད་ན་སྟོན་པ་འདས་ནས་ལོ་སུམ་ཅུ་ཙམ་ལ་ཝཱ་རཱ་ཎ་སིར་འཁྲུངས་ཏེ་གཞོན་ནུ་ནས་སྟོན་པའི་སྲས་པོ་སྒྲ་གཅན་འཛིན་ལ་བསྙེན་པར་རྫོགས་པས་མཚན་མཁན་པོ་དང་མཐུན་པ་སྒྲ་གཅན་འཛིན་བཟང་པོ། རང་ལོ་ཕྱེད་དང་ལྔ་བརྒྱ་ཙམ་ཉན་ཐོས་ཆེན་པོའི་ཚུལ་ཁོ་ན་བཟུང་ཏེ་ཀླུ་སྒྲུབ་ཡོངས་སུ་རྫོགས་པའི་པཎྜྻི་ཏར་གྱུར་གྱི་བར་དུ་བཞུགས་ནས་དེའི་མཁན་པོ་མཛད་པའི་ཕྱིར་དང་། སྲས་སྒྲ་གཅན་འཛིན་ཡང་ཐམས་ཅད་ཀྱིས་མངོན་པར་འཕགས་པའི་ཡུལ་དུ་ཀུན་དགའ་བོ་བཞུགས་རིང་ཙམ་མམ། དེ་འདས་ལྷག་ཙམ་ལས་བཞུགས་པ་ནི་མི་རིགས་ཏེ། སྟོན་པ་འདས་ནས་ལོ་བརྒྱ་འདས་པ་ན་བཀའ་བསྡུ་གཉིས་པ་བྱས། དེ་དུས་ཀུན་དགའ་བོའི་སློབ་མ་འབའ་ཞིག་ལས་འདུ་བར་འོས་པའི་དགྲ་བཅོམ་པ་གཞན་སུ་ཡང་མེད་པར་བཤད་པས་སོ། །འདིས་སྔགས་གསན་པ་གསང་འདུས་འཕགས་ལུགས་ཀྱི་ལོ་རྒྱུས་རྣམས་ན། རྒྱལ་པོ་བི་སུ་ཀལྤ་ལ་མཁའ་འགྲོ་མའི་གདམས་ངག་ཡོད་པ་གསན་ནས་དེ་ལ་ཞུས་པ་དང་། དོ་ཧ་འཆད་པ་རྣམས་ཀྱིས་མཁའ་འགྲོ་མས་གདོལ་པའི་བུ་མོར་བྱས་པས་རྗེས་སུ་བཟུང་བར་སྨྲ་ལ། རང་གིས་དཔྱད་ན་རྒྱལ་པོ་དེ་ནི་སྟོན་པའི་སྲས་པོ་ཁོ་ན་ཡིན་ལ། མཚན་སྦས་པ་སྟེ། ཐུན་མོང་མ་ཡིན་པའི་གསང་བ་ཞེས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས། དཔལ་ལྷ་མོ་ནི་གྲགས་འཛིན་ནོ། །རྡོ་རྗེ་སེམས་དཔའ་ནི་སྒྲ་གཅན་འཛིན་ནོ། །ཞེས་གསུངས་པ་དང་། སློབ་དཔོན་འདི་ཉིད་ཀྱི་བདག་བྱིན་བརླབ་ཏུ། རྗེ་བཙུན་དཔལ་རྡོ་རྗེ་སེམས་དཔའ་རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་ཀྱི་སྙིང་དུ་སྡུག་པ་བླ་མའི་ཞལ་དུ་སོན་པས་རྙེད་དེ་ཞེས་འབྱུང་བས་སོ། །དེ་ཡང་སློབ་དཔོན་པདྨས་ཀུན་དགའ་བོ་ལ་སྔགས་གསན་པ་ལྟ་བུར་སྣང་ལ། མི་ལོ་དེ་ཙམ་བཞུགས་པའང་རྡོ་རྗེ་ཐེག་པའི་སྒོ་ནས་ཚེའི་རིག་འཛིན་བརྙེས་པ་ཉིད་དང་། ཀླུ་སྒྲུབ་ལ་སློབ་མའི་ཚོགས་གཏད་དེ་བརཏལ་ཞུགས་ཀྱི་སྤྱོད་པའི་ཕྱིར་གདོལ་པའི་བུ་མོ་ཕྱག་རྒྱར་མཛད་པས་མི་རྣམས་ཀྱིས། བྲམ་ཟེའི་རིགས་དང་དགེ་སློང་གི་བསླབ་པ་གཉིས་ཀ་ལས་ཉམས་སོ་ཞེས་སྐུར་པ་བཏབ་པ་དེའི་ཚེ། མདའ་སྲོང་བའི་ཚུལ་གྱིས་སེམས་ཀྱི་ཡོན་པོ་བསྲངས། མདའ་དྲང་པོ་དེ་ནི་གནས་ལུགས་དོན་གྱི་ འབེན next hit་ལ་བཅར་འཕོག་ཏུ་གཟིགས་ནས། རྒྱལ་པོ་དང་། བཙུན་མོ་དང་། དམངས་ཀྱི་འདུས་པ་ལ་དོ་ཧ་སྐོར་གསུམ་གླུར་བླངས་ཏེ་སངས་རྒྱས་ཀྱི་སར་གཤེགས་སོ། །ཕྱག་རྒྱ་བཞི་ནི། ལས་དང་། ཆོས་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱའོ། །དེ་དང་བྱང་ཆུབ་སེམས་འགྲེལ་སོགས་མཛད་པའི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོའོ། །སློབ་དཔོན་འདིའི་ལོ་རྒྱུས་ཕལ་མོ་ཆེར་ལོ་བཅུ་གཉིས་སུ་མཁན་པོ་སྒྲ་གཅན་འཛིན་བཟང་པོ་མཚམས་ལ་བཞུགས། ཆར་མེད་ནས་དགེ་འདུན་རྣམས་གསེར་འགྱུར་གྱི་རིན་གྱིས་གསོས་པ་ལོག་འཚོར་དགོངས་པ་དང་། རང་ཉིད་ཀྱི་མཐུ་སྟོན་པའི་ཕྱིར་མཁན་པོ་མཚམས་གྲོལ་ནས་དེ་ལ་སྨད་དེ་རི་མོའི་བ་ལས་འོ་མ་འཛད་མེད་བཞོས་ཏེ་བསྟན་ནོ། །འདི་དུས་སློབ་དཔོན་བསྐྲད་ཅེས་ཟེར་བ་མི་འཐད་དེ། དེ་ཙམ་གྱིས་གནས་དབྱུང་བའི་འོས་སུ་ལུང་ལས་མ་བཤད་པ་དང་། བསྐྲད་ནས་སློབ་དཔོན་དཔལ་གྱི་རི་ལ་གཤེགས་རྒྱུར་བྱས་པ་ནི་ནམ་ཡང་མི་འཐད་དེ། སློབ་དཔོན་འདིས་སློབ་མའི་ཚོགས་ཕལ་ཆེར་ཡུལ་དབུས་སུ་བསྐྱངས་པ་ཡིན་ཞིང་། སློབ་དཔོན་འདི་མ་བྱོན་ཕན་ཡུལ་དབུས་ན་ཉན་ཐོས་ཀྱི་བསྟན་པ་དར། ཐེག་ཆེན་ཅུང་ཟད་ཙམ། དེ་ནས་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་ཐེག་པ་ཆེན་པོ་མུན་པའི་ནང་ནས་གསེར་གྱི་གར་བུ་ཕྱུང་བ་ལྟ་བུར་རྒྱས་པར་མཛད། དེའི་ཤུལ་དུ་ཐོགས་མེད་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་མང་པོ་བྱམས་པ་ལ་གསན་ནས་བསྣམས་བྱོན་པ་སོགས་ཀྱིས་རྒྱས། ཐེག་དམན་གུད་པ་ཡིན། སློབ་དཔོན་ཀླུ་སྒྲུབ་འདི་རང་ལོ་ལྔ་བརྒྱ་ཐལ་བ་ཙམ་ཡུལ་དབུས་སུ་བཞུགས་ནས་ན་ལནྡའི་མཁན་པོ་མཛད། དེ་ནས་དབེན་པའི་ཕྱིར་དཔལ་གྱི་རི་ལ་བྱོན་པ་ཡིན་ནོ། །སེམས་ཀྱི་སྒྲིབ་པ་རྣམ་པར་འབྱོང་བ་ནི། རང་གིས་སེམས་ནི་རྟོགས་བྱའི་ཕྱིར། །ཅུང་ཟད་ཙམ་ནི་བརྗོད་པར་བྱ། །ཞེས་པས་དྭགས་པོའི་རིང་ལུགས་པ་ཕྱག་རྒྱ་ཆེན་པོ་གཏན་ལ་འབེབས་པའི་གཞི་རང་གི་སེམས་ལ་མཛད་པའི་ཁུངས་བཟང་ཤོས། དེ་ཡང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ནི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་རྒྱས་བཤད། གཞི་ལམ་འབྲས་བུ་ཐམས་ཅད་སེམས་སུ་སྒྲུབ་པར་མཛད་པ་པོའི་སློབ་དཔོན་ཨཱརྻ་དེ་ཝ་ཞེས་པ་སིངྒ་གླིང་དུ་པདྨ་ལས་བརྫུས་ཏེ་འཁྲུངས་པ་མ་ཁོལ་རྩོད་པས་འདུལ་མཁན་དེ་ཡིན་ནོ། །རྩོད་པ་འདི་ཡང་། ཀླུ་སྒྲུབ་ཀྱི་དགུང་ལོ་དྲུག་བརྒྱའི་གཞུག་ཙམ་སྟེ། སློབ་དཔོན་ཨཱརྻ་དེ་ཝས་རྗེས་སུ་བཟུང་བའི་མ་ཁོལ་སངས་རྒྱས་པ་མཛད་ནས་དཔའ་བོར་གྲགས་པ་དེ་དང་། ཕྱོགས་ཀྱི་གླང་པོ་ཐུགས་ཉེ་བས་སངས་རྒྱས་ལ་བསྟོད་པ་སྤེལ་མར་མཛད་པའི་ཕྱིར་རོ། །བསམ་མི་ཁྱབ་ཞེས་པ་ནི་བློའི་ཡུལ་ལས་འདས་པ་ལ་བྱེད་ཀྱི། དེ་གང་ཞེ་ན། དེ་ཉིད་དུ། ཐབས་དང་ཤེས་རབ་གསང་བ་ཆེ། །སྙིང་རྗེས་བསམ་མི་ཁྱབ་མཚན་ཉིད། །ཅེས་གསུངས་པ་དེ་སྟོན་པས་བསམ་གྱིས་མི་ཁྱབ་པ་ཞེས་བྱ། འདི་བླ་མ་རྣམས་བསྲེ་སྐོར་དུ་བསྡུས་ནས་ལམ་རྫོགས་པ་བརྒྱད་ཙམ་འཆད། འོན་ཀྱང་འདི་ཉིད་རང་དུ། རང་བཞིན་བསམ་གྱིས་མི་ཁྱབ་པ་དང་། ཆོས་ཐམས་ཅད་འདུས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་དང་། ཐབས་བསམ་གྱིས་མི་ཁྱབ་པ་དང་། སྤྱོད་པ་བསམ་གྱིས་མི་ཁྱབ་པ་དང་། ས་དང་ལམ་འབྲས་བུ་བསམ་གྱིས་མི་ཁྱབ་པ་ལྔར་བསྡུས་ནས། དང་པོ་བསྒོམ་བྱ་སྤངས་ཡན་གྱིས་བསྟན། དེ་ནས། གང་ལ་ཕྱོགས་ཡོད་མ་ཡིན་པ། །དེ་ལ་སངས་རྒྱས་བརྗོད་པར་བྱའི་བར་གྱིས་གཉིས་པ། དེ་ནས། རྫོགས་པའི་རྣལ་འབྱོར་འདི་ཡིས་ནི། །སངས་རྒྱས་ཉིད་ནི་ངེས་པར་འཐོབ། ཅེས་པའི་བར་གྱིས་གསུམ་པ། བདུད་རྩི་ལས་ནི་ཐམས་ཅད་ལའང་། །ཞེས་པའི་བར་གྱིས་བཞི་པ། དེ་ནས། རྫོགས་པའི་བར་གྱིས་ལྔ་པ་བསྟན་ནོ། །འདིར་རྟ་མཆོག་ཛི་ནའི་ཞལ་སྔ་དང་། ཨིནྡྲ་བྷཱུ་ཏི་ལེགས་སྨིན་བཅས། ཞེས་པའི་རྟ་མཆོག་ཛི་ན་གཞན་དག་སློབ་དཔོན་དེས་རྟ་མགྲིན་གྱི་གྲུབ་པ་བརྙེས་པའི་དུས་ཨུ་རྒྱན་རྟ་སྐད་ཀྱིས་བཀང་བས་མཚན་དེ་ལྟར་ཐོགས་སོ་ཟེར་ལ། རང་ལུགས་གསང་བའི་མཚན། དོན་འཇམ་དཔལ་བཤེས་གཉེན་ནོ། །ཨིནྡྲ་བྷཱུ་ཏི་ནི་འབྲིང་པོ། དེའི་སྲས་མོ་ལེགས་སྨིན་ཀ་རའམ། ཡང་ན་རྟ་མཆོག་ཛི་ནས་སྒེག་པའི་རྡོ་རྗེ་གུ་ཌྷྜྷི་ར། ཞེས་པའི་སྒེག་པའི་རྡོ་རྗེ་ཡང་ཆེ་ཆུང་གཉིས་བྱུང་བའི་ཆེན་པོ། །དེས་གུ་ཌྷྜྷི་ར། ཞེས་པ་བྱི་འུའི་རོ་འཚོ་པའི་ཟས་སུ་མཛད་པས་མཚན་དེ་ལྟར་ཐོགས་པའི་སུརྻ་སིང་ང་ཕྱིས་ཤྲི་སིང་ཧར་གྲགས་པ་ལ་བཤད། སློབ་དཔོན་པདྨ་སྙིང་རྗེ་ཆེ། །ཆོས་ཀྱི་ཞལ་སྔའི་བཀའ་དྲིན་ལས། །བཟང་པོའི་ཞལ་སྔའི་ཕྲད་པ་ནི། །ཞེས་པའི་སློབ་དཔོན་པདྨ་ནི་པདྨ་རྡོ་རྗེ་ཡིན་ལ། སྙིང་རྗེ་ཆེ་ཞེས་པ་བདུད་རྩི་དགའ་བའི་འབྱུང་གནས། ཆོས་ཀྱི་པ་འདི་ཀུ་ཀུ་རི་ཆེན་པོའི་སློབ་མ་དེ་དང་མི་གཅིག འདི་ནི་ཕྱག་ན་རྡོ་རྗེ་དངོས་ཀྱི་སློབ་མའོ། །དེའི་སློབ་མ་འདིར་བཟང་པོ་པ། ཏོག་ཙེ་པའང་གཉིས་བྱུང་བའི་འདི་ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་དེ་ཡིན། གཞན་ཤཱནྟི་པའི་སློབ་མ་ཞིག་ཀྱང་གྲུབ་བརྒྱའི་ནང་ན་ཡོད། དེས་ན་ཏོག་ཙེ་པ་ལ་ལུགས་བཞི་འདུས། དེས་ལྭ་བ་པ། དེས་ཏི་ལླི་པ། གྲུབ་སྙིང་གི་གཞུང་འདི་ཐམས་ཅད་ཇོ་བོ་ཏིལླི་ནཱ་རོ་ལས་བརྒྱུད་པ། ཏོག་ཙེ་པ་ནས། ཤ་ཝ་རི། མཻ་ཏྲི་པ་རང་ལ་བརྒྱུད་པའང་ཡོད་དོ། །གསུམ་པ་ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉི་ཤུ་རྩ་ལྔ་ནི། ཐུན་མོང་གྲུབ་མཐའ་བསྟན་པ་རིན་ཆེན་འཕྲེང་བ། དེའི་དོན་སྔགས་དང་སྦྱར་བ་དོ་ཧ་དི། རྩོད་སྤོང་ཡིད་ལ་མི་བྱེད་པར་བསྟན་པའམ་བདག་མེད་གསལ་བ། ཐབས་ཁྱད་དུ་གསོད་པ་བཟློག་པའི་ཕྱིར་ལྟ་བ་ངན་སེལ་དང་། ལྟ་བ་ངན་སེལ་གྱི་དྲན་པ་དང་། ལས་དང་པོ་པའི་བྱ་བ་མདོར་བསྡུས། སྔགས་ལམ་དབང་དང་འབྲེལ་བར་བསྟན་པ་ལ། དབང་ངེས་བསྟན་དང་། དགོས་པ་མདོར་བསྡུས་དང་། དབང་གིས་པྲ་ཁྲིད་དམ་བྱ་བ་མདོར་བསྡུས་དང་། དབང་རྣམ་དག རྒྱས་གདབ་ཀྱི་དོན་ལ་ཕྱག་རྒྱ་ལྔ་པ་དང་། དགའ་གཅུགས་ལྔ་པ་དང་། མི་ཕྱེད་ལྔ་པ། ཟུང་འཇུག་དེའི་ལྟ་བ་ཤན་འབྱེད་པ་ལ་དབུ་མ་དྲུག་པ་དང་། ལྷན་སྐྱེས་དྲུག་པ། ལྟ་བ་དེ་དང་ལྡན་པའི་ཟུང་འཇུག་བཤད་པ་ལ་ཐེག་ཆེན་ཉི་ཤུ་པ་དང་། དེ་ཉིད་ཉི་ཤུ་པ། རབ་ཏུ་མི་གནས་པ་སྟོན་པ་ལ་བདེ་ཆེན་གསལ་བ་དང་། ཟུང་འཇུག་ངེས་བསྟན། ལྟ་བའི་གོ་རིམ་དཔེ་དང་སྦྱར་བ་ལ་རྨི་ལམ་ངེས་བསྟན་དང་། སྒྱུ་མ་ངེས་བསྟན། ཟབ་དོན་བསྡུ་བ་དེ་ཉིད་བཅུ་པ་དང་། དེ་ཉིད་རབ་ཏུ་བསྟན་པ། ཟབ་མོའི་ཁྱད་པར་ཕྲ་མོ་སྟོན་པ་ལ་རབ་ཏུ་མི་གནས་པ་གསལ་བར་སྟོན་པ་དང་། མ་རྟོགས་པ་རྟོགས་པར་བྱེད་པ་རྣམས་ཏེ། རྒྱུ་སྐྱེས་ཡེ་ཤེས་གླང་པོ་ཆེ། །འཇོམས་བྱེད་སེདྒེ་བདག་གི་གཞུང་། །ཞེས་པས་རང་གཞུང་ལ་བསྔགས་ནས་དེའི་འགྲེལ་པའང་ཉིད་ཀྱིས་མཛད། དེ་ཉིད་བཅུ་པ་ལ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་འགྲེལ་པ་མཛད་པ་དང་དེ་རང་གི་གནས་པ་བསྡུས་པ་གསུམ་ནི་དེའི་ཆར་བསྡུས་སོ། །དེ་ཡང་ཡིད་ལ་མི་བྱེད་པ་ཞེས་པའི་དོན་ལ་རྣམ་པ་གསུམ་གསུངས་པའི་དང་པོ། །ཨ་མ་ན་སི་ཀཱ་ར་ཞེས་པའི་སིའི་ཨི་ཡིག་ནི། ཡིད་ལ་ཞེས་པའི་ལ་ཡིག་བདུན་པའི་དོན་ཡིན། བདུན་པ་འདི་ལ་གནས་བཞིའི་རྐྱེན་ཞེས་བྱ་བར་སྒྲའི་མདོར། གང་ཀུན་ནས་འཛིན་པ་དེ་གནས་གཞིའོ་ཞེས་འབྱུང་། དེ་ལྟར་གནས་གཞི་ཅན་གྱི་དོན་ཏེ་ཐོག་མའི་ཨ་ཡིག་གིས་བཀག་པས། ཨ་མ་ན་སི་ཀཱ་ར་ཞེས་པ། གང་དུ་དམིགས་པའི་གནས་སམ་རྟེན་གཞི་མེད་པ་ལ་བྱ་དགོས་པར་ཤེས་ཏེ། སྡོམ་འབྱུང་ལས། དངོས་མེད་དངོས་པོ་ལ་རྟེན་ནས། །བརྟེན་པ་མེད་པའི་བསྒོམ་པ་བྱ། །ཡིད་མེད་ཡིད་ནི་བྱས་ནས་སུ། །ཅུང་ཟད་ཙམ་ཡང་མི་བསམ་མོ། །ཞེས་གསུངས་སོ། །དེ་བས་སེམས་བྱུང་ཡིད་ལ་བྱེད་པའི་འཛིན་སྟངས་ཀྱིས། དམིགས་པ་ལ་བསྒྲིམས་ནས་སེམས་འཛིན་དམ་པོར་བྱེད་པ་ཐུན་མོང་གི་ཞི་གནས་བསྒྲུབ་པའི་སྐབས་ལ་དགོས་ཀྱང་འདིར་དེ་བཀག་པ་ཡིན་ནོ། །དེ་ཡང་ཐོགས་མེད་ཀྱིས། དེ་ལ་འཇོག་པར་བྱེད་པ་དང་། ཡང་དག་པར་འཇོག་པར་བྱེད་པ་ལ་ནི་བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ་ཞེས་པའོ། །གཉིས་པ་ཨ་མ་ན་སི་ཀཱ་ར་ཞེས་པའི་བདུན་པའི་ཨི་དེའི་སྐྱེས་བུའི་བསྡུ་བ་བྱས་ནས་ཡིད་མི་བྱེད་པ་ཞེས་པ །ལ་ཡིག་མི་མངོན་པར་བྱས་པའི་བཤད་པ་གཉིས་པ་མཛད་དོ། །དེའི་དོན་ལྟར་ནའང་། ཡིད་མི་བྱེད་པ་ཞེས་པ་ཡིད་ཀྱི་ལས་འདིར་དགག་བྱར་བཞེད་པ་སྟེ། མངོན་པར། ཡིད་ཀྱི་ལས་གང་ཞེ་ན། སེམས་པ་ཡིད་ཀྱི་ལས་ཡིན་ནོ། །ཞེས་སེམས་བྱུང་སེམས་པའི་འཛིན་སྟངས་ལ་ནན་ཏན་དུ་བྱེད་པ་དེ་དགག་པའོ། །སེམས་བྱུང་སེམས་པའང་སེམས་མངོན་པར་འདུ་བྱེད་པའི་ཡིད་ཀྱི་ལས་ཏེ། དེ་ཉིད་དུ། དགེ་བ་དང་མི་དགེ་བ་ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ནོ་ཞེས་པའོ། །དོན་མངོན་པར་འདུ་བྱེད་པ་དགག་པའོ། །ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་ལྟ་བུ་ཞི་གནས་བསྒྲུབ་པ་ལ་ཡིན་གྱི། ཕྱག་རྒྱ་ཆེན་པོ་ལ་ནི་བྱས་པ་རྣམས་དང་བྲལ་ཞིང་བསགས་པ་ལས་མིན་ཞེས་དང་། ང་ནི་འགྲོ་འོང་མི་ལེན་མི་འདོར་རོ་དང་། དགྱེས་རྡོར་ལས། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །ཞེས་པས་སོ། །དེས་ན། ཡིད་ཀྱིས་དེ་ཉིད་དམིགས་དང་བཅས། །ཞེས་ཡིད་ཀྱི་ལས་སུ་བྱ་བ་གང་ཡིན་ཐམས་ཅད་འདིར་དམིགས་པ་དང་བཅས་པར་བཞག་ནས་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཞིག་ངེས་པར་བསྟན་ནོ། །དེ་བས་ན། ཀུན་ཏུ་རྟོག་པས་མ་བརྟགས་པ། །རབ་ཏུ་མི་གནས་པ་ཡི་ཡིད། །དྲན་པ་མེད་ཅིང་ཡིད་བྱེད་མིན། །དམིགས་པ་མེད་ལ་ཕྱག་འཚལ་འདུད། །ཅེས་སྟོན་པས་གསུངས་པ་དེ་ལེགས་པར་བཤད་དོ། །དྲན་པ་མེད་པ་སོགས་རྒྱས་པ་འོག་ཏུ་འབྱུང་ངོ་། །གསུམ་པ །ཨ་མ་ན་སི་ཀཱ་ར་ཞེས་པའི་ཨ་ཡར་བཅད་ནས། ཨ་ཡིག་སྐྱེ་བ་མེད་པའི་དོན་དུ་བྱས་ཏེ། མ་ན་སི་ཀཱ་ར་ཡིད་ལ་བྱེད་པར་བཤད་དོ། །དེ་ལྟར་ན་ཨ་ཡིག་གི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི། ཨ་ཡིད་ལ་བྱེད་པ་ཞེས་སྦྱར་ཏེ། དེ་ཡང་། བར་གྱི་ཚིག་མི་མངོན་པར་བྱས་པ་ལོ་མ་ལ་དགའ་བའི་རྒྱལ་པོ་ལ་ལོ་མའི་རྒྱལ་པོ་ཞེས་པ་བཞིན་ནོ། །འདིར་ཨ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཨ་ནུཏྤནྣ། ཨ་ནི་རོ་དྷ་ཞེས་པ་ལྟ་བུའི་སྒོ་ནས། སྐྱེ་མེད་འགག་མེད་སོགས་གཉིས་སུ་མེད་པའི་རྣམ་གྲངས་ཐམས་ཅད་མཚོན་ནུས་སོ། །མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །སོགས་ཀྱིས་སོ། །མཚན་བརྗོད་ཀྱི་འགྲེལ་ཆེན་ལས། སྔགས་ཀྱི་ཚུལ་གྱིས་ནི་ཤེས་རབ་དང་ཐབས་ནི་གཉིས་སོ། །དེ་གཅིག་ཏུ་གྱུར་པ་ནི་གཉིས་སུ་མེད་པ་སྟེ། ཤེས་རབ་དང་ཐབས་གཉིས་སུ་མེད་པ་བདེ་བ་ཆེན་པོའི་ངོ་བོ་ཉིད་ནི་གཉིས་སུ་མེད་པ་ཡིན་པར་འདོད་དེ། དེ་ལས་བྱུང་བའོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ནི། གཟུང་བ་དང་འཛིན་པའམ། བདག་དང་བདག་གིའམ། ཤེས་པ་དང་ཤེས་བྱ་སྟེ། ཇི་སྲིད་ཡིད་ཀྱི་རྣམ་པར་གཡོ་བ་དེ་སྲིད་དུ་གཉིས་སོ། །གཡོ་བ་ཐམས་ཅད་དང་བྲལ་ཞིང་། སྤྲོས་པ་མེད་པ་ཆོས་ཐམས་ཅད་བདག་མེད་པ་ནི་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཉིད་ཀྱི་བདག་ཉིད་ཅན་གྱི་སྐུ་འབྱུང་སྟེ། དེ་བས་ན་གཉིས་སུ་མེད་པར་འབྱུང་བའོ། །གཉིས་སུ་མེད་པར་འབྱུང་བ་ཡང་། མི་སྐྱེ་བའི་རྣམ་པས་ཁྱད་པར་དུ་དབྱེ་བའི་ཕྱིར། མི་སྐྱེའི་ཆོས་ཅན་ཞེས་བྱ་བ་སྨོས་ཏེ་ཞེས་གསུངས་པའོ། །དེ་ལྟ་བུའི་དོན་གྱིས་ཡིད་ལ་མི་བྱེད་པ་སྟོན་པས་ཡིད་ལ་མི་བྱེད་པའི་ཆོས་སྐོར་ཞེས་བྱའོ། །དེ་ཐམས་ཅད་སློབ་དཔོན་ངེས་པར་སྦྱངས་པ་གཉིས་སུ་མེད་པའི་རྡོ་རྗེ་ཞེས་སམ། གྲུབ་པའི་སློབ་དཔོན་ཆེན་པོ་མངའ་བདག་མཻ་ཏྲི་པས་མཛད་པའོ། །གཞུང་འདི་རྣམས་ཀྱི་གླེགས་བམ་ལ་སྔོན་དུ་ལོ་རྒྱུས་བར་དུ་དོན་ཅུང་ཟད་རེས་བཤད་པ་བསྐྱར་མའི་སྒྲིག་ཚོམ་ནི་ཡིད་བཟང་རྩེ་པས་མཛད་པ་ཡིན་ལ། རྣམ་གཞག་གོང་མ་དང་མི་མཐུན་པ་རྣམས་འདི་ལས་རྟོགས་པར་བྱ་སྟེ་དེ་སྤང་ངོ་། །འདི་ལྟ་བུས་མར་པའི་ཞལ་སྔ་ནས་ཀྱིས་རྫོགས་རིམ་བརྒྱ་རྩ་བརྒྱད་བཤད་པའི་ཁུངས་ཀྱང་རྙེད་སླའོ། །གཞུང་ལུགས་དེ་དག་དུས་ཕྱིས་གདམས་ནས་བཀའ་བརྒྱུད་འདིའི་གདམས་པ་ཡིན་པ་སྐད་བྱས་པ་ནི་མ་ཡིན་ཏེ། རྗེ་བཙུན་ཆེན་པོ་མི་ལས། སྒྲ་བསྒྱུར་མར་པའི་སྤྱན་སྔར་ཆོས་གསན་པ་ཐོ་ཡིག་ཏུ་མཛད་པའི་གསུང་མགུར་དུ། དོན་མཐར་ཐུག་སྟོན་པ་སྙིང་པོའི་སྐོར། །བཀའ་རྒྱ་མཚོ་ལྟར་ཟབ་རྒྱུད་འགྲེལ་ལས། །བཅུད་བདུད་རྩིའི་ཉིང་ཁུ་ལྟ་བུ་བླངས། །ཞེས་པ་འདི་རྣམས་ཡིན། འདི་རྣམས་ལ་སྙིང་པོ་སྐོར་ཟེར། དེས་བཀའ་བརྒྱུད་པ་འདི་པ་ལ་འཕགས་པའི་ཡུལ་དུ་སྙིང་པོ་སྐོར་པར་གྲགས་ལ། བོད་བགྲེས་པོ་རྣམས་ཀྱིས་ཀྱང་བཀའ་བརྒྱུད་འདི་ལ་ཕྱག་རྒྱ་ཆེན་པོ་བ་ཞེས་ཟེར་བའང་རྒྱུ་མཚན་དེར་གདའོ། །གཉིས་པ་གདམས་ངག་ཉམས་ལེན་གྱི་སྐོར་ལ། ཅིག་ཅར་བའི་ལམ་གཙོ་བོར་བཏོན་པ་ཐོག་བབས། ཐོད་བརྒལ་བའི་ལམ་གཙོ་བོར་བཏོན་པ་བསམ་གཏན་ཐུན་འཇོག རིམ་གྱིས་པའི་ལམ་གཙོ་བོར་བཏོན་པ་རྟོགས་བརྗོད་གསེར་གྱི་འཕྲེང་བ་གསུམ། དང་པོ་ཕྱག་རྒྱ་ཆེན་པོ་བརྡ་རྩ་ཞེས་གྲགས་པ་སྟེ། ཡི་གེ་རྙིང་པ་རྣམས་ལས་བཟུང་བདེ་བར་རྒྱལ་དབང་རྗེས་བསྒྲིགས་པ་ལ་ངོ་སྤྲོད་ལྟ་བའི་བརྡ་སྐོར། མཉམ་བཞག་སྒོམ་པའི། ཉམས་ལེན་སྤྱོད་པའི། མཐར་ཕྱིན་འབྲས་བུའི། སྙིང་པོ་ཡང་སྙིང་གི རྒྱབ་རྟེན་ལུང་གི ཁ་འཐོར་བའི་བརྡ་སྐོར་བདུན་ཡོད། བསམ་གཏན་ཐུན་འཇོག་ནི། མཻ་ཏྲི་པས་རྟོགས་པ་རྙེད་དེ་རི་གསུམ་དང་བཅས་པའི་དོན་གོ་ནས། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །སྟོང་པ་ཉིད་དང་སྙིང་རྗེ་གཉིས། །གཉིས་སུ་མེད་པ་སློབ་དཔོན་ཡིན། །ཀུན་རྫོབ་སྣང་བ་སློབ་དཔོན་ཡིན། །རྣལ་མའི་དོན་ལ་རྣམ་དཔྱད་ན། །གང་ལྟར་བྱས་ཀྱང་གྲོལ་བར་འགྱུར། །དམིགས་པ་མེད་པ། བཅོས་མ་མ་ཡིན་པ། ཡིད་ལ་མི་བྱེད་པ། དྲན་པ་རྡུལ་ཙམ་ཡང་མེད་པར་ངས་རྟོགས། ད་སུ་ལ་ཡང་དྲི་བར་ཡང་མི་བྱེད་དོ། །ཞེས་གསུངས་བའི་དོན་གཏན་ལ་འབེབས་པ་དེ་ལྟར་ཡིད་ལ་མི་བྱེད་པ་རྣམས་དང་། བརྡ་རྩ་བསམ་གཏན་ཐུན་འཇོག་རྣམས་སློབ་དཔོན་ཤ་ཝ་རིའི་བྱིན་རླབས་ལས་ཡིན་པས་བརྒྱུད་པའི་ཁུངས་དེ་ལ་བྱེད། དེ་ཡང་། བྲམ་ཟེ་ཆེན་པོ་དང་། ཀླུ་སྒྲུབ་ཞབས་གཉིས་ཀའི་སློབ་མ་གར་མཁན་གྱི་རིགས་ལས་གྲུབ་པ་བརྙེས་པ་དཔལ་གྱི་རི་ལ་རྔོན་པའི་ཚུལ་གྱིས་བཞུགས་པའི་ཕྱིར་ཤ་ཝ་ར། གཞན་དག་འདི་ལཱུ་ཡི་པའི་ཡང་བླ་མར་བྱེད་དོ། །གསེར་འཕྲེང་ནི་མཻ་ཏྲི་པས། གྲུབ་ཐོབ་ཀྱི་རྟོགས་བརྗོད་ཉུང་ངུ་སྐབས་སུ་བབ་པར་བསྡེབས་པ་ཡིན་ལ། ཕྱག་ཆེན་གསལ་འཕྲེང་དུ་གྲགས་པ་འདིའི་དོན་ཡིན་རྒྱུར་བྱེད་པ་ཞིག་སྣང་སྟེ་ལེགས་པར་མ་འཁུམས། །གསུམ་པ་རྟོགས་པ་བྱིན་རླབས་ཀྱི་སྐོར་ནི། ལྷན་ཅིག་སྐྱེས་སྦྱོར་སྔ་ཕྱི་གསུམ། དང་པོ། །རྗེ་ཟླ་འོད་གཞོན་ནུའི་ཚིགས་བཅད་རྐང་པ་གསུམ་པ། རྣལ་འབྱོར་བཞི། འདི་ལ་ཡང་ཕག་མོ་གྲུ་པའི་ཞུ་ལན་བཟང་བ་ཡིན། བར་མ་དཔལ་ཕག་མོ་གྲུ་པས་མཛད་པའི་ལྷན་ཅིག་སྐྱེས་སྦྱོར་ཚིགས་སུ་བཅད་པ་རྣལ་འབྱོར་བཞི་གསུམ་བཅུ་གཉིས་མ་གཉིས་འདིར་འདྲེན། གོ་ཆ་གཉིས་མའི་ཚིགས་བཅད་མ་ནི། དེ་ཉིད་དུ་ཤར་ཕྱོགས་ལྭ་ཝ་པའི་གདམས་ངག དེ་ཀའི་སློབ་མ་རཀྵི་ཏ་ཞེས་པ་དེས་མར་པ་ལ་གནང་བར་གསུངས་པས་ལོགས་པ་ཡིན། དེ་ཡང་མདོ་ལུགས་ཀྱི་གདམས་ངག་ཡིན་པར་དཔལ་ཕག་གྲུས། གོ་ཆ་གཉིས་ལ་བརྟེན་ནས་སུ། །རྣམ་རྟོག་ལམ་དུ་བྱེད་པ་ཡི། །མཚན་ཉིད་ཐེག་པས་མ་བསླད་པར། །སྐྱེ་མེད་རྟོགས་པའི་གདམས་ངག་འདི། །ཞེས་གསུངས་པས་སོ། །ཕྱི་མ་ཆོས་རྗེ་གཙང་པ་རྒྱ་རས་ཉིད་ཀྱིས་ལྷན་ཅིག་སྐྱེས་སྦྱོར་ཚིགས་བཅད་དང་གནས་ལུགས་དྲི་མེད་རྣལ་འབྱོར་བཞི་རིམ་རྣམས་སོ། །གཞན་ཏེ་ལོའི་ཚིགས་བཅད་གཅིག་མ་ནི་ཅིག་ཅར་བའི་ལམ་འབྱེད་པའི་རྩ་བ་དང་། །ཆུ་བོ་གངྒའི་འགྲམ་དུ་གསུངས་པས་གངྒཱ་མར་གྲགས་པ་དང་། རྗེ་ལོ་ཙ་བར་བྲམ་ཟེ་ཆེན་པོས་སྩལ་བའི་དོ་ཧ་དང་། བདེ་གཤེགས་ཁམས་པའི་ཐོ་ཡིག་ལ་བརྟེན་པའི་ལྔ་ལྡན། འདི་ལའང་བརྗོད་བྱའི་ཕྱག་ཆེན་ཉིད་ལྔ་ལྡན་དུ་བཤད་པ་དང་། སྦྱོར་རྗེས་ཀྱི་བྱ་བ་དང་བཅས་ལྔ་ལྡན་དུ་བཞག་པའི་ཕྱི་མ་དེར་རོ། གླིང་རས་ཀྱིས་བཀའ་དྲིན་བཅུ་གཅིག བཤད་འབུམ་ཆོས་རྗེས་མཛད་པ། གཉུག་མ་ཆིག་ཆོད་དུ་ཁྲིད་པ་ལ་དྭགས་པོའི་ཆིག་ཆོད་དཔལ་ལྡན་ཕག་མོ་གྲུ་པ་དང་ཆོས་རྗེའི་ཡི་གེ་རེ་རེའོ། །རྒྱལ་བ་རྒོད་ཚངས་པས་མཛད་པ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ། དེ་ཡང་སེམས་ཀྱི་བརྡར་ཤ་བཅད་པ་དང་སེམས་ཀྱི་བཞག་ཐབས་བསྟན་པ་དང་། སེམས་ཀྱི་གོལ་ས་བསྟན་པ་དང་། སེམས་ཀྱི་ལམ་ཁྱེར་བསྟན་པ་ཞེས་ཚིག་རྐང་བཞི་ཡོད་པས་ཡི་གེ་བཞི་པར་བསྙད་པར་འདུག ཡི་གེའི་ཐ་སྙད་ཀྱང་བླ་མ་གོང་མའི་བསྟན་བཅོས་ལ་བླ་མའི་ཡི་གེ་ཞེས་པ་ལྟ་བུའོ། །ཤོག་དྲིལ་བཞི་པའི་ཚིག་བསྡུས་མཻ་ཏྲི་པས་མཛད་པ། དེའི་ལོ་རྒྱུས་གླིང་རས་ཀྱི་ཡིན་པར་གྲགས་པ་ལ་ཡོད། འདི་མཁས་རློམ་འགའ་ཞིག་ནཱ་རོ་པས་མཛད་ཟེར། དེའི་འཁྲུལ་ས་བསྲེ་འཕོའི་རིམ་གྱིས་པའི་གཞུང་དུ། ཕྱག་རྒྱ་ཆེན་པོའི་མན་ངག་ནི། །མན་ངག་ཚིག་བསྡུས་དག་ལས་ཤེས། །ཞེས་འབྱུང་། གཞུང་དེ་ནཱ་རོ་པས་མཛད། དེར་ཁ་འཕངས་པ་སྟེ་འདི་ལས་འོས་མེད་སྙམ་པའོ། །གཞུང་དེ་ནི་རྡོ་རྗེ་འཆང་ཉིད་ཀྱིས་གསུངས། དེ་ནི་ལྭ་ཝ་པའི་བཞེད་པར་ཚིག་སྡེ་བཞི་གསུམ་བཅུ་གཉིས་སུ་སྡུད་པ་ཞེས་པ་འདི་ཡིན་པར་རྗེ་མར་པའི་རིམ་གྱིས་པའི་རྣམ་བཤད་རང་དུ་གསུངས་པས་མིང་མཐུན་ཙམ་མོ། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་འདིར་མི་བསྡུ་བ་ནི་སྙན་བརྒྱུད་ཀྱི་དབང་བཞི་པའི་ལམ་ཡིན་པས་དེ་ཉིད་དུ་རྟོགས་པས་སོ། །འདི་དག་ལ་རྗེ་མཻ་ཏྲི་པའི་སློབ་མ་རྣམས་རྒྱུ་མཚན་སྡོན་དུ་གཏོང་བའི་གདམས་ངག དེའི་རྗེས་སུ་འགྲོ་བའི་གདམས་ངག ཉམས་ལེན་སྙིང་པོར་བསྡུས་བའི་གདམས་ངག དེ་ལ་ངེས་ཤེས་བསྐྱེད་པའི་གདམས་ངག་ཅེས་བཞིར་འཆད་པའི་དང་པོ་དབང་ངམ་བརྡ་སོགས་ཀྱི་ངོ་སྤྲོད་སྔོན་དུ་བཏང་ནས་དེའི་མྱོང་བ་གཏན་ལ་འབེབས་པ་དང་། གཉིས་པ་དབང་དུས་སུ་མ་མྱོང་ངམ། ཕྱོགས་མཐུན་ལས་མ་བྱུང་བ་ལ། དེ་དང་འབྲེལ་བའི་ལྟ་སྒོམ་སྤྱོད་འབྲས་ཞིབ་མོར་སྟོན་པ། གསུམ་པ། དེ་ལྟར་གཏན་ལ་དབབ་དགོས་ཀྱི་ནང་ནས་ཀྱང་སྒོམ་པ་ཉམས་ལེན་གྱི་རིམ་པ་ཁྲིད་ཀྱི་ཚུལ་དུ་འབོགས་པ། བཞི་པ་དེ་ལྟར་ཕོག་པ་ལས་མྱོང་བ་གང་སྐྱེས་ལ་ངོ་སྤྲོད་ཀྱི་བཤད་པ་ཕྱིན་ཅི་མ་ལོག་པར་བྱེད་པའོ། །འདིའི་གསུམ་པ་ལ། ཁྲིད་ཟེར་བའི་དོན་གང་ཁྲིད། གང་གིས་ཁྲིད། གང་ནས་ཁྲིད །གང་དུ་ཁྲིད་པ་ཞེས་མར་ལུགས་ཀྱི་འདུས་པ་བ་རྣམས་འཆད། དེའི་ཡང་དང་པོ། །གདུལ་བྱ་སོ་སྐྱེ། གཉིས་པ་བླ་མའི་གདམས་ངག གསུམ་པ་སོ་སྐྱེའི་ས་ནས་སོ། །བཞི་པ་ནི་རྡོ་རྗེ་འཆང་ཆེན་པོའི་སར་རོ། །གང་གིས་ཁྲིད་པ་འདི། རྒྱལ་དབང་རྗེས། ཚིག་ཁྲིད། མྱོང་ཁྲིད། དོན་ཁྲིད་གསུམ་དུ་གསུངས་པའི་དང་པོ་ནི། ཚིག་རིགས་ཁོང་དུ་ཆུད་ཅིང་ནན་ཏན་གྱིས་གོ་རྟོགས་རྙེད་པ་ཞིག་ལ་མཛད་པས་ཐོས་བསམ་གྱི་ཤེས་རབ་ཁོ་ནར་འདུ། གཉིས་པ་ནི། དེ་ཉམས་སུ་བླངས་པས་མྱོང་བ་སྐྱེ་བ་ཞིག་སྟེ། མྱོང་བ་ཡང་དེ་ཉིད་ཀྱིས་རང་གི་མཚན་ཉིད་ཉམས་འོག་ཏུ་ཆུག་པ་མྱོང་བ་ཞེས་པ་དེའོ། །དེ་ནི་འཇིག་རྟེན་པའི་སྒོམ་བྱུང་སོ་སོ་རང་རིག་སྟེ་དོན་སྤྱི་རྟོགས་པ་ཞེས་བྱའོ། །གསུམ་པ་ནི། སྙིང་པོའི་དོན་མངོན་དུ་གྱུར་པ། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་ཆོས་རབ་ཏུ་རྣམ་པར་འབྱེད་པ་ངོ་མ་ལ་མངོན་སུམ་གྱི་རྟོགས་པ་ཞེས་ཀྱང་བྱ་བ། མངོན་སུམ་ཀྱང་རྣལ་འབྱོར་མངོན་སུམ་ཞེས་པའོ། །གཉིས་པ་ལྷན་ཅིག་སྐྱེས་སྦྱོར་གཙོ་བོར་འདོན་པའི་རྒྱུ་མཚན་ནི། ཇི་ལྟར་གཙང་པོ་མངའ་རིས་ནས་ཀོང་པོའི་བར་དུ་ཡུར་བ་སྣ་ཚོགས་པར་དྲངས་ཏེ། ཞིང་དང་། བཟའ་ཤིང་གི་རྭ་བ་དང་། ནེའུ་གསིང་རྣམས་ལ་གཏོང་བར་བྱེད་ལ། དེ་ལྟར་བྱས་ཀྱང་གཙང་པོ་ནི་ཉུང་དུ་མི་འགྱུར། མ་བྱས་པས་འཕེལ་བར་མི་འགྱུར་རོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་སྦྱོར་ནི་ལམ་ཕྱག་རྒྱ་ཆེན་པོ་སྟེ། དེ་ཡང་ཚིག་དང་། བརྡ་དང་། མཚན་མ་ཐམས་ཅད་ཀྱི་ནང་དུ་དྲངས་ནས་གདུལ་བྱ་ལ་སྟོན། བསྟན་པ་དེ་དེ་དག་གི་དོན་དམ་པ་ཁོང་དུ་ཆུད་པའི་རྐྱེན་དུ་ཡང་འགྱུར་ལ། དེའི་ཚེ་ཡང་ལམ་ཕྱག་རྒྱ་ཆེན་པོ་དེ་ལ་འགྲིབ་པའམ་འཕེལ་བ་མེད་པས་སོ། །ཡང་ཡུར་བ་སྣ་ཚོགས་སུ་དྲངས་པའི་ཆུ་དེ་དག་རྣམ་པ་མང་ཡང་ངོ་བོ་གཙང་པོའི་ཆུར་རོ་གཅིག་པ་བཞིན་མིང་དང་ཚིག་ལ་སོགས་པ་སྣ་ཚོགས་པས་བཤད་པས་གཞུང་ལུགས་དེ་དག་རྣམ་པ་ནི་ཤིན་ཏུ་མང་པོར་བྱེ་ལ། ངོ་བོ་ནི་ལམ་ཕྱག་རྒྱ་ཆེན་པོ་འདིར་རོ་མཉམ་པས་ན། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཞེས་པའི་མིང་གིས་ཀྱང་གཞི་འབྲས་དང་། གཞི་ལམ་དང་། འབྲས་ལམ་གཉིས་སུ་མེད་པ། རྗེན་ཅེར་སྟོན་ནུས་པས་ངོ་མཚར་བ་རྨད་དུ་བྱུང་བའི་ཕྱིར་གྱིས་གཙོ་བོར་བཤད། །གཉིས་པར་བདག་ཅག་གང་ནས་སངས་རྒྱས་སུ་འཇུག་པ་ལ་བླ་མ་དམ་པ་རྣམས་ཀྱིས་ལམ་རྣམ་པར་བཀོད་དེ་བཞག་པ་ནི་ཇོ་བོ་ནཱ་རོ་པའི་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་དུ་གྲགས་པ་འདི་ཡིན་ལ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ནི་དེའི་སེམས་དངོས་པོའི་གནས་ལུགས་བཤད་པའི་རྡོ་རྗེའི་ཚིག་ཁོ་ནའི་དོན་ཡིན་པས་དེ་གཏན་ལ་དབབ་པ་འོས་པ་ཡིན་ལ། དེ་སྒྲུབ་པ་ནི་མཁས་པ་དང་མཛངས་པའོ། །གསུམ་པ་ནི། རུས་ནི་ཕའི་ཁུ་བ་ལས་བྱུང་བས་བུ་ཕའི་རྗེས་སུ་སློབ་པ་འཇིག་རྟེན་ན་གྲགས་པ་ལྟར། བདག་ཅག་གི་ཕུན་སུམ་ཚོགས་པ་ཐམས་ཅད་ནི་བླ་མའི་སྐུ་དྲིན་ལས་བྱུང་བ་ཡིན་ལ། དེ་དག་ཀྱང་འོག་མ་འོག་མའི་མཐུ་སྔ་མ་སྔ་མའི་བྱིན་རླབས་ལས་བྱུང་བར་བསྟན་པས་སོ། །འདི་ལ་དཔྱད་པ་ཅུང་ཟད་བརྗོད་པ། རྗེ་བཙུན་ཏིལླི་པ་བདེ་མཆོག་འཁོར་ལོ་ཉིད་དུ་བཤད་པ་ནི་ཡང་དག་སངས་རྒྱས་དེར་སངས་རྒྱས་ཀྱི་དབང་དུ་མཛད་པ། འདིར་ལམ་སྦྱངས་པའི་ཚུལ་བསྟན་པ་ནི་སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ་བའི་ངེས་པས་སོ། །དེ་ཡང་སློབ་དཔོན་དཱ་རི་ཀ་པའི་ཚིག་གིས་ཏིལ་གྱི་མར་འབྱིན་པའི་ཚུལ་ལོ་བཅུ་གཉིས་སུ་མཛད་ཅིང་། རྣལ་འབྱོར་བསྒོམས་པས་དངོས་གྲུབ་ཆེན་པོ་བརྙེས་པའི་ཚུལ་བསྟན་པས་བྲམ་ཟེ་ཆེན་པོ། །ལཱུ་ཡི་པ། དཱ་རི་ཀ་པ་ལས་ཕྱག་རྒྱ་ཆེན་པོའི་བཀའ་བབས་ཞེས་བརྗོད་ཀྱི། མཐའ་གཅིག་ཏུ་དེ་ལ་བལྟོས་པའང་མ་ཡིན་ནོ། །ཇོ་བོ་ནཱ་རོ་པ་ནི་དཀའ་བ་བཅུ་གཉིས་ཀྱི་མཐར་བདེན་པ་གཟིགས། བདེན་པ་འདི་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་ངོ་མར་གྱུར་པ་ཡིན་ནོ། །དེ་ནས་བརཏལ་ཞུགས་ཀྱི་སྤྱོད་པ་མཛད་དེ་སྐུ་ཚེ་འདི་ཉིད་ཀྱི་སངས་རྒྱས་ཀྱི་ས་མཁའ་སྤྱོད་དུ་བཞག་པ་དེར་བྱོན་ནོ། །དེ་བཞིན་སྒྲ་བསྒྱུར་མར་པས་ནཱ་རོ་པའི་སྤྱན་སྔར་དཔལ་དགྱེས་པ་རྡོ་རྗེའི་དབང་བསྐུར་བ་གསན་པ་དེའི་དུས་སུ་གསུམ་པའི་རྟེན་ལས་ཕྱག་རྒྱ་ཆེན་པོ་རྟོགས་ཏེ་རིམ་གྱིས་མཐར་དབྱུང་ངོ་། །འདི་ལ་བཀའ་བརྒྱུད་པ་འགའ་ཞིག དེའི་དུས་ཀྱི་ཏིང་ངེ་འཛིན་དེ་རྒྱུར་བྱས། ཕྱིས་མཻ་ཏྲི་པའི་དྲུང་དུ་རྟོགས་པ་ཤར་བ་ཡིན་ཏེ། དེ་ཉིད་ཀྱིས། སེམས་སྟོང་པ་ཉིད་ལ་སྦར་འཛིན་བྱས། རྗེ་སྐུ་དྲིན་ཆེའོ་མཻ་ཏྲི་པ། །དང་། སེམས་དངོས་པོའི་གནས་ལུགས་གཏན་ལ་ཕབ། །ཅེས་འབྱུང་བས་སོ་ཞེས། དེ་ནི་བླུན་བཤད་ཡིན་ཏེ། དང་པོ་ཉིད་དུ། གཡས་གཡོན་འཕོ་བ་ཉི་ཟླའི་རླུང་། །འཕོ་མེད་དྷཱུ་ཏཱིའི་ཁྱིམ་དུ་ཚུད། །ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས། །སྤྲོས་དང་བྲལ་བར་རབ་ཏུ་ཞི། །ཟག་པ་མེད་པའི་ཏིང་འཛིན་ལས། །ཞག་བདུན་བར་དུ་བརྟན་པ་ཐོབ། །ཞེས་འབྱུང་ཞིང་། རླུང་སེམས་འཕོ་མེད་དུ་གྱུར་པའི་སྐད་ཅིག་མཆོག་ཏུ་མི་འགྱུར་བའི་བདེ་བར་དུས་ཀྱི་འཁོར་ལོར་བསྒྲུབས་ཤིང་། ཟག་པ་མེད་པའི་ཏིང་ངེ་འཛིན་འཕགས་པ་ལས་གཞན་ལ་མེད་དེ་ལམ་བདེན་ཡིན་པའི་ཕྱིར་དང་། རྒྱུ་དེ་ལྟ་བུའི་ཉན་རང་གི་ཡེ་ཤེས་ནི་མི་སྲིད་པའི་ཕྱིར་རོ། །འོན་ཀྱང་དེ་ཉིད་དུ་སངས་རྒྱས་པའི་ཚུལ་མ་བསྟན་པས། ཕྱིས་མཻ་ཏྲི་པའི་དྲུང་དུ་རྟོགས་པ་བརྟན་པོར་གྱུར་པའོ། །རྗེ་བཙུན་མི་ལས་བྲག་དཀར་རྟ་སོར་མར་པའི་དྲིན་གྱིས་གཏུམ་མོ་ལ་བརྟེན་ནས་དང་། རྗེ་ཟླ་འོད་གཞོན་ནུས། རྗེ་བཙུན་དང་མཇལ་ནས་ལོ་བཅུ་གཉིས་པ་ལ་རྟོགས་པར་ལུང་བསྟན་པ་བཞིན་གཉལ་སེ་བ་ཀླུང་དུ་གཟིགས། འོལ་ཁར་མཐར་ཕྱིན། འདི་ཡང་གཏུམ་མོ་ལ་བརྟེན་པ་དང་། དཔལ་ཕག་མོ་གྲུ་པ་ས་སྐྱ་པ་ཆེན་པོས་མཐོང་ལམ་པར་གསུངས་པ་ཡིན་ཀྱང་། དེས་གོ་མ་ཆོད་པར་དྭགས་པོ་ཆེན་པོའི་ངོ་སྤྲོད་ཀྱི་ཚིག་ལས་རྙེད་པས་སྔར་གྱི་བླ་མ་རྣམས་ཅི་རེད་གསུངས་དགོས་པ་བྱུང་གདའ། གླིང་རས་པས་རྗེ་ལོ་དང་སུམ་པ་ལས་རྩ་རླུང་གི་དྲོད་རྟགས་ལེགས་པར་འདོན་ཡང་རྟོགས་པ་མ་འཆར། ཕྱིས་དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་རྗེ་འགྲོ་བའི་མགོན་པོ་ཕག་གྲུ་ཞལ་མཇལ་བའི་མོད་ལ་རྟོགས་པ་ཕྱི་གྲོལ་ནང་གྲོལ་དུ་སོང་བས། རྗེ་དེས་ཆུ་བོ་གདྒཱ་ཕན་ལ་ས་ར་ཧ་ཆེན་པོ་རྟོགས་པ་མཐོ། །དེ་ཚུན་ལ་ཁྱོད་རྟོགས་པ་མཐོ་བ་ཡིན་ཞེས་བསྔགས། འདི་ཅིག་ཅར་བའི་སྐྱེ་ཚུལ་དུ་བླ་མ་རྣམས་བཞེད། ཆོས་རྗེ་གཙང་པ་གླིང་གི་དྲུང་དུ་ཉམས་དང་རྫུ་འཕྲུལ་ཡ་མ་གཤའ་བྱུང་ནས་རྟོགས་པའམ་སྟེ་འདི་ཡིན་དགོངས་ཐུགས་ཡུས་ཏེ་ཞུར་བྱོན་པས། དེ་ཀུན་ཀྱང་ཡིན་ཏེ་རྟོགས་པ་གཤའ་མ་ཞིག་ད་ནས་ལོ་ལྔ་ལ་འཆར་བ་འདུག་གསུང་། ཕྱིས་ལྷོ་བྲག་མཁར་ཆུར་སྒྲུབ་པ་མཛད་པའི་དུས་རྐྱེན་ངན་གྱི་རླུང་འཚུབ་ཆེན་པོ་ལོ་གསུམ་དུ་ལངས་དེ་ལ་ཡལ་ཡོལ་བཅས་བཅོས་མ་བྱས་པར་ཉམས་ལེན་ལ་གནད་དུ་བསྣུན་པས་ལོ་གསུམ་པའི་དུས་རྗེ་གླིང་ལ་མོས་གུས་ཚད་མེད་པ་ཞིག་གིས་རྐྱེན་བྱས་རྟོགས་པ་ཤར། འོན་ཀྱང་སྙིང་རྗེའི་ཚན་ཁ་མ་བརྡོལ་བས་བླ་མ་ཞང་གི་དྲིན་ལས་སྟོང་པ་སྙིང་རྗེ་སྲང་ལ་གཞལ་བ་ལྟ་བུར་གྱུར། འདི་ཐོད་བརྒལ་བའི་འཁྲུངས་ཚུལ། རྒྱལ་བ་རྒོད་ཚང་པས་དམིགས་པ་གཅིག་ལ་བརྟེན་ནས་ཁྲིད་ཞུས་པའི་ཞག་བཅོ་བརྒྱད་པ་ལ་རྟོགས་པ་ཤར། འོན་ཀྱང་ཙ་རི་ཏི་སེ། མཐར་ཤྲཱི་རྒོད་ཚང་བྲག་ལ་བཞུགས་ཀྱི་བར་དུ་བསྐྱངས་པས་བརྟན་པ་ཐོབ། རིམ་གྱིས་པའི་སྐྱེ་ཚུལ་དུ་ཞལ་གྱིས་འཆེས། དེ་ཡང་སངས་རྒྱས་དབོན་ནས་ཆོས་རྗེ་བློ་གྲོས་སེདྒེའི་བར་ཚུན་དང་། དེ་ནས་མཁྱེན་བརྩེ་རྟོགས་ལྡན་ནམ། དམ་པ་སྔོ་ཉལ་མ་འདི། ཇོ་ནང་པ་ལུགས་ཀྱི་དུས་འཁོར་བ་ཆེན་པོ་ཡིན། ཕྱིས་བཀའ་བརྒྱུད་ཀྱི་གདམས་པ་གསན་པར་ར་ལུང་དུ་བྱོན། ཆོས་རྗེ་བློ་གྲོས་སེདྒེ་པ་དང་མཇལ་ནས་ཕྱག་ཆེན་གྱི་རྟོགས་པ་ཤར། ད་ལྟའང་ཧ་བོའི་གངས་ལ་སྐུ་མ་སྤངས་པར་བཞུགས། དེའི་སློབ་མ་བློ་གྲོས་མཆོག་ལྡན། དེའི་སློབ་མ་འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་པ། དེའི་བཀའ་དྲིན་ལས་རྒྱལ་དབང་ཆོས་རྗེས་མངོན་སུམ་དུ་མཛད་པས་ཕྱག་ཆེན་ཀྱི་བརྒྱུད་པ་ལ་འདི་གཙོ་བོར་བྱུང་། དེ་ནས་བདག་གི་ཡོངས་སུ་འཛི་ན་པའི་བར་དུ་མཆོག་གཟིགས་པ་འབའ་ཞིག་གོ །བདག་ནི་བྱིན་རླབས་ཀྱི་མཐུ་ཅུང་ཟད་ཀྱིས་ཐ་སྙད་ལ་ངལ་བ་མ་དགོས་པ་ཙམ་ལས་ཀུན་རྟོག་གི་ཀློང་ན་ང་ཟུར་རོང་ངེ་། ཆགས་སྡང་གི་འདམ་རྫབ་ན་མགོ་བྱིང་ངེ་བའོ། །འདི་ལ་བརྡ་ཆད་མི་ཡོང་། གཏུམ་མོ་སྒོམ་པ་སོགས་ཐམས་ཅད་ཀྱི་ལག་རྗེས་ལྷན་ཅིག་སྐྱེས་སྦྱོར་གྱི་ཡིན་ཟེར་བ་འདུག་པ་ལོ། །དེ་ནི་བུ་ཆུང་ཚོའི་ཚིག་ངའི་ཨ་མའི་འདོད་པ་རང་ཡིན་ཟེར་བ་བཞིན་ཏེ། ཧ་ཆེ་མི་དགོས། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་པོ་གང་ནས་ཞུགས་ཀྱང་དེ་ཁོ་ན་ཉིད་མཐོང་བའི་ཡུལ་ཅན་ཞིག་མ་བྱུང་བར་སོ་སོ། །དེ་བྱུང་ནས་ཐམས་ཅད་སྦྱོར་བ་གཅིག་ཏུ་འགྲོ་བ་ཡིན། སྦྱོར་བ་གཅིག་པུ་དེ་ཀ་ལྷན་ཅིག་སྐྱེས་སྦྱོར་ཡིན་པས་སོ། །དེ་ཡང་དུས་འཁོར་དུ་ཕྱག་རྒྱ་དང་པོ་གཉིས་གང་རུང་ལ་བསླབས་ཀྱང་འཕོ་མེད་དུ་འགྱུར་བ་ལ་ཕྱག་རྒྱ་ཆེན་མོ་དགོས་བྱུང་བས། གཡོ་བཅས་ཚུན་སོ་སོའི་ལས་སུ་བཞག མི་གཡོ་བ་ནས་དེའི་ལས་མ་ཡིན་པས་མི་འགྱུར་བའི་བདེ་ཆེན་ཕྱག་རྒྱ་དང་པོ་གཉིས་ཀྱི་དངོས་ཀྱི་འབྲས་བུར་གཏན་མི་བཞེད་པ་བཞིན་ནོ། །དེ་བས་ན་སྐོར་དང་པོ་བཤད་པས་གཏན་ལ་མ་ཕབ་ན་གོ་དཀའ་བ་ལ་དགོངས་ནས་བཤད་པ་ཚིག་གི་སྐོར་ཏེ། ཚིག་གི་འཇུག་པ་དང་བཅས་པ་ཞེས་པའི་དོན། གཉིས་པ་ཉམས་སུ་བླངས་པས་སྣང་བ་བརྡར་འཆར། དེ་ལས་དོན་གཏན་ལ་ཕེབས་པར་འགྱུར་བས་གདམས་ངག་ཉམས་ལེན་གྱི་སྐོར་ཞེས་གསུངས། འདི་ལ་དགོངས་ནས་སྣང་གྲགས་སློབ་དཔོན། སྣང་གྲགས་དཔེ་ཆ་ཞེས་པ་དེ་འབྱུང་། གསུམ་པ་དོན་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་ཉམས་མྱོང་གི་ཡི་གེ་ཡིན་པའི་ཕྱིར་རྟོགས་པ་བྱིན་རླབས་ཀྱི་སྐོར་ཞེས་གསུངས་པར་འདུག འགའ་ཞིག་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་བཀའ་གདམས་ཀྱི་གདམས་ངག་ཏུ་འདོད་པའང་སྣང་ལ། དེ་ནི་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས་པའི་ཚིག་རང་གིས་སུན་ཕྱུང་བ་ཡིན་ནོ། །རྗེ་ཟླ་འོད་གཞོན་ནུ་ལ་ཆུ་བོ་གཉིས་འདུས་པའང་། །དེ་ཉིད་ཀྱི་སྔོན་གྱི་མནལ་ལམ་ན་རྔ་སྒྲ་ལ་ཉན་པ་དང་འོ་མ་འཐུང་མཁན་ད་ལྟ་ཅིག་ཅར་བ་ཕྱག་རྒྱ་ཆེན་པོ་དང་། རིམ་གྱིས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་གྱིས་འཁྲིད་པ་ལ་བལྟ་བར་འདུག་ཅེས་གསུངས་པས་ཆུ་བོ་གཉིས་ནི་དེ་ཡིན་ལ། དེ་དག་གཅིག་ཏུ་བསྒྲིལ་བའི་གཞུང་ནི་ཐར་པ་རིན་པོ་ཆེའི་རྒྱན་དང་དྭགས་པོ་ཆོས་བཞི་ཞེས་བླ་མ་དམ་པ་རྣམས་འཆད་དོ། །དེས་ན། ནཱ་རོ་ཆོས་དྲུག་ཞེས་བྱའི་ཁྲིད། །མི་ལ་ཡན་ཆད་དེ་ལས་མེད། །ཆོས་དྲུག་བོར་ནས་ལམ་འབྲས་དང་། །ཕྱག་རྒྱ་ཆེན་པོ་ལ་སོགས་པ། །གཞན་གྱི་གདམས་ངག་སྒོམ་བཞིན་དུ། །ནཱ་རོ་བརྒྱུད་པར་འདེད་བྱེད་པ། །གཞན་དང་འགལ་བ་ལྟ་ཅི་སྨོས། །རང་ལུགས་དང་ཡང་འགལ་བ་ཡིན། །ཞེས་པ་ལ། དེའི་རྗེས་འབྲང་དག དེ་ལས་མེད་དང་དེ་ལ་མེད་ལ་མི་འཆམ། དེ་ནི་རྨོངས་པ་སྟེ། དེ་མ་ཐག་ཏུ་ཆོས་དྲུག་བོར་བ་ཞེས་པའི་ཚིག་ལ་མ་བརྟགས་པས་སོ། །རྩོད་ཁྱེར་ནི། ནཱ་རོ་ཆོས་དྲུག་ཞེས་བྱའི་ཁྲིད། །མི་ལ་ཡན་ཆད་དེ་ལས་མེད་དེ། དྭགས་པོ་མན་གྱིས་ཆོས་དྲུག་བོར་བས་སོ། །དེ་བོར་ཏེ། དྭགས་པོས་ཕྱག་ཆེན། སོགས་སྒྲས་ལམ་རིམ། ཡང་ཕག་གྲུས་ལམ་འབྲས་ཏེ་གཞན་གྱི་གདམས་ངག་སྒོམ་བཞིན་པར་འདུག་པའི་ཕྱིར་རོ་ཞེས་པའོ། །སྒོམ་བཞིན་ཞེས་པ་སྔར་དེ་ལ་ཞུགས་པ་ཙམ་མིན་ཞེས་པའི་ནུས་པ་བཏོན་པའི་ལུགས་སོ། །རྩོད་པ་འདི་འཆད་པ་ལ། མཁས་པར་རློམ་པའི་ཡི་གེ་ཕལ་མོར་དེ་མན་རྒྱུད་དང་འབྲེལ་བ་ཡོད། དབང་དང་འབྲེལ་བ་མེད་པ་དང་། ཡང་ཕག་མོའི་བྱིན་རླབས་ཙམ་དང་འབྲེལ་བ་ཡོད་པ་སོགས་ཀྱིས་དཔེ་མང་པོ་ཆུད་གསན་པའི་རྒྱུ་ནི། རྗེ་མར་པས་རྒྱུད་དང་འབྲེལ་བ་ཐབས་ལམ་གྱི་གདམས་ངག་དང་། བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་ཀྱི་གདམས་ངག་གཉིས་གསུངས་པའི་དང་པོ་ཆོས་དྲུག་རྒྱས་པ་བསྲེ་འཕོ་ཡིན། གཉིས་པ་སྙན་བརྒྱུད་ནོར་བུ་སྐོར་གསུམ་སོགས་ཡིན་པ་དེ་གཉིས་ཀའི་གཞུང་ལས་བཤད་པ་མ་གོ་བ་ཡུས་ཆེ་བར་ཟད་དོ། །འདི་གཉིས་ལ་དེ་སྐད་གསུང་བའི་དགོངས་པའང་། དང་པོ་རྒྱུད་སྡེ་རང་གི་བཤད་ཚོད་ཀྱི་དབང་དུ་བྱས་ཏེ། དཔེར་ན་གསོ་དཔྱད་པའི་རྐྱལ་པའི་སྨན་ཐམས་ཅད་ལྟ་བུ། གཉིས་པ་གང་ཟག་འཚང་རྒྱ་བའི་ལམ་རིམ་དུ་བསྒྲིགས་པ་སྟེ། ནད་ལ་སྨན་སྦྱོར་སྡེ་བྱས་ནས་གཏོང་བ་ལྟ་བུའོ། །རྩོད་པའི་ལན་ནི་ཕྱག་རྒྱ་ཆེན་པོ་གཞན་གྱི་གདམས་ངག་ཡིན་པ་དང་ལམ་འབྲས་སྒོམ་བཞིན་པ་གཉིས་ཀ་མ་གྲུབ་པས། དགག་པ་འདི་ནི་ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས་སུ་སོང་། དེས་ན་རྒོལ་བ་ཉིད་ཚར་བཅད་ཀྱི་གནས་སུ་ལྷུང་ངོ་། །ཞེས་ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ལས་རྗོད་བྱེད་ཚིག་གི་ཕྱག་ཆེན་བཤད་པའི་ལེའུ་སྟེ་དང་པོའོ།། །། གཉིས་པ་བརྗོད་བྱ་དོན་གྱི་ཕྱག་རྒྱ་ཆེན་པོ་ལ། བཤད་བྱ་ཕྱག་རྒྱ་ཆེན་པོ་དང་། འཆད་བྱེད་བླ་མའི་མན་ངག དེ་ལ་རྩོད་པ་སྤང་བ་གསུམ། དང་པོ་ལ། གཞན་གྱིས་ཕྱིན་ཅི་ལོག་ཏུ་བཤད་ཚུལ། མ་ནོར་བ་བཀའ་བརྒྱུད་པས་བསྟན་ཚུལ་གཉིས། དང་པོ། །ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་དང་། །རིམ་པ་གཉིས་ཀྱི་ཏིང་འཛིན་ལས། །བྱུང་བས་རང་བྱུང་ཡེ་ཤེས་ཡིན། །ཞེས་སྨྲའོ། །དེའི་དབང་ལས་བྱུང་བ་དང་། རྫོགས་པའི་རིམ་པ་ལས་བྱུང་བ་གཉིས་ཀ་དཔེའི་ཡེ་ཤེས་སུ་འདོད་པར་སྣང་སྟེ། དེ་ཉིད་ཀྱིས། ཇོ་བོ་ནཱ་རོ་ཏ་པ་ནི། །དབང་བསྐུར་དུས་སུ་མཐོང་ལམ་སྐྱེ། །དེ་ནི་སྐད་ཅིག་དེ་ལ་འགག །ཆོས་མཆོག་རྗེས་ཀྱི་མཐོང་ལམ་ནི། །འགག་པ་མེད་ཅེས་གསུང་བར་གྲག །དེ་ནི་དཔེ་ཡི་ཡེ་ཤེས་ལ། །མཐོང་བའི་ལམ་དུ་བཏགས་པར་ཟད། །འདིས་དང་པོ་དབང་དང་། འཕགས་པ་ལྷ་ཡི་སྤྱོད་བསྡུས་སུ། །བདེན་པ་མཐོང་ཡང་ལས་མཐའ་ལ། །ཆགས་པར་གསུངས་པ་རྫོགས་རིམ་གྱི། །རང་བྱུང་ཡེ་ཤེས་རྟོགས་པ་ནི། །དཔེ་ཡི་ཡེ་ཤེས་ཉིད་ལ་དགོངས། །རྫོགས་རིམ་གཉིས་པའོ། །དེ་གཞན་ལུགས་སྐྱོར་བའོ་སྙམ་ན། དེ་གཉིས་གཞན་ལུགས་ཡིན་དུ་ཆུག་ཀྱང་། དེ་དང་ལམ་འབྲས་ལ་སོགས་པ། །གྲུབ་ཐོབ་རྣམས་ཀྱི་དགོངས་པ་མཐུན། །དེས་ན་ངེད་ཀྱི་མཐོང་ལམ་ནི། །འཕགས་པ་མིན་ལ་འབྱུང་མི་སྲིད། །ཞེས་པའི་ཚིག་འདིས་དེ་གཉིས་དང་རང་ལུགས་མཐུན་པར་སྨྲས་པའི་ཕྱིར་རང་ལུགས་ཇི་སྐད་སྨྲས་པ་དེར་ཟད་དོ། །དེ་ནི་ཉེས་པ་ཆེན་པོ་སྟེ་མཚོན་བྱ་དོན་གྱི་ལམ་ཕྱག་རྒྱ་ཆེན་པོ་དང་། འབྲས་བུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གཏན་མེད་དུ་ཐལ་བས་སོ། །རྐང་པ་ཕྱི་མ་དེས་ནི། དེས་ན་གང་ཟག་དབང་པོ་རབ། དབང་བསྐུར་ཉིད་ཀྱིས་གྲོལ་བར་གསུངས། །ཞེས་པའང་བདེན་མེད་དུ་བཏང་ལ། ཕྱི་མ་འདིའི་ཚིག་གིས། དེས་ན་གྲུབ་ཐོབ་ཐམས་ཅད་ནི། །ཕྱོགས་རེའི་ཐབས་ཀྱིས་གྲོལ་བ་མིན། །ཞེས་པའང་ཚད་མས་བསལ་བར་བྱས་སོ། །དབང་བསྐུར་གྱི་དུས་སུ་སྐྱེ་བའི་མཐོང་ལམ་དེ་ཆོས་མཆོག་རྗེས་ཀྱི་མཐོང་ལམ་ཡིན་པ་ནཱ་རོའི་བཞེད་པའང་མ་ཡིན་ཏེ། ཡས་བརྟན་གྱི་མཐའ་ཁོ་ན་ཆོས་མཆོག་མཐའ་མ་ཡིན་པ་དེའི་འགྲེལ་ཆེན་གཉིས་སུ་རྒྱུའི་དེ་ཉིད་བཅུ་དྲུག་གམ། རྒྱུའི་བདེན་དོན་བཅུ་གཉིས་འབྱེད་པ་ལས་གསལ་བར་མཐོང་བའི་ཕྱིར་རོ། །འདིས་ན་རྡོ་རྗེ་ཐེག་པའི་གནད་ལ་རྩོད་པ་པོ་མུན་པར་འཁྱམ་འཁྱམ་འདྲའོ། །ནཱ་རོ་དང་ནི་མཻ་ཏྲི་པའི། །ཕྱག་རྒྱ་ཆེན་པོ་གང་ཡིན་པ། །དེ་ནི་ལས་དང་ཆོས་དང་ནི། །དམ་ཚིག་དང་ནི་ཕྱག་རྒྱ་ཆེ། །གསང་སྔགས་རྒྱུད་ལས་ཇི་སྐད་དུ། །གསུངས་པ་དེ་ཉིད་ཁོང་བཞེད་དོ། །ཞེས་པ་ནི་ཇོ་བོ་གཉིས་ཀྱི་ལུགས་མ་མཐོང་བར་དེ་སྐད་ཟེར་ཡོད་སྙམ་ནས་སྦྱར་བ་ཁོ་ན་ཏེ། ནཱ་རོ་པའི་དགྱེས་རྡོར་འགྲེལ་ཆེན་དང་། བསྲེ་འཕོའི་མན་ངག་གཉིས་ཀ་མཐུན་པར། ལས་དང་ཆོས་དང་ཕྱག་རྒྱ་ཆེ། །དམ་ཚིག་ཅེས་བྱ་འོད་གསལ་ཉིད། །ཅེས་བཤད་པ་དང་། མཻ་ཏྲི་པའི་ཕྱག་རྒྱ་བཞི་བཤད་པའི་གཞུང་དབང་བསྐུར་ངེས་བསྟན་ཡིན་ལ། དེར། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། །ཆོས་ཀྱི་ཕྱག་རྒྱ་རྣམ་པར་བསྒོམ། །དེ་ཡི་སྟེང་དུ་ཕྱག་རྒྱ་ཆེ། །གང་ལས་དམ་ཚིག་འབྱུང་བའོ། །ཞེས་དང་། །ཀླུ་སྒྲུབ་ཀྱི་ཕྱག་རྒྱ་བཞི་པའང་འགྲོས་དེ་ཀ་ཡིན་པས། བོད་དུ་གྲགས་པའི་ཆོས་ལུགས་ཀུན་ཐོས་པ་ཙམ་དུ་མ་བཞག་པའང་ཚིག་ཉམས་སུ་ཟད་དོ། །ཡང་། འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་ཀྱང་། །ཕྱག་རྒྱ་བཞི་པར་འདི་སྐད་གསུངས། །ལས་ཀྱི་ཕྱག་རྒྱ་མི་ཤེས་པས། །ཆོས་ཀྱི་ཕྱག་རྒྱའང་མི་ཤེས་ན། །ཕྱག་རྒྱ་ཆེན་པོའི་མིང་ཙམ་ཡང་། །རྟོགས་པ་ཉིད་ནི་མི་སྲིད་གསུངས། །འདི་ནི་ཀླུ་སྒྲུབ་ཀྱི་ལུང་ལས་མ་བྱུང་ཞིང་། དེར་ནི་དེ་ལས་ལོགས་པ་ཞིག་གསུངས་ཏེ། དེ་ལ་འགའ་ཞིག་མགུ་བས་ཆོས་ཀྱི་ཕྱག་རྒྱའི་གཏམ་ཙམ་ཡང་མི་ཤེས་སོ། །ཆོས་ཀྱི་ཕྱག་རྒྱ་མི་ཤེས་པས་ལས་ཀྱི་ཕྱག་རྒྱ་བཅོས་མ་འབའ་ཞིག་ལས་མ་བཅོས་པའི་ལྷན་ཅིག་སྐྱེས་པའི་རང་བཞིན་འབྱུང་ཞིང་སྐྱེ་བར་ག་ལ་འགྱུར། རིགས་མཐུན་པའི་རྒྱུ་ལས་རིགས་མཐུན་པའི་འབྲས་བུ་སྐྱེ་བར་འགྱུར་གྱི། རིགས་མི་མཐུན་པ་ལས་ནི་མ་ཡིན་ནོ། །ཇི་ལྟར་སཱ་ལུའི་ས་བོན་ལས་སཱ་ལུའི་མྱུ་གུ་སྐྱེ་བར་འགྱུར་གྱི། ཀོ་ཊ་པ་ལས་ནི་མ་ཡིན་ནོ། །དེ་བཞིན་དུ་མ་བཅོས་པའི་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་ལས་མ་བཅོས་པའི་ལྷན་ཅིག་སྐྱེས་པ་འབྱུང་ངོ་། །དེའི་ཕྱིར་ཆོས་ཀྱི་ཕྱག་རྒྱའི་རྒྱུ་ལས་མི་ཕྱེད་པའི་ཕྱག་རྒྱ་ཆེན་པོ་སྐྱེ་བར་འགྱུར་རོ། །ཞེས་འབྱུང་བས་སོ། །ཡང་། དབང་བསྐུར་བཞི་པ་མ་ཐོབ་པར། །ཕྱག་རྒྱ་ཆེན་པོ་སོགས་སྒོམ་དང་། །ཞེས་པའང་ཚིག་སྦོམས་སོ། །རྒྱུ་མཚན། ཕྱག་རྒྱ་ཆེན་པོ་ཞེས་པའི་སྒྲ་ནི་སྤྱོད་རྒྱུད་རྣལ་འབྱོར་རྒྱུད་དུའང་བཤད་ལ། དེ་དག་ཙམ་གཞོག་རྣལ་འབྱོར་ཆེན་པོ་ཉིད་ཀྱི་འདུས་པར། རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །སྐུ་གསུང་ཐུགས་ཀྱིས་མཚན་པའོ། །ཞེས་བསྐྱེད་རིམ་ལ་ཕྱག་ཆེན་དུ་བཞག་པ་དང་། བརྟག་གཉིས་ལས། དེ་ལས་སྐྱེས་པའི་རྣལ་འབྱོར་མ། །དེ་ཡི་བདེ་བ་ཟ་བ་ཉིད། དེ་དང་ལྷན་ཅིག་ཕྱག་རྒྱ་ཆེ། །བདེ་བ་སྦྱིན་པའི་དངོས་གྲུབ་འགྱུར། །ཞེས་པས་ལས་རྒྱ་ཕྱག་ཆེན་དུ་བཞག་པ་དང་། དུས་འཁོར་རྩ་རྒྱུད་ལས། དུང་ཅན་མ་འདི་ཕྱག་རྒྱ་ཆེ། །དེ་ནི་གཏུམ་མོར་བརྗོད་པར་བྱ། །དང་། སོ་སོར་སྡུད་ལ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །ཞེས་གཏུམ་མོ་དང་། སྒྱུ་ལུས་ཕྱག་ཆེན་དུ་བཞག་པ་སོགས་མ་ཕྱེད་པས་སོ། །ཡང་། དབང་བསྐུར་དག་དང་མ་འབྲེལ་བ། །དེ་ལ་ཕྱག་རྒྱ་ཆེན་པོ་བཀག །ཅེས་པ་ནི་ནམ་ཡང་མི་རིགས་ཏེ། དེ་དགག་པའི་གཞུང་མ་དམིགས་པ་དང་། མདོ་ལུགས་ཀྱི་འཚང་རྒྱ་བར་ཁས་བླངས་པ་དང་ནང་འགལ་ཞིང་། གཞན་ཡང་འཐད་ན་གཞི་ཕྱག་རྒྱ་ཆེན་པོ་ཡུལ་ཅི་ནས་མི་ཐོན། གཞི་ཕྱག་རྒྱ་ཆེན་པོའི་ཐ་སྙད་ཁས་མི་ལེན་སྙམ་ན། བརྟག་གཉིས་སུ། ག་པུར་ཉིད་ནི་བདག་མེད་མ། །བདེ་བ་བདག་མེད་ཚུལ་ཅན་ཉིད། །དེ་ཡི་བདེ་བ་ཕྱག་རྒྱ་ཆེ། །ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །དང་པོའི་དབྱངས་ཡིག་རང་བཞིན་ཏེ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བཏགས། །ཞེས་སུབ་བམ། ཡང་། རྟོག་པ་ཁ་ཚོམ་ཉིད་བསྒོམ་གྱི། །རིམ་གཉིས་ལས་བྱུང་ཡེ་ཤེས་ལ། །ཕྱག་རྒྱ་ཆེན་པོར་མི་ཤེས་སོ། །འདི་ཡང་མི་རིགས་ཏེ། འཁྲུལ་ལུགས་ཕྱག་རྒྱ་ཆེན་པོ་དགག་པས་སོ། །དེ་འདྲའི་ཐ་སྙད་ཁས་མི་ལེན་དགོངས་ན། སམྦུ་ཊར། གཏི་མུག་དམ་ཚིག་ཕྱག་རྒྱ་སྟེ། །ཞེ་སྡང་རྟག་ཏུ་ཕྱག་རྒྱ་ཆེ། །འདོད་ཆགས་ཆོས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་དག་རྣལ་འབྱོར་པས། །རྫོགས་པར་བྱེད་པ་བསྟེན་པར་བྱ། །ཞེས་གསུངས་པ་ཅི་རེད་ན། གཞན་ཡང་། བླུན་པོས་ཕྱག་རྒྱ་ཆེ་བསྒོམས་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་འགྱུར་སོགས་ནི་ཕྱོགས་ཆོས་རང་གིས་མ་གཟིགས་པར་གཞན་ལ་སྟོན་པའི་ངག་ཏུ་འདུག་པས་གྲངས་ཅན་གྱི་རིང་ལུགས་འཛིན་རྒྱུ་ལགས་གྲང་། རིང་ལུགས་དེ་རྣམ་འགྲེལ་དུ། བདག་མཐོང་མིན་ཡང་གཞན་དག་གིས། །མཐོང་བ་སྒྲུབ་བྱེད་ཅེས་ཁ་ཅིག་སོགས་ཀྱིས་བཀག་ཟིན་ཏོ། །བདག་ཉིད་ཀྱིས་མཐོང་ངོ་ཞེ་ན། རང་ཉིད་ལ་གནོད་པར་འགྱུར་ཏེ། ཕྱག་རྒྱ་ཆེན་པོ་དབང་བཞི་པ་ཐོབ་ནས་སྟོན་རྒྱུ། དེའི་གདུལ་བྱ་ནི་དབང་པོ་རྣོན་པོར་ངེས་པས་སོ། །གཉིས་པ་མ་ནོར་བ་བཀའ་བརྒྱུད་པས་བསྟན་ཚུལ་ལ། ཕྱག་རྒྱའི་རྣམ་གྲངས་ལས་གང་ཡིན་པ། ཕྱག་ཆེན་དེ་རང་གི་ངོ་བོ་ཅི་ལྟ་བུ་ཡིན་པ། ངེས་ཚིག་མདོ་རྒྱུད་གཉིས་ཀར་བསྟན་ཚུལ། དེ་དཀར་པོ་ཆིག་ཐུབ་ཏུ་འགྲོ་བའི་གནད་བཤད་པ་བཞི་ལས། དང་པོ་ནི་ཇོ་བོ་ནཱ་རོ་པས་གསུངས་པའི་ཕྱག་རྒྱ་བཞི་པ་དེའི་ནང་གི་འདི་ཕྱག་རྒྱ་བཞི་པར་འོང་སྟེ། ཕྱག་རྒྱ་དང་པོ་ཕྱི་རོལ་གྱི་བུད་མེད། གཉིས་པ་ཡིད་ཀྱི་རིག་མ། གསུམ་པ་ཕྱག་རྒྱ་ཆེན་པོའམ་ཆེན་མོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་མཛད་པས། དུས་ཀྱི་འཁོར་ལོ་ནས་གསུངས་པའི་ཕྱག་རྒྱ་བཞི་པ་ཇི་ལྟ་བ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་དང་། རྒྱལ་བ་མཻ་ཏྲི་པས་གསུངས་པའི་ཕྱག་ཆེན་དང་དམ་རྒྱར་འདིའི་ཕྱག་རྒྱ་ཆེན་པོ་བསྡུས་སོ། །རྒྱུད་རྡོ་རྗེ་འཕྲེང་བར། ཆོས་དང་ལས་དང་དམ་ཚིག་དང་། །ཕྱག་རྒྱ་ཆེན་པོ་མངོན་པར་བརྗོད། །ལས་ཀྱི་རྣམ་སྨིན་ངེས་པ་ཡིན། །ཀུན་ནས་རྒྱས་བཏབ་ལྟ་བུར་གནས། །གང་ཡང་འདི་ནི་ལས་གང་གིས། །བདེན་འབྲས་ཇི་ལྟ་བ་བཞིན་འགྱུར། །ཆོས་རྣམས་རང་བཞིན་མེད་པ་ཉིད། །རང་བཞིན་གྱིས་ནི་རྒྱས་གདབ་ནས། །དམ་ཚིག་རང་གི་ཡོན་ཏན་དངོས། །རྒྱས་བཏབ་རྣམས་ཀྱིས་རྒྱས་གདབ་པ། །སྟོང་དང་སྙིང་རྗེ་མི་ཕྱེད་པ། །སངས་རྒྱས་ཞིང་ནི་རྣམ་སྦྱོང་བ། །དེ་བཞིན་གཤེགས་པའི་དམ་ཚིག་གིས། །ཡོངས་སུ་དག་པར་མཛད་པའི་ལས། །དེ་ཡི་རང་བཞིན་རང་བཞིན་མེད། །ཕྱག་རྒྱ་ཆེན་པོ་ཞེས་ནི་བརྗོད། །ཅེས་པའི་ཕྱི་མ་གསུམ་གྱིས་བསྟན། །སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པར། སློབ་དཔོན་དགའ་རབ་རྡོ་རྗེས། མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། ཞེས་པའི་ཕྱག་རྒྱ་ཆེན་པོ་སྟོང་ཉིད་དང་། དམ་ཚིག་གི་ཕྱག་རྒྱ་རླུང་མེའི་དྲོད་དང་། ཆོས་ཀྱི་ཕྱག་རྒྱ་འདོད་པའི་ཡོན་ཏན་ལྡ་དང་། ལས་ཀྱི་ཕྱག་རྒྱ་ཡེ་ཤེས་ལས་སྐྱེས་པ་དང་། སྔགས་དང་ཞིང་ལས་སྐྱེས་པའི་མཁའ་འགྲོ་མའོ། །ཞེས་འབྱུང་བའི་དང་པོས་བསྡུས། འཇམ་དཔལ་ཞལ་ལུང་ཆུང་བར། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་ཕྱག་རྒྱ་ཆེ། །ངག་གི་རྡོ་རྗེ་སྐུ་འཁྱུད་ཆོས་ཕྱག་རྒྱ། །དམ་པའི་སྐུ་ཡི་ཡེ་ཤེས་ལས་ཕྱག་རྒྱ། །འཇམ་དབྱངས་ཉིད་འཁྱུད་དམ་ཚིག་ཕྱག་རྒྱའོ། །ཞེས་པའི་ཕྱག་རྒྱ་བཞི་ཀ་ཕྱག་ཆེན་རང་ཡིན་ནོ། །དེ་བས་ན་ཕྱག་རྒྱ་ཆེན་པོ་ཞེས་པའི་སྒྲ་ཙམ་ལ་རྣམ་པར་ཕྱེ་བ་མང་ཡང་། འདིར་བསྟན་ཆགས་ལམ་དང་གཉིས་སུ་དབྱེ་བའི་དུས་གྱི་གྲོལ་ལམ་དེའོ། །དེ་ཡང་དབུ་མ་པས། བསོད་ནམས་མ་ཡིན་པ་བཟློག་པ་དང་། བདག་བཟློག་པ་དང་། ལྟ་བ་ཀུན་བཟློག་པའི་སྐབས་གསུམ་དུ་ཕྱེ་བ་དང་། ཕྱིར་མི་ལྡོག་པ་འཁོར་ལོའི་མདོར། ཡིད་བཞིན་གྱི་ནོར་བུ་སྦྱོང་བའི་ཚུལ་གསུམ་གྱིས་བདེ་བར་གཤེགས་པའི་སྙིང་པོ་སྦྱོང་བའི་རིམ་པ་གསུམ་བསྟན་པ་དང་། དཔལ་དུས་ཀྱི་འཁོར་ལོར། བསོད་ནམས་ཀྱི་ཚོགས། ཚུལ་ཁྲིམས་ཀྱི་ཚོགས། ཡེ་ཤེས་ཀྱི་ཚོགས་གསུམ་ལ་བཀྲི་བའི་རིམ་པ་ཇི་བཞིན། འདིར་ཡང་རྗེ་བཙུན་མི་ལའི་ཞལ་སྔ་ནས། ཕྱི་སྣང་བ་ཇི་ལྟར་སྣང་ལགས་ཀྱང་། །མ་རྟོགས་པ་ལ་འཁྲུལ་པ་སྟེ། །རྟོགས་པ་རྣམས་ལ་ཆོས་སྐུར་སྣང་། །མཐར་ཐུག་དོན་ལ་སྣང་མ་མྱོང་། །སྤྲིན་བྲལ་མཁའ་ལྟར་དག་གོ་གསུངས། །ཞེས་པ། མ་རྟོགས་པའི་སྐབས། རྟོགས་པ་ཤར་བའི་སྐབས། མཐར་ཐུག་གི་སྐབས་གསུམ། དེ་དག་ཀྱང་སོ་སོ་སྐྱེ་བོའི་གནས་སྐབས་དང་། བྱང་ཆུབ་སེམས་དཔའ་འཕགས་པའི་གནས་སྐབས་དང་། སངས་རྒྱས་ཀྱི་གནས་སྐབས་གསུམ་དུ་ཤེས་པར་བྱ་དགོས་པའི། དང་པོ་ལ་ནི། གཉིས་མེད་དམ། ཟུང་འཇུག་ཙམ་བཤད་ཀྱང་བློའི་གོ་ཕྱོགས་ལ་གཉིས་སྣང་ངམ་ཐ་དད་ཅིག་ཀ་འབྱུང་སྟེ། དོན་གཉིས་སྣང་མ་སྤངས་པས་ལན། དེ་དག་གི་བློ་ངོ་བཟུང་ནས། འཁྲུལ་པ་འཁྲུལ་པ། མ་འཁྲུལ་པ་མ་འཁྲུལ་པ། ཀུན་རྫོབ་ཀུན་རྫོབ་དང་། དོན་དམ་དོན་དམ་རང་སྟེ། ཕན་ཚུན་འགལ་བ་ལྟ་བུར་བཤད་པ་རྣམས་བཟུང་བས་དྲང་དོན། བློ་དམན་རྣམས་ལ་དེ་ཀ་བདེན་པར་བཤད་དགོས་པ་ཡིན་ནོ། །གཉིས་པ་ནི། གཉིས་སྣང་ཟད་པས་ན་གཉིས་མེད་རྟོགས་པ་ཞེས་བཞག དེའི་དབང་གིས་རྣམ་རྟོག་ཐམས་ཅད་ཆོས་སྐུ། ཉོན་མོངས་པ་ཐམས་ཅད་བདུད་རྩི། འཁྲུལ་པ་ཐམས་ཅད་ཡེ་ཤེས་སུ་འཆར་བས་ཕྱོགས་སུ་ཕྱེ་ཡང་བྱེ་བ་མི་སྲིད་པས། བདེན་གཉིས་དབྱེར་མེད་དམ། ཐབས་ཤེས་དབྱེར་མེད་སོགས་ཀྱི་གནད་ཀས་བདེན་པ་གཅིག་སྟེ་དོན་དམ་པའི་བདེན་པའོ། །དེ་ཡང་རྒྱལ་དབང་རྗེས། རྣམ་རྟོག་གི་རང་བཞིན་ཤེས་ཙ་ན། །གང་ཤར་འདི་ཆོས་སྐུར་ཁྲོ་ལོ་ལོ། །ཞེས་དང་། ས་ར་ཧ་ཆེན་པོས། རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་རྙེད་མི་འགྱུར། །ཞེས་པས་སོ། །འདི་ནི་ངེས་དོན། གསུམ་པ། སངས་རྒྱས་ཀྱི་གཟིགས་པ་ལ། སེམས་ཅན་གྱི་བློས་གཞལ་བ་ནི། རྒྱལ་བའི་དབང་པོས། ནམ་མཁའ་ལ་འདོམ་གྱིས་འཇལ་བ་དང་། །ཀུན་ཁྱབ་ལ་ཀོར་ལེར་གཅོད་པ་རྣམས། །བྱེད་དོན་རང་མེད་དེ་བྱེད་མཁན་མང་། །ཞེས་གསུངས་པར་ཟད་ལ། འོན་ཀྱང་དཔལ་འབྲུག་པ་ལ་བསྟོད་པར། ཀུན་ཁྱབ་ནམ་མཁའི་རྣལ་འབྱོར་པ། །ཕྱོགས་བྲལ་བདེ་བ་ཆེན་པོའི་ཀློང་། །ལྷུན་གྲུབ་འདུས་མ་བྱས་པ་ཡི། །དཔལ་ལྡན་འབྲུག་པའི་ཞབས་ལ་འདུད། །ཞེས་པ་ཙམ་བསྙད་དོ། །དེ་དག་ཀྱང་དུས་ཀྱི་འཁོར་ལོའི་འགྲེལ་པ་དྲི་མེད་འོད་ལས། དེའི་རྗེས་ལ་སངས་རྒྱས་རྣམས་ཀྱི་རྣལ་འབྱོར་སྐད་ཅིག་ཐམས་ཅད་མེད་པ། གཅིག་དང་དུ་མ་དང་བྲལ་བ་མཆོག་གི་གཉིས་སུ་མེད་པ་སྟེ། དོན་དམ་པར་ཡོད་པ་དང་མེད་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཇི་སྲིད་དུ་འཇིག་རྟེན་པའི་ཡོད་པ་དེ་སྲིད་དུ་ཆོས་རྣམས་གཅིག་དང་དུ་མས་རྣམ་པར་དཔྱོད་དེ་སྐད་ཅིག་མའི་སེམས་སྣང་བའི་ཕྱིར་རོ། །གང་གི་ཚེ་སེམས་སྐད་ཅིག་གི་ཆོས་དང་བྲལ་བ་ལ་དེའི་ཚེ་རང་བཞིན་མེད་པ་ཞེས་བརྗོད་དོ། །དེའི་ཕྱིར་རང་བཞིན་མེད་པའི་ཕྱོགས་ནི་བཅོམ་ལྡན་འདས་ཀྱིས་ཕྱོགས་མེད་པར་གསུངས་སོ། །ཕྱོགས་ཞེས་བྱ་བ་ནི། དངོས་པོ་དང་། དངོས་པོ་མེད་པ་དང་། ཡོད་པ་དང་། མེད་པ་དང་། ཡིན་པ་དང་། མ་ཡིན་པ་དང་། གཅིག་དང་། གཅིག་མ་ཡིན་པ་དང་། རྟག་པ་དང་། ཆད་པ་དང་། སྲིད་པ་དང་། སྲིད་པ་དང་མྱ་ངན་ལས་འདས་པ་དང་། གཟུགས་དང་། གཟུགས་མ་ཡིན་པ་དང་། སྒྲ་དང་། སྒྲ་མ་ཡིན་པ་དང་། སྐད་ཅིག་དང་། སྐད་ཅིག་མ་ཡིན་པ་དང་། ཆགས་པ་དང་། ཆགས་པ་མ་ཡིན་པ་དང་། ཞེས་སྡང་དང་། ཞེ་སྡང་མ་ཡིན་པ་དང་། གཏི་མུག་དང་། གཏི་མུག་མ་ཡིན་པ་ཞེས་པ་སྟེ། དེ་ལྟ་བུ་ལ་སོགས་པ་རྣམས་ནི་ཕྱོགས་ཏེ་ཕན་ཚུན་བལྟོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །ཕྱོགས་འདི་དང་བྲལ་བ་ནི་སངས་རྒྱས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་རང་བཞིན་མེད་པ་སྟེ། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་ཅེས་གསུངས་སོ། །དེ་ཉིད་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པའི་དབང་གིས་རྣམ་པ་བཞི་དང་། རྣམ་པ་བཅུ་དྲུག་ཏུ་ཡང་སོ་སོར་སྣང་སྟེ་ཞེས་གསུངས་པས་འཆད་པར་འགྱུར་བའི་རང་བཞིན་མེད་པ་ཞེས་ནམ་བྱུང་བའི་རང་བཞིན་མེད་ཚུལ་ཡང་འདི་ལྟ་བུར་ཤེས་དགོས་ཤིང་། ལུང་འདིས་གཞི་ལམ་འབྲས་བུ་མི་ཕྱེད་པ་ཡང་བསྟན་པ་ཡིན་ནོ། །དེ་ནི་མཐར་ཐུག་ཅེས་པའི་སྐབས་ཏེ། དེས་ན་དྲང་དོན་དུ་འདི། ངེས་དོན་དུ་འདི། མཐར་ཐུག་ཏུ་འདི་ཞེས་ཤན་ཕྱེད་པར་བྱའོ། །གཉིས་པ་ཕྱག་རྒྱ་ཆེན་པོ་དེ་རང་གི་ངོ་བོ་ཅི་ལྟ་བུ་ཡིན་པ་ནི། མཐར་ཐུག་དེ་ཀ་ཡིན་ཀྱང་། གདུལ་བྱ་ལ་སྟོན་པའི་ཚེ། ཚིག་དང་ཡི་གེའམ་བརྡ་དང་མཚན་མས་བསྙད་པ་ཞིག་མ་བྱས་ན། ཕན་ཚུན་བརྡ་འཕྲོད་པ་མེད་པའི་ཕྱིར། དོ་ཧར། བླ་མས་བསྟན་པ་བརྗོད་མིན་ན། །སློབ་མས་གོ་བ་མ་ཡིན་ཏེ། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །གང་ཞིག་ཇི་ལྟར་བསྟན་པར་བྱ། །ཞེས་སོ། །དེས་ན་སངས་རྒྱས་རྣམས་ཀྱིས་སྒྲོ་བཏགས་ནས་དེའི་ཕྱོགས་སུ་ཉེ་བ་ཞིག་ངེས་དོན་དུ་བཟུང་། རིང་བ་ནི་དྲང་དོན་དུ་མཛད་ནས་བསྟན་པས། གདུལ་བྱས་ཀྱང་དེ་དང་དེས་མཚོན་ནས་ཁོང་དུ་ཆུད་པས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། ཞེས་པ་དེ་འབྱུང་། དེས་ཆོས་ཐམས་ཅད་ལག་པའི་མཐིལ་ན་གནས་པའི་གཏེར་ལྟ་བུར་གཞལ་བར་ནུས་པ། ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་གསུངས་པ་དེ་གྲུབ་པ་ཡིན་ནོ། །དེ་བས་ན། འགྱུར་བ་མེད་ལ་སྒྲོ་བཏགས་ནས། །ཞེས་དང་། ཐ་སྙད་ལ་ནི་མ་བརྟེན་པར། དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་པའི་ཐ་སྙད་དགོས་ཚུལ་ཡང་འདིར་ཟད་དོ། །ཇི་ལྟར་སྒྲོ་འདོགས་ཁྱེར་ཡང་། མཚན་ཉིད་ཀྱི་ཐེག་པ་ཐམས་ཅད་དུ་དགག་ཕྱོགས་གཙོ་བོར་བཏོན་པ་དང་། །རྡོ་རྗེ་ཐེག་པར་སྒྲུབ་ཕྱོགས་གཙོ་བོར་བཏོན་པས། རྒྱལ་དབང་རྗེས། མདོ་སྔགས་ཀྱི་ཁྱད་པར་ལ་རྣམ་བཅད་དགག་པའི་རྣམ་པ་དང་། ཡོངས་གཅོད་སྒྲུབ་པའི་རྣམ་པས་ཁྱད་པར་བྱས་ཚུལ་གསུངས། དེ་བཞིན་སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་མཚན་ཉིད་བསྒྱུར་བ་ན་གཉིས་མེད་ཁོ་ན། ཟུང་འཇུག་ཅེས་གསུངས་མི་སྲིད་པ་ལྟ་བུ། སྔགས་བསྒྱུར་བ་ན་གཉིས་ཀ་ཡོད་ཀྱང་ཟུང་འཇུག་གམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བསྟན་པ་ཤས་ཆེ་བར་བྱུང་བ་ཡིན་ནོ། །དེ་བས་ན། མདོ་སྔགས་ཀྱི་ཞེ་འདོད་ཀྱི་ལྟ་བ་ཞིག་དང་གཏན་ལ་འབེབས་ཚུལ་ལ་ཁྱད་པར་བྱུང་བས། དུས་ཀྱི་འཁོར་ལོའི་རྒྱུད་ལས། སྲིད་གསུམ་ཕྲ་རབ་གཟུགས་མིན་འདིར་ནི་རྣམ་པར་ཤེས་པ་དེ་བཞིན་རྣམ་པར་ཤེས་པ་ཉིད་མེད་དེ། སངས་རྒྱས་ཤེས་རབ་གང་དུའང་གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། །གང་གི་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་གཟུང་ནས་སྟོང་པར་ལྟ་བྱེད་པ། །དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཞེས་གསུངས། དེ་ཡང་དང་པོ་སྡུད་པར། གང་ཞིག་གཟུགས་ལ་མི་གནས་ཚོར་བར་མི་གནས་ཤིང་། །གང་ཞིག་འདུ་ཤེས་མི་གནས་སེམས་པ་ལ་མི་གནས། །རྣམ་ཤེས་གང་མི་གནས་པར་ཆོས་ཉིད་གནས་པ་སྟེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན་ཞེས་པ་ལྟ་བུའོ། །དེ་ཡང་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་ལས། །གཞན་ཡང་གསང་བའི་བདག་པོ། སྔགས་ཀྱི་མཚན་ཉིད་ནི། སངས་རྒྱས་ཐམས་ཅད་ཀྱིས་མ་མཛད། དེ་བཞིན་གཤེགས་པ་རྣམས་ཀྱིས་མ་བྱས། བྱེད་དུ་མ་བཅུག རྗེས་སུ་ཡི་རང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་མཚན་ཉིད་དེ་ནི་ཡེ་ནས་གནས་པ་སྟེ། དེ་ཡང་འདི་ལྟར། གསང་སྔགས་ཀྱི་ཆོས་ཉིད་དོ། །ཞེས་ནས། གང་གི་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་བ་དེའི་ཚེ་ཆོས་ཉིད་དེ་ཚུལ་སྣ་ཚོགས་པ་དང་། དགོངས་པ་སྣ་ཚོགས་ཀྱིས་སེམས་ཅན་བསམ་པ་སྣ་ཚོགས་པ་རྣམས་ལ་ཚིག་སྣ་ཚོགས་དང་། ཡིག་འབྲུ་སྣ་ཚོགས་དང་། ཡུལ་ངེས་པའི་ཚིག་ཏུ་བརྗོད་པ་སྣ་ཚོགས་དང་། དབྱངས་སྣ་ཚོགས་སུ་གོ་བ་རྣམས་སུ་བྱིན་གྱིས་བརླབས་ཏེ་གསང་སྔགས་ཀྱི་ཚུལ་འཆད་དོ། །ཞེས་བཤད་བྱ་འདི་གཅིག་པུ་འཆད་བྱེད་ཀྱི་གཞུང་མང་པོ་མང་པོར་ཡོད་པར་གསུངས་སོ། །དེ་ཁོ་ན་ཉིད་ལ་འཇུག་པར། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་མོས་པའི་ཁྱད་པར་གྱིས་འདི་དག་མིང་ཙམ་གྱིས་ཁྱད་པར་དུ་ཕྱེ་བ་ནི། དེ་དག་འཇུག་པའི་ཕྱིར་ཡིན་ནོ། །ཞེས་བཤད་དོ། །དེས་མིང་དེ་ཐོབ་པ་ཉིད་ཀྱིས་དེ་རྣམས་དེ་ཁོ་ན་ཉིད་ཀྱི་རྗེས་སུ་འབྲང་བར་འགྱུར་ཏེ། དེས་ན་མིང་དེ་དང་དེས་བསྟན་བཅོས་ལ་སོགས་པ་དེ་དང་དེར་སེམས་ཅན་དེ་དང་དེའི་སེམས་ཀྱི་འཇུག་པའི་རྗེས་སུ་འཇུག་པར་མཛད་པས་དེ་ཁོ་ན་ཉིད་དུ་དེ་ཉིད་ཁྱད་པར་མེད་དེ་ཁྱད་པར་ཡོད་པ་ལྟ་བུར་མཛད་དེ་སངས་རྒྱས་བཅོམ་ལྡན་འདས་རྣམས་སྟོན་པར་མཛད་པ་ཡིན་ནོ་ཞེས་སོ། །དོན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་དེ་ཀ་རྡོ་རྗེ་ཐེག་པར་ཕྱག་རྒྱ་ཆེན་པོ་ཞེས་གསལ་བར་གསུངས་པ། དེ་ཡང་འདི་ཉིད་ཀྱི་གཞུང་དུ། སེམས་ཀྱི་གནས་ལུགས་བསྟན་པ་ནི། །ཐབས་དང་ཤེས་རབ་བདག་ཉིད་ཅན། །ཨེ་ཝཾ་ཞེས་གསུངས། དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དུ། །རྣམ་རྟོག་སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་ཏེ། །གཟུང་དང་འཛིན་པའི་དབྱིབས་དག་དང་། །རྟོག་དང་བརྗོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང་། །པྲ་ཕབ་པ་ཡི་རང་བཞིན་ཅན། །ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །ཨེ་ཝཾ་ཡི་གེ་དེ་ལ་འདུད། །ཅེས་བྱུང་བ་མཐུན། དེ་མཛུབ་བཙུགས་སུ་སྟོན་པ། དེ་ཉིད་དུ། ཕྱག་རྒྱ་ཆེན་པོ་ནི་ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སངས་རྒྱས་ཐམས་ཅད་སྐྱེད་པར་མཛད་པ་པོ། །ཆོས་འབྱུང་གི་སྒྲ་ཡིས་ཀྱང་བརྗོད་དེ། ཆོས་འབྱུང་གང་ལས་ཆོས་ཐམས་ཅད་རང་བཞིན་མེད་པས་འབྱུང་བར་འགྱུར་བའོ། །རང་བཞིན་མེད་པའི་ཆོས་རྣམས་ནི་སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་རྣམས་འབྱུང་བ་ནི་ཆོས་འབྱུང་དེ་སངས་རྒྱས་ཀྱི་ཞིང་ངོ་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཏེ་བདེ་བའི་གནས་དང་། སྐྱེ་བའི་གནས་སོ་ཞེས་གསུངས་པས་སོ། །ཡང་དེ་ལ་ཕྱག་རྒྱ་ཆེན་མོ་ཞེས་ཀྱང་གསུངས་ཏེ། གཞན་སྣང་གི་རིག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རང་བཞིན་གྱིས་འོད་གསལ་བ་ཕྱག་རྒྱ་ཆེན་མོ་ལྷན་ཅིག་སྐྱེས་པའི་དགའ་བའི་གཟུགས་ཅན་མ། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་རྫོགས་པའི་གནས་སྐབས་ཏེ། རྡོ་རྗེ་སེམས་དཔའ་དང་སངས་རྒྱས་ཀྱི་ཡུམ་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། མཆོག་གི་དབང་པོའི་སྤྱོད་ཡུལ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ། མེ་ལོང་གི་པྲ་ཕབ་པ་དང་རྨི་ལམ་དང་མཚུངས་པ། དེ་དག་ནི་རྒྱལ་བ་རྣམས་ཀྱིས་ལྷན་ཅིག་སྐྱེས་པའི་སྐུར་གསུངས་ཏེ། མཆོག་ཏུ་མི་འགྱུར་བའི་རང་བཞིན་གྱི་ཕྱིར་ཞེས་སོ། །ཡང་ཤེས་པའི་རང་བཞིན་ནི་དུས་ཀྱི། ཤེས་བྱའི་མཚན་ཉིད་ནི་འཁོར་ལོ་དང་། ཤེས་པ་དང་། ཤེས་བྱ་འདི་དག་གཅིག་པ་ཉིད་ནི་དུས་ཀྱི་འཁོར་ལོའོ། །བརྗོད་པའི་རིམ་པ་འདིས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དེ་ཉིད་ཨེ་ཝཾ་གི་ཡི་གེ་ཡིན་ཏེ། རྡོ་རྗེ་སེམས་དཔའ་སྟེ་རྒྱལ་བ་རྣམས་ཀྱིས་རྒྱུད་ཐམས་ཅད་ལས་ཡང་དག་པར་བརྗོད་པའོ། །བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ཀྱི་ལེའུ་ལྔ་པ་ལས་གསུངས་པ་ཡང་། ཡེ་ཤེས་ཀུན་ནས་བཅད་དུ་མེད། །རྡོ་རྗེ་ཞེས་ནི་མངོན་པར་བརྗོད། །སྲིད་གསུམ་གཅིག་ཉིད་སེམས་དཔའ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་པར་བཤད། ཅེས་དང་། དེ་ཉིད་བདེ་མཆོག་དང་གསང་བ་འདུས་པ་ཡིན་པར། སྡོམ་འབྱུང་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེ་ལ་རབ་གནས། །སྐུ་དང་གསུང་དང་ཐུགས་ཀྱི་ལས། །རྣམ་ཀུན་མཆོག་གི་སྡོམ་པའོ། །སྡོམ་པ་བྱང་ཆུབ་བདེ་མཆོག་སྟེ། །བལྟར་མེད་བརྗོད་དུ་མེད་པའོ། །སངས་རྒྱས་ཀུན་གྱི་གསང་བ་ནི། །འདུས་པ་བདེ་བའི་མཆོག་ཡིན་ཏེ། །ཞེས་དང་། དགྱེས་རྡོར་ཡིན་པར་བརྟག་གཉིས་ལས། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྭའང་ཤེས་རབ་བརྗོད་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །ཅེས་སོ། །དེ་བཞིན་ཀུན་ཏུ་བཟང་པོ་སོགས་ཐམས་ཅད་དེ། དཔལ་མཆོག་ལས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་སོགས་དེར་མ་ཟད་འཁོར་པའི་ཕྱོགས་ཐམས་ཅད་ཀྱང་ཡིན་པར་སམྦུ་ཊ་ལས། སེམས་ཅན་ཀུན་ལ་མཉམ་པའི་ཕྱིར། །གྲུ་གསུམ་རྒྱ་ཆེའི་གཟུགས་ཅན་ཉིད། །ཚངས་སོགས་ལྷ་དང་ལྷ་མིན་བཅས། །དེ་རྣམས་ཀྱི་ནི་གནས་སུ་འགྱུར། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །ཀུན་རྫོབ་རྣམ་པའི་གཟུགས་ཅན་མ། །དེ་ཉིད་ཡུལ་ལས་རྣམ་པར་འདས། །སྲོག་ཆགས་ཀུན་གྱི་སྙིང་ལ་གནས། །ཞེས་གསུངས། དེ་ལ་ཕྱག་རྒྱ་ཆེན་པོ་དང་། ཕྱག་རྒྱ་ཆེན་མོ་ཞེས་པའི་སྒྲ་གཉིས་ཀས་གསུངས་པ་ནི། ཕ་རྒྱུད་དུ་རིགས་པའི་སྐྱེས་བུ་དང་། མ་རྒྱུད་ལས་རིག་མའི་སྐྱེས་བུ་ཞེས་བཤད་པའི་རྣམ་པར་དབྱེ་བ་དང་འདྲ་སྟེ། རང་རང་གི་ཐོབ་བྱ་མཐར་ཐུག་ཡིན་པས་སོ། །དོན་ལ་ཐབས་ཤེས་གང་ཡང་མ་ཡིན་ཏེ། དེའི་ཕྱིར་མ་ནིང་གི་སྒྲས་ཀྱང་བསྙད་པར་མཛད་དེ། དུས་འཁོར་རྩ་རྒྱུད་ལས། ཕན་ཚུན་འཁྱུད་པ་ཞི་བ་སྟེ། །མ་ནིང་གི་ནི་གོ་འཕང་མཆོག །ཅེས་པས་སོ། །གསུམ་པ་ངེས་ཚིག་མདོ་རྒྱུད་གཉིས་ཀ་ནས་བསྟན་ཚུལ་ནི། ཁོ་བོའི་རྗེ་བླ་མ་དཔལ་འབྲུག་པ་རིན་པོ་ཆེའི་ཞལ་སྔ་ནས། ཕྱག་རྒྱ་ཞེས་པའི་སྒྲ་ནི་མདོར་ཡང་བཤད་ལ་དེ་ཀ་བཤད་པས་ཆེན་པོ་བཤད་པ་ཡིན་མོད། འོན་ཀྱང་། ཆེན་པོ་དང་མ་སྦྱར་བས། མདོའི་དེ་མི་གསལ་བར་མདོར་བསྟན་དུ་སོང་། སྔགས་སུ་དེ་གཉིས་སྦྱར་བས། ཤིན་ཏུ་གསལ་བའི་ཕྱིར་རྒྱས་བཤད་དོ། །ཞེས་གསུངས་པའི་ཕྱག་རྒྱ་བཤད་པས་ཆེན་པོ་བཤད་པར་སོང་ཚུལ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཕྱག་རྒྱ་བཞི་པར། ཕྱག་རྒྱ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཕྱག་རྒྱ་ཆེན་པོའོ། །ཞེས་གཞི་མཐུན་དུ་བཤད་པ་ལ་དགོངས་པར་སྣང་། མདོར་ཕྱག་རྒྱ་ཞེས་བཤད་པའི་ཚུལ་ནི། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། ཆོས་རྣམས་ཀུན་གྱི་མཚན་ཉིད་ནི། །ནམ་མཁའ་མཉམ་པའི་མཚན་ཉིད་དོ། །མཚན་ཉིད་ཕྱག་རྒྱ་དེ་འདྲ་བས། །ཕྱག་རྒྱ་གང་གདབ་ཕྱིར་མི་ལྡོག །ཅེས་དང་། བློ་གྲོས་རྒྱ་མཚོས་ཞུས་པ་ལས། ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་ཕྱག་རྒྱས་བཏབ་པ་སྟེ། གཉིས་སུ་མེད་ཅིང་གཉིས་ཡོངས་སུ་དག་པའོ། །ཞེས་དང་། ནམ་མཁའ་མཛོད་ཀྱིས་ཞུས་པ་ལས། དེ་བཞིན་ཉིད་དབྱེར་མེད་པ་དེ་ནི་ཕྱག་རྒྱ་སྟེ་ཕྱེ་བ་མེད་པ། འཇུག་པ་མེད་པ། མདོན་པར་ཞེན་པ་མེད་པ། མི་བསྐྱོད་པ། བསྐྱོད་པར་བྱ་བ་མ་ཡིན་པ་སྟེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཕྱག་རྒྱ་དེས་བཏབ་པ་ཉིད་དོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་དེ་ནི། ཤིན་ཏུ་མ་སྐྱེས་པའི་ཕྱག་རྒྱ། འདོད་ཆགས་དང་བྲལ་བའི་ཕྱག་རྒྱ། དེ་བཞིན་ཉིད་ཀྱི་ཕྱག་རྒྱ། ཡང་དག་པའི་མཐའི་ཕྱག་རྒྱ། ནམ་མཁའི་ཕྱག་རྒྱ་སྟེ་རྒྱ་ཆེར་གསུངས་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཆོས་རྣམས་ཀུན་གྱི་རང་བཞིན་ཕྱག་རྒྱ་སྟེ། །ཏིང་འཛིན་འདི་ནི་འདྲེན་པ་དག་གིས་བཤད། །ཏིང་འཛིན་ཞི་བ་འདྲེན་པས་བཤད་པ་འདི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད། ཅེས་དང་། བྱམས་པ་འཇུག་པའི་མདོ་ལས། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ཕྱག་རྒྱ་དང་ཞེས་པ་ནས། གཟུང་དུ་མེད་པ་དང་གནས་མེད་པའི་ཕྱག་རྒྱས་བཏབ་པའོ་ཞེས་མང་ངོ་། རྗེ་བཙུན་ཆེན་པོ་མི་ལ་རས་པས། ཕྱག་ནི་བདེ་སྟོང་དབྱེར་མེད་ལས། །མི་འདིའི་ཕྱིར་ན་རྒྱ་ཡིན་ནོ། །ཞེས་པ་ལྟར་མུ་དྲཱ་ཕྱག་རྒྱ་ལ་འཇུག་པས། ཕྱག་དང་རྒྱ་སོ་སོར་བསྒྱུར་བའི་བཤད་པ་དང་། ཕྱག་རྒྱ་ཞེས་བསྡམས་ཏེ་བཤད་པ་གཉིས་བྱུང་། དང་པོ་ཐིག་ལེ་སྐོར་དུ། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གི་རིག་པའི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །དང་། རྡོ་རྗེ་འཕྲེང་བར། ཨེ་ཝཾ་དེ་བཞིན་གཤེགས་པའི་རྒྱ། །གཉིས་སུ་མེད་པ་མཚོན་བྱེད་དང་། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །དེ་ལ་དེ་བཞིན་གཤེགས་པའི་རྒྱ། །གཉིས་མེད་ཡེ་ཤེས་མཚོན་པ་ནི། །རྒྱུད་ཀུན་གྱི་ནི་གླེང་གཞིར་གསུངས། །ཞེས་པས་སོ། །གཉིས་པ་ནི། དེ་ཉིད་དུ། ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་ཝཾ་ནི་སྙིང་རྗེ་སྟེ། །ཐིག་ལེ་དེ་གཉིས་སྦྱོར་ལས་བྱུང་། །དེས་སྦྱོར་བ་ནི་རྨད་བྱུང་མཆོག །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱའོ། །རྒྱལ་པོ་ཆེན་པོའི་ཕྱག་རྒྱ་ཉིད། །རྒྱུད་རྣམས་སུ་ནི་ཐོག་མར་གསུངས། །ཡང་། རྒྱུད་ཀུན་གྱི་ནི་དོན་བསྡུས་པ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །དེ་ནི་དེ་བཞིན་གཤེགས་པའི་རྒྱ། །ཞེས་སོ། །ཕྱག་རྒྱའི་དོན་ཡང་རྒྱས་འདེབས་པ་དང་། མི་འདའ་བ་གཉིས་ལ་བྱེད་པ་ཡིན་ལ། དང་པོ་ནི། རྗེ་མཻ་ཏྲི་པས། ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པ་ལྔ། དེ་ལ་གཞི་ནི་རྣམ་པར་ཤེས་པ་ཙམ་དུ་རྟོགས་པར་བྱ་བའི་ཕྱིར། མི་བསྐྱོད་པས་རྒྱས་བཏབ་བོ། དེ་ལྟར་ན་ཕྱི་རོལ་གྱི་རྣམ་པ་ནི་སེམས་ཙམ་ཡིན་པས་གཟུང་བའི་དངོས་པོ་མེད་ལ་འཛིན་པ་ཡང་སྟོང་པ་སྟེ། གཟུང་བ་དང་འཛིན་པ་སྤངས་པའི་དོན་དམ་པ་ཡོད་པ་མཆོག་ཏུ་ཉམས་སུ་མྱོང་བ་ཙམ་གྱི་རྣམ་པར་རིག་པ་གནས་སོ། །དེ་ཉིད་སྟོན་ཀའི་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ་རྣམ་པ་མེད་པར་སྨྲ་བས་དངོས་གཞི་རྣམ་པར་ཤེས་པ་སྨྲ་བར་གྲུབ་བོ། །ཞེས་དང་། ཡང་། གཟུགས་སོགས་རྟོག་པས་སྟོང་པ་ཡི། །ཡེ་ཤེས་མི་བསྐྱོད་ཕྱག་རྒྱ་ལ། །དེར་ནི་རྡོར་སེམས་རྒྱས་བཏབ་པས། །དངོས་པོ་ཡོད་པ་བཀག་པ་ཡིན། །རྣམ་པར་རིག་པ་ཙམ་གྱིས་ནི། །རྡོ་རྗེ་སེམས་དཔའ་མི་བྱ་སྟེ། །དང་པོ་ཉིད་ནས་མི་གནས་པས། །བཏགས་པ་ཐམས་ཅད་སྟོང་པ་ཉིད། །དེ་ལྟར་དོན་ཡོད་པའི་ཟུང་དུ་སྤངས་ཏེ། ཐམས་ཅད་དུ་མི་གནས་པའི་རང་བཞིན་ལྷུན་གྱིས་གྲུབ་པའི་ཟུང་དུ་འཇུག་པ་གཉིས་སུ་མེད་པའི་རྒྱུན་ལ་རང་རིག་པར་གྲུབ་པ་ནི་དབུ་མ་པའི་གྲུབ་པའི་མཐའ་ཕུལ་དུ་བྱུང་བའོ། །ཞེས་གསུངས། དེ་ལྟ་བུའི་རྒྱས་བཏབ་གཉིས་ལ། རིམ་པ་བཞིན་དེ་བཞིན་གཤེགས་པའི་དབུགས་དབྱུང་དང་། རྡོ་རྗེ་འཆང་ཆེན་པོའི་དབུགས་དབྱུང་གི་ཐ་སྙད་ཀྱང་མཛད་དོ། །མི་འདའ་བས་ཕྱག་རྒྱར་བཤད་པ་ནི། འདུས་པར། གལ་ཏེ་བྱང་ཆུབ་མཆོག་འདོད་ན། །ལག་པའི་ཕྱག་རྒྱ་མི་འཆིང་ངོ་། །སྔགས་ཀུན་གྱི་ནི་དམ་ཚིག་འདི། །རྒྱལ་བ་ཀུན་ཀྱང་མི་འདའོ་ཞེས་སོ། །ཆེན་པོ་ནི་སྤངས་པ་ཆེན་པོ་དང་། རྟོགས་པ་ཆེན་པོ་སྟེ། །ཇོ་བོ་ནཱ་རོ་པས་མུ་དམ་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་ཀྱི་མཚན་ཉིད་ཏེ། རཱ་ཏི་གང་བའི་གནས་སྐབས་མི་གཡོ་བའི་སྦྱོར་བའི་དུས་ཐམས་ཅད་དུ་ཀུན་ནས་སྟེར་བའོ་ཞེས་ཕྱག་རྒྱའོ། །འདིའི་ཆེན་པོ་ཉིད་ཀྱང་སྤངས་པ་ཆེན་པོ་ཉིད་དང་། རྟོགས་པ་ཆེན་པོ་ཉིད་ཀྱིས་སོ། །དེ་ལ་སྤངས་པ་ཆེན་པོ་འདི་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་མཚན་ཉིད་དེ་རང་བཞིན་ཞེས་བྱ་བའི་འོད་གསལ་མདོན་དུ་བྱེད་པའི་མཚན་ཉིད་དོ། །རྟོགས་པ་ཆེན་པོ་ཉིད་ནི་ཡོངས་སུ་དག་པ། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཟུང་དུ་འཇུག་པ་ཞེས་བྱ་བའི་སྐུ་མངོན་དུ་བྱེད་པའི་རང་བཞིན་ནོ། གང་ཞིག་ཡིད་མུན་པ་ཉམས་པ་ལ་སོགས་པ་དྲི་མ་མ་ལུས་པ་དང་བྲལ་བ་ནམ་མཁའ་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་པའི་འོད་གསལ་བ་མངོན་དུ་བྱེད་པ་ཁོ་ན་སངས་རྒྱས་ཀྱི་ཆོས་མཐའ་དག་ཏུ་རྟོགས་པ་སྟེ། མ་ལུས་པའི་རྒྱུ་ནི་སྣ་ཚོགས་པའི་དོན་ཕུན་སུམ་ཚོགས་པའི་ནུས་པའི་ངོ་བོ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཆོས་རྣམས་ཀྱི་རྟེན་གྱི་སྐུ་ནི་ཆོས་ཀྱི་སྐུའོ། །ཞེས་བརྗོད་དོ། །དེ་ལ་ཡང་རབ་ཏུ་སྣང་བ་མ་ཡིན་ཡང་། རྟོགས་པར་རྣམ་པར་གཞག་པ་ཡིན་ན་བུམ་པ་རབ་ཏུ་སྣང་བ་ན་སྣམ་བུ་ལ་སོགས་པ་རྟོགས་པར་ཐལ་བ་བཟློག་པར་དཀའ་སྟེ་གང་ཡང་གྲངས་ཅན་པའི་ལྟ་བ་སུན་མ་ཕྱུང་བ་ཁོ་ནར་འགྱུར་རོ། །གཞན་ཡང་སྒྱུ་མ་དང་། དྲི་ཟའི་གྲོང་ཁྱེར་དང་། པྲ་ཕབ་པ་ལ་སོགས་པ་བཞིན་དུ་གཞན་དུ་མ་བརྟགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་མ་ལུས་པ་མཐོང་བ་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་སྟེ། རང་བྱིན་གྱིས་བརླབས་པར་ཡང་བརྗོད་དོ། །ཀུན་རྫོབ་ཀྱི་བདེན་པ་ཡང་དོན་དམ་པའི་བདེན་པ། བདག་ཉིད་གསལ་བ། ཡོངས་སུ་དག་པ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ངོ་བོ་རྣམ་པར་སྣང་མཛད་ལ་སོགས་པ་བརྟེན་པའི་ཚོགས་དང་ཁང་པ་བརྩེགས་པ་ལ་སོགས་རྟེན་དཀྱིལ་འཁོར་ཡང་རུང་སྟེ། རྟེན་དེ་ཉིད་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཉིད་དང་། སངས་རྒྱས་ཀྱི་ཆོས་ཀྱི་རང་བཞིན་ཉིད་ཀྱིས་ཀྱང་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་གསུངས་སོ། །བདེན་པ་གཉིས་གཉིས་སུ་མེད་པའི་རང་བཞིན་འདི་ཉིད་ཟུང་དུ་འཇུག་པ་ཞེས་བརྗོད་དོ། །དེའི་ཕྱིར་ཟུང་དུ་འཇུག་པའི་སྐུ་ཉིད་ཆོས་ཀྱི་སྐུ་སྟེ། ལོངས་སྤྱོད་རྫོགས་པ་དང་རང་བཞིན་དག་ལས་ཐ་དད་པར་གྱུར་པ་རྣལ་འབྱོར་པས་སོ་སོ་རང་གིས་རིག་པར་བྱའོ། །ཞེས་པས། འདིས་འོད་གསལ་ཉིད་དམ་རྒྱར་འགྱུར་བ་ཡང་རྒྱས་པར་བཤད་དོ། །དེ་ཡང་ཀུན་རྫོབ་དང་དོན་དམ་སོགས་ཐ་སྙད་དུ་མཚན་གཞི་སོ་སོར་བཟུང་བས་ཟུང་འཇུག་ཡིན་ལ། ངེས་དོན་དུ་ཕན་ཚུན་དུ་རྒྱས་གདབ་བྱ་དང་། འདེབ་བྱེད་ཀྱི་འབྲེལ་པ་མེད་པའོ། །དེས་ན་རྒྱས་གདབ་འདི་ལྟ་བུ་སེམས་ཀྱི་རང་ངོས་ལ་མ་ཡིན་པས། དུས་འཁོར་རྩ་རྒྱུད་ལས། རྒྱུ་དང་འབྲས་བུ་རྣམ་ངེས་གྲོལ། །ཕན་ཚུན་དུ་ནི་རྒྱས་གདབ་མེད། །ཅེས་དང་། སྟོང་པ་ལས་བྱུང་གཟུགས་བརྙན་རྒྱུ། །འགྱུར་མེད་ལས་སྐྱེས་བདེ་བ་འབྲས། །འབྲས་བུ་རྒྱུ་ཡིས་རྒྱས་གདབ་ཅིང་། །རྒྱུ་ཡང་འབྲས་བུས་རྒྱས་གདབ་བོ། །ཞེས་ཚུལ་གཉིས་གསུངས་པའང་སྔར་མཻ་ཏྲི་པའི་ལུང་དྲངས་པ་དེ་ཀ་དང་རིམ་པ་བཞིན་སྦྱོར་རྒྱུ་ཕྱི་མ་དེས་འདི་ཀ་ལམ་ཕྱག་རྒྱ་ཆེན་པོར་འཇོག་པའི་གནད་སྟོན། སྔ་མ་མི་འདའ་བའི་དོན་གྱིས་གཞི་དང་འབྲས་བུ་བཤད་དོ། །ཆེན་པོའི་སྒྲ་དོན་ལ་ཡང་རྒྱལ་དབང་རྗེས། དེ་ཡི་གོང་ན་གཞན་མེད་པས་ཆེན་པོ། །ཞེས་ཀྱང་གསུངས་ཏེ། དེ་ནི་གསང་བ་གྲུབ་པར། བཞི་པ་གོང་ན་མེད་པའི་རྒྱུ། །མངོན་པར་བྱང་ཆུབ་བྱེད་པ་པོ། །ཕྱག་རྒྱ་ཆེན་པོ་རྣམ་སྒོམ་པ། །དེ་ཡི་གོང་ན་གཞན་མེད་པའོ། །ཞེས་པ་ལ་དགོངས། གཞན་ཡང་ཐམས་ཅད་ལ་ཁྱབ་པའི་དོན་གྱིས་དང་། ཐམས་ཅད་དེ་ལས་འབྱུང་བའི་དབང་གིས་ཀྱང་ཆེན་པོའི་སྒྲ་ཐོབ་པ་ནི་མི་ཆེན་པོ་དང་འབྱུང་བ་ཆེན་པོའི་སྒྲ་བཞིན་ནོ། །ཅུང་ཟད་དཔྱད་ན། ཇོ་བོ་ནཱ་རོ་པས་ཆེན་པོའི་སྒྲ་དེ་སྐད་དུ་གསུངས་པ། འབྲས་བུ་ཁོ་ན་བརྗོད། གཞན་མ་བརྗོད་པ་མ་ཡིན་ཏེ། གཞི་ཇི་ལྟ་བ་སངས་རྒྱས་ཀྱི་གཟིགས་ངོ་བ་ཞིག་ལ་ངོས་འཛིན། དེས་ན་བྱང་ཆུབ་སེམས་དཔའི་གཟིགས་པ་ཐམས་ཅད་དེ་ལ་ལྟོས་ནས་ཀུན་རྫོབ། སོ་སོ་སྐྱེ་བོ་ལ་ལྟོས་ན་དོན་དམ་དེ་ཕྱིར་མཁས་པས་རྣམ་གྲངས་པའི་དོན་དམ་བདེན་པ་ཞེས་བཏགས་ཏེ་རེ་ཞིག་པའི་དོན་དམ། དེས་ན་ངེས་དོན་དང་། མཐར་ཐུག་གཉིས་འབྱེད་པ་འདིས་ཡིན་ནོ། །གཞི་འབྲས་གཉིས་སུ་མ་གྲུབ་པ་ཉིད་གཉིས་འཛིན་ཅན་ལ་སྟོན་པའི་ཕྱིར་གཞི་འབྲས་རང་བཞིན་དབྱེར་མེད། དེས་མཚོན་ལམ་ཡང་གཞི་དེ་ཀ་ལས་གཞན་དུ་གཡོ་མི་འཇུག་པ་ཙམ་ཡིན་པས། མ་ཡེངས་པ་འདི་སངས་རྒྱས་ཀུན་གྱི་ལམ། །ཞེས་བྱ། གཞི་ལས་མ་གཡོས་ན་འབྲས་བུ་དེ་ཀ་ཡིན་པས་འབྲས་བུ་ལམ་བྱེད་ཅེས་རྡོ་རྗེའི་ཐེག་པར་དྲིལ་བསྒྲགས་པ་དེ་འདི་ཤེས་ན་ཡིན། དེས་ན་ཉོན་མོངས་པ་རང་ངོ་ཤེས་ན་དེ་ཉིད་ལམ་གྱི་གཙོ་བོར་འགྲོ་ཞེས་གསུངས་པའང་། སྣང་ངོར་འདོད་ཆགས་སོགས་ལ་འཇུག་ཀྱང་། འཇུག་དུས་སུ་གནས་ཚུལ་ལས་གཞན་དུ་གཡོར་མི་འཇུག་པ་དེ་ཀ་ཡིན། དེས་ཐིག་ལེ་གཡོས་ཀྱང་མི་འཕོ་བས་འཕོ་མེད་འགྲུབ། དེས་འདོད་ཆགས་བདེ་སྟོང་དུ་འགྱུར། དེ་བཞིན་དགྲ་བོ་ཚར་གཅོད་པའི་དུས་ནའང་སྙིང་རྗེ་གཞན་དུ་འགྱུར་མི་འཇུག་པ་དེ་བཞིན་ཉིད་དུ་འཇུག་ཀར་སེམས་མ་གཡོས་ན་དམིགས་པ་ཉེ་བར་ཞི་ནས་འོད་གསལ་འཆར་འོང་། དེ་ཀ་གཏི་མུག་རིག་སྟོང་དུ་འཆར་བ་ཞེས་བྱ། འབྲས་བུ་ཡང་ཡིན་ལུགས་ལས་གཞན་དུ་མི་འགྱུར་བ་མངོན་དུ་གྱུར་པ་ཙམ་སྟེ། གཡོ་ན་དེ་ཀ་འཇིག་པ་ཡིན་པའི་ཕྱིར། མི་འཕྲོག་པར་མི་འགྲོ། །དེ་བས་ན་བློ་ངོར་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་ཀྱི་གོ་རིམ་ཡང་རིགས་ལ། གནས་ཚུལ་ལ་དེ་ལྟ་བུ་གང་ཡང་མ་གྲུབ་པས་ཕྱག་རྒྱ་ཆེན་པོ་འདི་ལ་དཀར་པོ་ཆིག་ཐུབ་ཅེས་གསུངས་སོ། །བཞི་པ་དེ་དཀར་པོ་ཆིག་ཐུབ་ཏུ་འགྲོ་བའི་གནད་བཤད་པ་ནི། ལོ་ཙཱ་བ་ཆེན་པོའི་བརྟག་པ་གཉིས་པའི་རྒྱུད་འགྲེལ་དུ། ཕྲ་བ་ནས་གཡོ་བའི་བར་གྱི་ཆོས་ཐམས་ཅད་རང་རྒྱུད་པར་གྲུབ་པ་མེད་དོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ཉིད་དེ་ལྟར་ལྟ་བ་རྟོགས་པར་བྱས་ནས་བསྒོམ་པ་ནི་མཉམ་ཉིད་ལ་སོགས་པ་སྟེ། བསྒོམ་པ་ཡང་མཉམ་བཞག་རྗེས་ཐོབ་མེད་པར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་མཚུངས་པར་བཞག་གོ །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་རྟོགས་པའི་གང་ཟག་གིས་བལྟས་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དེ་ལས་བྱུང་ཞིང་དེའི་རྣམ་པར་འཁྲུལ་པ་ཡིན་ཏེ། ང་ལ་སོགས་པ་གསུངས་སོ། །དེ་ལྟར་ན་ལྟ་སྒོམ་སྤྱོད་པ་ཐམས་ཅད་ཕྱག་རྒྱ་ཆེན་པོར་ཤེས་ནས་དུས་ཡུན་རིང་པོར་བསྒོམས་ན་བསོད་ནམས་ཆུང་བའི་མིས་ཀྱང་འགྲུབ་ན་གཞན་ལྟ་ཅི་སྨྲོས་ཞེས་བསྟན་པ་ནི། དེ་ལྟར་ལ་སོགས་པས་བསྟན་ཏོ། །ཞེས་གསུངས་པས་ན། རྟོགས་པའི་ཚེ་ཕྱག་རྒྱ་ཆེན་པོ་ལས་གཞན་པའི་ཆོས་ཅི་ཡང་མི་འདོད་པས་སོ། །སློབ་དཔོན་ཛྙྱཱ་ན་ཀཱིརྟིའི་དེ་ཁོ་ན་ཉིད་ལ་འཇུག་པ་ལས་ཀྱང་། བཅོམ་ལྡན་འདས་ཀྱང་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱང་དེ་ཉིད་དོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་ཡེ་ཤེས་ནི་གཉིས་སུ་མེད་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བསྒྲུབ་པར་བྱ་བའོ། །ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་སྦྱོར་བ་ཡང་དེ་ཉིད་དེ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་བསོད་ནམས་ཐམས་ཅད་ཀྱི་རང་བཞིན་གྱི་རྣལ་འབྱོར་རོ། །དེ་ནས་དེ་ལ་གོམས་པ་ཉིད་འབྲས་བུ་མ་ལུས་པ་ཡོངས་སུ་རྫོགས་པ་ཡིན་ཏེ། དེ་ལྟར་ན་འདི་ནི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྒོམ་པ་ཉིད་འབྲས་བུ་མ་ལུས་པ་ཐོབ་པར་བྱེད་པ་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཐེག་པ་གཅིག་སྟོན་པར་མཛད་པ་ཡང་སངས་རྒྱས་འགྲོ་བའི་མདོ་ལས་ངེས་པར་སྟོན་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ལས་མ་གཏོགས་པར་ཐེག་པ་གཞན་འདི་ན་ཡོད་པ་མ་ཡིན་ནོ་ཞེས་སོ། །དེ་ལ་གཞན་དག་ན་རེ། ཁ་གཅིག་དཀར་པོ་ཆིག་ཐུབ་ལས། །འབྲས་བུ་སྐུ་གསུམ་འབྱུང་ཞེས་ཟེར། །གཅིག་ལས་འབྲས་བུ་འབྱུང་མི་སྲིད། །གལ་ཏེ་གཅིག་ལས་འབྲས་བུ་ཞིག །འབྱུང་ཡང་ཉན་ཐོས་འགོག་པ་བཞིན། །འབྲས་བུ་དེ་ཡང་གཅིག་ཏུ་འགྱུར། །ཞེས་པའི་ཚིག་བར་མ་ཕྱི་མ་གཉིས་ཀྱིས་བཀག་པས་ན་རང་ལ་གནོད་དོ། །རྒྱུ་མཚན། གཅིག་ལས་འབྲས་བུ་མི་འབྱུང་བར་ཁ་ཚོན་བཅད་ནས། ཡང་ཉན་ཐོས་ཀྱི་འགོག་པ་རྒྱུ་གཅིག་ལས་འབྱུང་བའི་འབྲས་བུར་བཤད་པས་སོ། །དོན་ཡང་མི་འཐད་དེ་ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ནི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། རྩ་བ་གཅིག་ལས་སྡོང་པོ་གཉིས། །རྒྱུ་མཚན་དེ་ལས་འབྲས་བུ་གཅིག །ཅེས་བཤད་པ་དང་། སྤྱན་རས་གཟིགས་ཀྱིས། དཔའ་བོའི་རིམ་པ་བདག་བྱིན་རླབས་པ་ཡི། །རིམ་པ་དག་ཀྱང་ཐར་པའི་ལམ་མ་ཡིན། །ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ནི། །ཐར་པའི་སླད་དུ་སངས་རྒྱས་རྣམས་ཀྱི་བསྟན། །ཞེས་དང་། བསྡུས་པའི་རྒྱུད་ལས། དེ་གཅིག་པུ་ལས་རྣམ་པ་ལྔ་སྟེ་མཐའ་དག་རྒྱལ་བ་མཆོག་རྣམས་ཀྱིས་ནི་མངོན་རྫོགས་བྱང་ཆུབ་འདི། །རྣམ་པ་ཉི་ཤུའི་རང་བཞིན་དང་ནི་སླར་ཡང་དེ་ནས་སྒྱུ་མ་དུ་མའི་རང་གི་ངོ་བོའོ། །དེ་ཡིས་སྐད་ཅིག་གཅིག་གིས་བདེ་མཉམ་འབྲས་བུ་སྟེར་བར་འགྱུར་ཏེ་ལས་གཞན་གྱིས་ནི་རང་བཞིན་མིན། །འདིར་ཐབས་འཕོ་མེད་སྐད་ཅིག་གང་ཡིན་འདིར་ནི་ལྷན་སྐྱེས་ཆོས་ཀྱི་དབྱིངས་སུ་རབ་ཏུ་ཞུགས་པ་ལའོ། །ཞེས་དང་། བདེ་ནས་བདེ་ལ་རྗེས་ཆགས་སྐད་ཅིག་འདིར་ནི་ལྷན་སྐྱེས་དངོས་པོ་གཞན་ལ་རྗེས་སུ་ཆགས་པ་མིན། །ཕུང་པོ་གང་དག་དེ་ཡིས་བསྐྱེད་རྣམས་སླར་ཡང་བདེ་བའི་སྐད་ཅིག་དེ་ཡིས་སྐྱེད་པར་བྱེད་པ་སྟེ། །དག་པ་ལས་ཆོས་དེ་ལས་གཞན་ཏེ་སླར་ཡང་དེ་ལས་གཞན་དང་དེ་ལས་རྣམ་པར་དག་པའོ། །དག་པའི་ས་བོན་བཏབ་པ་ལས་ནི་རྩ་བ་རྣམས་དང་ལོ་མ་ལ་སོགས་མེ་ཏོག་འབྲས་བུ་བཞིན། །ཞེས་དཔེ་དང་བཅས་ཏེ་གསུངས་པ་དང་། རྣལ་འབྱོར་མ་ཀུན་སྤྱོད་ལས། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་པ་ལྟ་བུ་ལ་སོགས་པའི་རྡོ་རྗེའི་ཚིག་ཐམས་ཅད་རྡོག་པས་སུབ་པའི་ཚིག་གོ །མདོ་ལུགས་ལ་ཡང་མི་འཐད་དེ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པ་དབྱེར་མ་མཆིས། །དང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་པ་དང་མངོན་སུམ་དུ་འགལ་བ་དང་། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པའི་རིག་པ་ཐམས་ཅད་མི་འཐད་པར་ཁས་ལེན་དགོས་པར་ཡང་ཐལ་བས་སོ། །ཡང་། འགའ་ཞིག་ཆིག་ཐུབ་སྒོམ་པ་ཡི། །རྗེས་ལ་བསྔོ་བ་བྱ་དགོས་ཟེར། །འོ་ན་ཆིག་ཐུབ་གཉིས་སུ་འགྱུར། །དེ་ལའང་སྐྱབས་འགྲོ་སེམས་བསྐྱེད་དང་། །ཡི་དམ་ལྷ་སྒོམ་ལ་སོགས་པ། །དགོས་ན་ཆིག་ཐུབ་དུ་མར་འགྱུར། །དེས་ན་ཆིག་ཐུབ་འདི་འདྲའི་ལུགས། །རྫོགས་སངས་རྒྱས་ཀྱིས་གསུངས་པ་མེད། །ཐུབ་པས་སྟོང་ཉིད་བསྔགས་པ་ནི། །དངོས་པོར་འཛིན་པ་ཟློག་ཕྱིར་ཡིན། །ཞེས་པ་འདི་ནི་བྱིས་པའི་ཀླན་ཀ་སྟེ། འཐད་ན་རང་ཉིད་ལའང་རིམ་གཉིས་རིམ་གཉིས་སུ་བཞག་རྒྱུ་མི་ཡོང་། འདི་ཡང་དོན་དམ་པའི་ཕྱོགས་སུ་ལོང་གཏམ་སྟེ། ཁོ་བོ་ཅག་གི་ལུགས་ལ་འདི་ཀ་དོན་དམ་པའི་སེམས་བསྐྱེད་ཡིན་པས། རྒྱལ་དབང་རྗེས། གདོད་ནས་རྣམ་དག་གི་བྱང་ཆུབ་སེམས། །མ་བཅོས་ཐ་མལ་གྱི་ཤེས་པ་ལ། །མཁའ་ལྟར་སྒྲིབ་མེད་ཀྱི་འོད་གསལ་ཆེ། །འདི་སེམས་བསྐྱེད་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་སོ། །དེ་མི་འཐད་ན། གསང་བ་འདུས་པ་ལས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ནི་རང་བཞིན་ནོ། །ཞེས་གསུངས་པ་དང་། བརྟག་གཉིས་ལས། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །རང་བྱིན་བརླབ་པའི་རིམ་པས་ཀྱང་། །ཀུན་རྫོབ་དོན་དམ་ཚུལ་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཅེས་པ་མི་འཐད་པར་འགྱུར་རོ། །ཡང་འདི་ཀ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པ། གཤིས་སྐྱེ་བ་མེད་པ་བདེ་ཆེན་ཡབ། །གདངས་འགག་པ་མེད་པ་སྣ་ཚོགས་ཡུམ །བདེ་སྟོང་རོ་མཉམ་གྱི་རང་བྱུང་ལྷ། །འདི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་པ་འདི་མི་འཐད་ན། སྤྲོས་པ་མེད་པའི་རང་བཞིན་ལ། ལྷ་དང་སྔགས་ནི་ཡང་དག་གནས། །དང་། འདུས་པར། དེ་བཞིན་གཤེགས་པའི་ཐུགས་དག་པ། །སྐུ་དང་གསུང་ཐུགས་རྡོ་རྗེ་འཛིན། །སངས་རྒྱས་བྱང་ཆུབ་རབ་སྟོན་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །དང་། དུས་ཀྱི་འཁོར་ལོར། མཐའ་ཡས་སངས་རྒྱས་ཞིང་རྣམས་དང་ནི་དཔག་མེད་ཡོན་ཏན་རྣམས་དང་ནམ་མཁའ་ལ་སོགས་ཁམས་རྣམས་དང་། །གནས་དང་བསྐྱེད་དང་ཉམས་དང་རྣམ་གསུམ་ཞེས་པའི་སྲིད་པ་དང་ནི་འགྲོ་བ་དྲུག་ཏུ་སེམས་ཅན་ཀུན། །སངས་རྒྱས་ཁྲོ་བོ་ལྷ་སོགས་རྣམས་དང་སྙིང་རྗེའི་ཐུགས་ལྡན་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས་རྣམས་ཏེ། །འདི་དག་རྣམས་ནི་སྲིད་པ་གསུམ་གྱི་ཕྱག་བྱས་རྒྱལ་བ་བདེ་འབྱུང་གཅིག་པུའི་འཁོར་ལོ་གཅིག་ཡིན་ནོ། །ཞེས་པ་མི་འཐད་པར་འགྱུར་རོ། །འདི་ཀ་མོས་གུས་ཕྱག་རྒྱ་ཆེན་པོ་ཡིན་པ། ཕ་བླ་མའི་བྱིན་བརླབས་སྙིང་ལ་ཞུགས། །བུ་སློབ་མའི་མོས་གུས་གཏིང་ནས་གཡོས། །ལས་ཅན་གྱི་འཁྲུལ་པ་བཙན་ཐབས་ཞིག །འདི་མོས་གུས་ཕྱག་རྒྱ་ཆེན་པོ་ཡིན། །འདི་མི་འཐད་ན་ཀུན་སྤྱོད་ལས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་འཆང་ཞབས་པད་ལ་འདུད། །ཅེས་དང་། འདུས་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བ་འདུས་པས་མངོན་པར་དབང་བསྐུར་བ་སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བགྱི། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སློབ་དཔོན་ནི་བྱང་ཆུབ་ཀྱིས་སེམས་དང་མཉམ་ཞིང་རྣམ་པ་གཉིས་སུ་དབྱེར་མེད་དོ། །ཞེས་པ་མི་འཐད་པར་འགྱུར་རོ། །ཕྱི་སྣང་བའི་མཚན་མ་རང་སར་གྲོལ། །ནང་འཛིན་པའི་ཤེས་པ་གདོད་ནས་དག །རོ་མཉམ་གྱི་ལྟད་མོ་ཅི་ཡང་འཆར། །འདི་གནས་ལུགས་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་རྩོད་མ་དགོས། གཤིས་ལུགས་ཀྱི་དགེ་བ་རྒྱུན་མི་འཆད། །བློས་བྱས་ཀྱི་མཚན་མ་རང་སར་གྲོལ། །ཅི་བྱས་ཀུན་ཟུང་འཇུག་གི་ལམ་དུ་འགྲོ །འདི་སྔོ་བ་ཕྱག་རྒྱ་ཆེན་པོ་ཡིན། །འདིར་གཤིས་ལུགས་ཀྱི་དགེ་བ་བཤད་པ་མི་འཐད་ན་ཆོས་མངོན་པའི་གླེགས་བམ་རྒྱབ་ཏུ་བསྐྱུར་རིགས། གཞན་ནི་སྡུད་པར་རྒྱལ་བ་རྣམས་ཀྱིས་ཕ་རོལ་ཕྱིན་ཅེས་བྱ་བ་གང་། །ཆོས་དེ་རྣམས་ཀྱང་མིང་ཙམ་དུ་ནི་ཡོངས་སུ་བསྒྲགས། །ཡོངས་བསྔོ་རློམ་སེམས་མེད་པའི་བྱང་ཆུབ་སེམས་དཔའ་ནི། །ཉམས་པ་མེད་པས་སངས་རྒྱས་བྱང་ཆུབ་མཆོག་རེག་འགྱུར། །ཞེས་པའི་ལུང་གིས་འགྲུབ་བོ། །དེས་ན་ཕྱག་རྒྱ་ཆེན་པོ་དེ་ལྟ་བུ་ཤེས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལེགས་པར་བསླབས་པ་ཡིན་པར་ཡང་དེར་རྒྱས་པར་བཤད་ཀྱང་ཡི་གེས་འཇིགས་ནས་མ་བྲིས་སོ། །ཕྱག་རྒྱ་ཆེན་པོ་ཉིད་ཀ་དབང་དུ་བཤད་པ། དུས་འཁོར་བསྡུས་རྒྱུད་དུ། ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེ་ཡི་སྣང་བ་དག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་འགྱུར། །དབང་བསྐུར་དྲི་མེད་རི་བོང་ཅན་མཚུངས་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་པ་གང་ཡིན་པ། །དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་འདི་ནི་བཞི་པ་སྟེ། །སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་དང་། དགྱེས་རྡོར་ལས། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །འདི་ཡིས་དེ་ནི་བྱིན་བརླབས་པ། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །ཅེས་གསུངས་པ་དང་། རིགས་པས་ཀྱང་འཐོབ་སྟེ། མ་རིག་པ་འཁྲུད་བྱའི་དྲི་མ་ཡིན་ལ། དུས་ཀྱི་འཁོར་ལོར་སད་རྨི་གཉིད་སྟུག་སོགས་ཀྱི་བག་ཆགས་ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེར་བཞག་པ་ཡིན་ནོ། །དེ་འཁྲུད་པ་ནང་གི་རིག་པ་ཁོ་ན་ལས་གཞན་གྱིས་ནུས་པ་མ་ཡིན། ནང་གི་རིག་པའང་དྲི་མ་མེད་པའི་འོད་དུ། འོ་ན་རིག་པ་གང་ཡིན་ཞེ་ན། སྨྲས་པ། རིག་པ་ཞེས་པ་རྣམ་པར་མི་རྟོག་པ་ནང་གི་རིག་པ་སྟེ་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་དོ། །གཞན་ཡང་འགྱུར་མེད་ཀྱང་རིག་པ་སྟེ། དམིགས་པ་མེད་པ་ཟག་པ་མེད་པ་བདེ་བའི་བདག་ཉིད་ཅན་ནོ། །རིག་པ་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཅན། །རྒྱུ་དང་འབྲས་བུ་གཅིག་ཏུ་འདྲེས་པར་གྱུར་པ་སྟེ། མེ་ཡི་འོད་དང་སྲེག་པར་བྱེད་པ་གཅིག་ཏུ་འདྲེས་པར་གྱུར་པ་བཞིན་ནོ། །ཞེས་གསུངས་ལ། རིག་པ་འདི་ལྟ་བུ་སྟོན་པས་སངས་རྒྱས་པའི་ལུང་ཐམས་ཅད་ལ་ནང་རིག་པ་ཞེས་བྱ་བ་དང་། ཕྱི་རོལ་པའི་གཞུང་རྣམས་དེ་ལས་བཟློག་པར་ཡང་བཤད་པ་ཡིན་ནོ། །དེ་ཀ་གྲོལ་ལམ་ཡིན་པར་འགྲེལ་ཆེན་དུ། ཕྱག་རྒྱ་ཆེན་པོ་འཛིན་པར་གསུངས་པ་འདི་ལྟ་སྟེ། བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཤེས་རབ་ཆེན་པོའི་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་ཆེ། །ཞེས་པ་ཡིན་པས། དེའི་དོན། འདིར་ཆགས་པ་ནི་སྐྱེ་བའི་དུས་དང་། འཕོ་བ་ནི་འགོག་པའི་དུས་ཏེ། དེ་དག་སྙོམས་པར་ཞུགས་པ་ནི་མི་འགྱུར་བའི་དུས་སོ། །དེའི་འཁོར་ལོ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་སྒྲིབ་པ་མེད་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བརྗོད་དོ། །མི་འགྱུར་བ་ལས་སྐྱེས་པ་འདི་ཡིས་མ་སྐྱེས་པའི་ཕྱག་རྒྱ་ཆེན་པོ་དེ་ལ་འཁྱུད་པའོ། །གང་ལ་ལ་ཞིག་སྐྱེ་བ་གཞན་གྱི་བག་ཆགས་ཀྱི་དབང་དང་བླ་མ་དམ་པའི་མན་ངག་གིས་དུས་དུ་མར་ཉིན་དང་མཚན་མོར་ཕྱག་རྒྱ་ཆེན་པོ་བརྟགས་པའི་ཆོས་ཐམས་ཅད་དང་བྲལ་བར་རང་གི་སེམས་ཀྱི་སྣང་བ་ཙམ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཆེན་པོ་སྟོང་པ་ཉིད་ལྷན་ཅིག་སྐྱེས་པའི་དགའ་བ་བསྐྱེད་པར་བྱེད་པ་འདི། མངོན་སུམ་དུ་བྱས་ནས་འཁྱུད་པར་བྱེད་པ་དེ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་ཞེས་བརྗོད་དོ། །ཞེས་པ་འདིས། གཅིག་པུ་དེ་ཤེས་པས་གཞན་ཤེས་བྱའི་ཚོགས་འདི་ཐམས་ཅད་སྐྱུ་རུ་ར་ལག་མཐིལ་དུ་བཀྲམ་པ་ལྟ་བུ་ཤེས་པར་བསྟན་པ་བཀའ་བརྒྱུད་པ་སྐད་ན་གཅིག་ཤེས་ཀུན་གྲོལ་ཞེས་པ་དེ་ཡིན། གཞན་ཆོས་སྐད་འདི་བློར་མི་འཆུན། བསྒོམ་བྱ་མང་པོ་མང་པོ་ཞིག་གསུངས་པ་ལས་གང་སྒོམ་མཚང་བརླག དཔེར་ན་ར་རྩྭ་ཟ་བ་ལྟ་བུ་ཐོབ་བྱ་ཡིད་སྨོན་དུ་ལུས། དེ་ལྟར་མི་ལུས་སུ་གང་དུ་འཇུག་པའི་འགག་གཅིག་ཡིན་པར་མ་ཤེས་པས་ལན། དེ་ལྟར་གནས་སྐབས་ཐེག་པ་དུ་མར་འགྱུར་བ་ཡང་འདི་ལ་ཐུག་འདུག རྒྱུད་སྦྱངས་ནས་གཅིག་པུ་འདིར་འབབ་ནུས་པས། དེ་ཙ་ན་ཐོབ་བྱ་གཅིག་པུ་ཤེས། དེས་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ། དེ་ཡང་སམྦུ་ཊར། ཆོས་རྣམས་ཐམས་ཅད་གཅིག་པའི་སྐུ། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབང་པོ་གང་དང་གང་ལམ་ཉིད། །དེ་དང་དེ་ཡི་རང་བཞིན་འགྱུར། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་པར་ཤིན་ཏུ་མཉམ་བཞག་ཉིད། །གང་ཕྱིར་ཐམས་ཅད་བདག་ཉིད་ཀྱི། །རྣམ་ཤེས་ཕུང་པོར་གནས་པ་ནི། །སྐྱེས་བུ་ཐམས་ཅད་སེམས་རྨོངས་པ། །ལ་ལས་སོ་སོར་རྟོག་མི་ནུས། །སེམས་དང་སེམས་བྱུང་སེམས་ཀྱི་དངོས། །ཡེ་ཤེས་ཞེས་བྱ་རང་བཞིན་ཅན། །འབྲས་བུ་རྣམས་ལ་བྱེད་པ་ཉིད། །ཆོས་དང་ཆོས་ཅན་སྒོམ་པ་ཉིད། །གང་ཕྱིར་ཆོས་ནི་དུ་མས་ནི། །ཆུ་བོའི་རྒྱུན་ནི་རྒྱ་མཚོ་ལྟར། །ཐར་པ་ཉིད་ནི་གཅིག་པུ་ཡིན། །མང་པོ་དམིགས་པར་མི་འགྱུར་རོ། །ཇི་ལྟར་ནང་དུ་རྣམ་གནས་པ། །བླ་མའི་ཞལ་ལས་རྙེད་པར་འགྱུར། །ཞེས་གསུངས། དེ་བཞིན་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ལས། མན་ངག་གཅིག་ནི་བསྒོམས་པ་ཡིས། །མན་ངག་ཐམས་ཅད་མཚོན་པར་བྱ། །ཇི་ལྟར་ས་གཅིག་ཐོབ་པ་ཡིས། །ས་ནི་ཐམས་ཅད་ཐོབ་པར་འགྱུར། །དེ་བཞིན་མན་ངག་ཐམས་ཅད་ཀྱང་། །མན་ངག་གཅིག་གིས་ཐོབ་པར་འགྱུར། །ཞེས་པས་བསྟན་ཅིང་། འདིས་བཀའ་བརྒྱུད་པ་རྟོགས་པ་གཅིག་གིས་ས་ལམ་མ་ལུས་བགྲོད་ཅེས་པའི་དོན་ཡང་བསྟན། གཞན་ཡང་མདོ་སྡེར། ངས་ནི་འཇིག་རྟེན་ཁམས་རྣམས་སུ། །མདོ་སྡེ་སྣ་ཚོགས་གང་གསུངས་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཚིག་གཅིག་རྣམ་པར་བསྒོམས་པ་ཡིས། །དེ་དག་ཐམས་ཅད་བསྒོམས་དང་མཚུངས། །ཞེས་དང་། ཤེར་ཕྱིན་དུ། ཆོས་གཅིག་གི་མདོ་དང་རྒྱས་པ་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། ཞེས་དང་། དབུ་མ་པས། གཅིག་གི་ལྟ་པོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་པོ་ཡིན། །ཞེས་པ་ཀུན་གུངས་གཅིག་ཏུ་འགྲིག་པར་འགྱུར་རོ། །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་རྙེད་ནས་ཐབས་གཞན་འཚོལ་ན། གླང་པོ་ཆེ་རྙེད་པ་བོར་ནས་རྗེས་འཚོལ་བ་དང་འདྲ་བ་ལྟ་བུར། དོན་ཆུང་ངུར་ཤེར་ཕྱིན་གྱི་མདོ་དང་། དོ་ཧ་མཛོད་དུ་གསུངས་པ་ཡིན་ནོ། །ཞེས་ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ལས་བཤད་བྱ་ཕྱག་རྒྱ་ཆེན་པོ་ངོས་འཛིན་པ་སྟེ་ལེའུ་གཉིས་པའོ།། །། གཉིས་པ་འཆད་བྱེད་བླ་མའི་མན་ངག་ལ། ལྷན་ཅིག་སྐྱེས་སྦྱོར་གྱི་དོན་དང་ཐ་སྙད་བཤད། དེ་གཏན་ལ་གང་དུ་ཕབ་ན་རྟོགས་མྱུར་བའི་གནད། ཇི་ལྟར་གཏན་ལ་འབེབས་པའི་ཚུལ་ཞིབ་མོར་བཤད་པ་གསུམ་ལས། དང་པོ་ནི། ཆོས་ཀྱི་རྒྱལ་པོ་ཟླ་འོད་གཞོན་ནུས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །དེ་ཕྱིར་སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས། །ཞེས་གསུངས་པས། གང་དང་ལྷན་ཅིག་ཏུ་གང་སྐྱེས་པ་སྙམ་ན། སེམས་ཉིད་ལྷན་ཅིག་སྐྱེས་པ་དེ་དང་། སྣང་བ་ལྷན་ཅིག་སྐྱེས་པ་གཉིས་སོ། །དེ་ཡང་ཕྱག་རྒྱ་ཆེན་པོ་ཕྱོགས་དང་བྲལ་བ་ལ་ཕྱོགས་ལྷུང་གི་བློས་གཉིས་སུ་བཏགས་པས་གཤིས་དང་གདངས་སུ་སྣང་བ་ཡིན་ཏེ་སྐྱེས་བུ་ཅི་བདེར་འདུག་པ་ལྟ་བ་པོས་དགྲ་གཉེན་དུ་གཟུང་བ་བཞིན་ནོ། །དེས་ན་གཤིས་ཀྱི་དབང་དུ་བྱས་ནས་འགྱུར་བ་མེད་པའི་བདེ་བ་ཆེན་པོ་བཞག གདངས་ཀྱི་དབང་དུ་བྱས་ནས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་བཞག དང་པོ་དོན་དམ། གཉིས་པ་ཀུན་རྫོབ། དེས་ན་ཀུན་རྫོབ་རྒྱུའམ་ཐབས། དོན་དམ་འབྲས་བུའམ་ཐབས་བྱུང་། འགྱུར་བ་མེད་པའི་དོན་ཡང་རྗེ་བཙུན་བྱམས་པས་རྒྱུད་བླ་མར། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། འགྱུར་བ་མེད་པས་ཆོས་ཉིད་དོ། །ཞེས་པ་དང་། ཆོས་ཉིད་ཅེས་པའི་དོན་ཡང་དེ་ཀ་ཡིན། དེ་ཉིད་ནི། གློ་བུར་དག་གིས་ཁམས་སྟོང་གི །བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་པ་ལྟ་བུས་སྣང་བ་གློ་བུར་བ་ཡིན་པས་འགྱུར་བ་སྟོན། དེས་སྣང་ནས་ཡལ་དུ་རུང་། རང་བཞིན་དེ་ལྟ་བུ་མ་ཡིན་པས་འགྱུར་རྒྱུ་མེད། དེའི་ཕྱིར་རང་བཞིན་གྱིས་དག་པ་ཞེས་པའི་ཐ་སྙད་བྱས་སོ། །དེས་ན། གློ་བུར་བའི་རྒྱུན་འཐུད་པ་ལས་འཁོར་བ་གྲུབ་པ་ནི། དུས་འཁོར་རྩ་རྒྱུད་ལས། ཇི་སྲིད་འགྱུར་བ་ཐོབ་ཀྱི་བར། །རྟེན་དང་བརྟེན་པའི་འབྲེལ་པས་གནས། །ཞེས་སོ། །དེས་ན་འཁོར་བའི་རྒྱུར་གྱུར་པ་དེ་སྦྱང་དགོས། དེ་ཡང་ཐག་རིང་པོ་ཞིག་ནའང་མེད། འ་རྫི་ག་ཕག་ཅིག་ཀྱང་མིན། འོ་ན་གང་ཞེ་ན། གནས་ཚུལ་ལས་ཡེངས་པ་རང་ངོ་། །དེས་ན་ཡེངས་མ་བཅུག་པ་རང་གིས་འཁོར་བ་འགག འཁོར་བ་འགགས་པ་དེ་ཀ་མྱ་ངན་ལས་འདས་པ་ཡིན་པས། དེ་ཉིད་དུ། སེམས་ཀྱི་འགྱུར་མེད་ཐོབ་ནས་ནི། །རྟེན་དང་བརྟེན་པའི་འབྲེལ་བ་མེད། །ཅེས་གཞན་ཡང་། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་མདོ་རྒྱུད་ཀྱི་གཞུང་མང་པོར་བྱུང་བ་དང་། སྟོན་པ་མྱ་ངན་ལས་འདའ་ཀར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོས་ཞུས་པ་མདོ་སྡེའི་དོན་བསྡུས་པར་ཡང་། བླང་དོར་མེད་པ་བཤད་གཞིར་གཟུང་ནས་རྒྱས་པར་བསྙད་པའི་དོན་ཡང་འདི་ཀ་ཡིན་ནོ། །དེ་ཡང་ཀླུ་སྒྲུབ་ཀྱིས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བར་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཞེས་གསུངས་སོ། །དེའི་ཕྱིར་བརྟག་གཉིས་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། འདི་ཉིད་མྱ་ངན་འདས་པ་ཡིན། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་དང་། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ། །རྨོངས་མེད་འཁོར་བ་དག་པ་ཡིན། །ཞེས་སོ། །ཡེངས་པའང་ཐོག་མ་མེད་པའི་བག་ཆགས་ཀྱི་མཐུ་ལས་བྱུང་ལ། བག་ཆགས་དེ་ཀའང་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཀྱིས་བཞག་གོ །ཡིད་བྱེད་དེ་ལ་མ་རིག་པ་དེ་ཀ་ཡེངས་པ་ཡིན་ཏེ། ཚུལ་བཞིན་ཡིད་ལ་བྱེད་པ་ལས་གཞན་དུ་ཕྱོགས་པས་སོ། །དྲན་པ་ལས་གཡོས་པ་ལ་ཡེངས་པ་ཟེར་བ་བཞིན་གོ་བདེ་བར་མཛད་དོ། །དེ་བས་ན་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དག་ན། ཚུལ་བཞིན་ཡིད་ལ་བྱེད་པ་ཁོ་ན་འོང་བས་བླ་མ་རྣམས་འཁོར་འདས་ཀྱི་རྩ་བ་རིག་མ་རིག་གཉིས་སུ་ཁ་ཚོན་གཅོད། དེས་འཁོར་འདས་ལག་པའི་ལྟོ་རྒྱབ་ལྟ་བུར་གསུང་། འདིའི་ཚུལ་བཞིན་ཡིད་ལ་བྱེད་པའང་། སྔར་ཨ་མ་ན་སི་ཀཱ་རའི་སྒྲ་བཤད་གསུམ་པ་དེ་ཀའོ། །དེའི་ཕྱིར་བླ་མ་རྣམས་སྒོམ་པ་ཡིད་ལ་མི་བྱེད་པ་ཞེས་གསུངས། དེ་དུས་ཀྱི་བལྟ་བྱ་འདི་ལྟ་བུ་ཞེས་ཁས་ལེན་མ་ནུས་པས་ལྟ་བ་ཁས་ལེན་དང་བྲལ་བ་དང་། དེའི་ཚེ་གང་འཆར་ལ་སྤང་བླང་བྱ་རྒྱུ་མི་འདུག་པས་སྤྱོད་པ་བླང་དོར་དང་བྲལ་བ་དང་། ཤར་གྲོལ་དུས་མཉམ་པས་འབྲས་བུ་རེ་དོགས་དང་བྲལ་བའི་ཐ་སྙད་གསུངས་སོ། །དཔལ་ཕག་མོ་གྲུ་པས། སློབ་དཔོན་ཕྱ་པ་ཆོས་སེང་ལ་འཁོར་བ་འདིའི་རྒྱུའི་གཙོ་བོ་གང་ཡིན་ཞེས་དྲིས་པས། གནས་ངན་ལེན་གྱི་དྲི་མ་ཕྲ་ཞིང་ཕྲ་བ་འདིའོ། །ཞེས་གསུངས་ཏེ། དེ་གང་དྲིས་པས། ཤེས་བྱའི་དྲི་མ་སྣོད་ལ་གླ་རྩིའི་དྲི་ཆགས་པ་ལྟ་བུའོ། །དེ་ལས་བཅར་བ་མ་བྱུང་། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ལ་ཞུས་པས། རླུང་སེམས་དབུ་མར་མ་ཚུད་པའོ་གསུངས་ཏེ། ད་དུང་ཉམས་མ་བདེ། དཔལ་ཟླ་འོད་གཞོན་ནུའི་སྤྱན་སྔར་ཞུས་པས། དགེ་བའི་བཤེས་གཉེན་པ། ཐ་མལ་གྱི་ཤེས་པ་ངོ་མ་ཤེས་པ་ཡིན་མོད་གསུང་བས་བཅར་ཏེ་ཟིན། དེའི་རྒྱུ་མཚན་སྟོན་པ་སངས་རྒྱས་ཀྱིས་འཁོར་འདས་ཀྱི་རྒྱུ་ཐམས་ཅད་དུ་རིག་མ་རིག་གཉིས་ཀ་གསུངས་པ་ངོ་འཕྲོད་པར་འདུག་གོ །ཐ་མལ་ཤེས་པ་ཞེས་པའང་རང་བཞིན་གྱི་ཤེས་པ་ཞེས་པའི་བརྡ་ཆད་དེ། བཟོ་བཅོས་གང་ཡང་མ་བྱས་པ་ཞིག་གོ །དེ་ནས་འཁོར་བའི་ཕྱོགས་སམ་རྣམ་རྟོག་ལ་དེའི་དོན་རྩ་བ་ནས་མི་ཡོང་སྟེ། དེ་ནི་བཅོས་མའི་མཚན་གཞི་དྲག་ཤོས་ཡིན་པའི་ཕྱིར་རོ། །ཡང་ཐལ་བྱུང་གི་སྟོང་པ་ཞེས་པ་ཞིག་ཡོང་སྟེ། དེ་ནི་སྣང་གསུམ་གྱི་དང་པོ་གཡོས་ཙམ་པ་དེ་ཙམ་རིག་པ་ལ་བྱེད་པས། དེ་ཡང་བཅོས་མ། འདི་ལ་རིམ་ལྔར་མི་གཡོའི་བསམ་གཏན་ཞེས་ཀྱང་གསུངས། དེ་མི་གཡོ་བའང་རགས་པ་ལ་བལྟོས་ནས་ཡིན་ནོ། །དེ་བས་ན་ཡེངས་པ་མེད་པར་དེ་ཉིད་དུ་གནས་པར་བྱེད་པ་དེ་ཀ་སྦྱོར་བ། དེ་ཀ་སྡོམ་པ། དེ་ཡང་བརྟག་གཉིས་སུ། སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ་ཞེས་པའི་སྡོམ་པའང་ཆོས་ཅན་ཐམས་ཅད་ཆོས་ཉིད་འདི་དང་འདི་ཞེས་གཅིག་ཏུ་བྱས་པའི་དོན་ལ་བཤད་པས། དོ་ཧར། གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །རིགས་དང་བྱེ་བྲག་དག་ཏུ་མ་འབྱེད་ཅིག །ཅེས་གསུངས་སོ། །དེའི་ཕྱིར་སྣང་སེམས་གཉིས་སུ་འབྱེད་མི་ཤེས་པ་སྣང་སེམས་དབྱེར་མེད་ཀྱི་དོན་ནོ། །གནས་འདི་ལ་དགོངས་ནས་བརྟག་གཉིས་སུ། ལྷན་ཅིག་སྐྱེས་པ་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཕྱག་རྒྱ་རྒྱུ་དང་བྲལ་བ་ལས། །ཡོ་གི་སྙིང་རྗེ་ཐབས་སུ་འགྱུར། །ཞེས་གསུངས་པའི་རྐང་པ་དང་པོ་གཉིས་ཀྱི་དོན་ནི་ཇི་ལྟར་སྣ་ཚོགས་སུ་སྨྲས་པའི་ངེས་དོན། སྣང་སྟོང་། གསལ་སྟོང་། རིག་སྟོང་སོགས་ཏེ་སྣང་བ་དང་སྟོང་པ་ལྷན་ཅིག་ཏུ་སྐྱེས་པའི་ཕྱིར་སྣང་སྟོང་ལྷན་སྐྱེས་སོགས་སུ་བཞག་པའོ། །འདིའི་དོན་ལ་ཞིར་མོར་དཔྱད་པ་གནད་དུ་ཆེའོ། །དེ་ཡང་དགེ་ལྡན་པ། རང་བཞིན་མེད་པའི་དོན་གྱིས་དོན་དམ་པར་ཅང་མེད་མོ་གཤམ་གྱི་བུ་ལྟ་བུ་དང་། རང་བཞིན་མེད་པའི་དོན་གྱིས་ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་མེད་པར་ནམ་ཡང་མི་འགྱུར་བ་ཞིག་སྟེ །དེའི་རྒྱུ་མཚན་གྱིས་སྣང་བས་ཡོད་མཐའ་དང་། སྟོང་པས་མེད་མཐའ་སེལ་ལོ་ཞེས་ཟེར་རོ། །འདི་ནི་རྟག་ཆད་གཉིས་ཀའི་ཕྱོགས་སུ་ལྷུང་སྟེ། དོན་དམ་ཆད་པ་དང་། ཀུན་རྫོབ་རྟག་ལྟར་སོང་ཞིང་ཕྱོགས་གཉིས་སུ་གཟུང་རུང་བསྡད་པས་གཞི་གཅིག་གི་སྟེང་དུ་ཕྱོགས་ལྷུང་སེལ་མ་ཤེས་སོ། །དེ་ཙམ་ལེགས་ལྡན་ཆེན་པོ་ཚངས་པའི་གླུ་ལས་ཀྱང་བྱུང་སྟེ། དངོས་པོར་བདེན་པ་ཡོད་མ་ཡིན། །མི་བདེན་དངོས་པོར་མེད་མ་ཡིན། །དེ་དག་གཉིས་ཀྱི་མཐའ་མཐོང་བ། །དེ་ནི་ང་ཉིད་མཐོང་བའོ། །ཞེས་དང་། གཞི་ཐ་དད་པའི་རྟག་ཆད་སེལ་བ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་ཡང་ཡོད་དེ། ལས་འབྲས་ཡོད་པར་བལྟས་པས་རྒྱང་འཕེན་ལ་སོགས་པའི་ཕྱོགས་བསལ་བ། བདག་རྟག་པ་ཤེས་རིག་སོགས་སུ་མི་སྨྲ་བས་རྟག་པའི་ཕྱོགས་བསལ་བ་ཡིན་ནོ། །ཕྱི་མ་ནི། འཇུག་པར། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱིས་བདག་ཉིད་ཇི་བཞིན་བརྟག་པ་དང་། །སྒྱུ་མ་སྨིག་རྒྱུ་སོགས་ལ་བརྟག་པ་གང་། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་པས་སོ། །དེའི་ཕྱིར་དེ་ཙམ་དབུ་མར་མི་འགྱུར་ལ། དེའི་བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། །དེ་དག་རྟག་པ་མ་ཡིན་ཆད་པ་མིན། །ཞེས་དང་། རིམ་ལྔའི། འཁོར་བ་དང་ནི་མྱ་ངན་འདས། རྟོག་པ་གཉིས་པོ་སྤངས་ནས་ནི། །གང་དུ་དངོས་པོ་གཅིག་གྱུར་ལ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་དང་། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆ་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་གནོད་པའི་རི་བསྙིལ་ལོ། །ས་དཀར་ཕལ་མོ་ཆེ། གཤིས་བདེན་པ་དང་བྲལ་ཞིང་། གདངས་རྫུན་པ་དང་བྲལ་བས་བདེན་གཉིས་དབྱེར་མེད་དང་། ཁྱག་རོམ་དང་ཆུ་བཞིན་སྣང་བཞིན་དུ་སྟོང་སྟོང་བཞིན་དུ་སྣང་བས་སྣང་སྟོང་ཟུང་འཇུག་ཟེར་རོ། །དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་བརྗོད་ཀྱི་དོན་དམ་བདེན་པ་ལ་ཐོ་མ་རེག་གོ །དེའི་རྒྱུ་མཚན་ཀུན་རྫོབ་བདེན་པ་འཇོག་པ་ན། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དུ། འདིར་ཡང་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཀྱི་གཟུགས་རྣམ་པར་དག་པའི་སེམས་གཞོན་ནུ་མའི་པྲ་ཕབ་པ་ལྟ་བུ་ནི་གཟུགས་ཀྱི་མཚན་ཉིད་མ་ཡིན་ཏེ་རྡུལ་ཕྲ་རབ་མེད་པའི་ཕྱིར་རོ། །གཟུགས་མེད་པའི་མཚན་ཉིད་མ་ཡིན་ཏེ། སྟོང་པ་ལ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་སྟོང་པ་ཉིད་ཀྱི་གཟུགས་ཅན་དང་སྟོང་པ་ཉིད་ཀུན་རྫོབ་ཀྱི་གཟུགས་ཅན་ཏེ། འཇིག་རྟེན་པའི་དཔེ་ལས་འདས་པ་ཉིད་ཀྱི་ཕྱིར་སེམས་གང་ཡོད་པའི་སེམས་དེ་ནི་སེམས་མེད་པ་རྟག་པ་དང་ཆད་པའི་ཆོས་ཀྱི་མཚན་ཉིད་དང་བྲལ་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །དོན་དམ་བདེན་པས་གཉིས་ཀའི་སེམས་དག་ཆོས་མི་མཐུན་པའི་ཕྱིར་ཡོད་པ་དང་། མེད་པ་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་ཟད་པ་རྡོ་རྗེའི་རྣལ་འབྱོར་གཉིས་སུ་མེད་པ་སྟེ། །དེ་བཞིན་གཤེགས་པའི་གསུང་རིགས་མེད་པ་ཉིད་ཀྱི་ཕྱིར་རོ། །འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིགས་མེད་པ། །ཞེས་གསུངས་པས་གནོད་ཅིང་། །ལུང་འདི་ཇོ་ནང་པའི་མགོ་བོར་རྡོ་རྗེ་ལྷུང་བ་རང་ཡིན་ཏེ། དེ་དག་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དོན་དམ་དུ་ཁས་ལེན་པ་ལ། འདིར་དེ་ཀུན་རྫོབ་ཏུ་གསུངས་པ་དང་། ཀུན་རྫོབ་ཡིན་ན་ཆད་སྟོང་ཡིན་པས་ཁྱབ་པར་འདོད་པ་དང་། རྣམ་ཀུན་མཆོག་ལྡན་དེ་ལས་བཟློག་པའི་ཕྱིར་རོ། །དོན་དམ་པའི་བདེན་པ་ཡོད་པར་ཁས་བླངས་པ་ལ་འདིར་དེ་ཡོད་མེད་ལས་འདས་པའི་མཐའ་བྲལ་དུ་གསུངས། ཡང་དེ་དག་དེ་མཉམ་བཞག་ལ་ཟློ་བའི་སྐབས་ཡིན་འདི་ནི་རྗེས་ཐོབ་ཤན་འབྱེད་པའི་སྐབས་སོ་ཟེར། དེ་ལྟ་ན་མཉམ་བཞག་གི་དེ་ཡིན་ལུགས་ཡིན་ནམ་མིན། ཡིན་ན་རྗེས་ཐོབ་ཤན་འབྱེད་པར་ཡང་དེ་སྐད་སྨྲ་དགོས་སོ། །སྤྲོས་པས་ཆོག་གི སྔར་གྱི་འཕྲོ་ལ་འཇུག་སྟེ། ཀུན་རྫོབ་བདེན་པ་སྒྱུ་མ་ཞེས་པས་སྣང་བ་འདི་སྒྱུ་མ་མཁན་པོ་རང་གིས་སྤྲུལ་པའི་སྒྱུ་མ་མཐོང་བ་ལྟ་བུ་ཞིག་ཡིན། དེ་ཡང་གཤིས་བདེན་མེད་སྒྱུ་མའི་རྟ་གླང་རྟ་གླང་རང་མ་ཡིན་པ་ལྟ་བུ། གདངས་འགག་པ་མེད་པ་དེ་རྟ་གླང་དུ་སྣང་བ་ལྟ་བུ། ཆོས་ཅན་འདི་ཐམས་ཅད་རང་བཞིན་གྱིས་སྟོང་ལ་སྣང་ཙམ་དུ་མི་འགག་པས་སོ། །ཡང་ཀུན་རྫོབ་བདེན་པ་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་སོ་སྙམ་ན། དེ་ཀའང་པྲ་བརྒྱད་ཕབ་པའི་སྣང་བ་དཔེར་མཛད་པའི་ཕྱིར་ཁྱད་མེད་དོ། །འོ་ན་ཁྱེད་རང་གི་ལུགས་གང་ཡིན་སྙམ་ན། སྣང་སྟོང་དབྱེར་མེད་ཙམ་ནི་དེ་ཀ་ཡིན་བདེན་གཉིས་ཟུང་འཇུག་ལྟ་བུ་དེས་བཤད་མི་ཐུབ་སྟེ། དེའི་ཕྱིར་ངེད་ཅག་གི་བླ་མ་རྣམས་གཤིས་དོན་དམ་དུ་བདེན་པ་དང་བྲལ་ཞིང་གདངས་ཀུན་རྫོབ་ཏུ་རྫུན་པ་དང་བྲལ་བ་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་ཅེས་སྦྱར་བས་བཤད་པར་མཛད་དོ། །དེའི་རྒྱུ་མཚན་ཀུན་རྫོབ་སྣང་སྟོང་ལྷན་སྐྱེས་དེ་དང་། ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་ཅེས་པས་རང་བཞིན་ལྷན་ཅིག་སྐྱེས་པ་གཟུང་ངོ་། །དེའི་ཕྱིར་གསལ་སྟོང་བདེ་སྟོང་ལྷན་སྐྱེས་ཀྱི་སྒྲ་འབྱུང་བ་ཙམ་གྱིས་ངེས་དོན་མཐར་ཐུག་ཏུ་མི་འགྲོ་བས། བརྟག་གཉིས་སུ། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་རུས་བཏོན་ཏེ་བཤད་པ་ཡིན་ལ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་དེ་དག་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དེ་དང་ནམ་ཟུང་དུ་ཆུག་པ་ན་སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས་ཞེས་པ། ལྷན་ཅིག་སྐྱེས་སྦྱོར་མཚན་ཉིད་པར་འགྱུར་བ་ཡིན་ནོ། །དེ་ཡང་རྗེ་མཻ་ཏྲི་པས། འདི་དག་སྒྱུ་མ་བཞིན་དངོས་མེད། །བརྟེན་ནས་འབྱུང་བ་རྟོགས་པའི་ཕྱིར། །མ་སྐྱེས་ཕྱིར་ན་རང་བཞིན་མེད། །རྐྱེན་ལས་འབྱུང་བ་མི་འགག་ཉིད། །དངོས་དང་དངོས་མེད་ཉམས་པས་ན། །ཟུང་དུ་འཇུག་པར་འགྱུར་བའོ། །ཞེས་པས་སོ། །སྣང་སྟོང་དེ་ལྟ་ན། གསལ་སྟོང་ཅི་ལྟ་བུ་ཞེ་ན། གསལ་སྟོང་གི་ཐ་སྙད་སྣང་སྟོང་དབྱེར་མེད་དེ་ལའང་ཡོད་མོད། དེའི་གསལ་བ་ནི་སྣང་བ་དང་། སྟོང་པ་ནི་སེམས་རྣམ་པར་དབེན་ཆ་ལ་བྱེད་པ་སྟེ། དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ལས། སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །ཞེས་འབྱུང་བ་དང་། ཡང་། བསྐྱེད་རིམ་ལྟ་བུའི་གསལ་སྟོང་ལ། གསལ་བ་ལྷར་སྣང་བ་ལ་བྱེད་པ་ནི། རྗེ་མཻ་ཏྲི་པས། རྟེན་ཅིང་འབྲེལ་འབྱུང་ཙམ་གྱི་ཕྱིར། །བདེན་ཉིད་མ་ཡིན་སྟོང་པ་ནི། །གསལ་བ་ལྷ་ཡི་རྣམ་པ་ཡང་། །རང་བཞིན་མེད་པའི་རང་བཞིན་ཏེ། །ཇི་ལྟ་ཇི་ལྟར་སྣང་གྱུར་པ། དེ་ལྟར་དེ་ནི་སྟོང་ཉིད་བདག །གཉིས་དང་ཞེས་གསུངས། བོ་དོང་པ་སྟོང་པ་ཉིད་བློས་དཔྱད་པའི་རྣལ་འབྱོར་བཞིས་བསྒྲུབས་ནས། དེ་ནས་སྣང་བ་ལྷར་འཆར་བར་བྱེད་པ་ལ་བསླབས་ཏེ་ལོབས་པའི་ཚེ་སྔ་མ་ཟབ་པ་དང་། །ཕྱི་མ་གསལ་བ་དེས་ཟབ་གསལ་གཉིས་མེད་དུ་འདོད་དོ། དེ་ཡང་། བློས་དཔྱད་པའི་སྟོང་ཉིད་ནི་ཆད་སྟོང་ཡིན་པས། འཇམ་པའི་དབྱངས་ཀྱིས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །ཅེས་གསུངས། དེ་སྔར་བཏང་ནས་ཕྱིས་ལྷ་བསྒོམ་རུང་བསྡད་པས་དེ་གཉིས་དབྱེར་མེད་དུ་འགྲོ་མི་ཐུབ། དེས་ན་རང་ལུགས་ཞི་གནས་སྒོམ་པའི་ཚེ། དམིགས་ས་ལྷ་ལ་བྱས་པས་དེ་ལ་སེམས་ཟིན་ཏེ། ལྷ་སྐུ་ཅི་གསལ་བཏབ་པ་དེ་གསལ་ཐེབས། དེའི་ཚེ་དཀྱིལ་འཁོར་རྒྱས་པ་ལ་བསླབས་པས་ཇི་ལྟ་བ་བཞིན་རེག་ཏུ་རུང་བའམ་མངོན་སུམ་དུ་མཐོང་བ་ལྟ་བུར་འགྱུར། དེས་མཚན་འཛིན་གྱི་སྣང་བ་རགས་པ་སྤོང་ནུས་ཏེ། དེའི་མི་མཐུན་ཕྱོགས་སུ་གནས་པས་སོ། །དེའི་ཕྱིར་ཟབ་གསལ་བྱུང་ཡང་དོན་མཚན་བཅས་ཀྱི་ཞི་གནས་ཡིན། གདོད་དེ་རྫོགས་རིམ་དང་ཟུང་འཇུག་ཏུ་སྦྱོར་བ་ལ་ལྷའི་དག་པ་བཤད་པས་བདག་བྱིན་གྱིས་ལོབས་ཏེ་ལྷར་འཛིན་པ་ལས་ལོག་ནས་སྒྱུ་མ་ཙམ་དུ་འཆར་བའི་ཟབ་གསལ་ཞིག་འབྱུང་འདི་ཡང་སྒྱུ་ལུས་ཡིན། དེར་སྣང་ཙམ་དེ་ཇེ་ཕྲར་སོང་ནས་ཐམས་ཅད་སྟོང་པ་འོད་གསལ་ལ་ཐིམ་བཅུག་ན། གསལ་སྟོང་རང་བཞིན་ལྷན་ཅིག་སྐྱེས་པ་དང་སྦྱོར་ཐུབ་པ་ཡིན་པས། མཻ་ཏྲི་པའི་ལུང་དེའི་འཕྲོར། གཉིས་སུ་མེད་པ་ཤེས་པ་གང་། །དེ་དང་དེ་ཡི་བག་ཆགས་བྲལ། །རྣལ་འབྱོར་ཧེ་རུ་ཀའི་ང་རྒྱལ། ཧེ་རུ་ཀ་དོན་ལ་རབ་གནས། །དངོས་འདི་བླ་མར་བྱས་ནས་སུ། །བློ་ལྡན་སེང་གེ་ལྟ་བུར་གནས། །ཞེས་གསུངས་སོ། །ཡང་རོ་རྐྱང་གི་ལམ་བགགས་པས་བསྒྲུབས་པའི་གསལ་སྟོང་ནི་གཞན་སྟོང་། །དེ་ཡང་རྣམ་རྫུན་ནམ་སྣ་ཚོགས་གཉིས་མེད་དུ་སྨྲ་བའི་ལུགས་པ་རྣམས་འདོད་པ་བཞིན་ཏེ། འདིའི་གསལ་བ་ནི་ཤེས་པ་རང་རིག་རང་གསལ་དེའོ། །སྟོང་པ་ནི། དེ་གཟུང་འཛིན་གཉིས་ཀྱིས་བཏང་བས་སོ། །དེ་ལ་གོམས་པས་འགོག་པ་དང་དེ་བཞིན་ཉིད་ཀྱི་ཐ་སྙད་ཀྱང་འབྱུང་བ། དེ་བཞིན་གཤེགས་པ་རྣམ་སྣང་སོགས་བཞི་ལ་མི་བསྐྱོད་པས་རྒྱས་བཏབ་པ་དེར་འགྲོ །དོན་སོ་སྐྱེ་ལ་འོད་གསལ་འཆར་ཀ་འདི་ལྟ་བུ་ངེས་པར་འབྱུང་བས། ལངྐར་གཤེགས་པ། བྱམས་པའི་རྒྱན་གཉིས། ཀ་མ་ལ་ཤཱི་ལའི་སྒོམ་རིམ་རྣམས་སུའང་སྦྱོར་ལམ་དུ་སེམས་ཙམ་པའི་ལྟ་བ་སྟོན་པའི་གནད་དེར་འདུག་གོ །ཇི་ལྟར་ཞེ་ན། ལངྐར་གཤེགས་པར། སེམས་ཙམ་ལ་ནི་རབ་བརྟེན་ནས། །ཕྱི་རོལ་དོན་ལ་མི་བརྟག་གོ །དེ་བཞིན་ཉིད་ཀྱི་དམིགས་གནས་ནས། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་སུ། སྣང་བ་མེད་ལ་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་འབྱུང་བས་སོ། །དེ་ལྟ་བུའི་ཟབ་གསལ་དེ་རྒྱས་གདབ་གཉིས་པ། རྣམ་ཤེས་མི་བསྐྱོད་པ་ལ་རྡོ་རྗེ་སེམས་དཔའ་སྟོང་ཉིད་ཀྱིས་རྒྱས་ཐེབས་པ་ན་རང་བཞིན་ལྷན་སྐྱེས་དང་རོ་མཉམ་དུ་སོང་སྟེ། དོན་ས་དང་པོ་ཐོབ་པ་ཡིན། དེའི་ཕྱིར་རྣམ་གཞག་དང་པོ་ལ། དེ་བཞིན་གཤེགས་པའི་དབུགས་དབྱུང་། ཕྱི་མ་ལ་རྡོ་རྗེ་འཆང་གི་དབུགས་དབྱུང་ཞེས་ཀྱང་བྱའོ། །བདེ་སྟོང་སྦྱོར་བ་ལ། ཙོང་ཁ་པ་ཆེན་པོས། བདེ་བ་སྐྱེས་པ་ན། དེ་ནས་བདག་མེད་པའི་ལྟ་བ་དྲན་པར་བྱས་ནས་བདེ་བས་བདག་མེད་ཀྱི་སྟོང་པ་ངེས་པར་བྱས་པ་ཉིད། བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ཀྱི་དགའ་བ་ཡིན་གྱི། བདེ་བ་བྱུང་བའི་དབང་གིས་སེམས་ཀྱི་རྟོག་པ་རེ་ཞིག་ལོག་པ་ཙམ་བདེ་སྟོང་དབྱེར་མེད་ཀྱི་དོན་མ་ཡིན་ནོ། །ཞེས་གསུངས། འདི་ཡང་འཐད་པ་མ་ཡིན་ཏེ། ཆགས་ཅན་ལས་རྒྱ་དང་སྦྱར་བ་ལྟ་བུའི་ཚེ། ནོར་བུའི་རྩེར་ཐིག་ལེ་བབས་པའི་སྐད་ཅིག་འཆིང་ཐུབ་ན་ཡས་བརྟན་གྱི་ལྷན་སྐྱེས་ཡོང་ལ་མ་ཐུབ་ན་མེད་དེ། འཕོས་པ་ལས་ནི་ཆགས་བྲལ་འགྱུར་ཞེས་པས་སོ། །དུས་དེའི་བདེ་བའི་སྐད་ཅིག་དེ་ནི་མི་རྟག་པ་ཡིན། རིགས་གཏེར་དུ། སྐྱེས་པ་ཁོ་ན་འཇིག་པ་ཡིན། །དེ་ལ་འཇིག་བྱེད་གཞན་མི་དགོས། །ཟེར་བས། རང་ཉིད་དུ་གྲུབ་བཞིན་པ་དེ་ཀ་འཇིག་བཞིན་པ་ཡིན་པར་མདོ་སྡེ་པ་ཡན་ཐམས་ཅད་འདོད་པ་ཡིན་པས། སྐད་ཅིག་དེའི་རྗེས་སུ་ལྟ་བ་དྲན་པར་བྱེད་པ། མགོ་ཆག་ནས་རྨོག་གྱོན་པ་ལྟ་བུ། དེས་ན་བདེ་ཆེན་གྱི་སྟོང་ཉིད་རིག་རྒྱུ་ཅང་མ་བྱུང་བས་ལམ་དེ་མཛུབ་མོས་རི་སྟོན་དུ་སོང་ངོ་། །རང་ལུགས་ལ་དེ་འདྲས་མི་ཡོང་། །འོ་ན་ཅི་སྙམ་ན། ཐ་མལ་པ་ལ་དེ་དུས་བདེ་བས་བརྒྱལ་ཏེ་རྨོངས་པ་དང་། རྣལ་འབྱོར་པ་མ་ཡེངས་པས་བདེ་བ་དེ་ཀ་རང་རིག་ཏུ་འཆར་བའི་ཁྱད་ཡིན། བདེ་བ་རང་རིག་ན་དེས་རླུང་འཆིངས། ཐིག་ལེ་འཕོ་མི་ཚུགས། དེའི་ཕྱིར་དེ་ལ་ཡས་བརྟན་དང་། སྔ་མ་ལ་ཡས་འོངས་ཀ་ཡིན་པས་ཡས་བརྟན་ཞེས་མི་བརྗོད་པས། བདེ་མཆོག་རྩ་རྒྱུད་ལས། ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །ཞེས་གསུངས། བདེ་བ་རང་རིག་པ་དེའི་ཚེ་སྔར་སྟོང་གཟུགས་ལ་སྦྱངས་པ་ཞིག་ཡིན་ན། ཚུལ་དེས་རྟེན་མ་ཉམས་པས་བདེ་བ་ཆེར་འཕེལ་ཏེ་རྣམ་པ་ཐམས་ཅད་པར་འཆར་བས། བྷ་གར་ལིདྒ་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་སྤྲོ་བར་བྱ། །ཞེས་གསུངས། གཞན་བདེ་བ་དེས་རྒྱས་གདབ་ཅིང་རྒྱུན་སྐྱོང་། ནམ་སྔར་གྱི་རྒྱས་བཏབ་གཉིས་པས་རྒྱས་ཐེབས་པ་ན་བདེ་སྟོང་མཚན་ཉིད་པ་དེར་འགྱུར་རོ། །རིག་སྟོང་ལྷན་སྐྱེས་ཀྱང་ཞི་གནས་ཀྱི་ངོ་བོ་ཚུལ་བཞིན་ཡིད་བྱེད་ལ་རིག་པ་ཞེས་བཏགས། དེས་རིག་བྱ་རིག་པ་ཡིན་ལ་རིག་པ་དང་རིག་བྱ་དེ་ཡང་རང་ངམ་གཞན་ཞེས་དཔྱད་པས་དཔྱད་མི་བཟོད་པའི་ཕྱིར་སྟོང་པའོ། །དེ་ལྟར་ཡང་ཨཱརྻ་དེ་ཝས། བདེ་དེ་གང་གིས་རིག་སྙམ་ན། །ཡིད་ཀྱིས་རིག་པར་བྱེད་མོད་ཀྱི། །རང་བཞིན་མེད་ཕྱིར་རིག་བྱ་དང་། །རིག་བྱེད་གྱུར་པའི་སྐྱོན་མེད་དོ། །ཞེས་པས་སོ། །དེས་སྔར་གྱི་ཚུལ་བཞིན་ཡིད་བྱེད་དེ་སྦྱངས་ན། དམིགས་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་ལ། མ་སྦྱངས་ན་དེ་སྟོང་པ་ལ་དམིགས་པ་ཡིན་པས་ལྟ་བ་རྣལ་མར་མི་འགྱུར་རོ། །སྦྱོང་བ་དེ་ཡང་ཁ་ཕྱིར་བལྟའི་ལུང་རིགས་ཀྱིས་མ་ཡིན་ཏེ། རྣམ་པར་མི་རྟོག་པ་དེ་རང་ཚུལ་བཞིན་ཡིད་ལ་བྱེད་པའམ། སོ་སོར་རྟོག་པར་བཞག་པ་དེས་དཔྱོད་པ་སྟེ། འོད་སྲུངས་ཀྱིས་ཞུས་པའི་མདོར། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་གཉིས་སྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་ཉིད་སྲེག་པར་བྱེད། །ཅེས་དང་། བརྟག་གཉིས་ལས་ཀྱང་། གཙུབ་ཤིང་དང་གཙུབ་སྟན་གྱི་དཔེས་གསལ་བར་བསྟན། དཔྱད་པ་འདི་ལ་བླང་བྱ་དང་དོར་བར་བྱ་བ་མེད་པས། མཉམ་པ་ཉིད་དམ་གཉིས་སུ་མེད་པར་སྤྱོད་པ་ཡིན་ནོ། །དེས་དོ་ཧར། ཡིད་དེ་ཡིད་མ་ཡིན་པར་བྱེད་གྱུར་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་དང་། ཆོས་དང་ཆོས་མིན་མཉེས་ནས་ཟོས་པ་ཡིན། །འདི་ལ་ཉེས་པ་རྡུལ་ཙམ་ཡོད་མ་ཡིན་ཞེས་པས། རིག་སྟོང་ལྷན་སྐྱེས་དེ་དང་རང་བཞིན་ལྷན་སྐྱེས་སྦྱོར་བ་བཤད་པ་ཡིན་ནོ། །འདི་ལ་བླ་མ་རྣམས་ཀུ་ས་ལི་པ་ཁ་ནང་བལྟའི་དཔྱད་སྒོམ། ལུང་དང་རིགས་པས་གཞལ་བ་ལ། པཎྜྻི་ཏ་ཁ་ཕྱིར་བལྟའི་དཔྱད་སྒོམ། ཞེས་གསུངས། འདི་གཉིས་ཀྱིས་རྣམ་གཞག་ལ་བོད་འདིར་ལབ་ལོབ་ཤིན་ཏུ་མང་ཡང་། གཏམ་ཕལ་ཆེར་ལོ་མའོ། །སྙིང་པོ་དཔྱད་སྒོམ་པའི་དཔྱད་པ་ནི། སྦྱོར་བའི་དུས་སུ་དཔྱད་པ་བྱས་ནས། ཡང་ཏིང་ངེ་འཛིན་ལ་འཇུག་པ་སྟེ། ཇོ་བོ་ཨ་ཏི་ཤས། ལུང་དང་རིགས་པ་དག་གིས་ནི། །ཆོས་རྣམས་ཐམས་ཅད་སྐྱེ་མེད་པའི། །རང་བཞིན་མེད་པར་ངེས་བྱས་ནས། །རྣམ་པར་རྟོགས་མེད་དེ་བསྒོམ་བྱ། །ཞེས་དང་། སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལའི་སྒོམ་པའི་རིམ་པ་ལས་ཀྱང་། དེ་ལ་ཐོག་མར་རེ་ཞིག་ཐོས་པ་ལས་བྱུང་བའི་ཤེས་རབ་བསྐྱེད་པར་བྱ་སྟེ། དེས་རེ་ཞིག་ལུང་གི་དོན་ཀུན་ཏུ་འཛིན་པར་བྱེད་དོ། །དེ་ནས་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ངེས་པ་དང་དྲང་བའི་དོན་རྣམ་པར་འབྱེད་པར་བྱེད་དོ། །དེ་ནས་བྱེ་བྲག་ཕྱེད་པའི་དོན་ལ་བརྟེན་ནས་ཡང་དག་པ་ཁོ་ནའི་དོན་བསྒོམ་པར་བྱའོ། །ཡང་དག་པ་མ་ཡིན་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་དུ་ཟིན་ན་ཕྱིན་ཅི་ལོག་ཏུ་བསྒོམས་ཤིང་ཐེ་ཚོམ་ཡང་མ་བསལ་བས་ཡང་དག་པའི་ཤེས་པ་འབྱུང་བར་མི་འགྱུར་ཏེ། དེའི་ཕྱིར་སྒོམ་པ་དོན་མེད་པར་འགྱུར་བས། མུ་སྟེགས་ཅན་རྣམས་ཀྱི་སྒོམ་པ་དང་འདྲའོ། །བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་བཀའ་སྩལ་ཏེ། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོ་དེ་བརྟགས་གལ་ཏེ་སྒོམ་ན་ནི། །དེ་ཉིད་མྱ་ངན་འདས་འཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར། །ཞེས་གསུངས་སོ། །ཡང་མཐའ་གཅིག་ཏུ་སྒོམ་ཁྱེར་དེ་ལྟར་བྱ་དགོས་པའང་མ་ཡིན་ཏེ། སྤྱོད་འཇུག་ལས། སེམས་ཀྱི་གླང་ཆེན་མྱོས་པ་ནི། །ཆོས་ལ་སེམས་པའི་ཀ་ཆེན་ལ། །ཇི་ལྟར་བཏགས་པ་མི་འཆོར་བ། །དེ་ལྟར་འབད་པ་ཀུན་གྱིས་བརྟག །ཅི་ནས་ཏིང་འཛིན་བརྩོན་པ་ནི། སྐད་ཅིག་གཅིག་ཀྱང་མི་འཆོར་བར། །བདག་གི་ཡིད་ནི་གར་སྤྱོད་ཅེས། །དེ་ནས་ཡིད་ལ་སོ་སོར་བརྟག །ཅེས་པས་དང་པོ་འཇོག་སྒོམ་རང་ལ་བརྟེན་པའང་གསུངས། དེ་བཞིན་སྒོམ་རིམ་དང་པོ་རང་དུའང་གསུངས་ཏེ། འདི་ལྟར་གང་གི་ཚེ་ཞི་གནས་ཀྱིས་དམིགས་པ་ལ་སེམས་བརྟན་པར་བྱས་པ་དེའི་ཚེ། ཤེས་རབ་ཀྱིས་རབ་ཏུ་བརྟགས་ན་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་འབྱུང་སྟེ། དེའི་ཚེ་སྣང་བ་བྱུང་བས་མུན་པ་བསལ་བ་བཞིན་དུ་འབྱུང་ངོ་། །དེ་གཉིས་ཀ་ཡང་མིག་དང་སྣང་བ་བཞིན་དུ་ཡང་དག་པའི་ཡེ་ཤེས་འབྱུང་བ་ལ་ཕན་ཚུན་མཐུན་པར་གནས་པ་ཡིན་གྱི། སྣང་བ་དང་མུན་པ་བཞིན་དུ་ནང་མི་མཐུན་པ་ནི་མ་ཡིན་ནོ། །ཏིང་ངེ་འཛིན་ནི་མུན་པའི་ངོ་བོ་ཉིད་མ་ཡིན་ཏེ། ཅིས་ཞེ་ན། སེམས་རྩེ་གཅིག་པའི་མཚན་ཉིད་དོ། །དེ་ནི་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བཀའ་སྩལ་པའི་ཕྱིར་ཏེ། ཤེས་རབ་དང་ཤིན་ཏུ་མཐུན་པ་ཡིན་གྱིས་མི་མཐུན་པ་མ་ཡིན་ནོ། །དེ་ལྟ་བས་ན་མཉམ་པར་བཞག་པའི་ཤེས་རབ་ཀྱིས་བརྟགས་ན་ཆོས་ཐམས་ཅད་མི་དམིགས་པ་གང་ཡིན་པ་དེ་ཉིད་མི་དམིགས་པའི་དམ་པའོ། །རྣལ་འབྱོར་པ་རྣམས་ཀྱི་གནས་སྐབས་ཀྱི་མཚན་ཉིད་དེ་འདྲ་བ་དེ་ནི་ལྷུན་གྱིས་གྲུབ་པ་ཡིན་ཏེ། དེའི་ཕ་རོལ་ཏུ་བལྟ་བར་བྱ་བ་གཞན་མེད་པའི་ཕྱིར་རོ་ཞེས་སོ། །དེ་བས་ན་ཞི་གནས་ཀྱི་སྔོན་དུ་དཔྱད་པ་གཏོང་བ་དང་མི་གཏོང་བ་ཙམ་གཉིས་ཀྱི་ཁྱད་དུ་བཞག་གི གཞན་ཤིང་རྟ་ཆེན་པོ་རྣམས་ཀྱིས་མ་གསུངས་སོ། །སྔར་དཔྱད་པ་བྱས་ཀྱང་ཕྱིས་ཞི་གནས་ལ་གནས་པའི་དཔྱད་པ་འདི་ནི་ངེས་པར་དགོས་སོ། །དེས་ན་ཏིང་ངེ་འཛིན་ཤས་ཆེ་ན་ཞི་གནས་བསྟེན། ཞི་གནས་ཤས་ཆེ་ན་ཤེས་རབ་བསྟེན་པས་ནམ་ཞིག་མཉམ་པར་གྱུར་པ་ནི་མདོ་ལུགས་དབུ་མའི་སྒོམ་ཁྱེར་བླ་ན་མེད་པའོ། །འདིར་དེ་ཡང་གཟུང་བ་ནི་སམྦུ་ཊར། སྟོང་མིན་སྟོང་པ་མིན་པའང་མིན། །དབུ་མར་དམིགས་པར་མི་འགྱུར་ཏེ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །ཞེས་སོ། །སྡགས་ལམ་རང་གི་ལམ་ངོ་མ་ནི། དེ་ནས་ཐབས་དང་ཤེས་རབ་དོན། །བསྒོམ་པ་ཡང་དག་རབ་བཤད་བྱ། །ཞེས་སོགས་ཀྱིས་རྒྱས་པར་གསུངས་ལ། མཻ་ཏྲི་པ་ཆེན་པོས། གཉེན་པོ་མཆོག་ལ་མི་གནས་ཤིང་། །དེ་ཉིད་ལ་ཡང་མི་ཆགས་པ། །གང་གི་འབྲས་བུ་འདོད་མེད་པ། །དེ་ཡིས་ཕྱག་རྒྱ་ཆེན་པོ་ཤེས། །ཞེས་གསུངས་པའོ། །དེ་བཞིན་རྡོ་རྗེ་མཁའ་འགྲོར། །རྣམ་མི་རྟོག་ལས་སངས་རྒྱས་མིན། །དེ་བཞིན་རྣམ་རྟོག་བཅས་ལས་ཀྱང་། །ཤིན་ཏུ་རྣམ་དག་ཡོངས་ཤེས་ན། །མཁས་པ་རྣམས་ནི་འགྱུར་བ་ཉིད། །ཅེས་བྱ་བས་སོ། །ད་ནི་ལྷན་ཅིག་སྐྱེས་སྦྱོར་ཞེས་པའི་ངེས་པའི་ཚིག་བཤད་པ། དཔལ་ཟླ་འོད་གཞོན་ནུའི་ཞལ་སྔ་ནས། སེམས་དང་རྣམ་རྟོག་ཆོས་སྐུ་གསུམ། །དང་པོར་ལྷན་ཅིག་སྐྱེས་པ་སྟེ། །གདམས་པས་གཅིག་ཏུ་སྦྱོར་བ་ལ། །ལྷན་ཅིག་སྐྱེས་སྦྱོར་མི་ཟེར་རམ་ཞེས་གསུངས། དེ་ཡང་ས་ཧ་ཛ་ཞེས། ས་ཧ་ལྷན་ཅིག ཛ་ནི་རབ་ཏུ་སྐྱེ་བ་ལའོ། །ཞེས་དང་། ཡུ་ཛིར་སྦྱོར་བ་ལའོ་ཞེས་པའི་བྱིངས་ལས་རྟོགས་པར་བྱ་བ་ཡིན་ལ། དེ་ལས་མཉམ་པ་དང་། ས་མཱ་ཛ་འདུས་པའམ་ཚོགས་པ། ས་མཱ་དྷི་ཏིང་ངེ་འཛིན་སོགས་ལ་འཇུག ཧ་རྒོད་པའམ་རོལ་པའི་དོན་དུ་བྱས་ནས་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པ་དཔལ་མོས་མཛད་པར། ཀུན་འགྲོ་ལྷན་ཅིག་སྐྱེས་ཞི་བ། །ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་གང་ཡིན་པ་དེ་འགྲོ་བ་ཀུན་ལ་ཁྱབ་པར་གནས་པ་སྟོན་པ་སྟེ། འདི་ལྟར་ལྷན་ཅིག་སྐྱེས་པ་རེ་ཞིག་ལྷན་ཅིག་པའི་རང་བཞིན་གང་ཞིག་མ་ཤེས་པ་ནི་སྡུག་བསྔལ་མཚུངས་པར་ལྷན་ཅིག་སྐྱེས་ཏེ། དེ་བས་ས་ཧ་ཛ་ཞེས་བྱ་བ་ལ། དེ་ཡང་ཇི་སྐད་དུ། འབུམ་ཕྲག་ལྔ་པའི་ཀྱེ་རྡོ་རྗེ་རྩ་བའི་རྒྱུད་ལས། ལུས་ཅན་ཐམས་ཅད་སྡུག་བསྔལ་ཏེ། །ཧ་ཞེས་སྨྲེ་སྔགས་འདོན་ཞིང་བྱུང་། །རྒ་ཤིའི་རང་བཞིན་ལུས་ཅན་རྣམས། །དེ་ལྟར་སྡུག་བསྔལ་མཚུངས་པ་སྟེ། །ཡང་། ལུས་ཅན་ཐམས་ཅད་སྐྱེ་བ་ན། །ཧ་ཞེས་སྲོག་རླུང་ཕྱིར་བྱུང་ལ། །རྒ་ཤི་དེ་ཡི་དབང་གིས་བྱུང་། །དེ་ཕྱིར་རྒ་ཤི་མེད་ལ་འབད། །ཡང་། ཁུ་བའི་ཁམས་ནི་ཇི་སྙེད་པ། །དེ་སྙེད་ཧ་ཞེས་དབུགས་ཀྱིས་ནི། །དབང་པོའི་ལམ་ནས་འཛག་པར་བྱེད། །གང་དེ་སྐྱེ་དང་འཆི་ལ་གནས། །ཡང་། ལུས་ཅན་འདི་དག་ཐམས་ཅད་ནི། །ང་ཞེས་ང་རྒྱལ་གྱིས་བཅིངས་ཏེ། །རིས་སུ་གཟུང་བས་ཕུང་ཀྲོལ་སྐྱེད། །དེ་བས་བདག་འཛིན་རྣམ་སྤང་བྱ། །ཞེས་གསུངས་ལ། གཞན་ཡང་སྡུག་བསྔལ་གྱི་ཕུང་པོ་དེ་དག་ལས་གོ་བཟློག་སྟེ། གདོད་མ་ནས་ལྷན་ཅིག་གནས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་སྐྱེས་བུ་གང་ཞིག་གནས་པ་དེ་ལྟར་ན་ནི་ཞི་བའི་བདག་ཉིད་དུ་གནས་པ་ཡིན་ཏེ། ཡང་ཇི་སྐད་དུ། འབུམ་ཕྲག་ལྔ་པའི་ཀྱེ་རྡོ་རྗེ་དེ་ཉིད་ལས། ཐམས་ཅད་གདོད་ནས་བདག་ཉིད་གནས། །ཧ་ཞེས་རོལ་ཅིང་རྒོད་པས་གནས། །རྒ་ཤི་མེད་པ་དེར་གནས་ཤིང་། ལྷན་ཅིག་སྐྱེས་པ་རྣམ་པར་རོལ། །ཡང་། ལུས་ཅན་འདི་དག་ཐམས་ཅད་ནི། །འདི་ཉིད་ཀྱིས་ནི་དབུགས་འབྱིན་ཞིང་། །དངོས་པོ་གཞི་ཡི་སྐྱེད་པར་བྱེད། །དེ་འདི་ལྷན་ཅིག་སྐྱེས་པ་ཡིན། །ཡང་། འགྲོ་ཀུན་གདོད་མ་ཉིད་ནས་སྟོང་། །རྒྱུ་རྐྱེན་གང་གིས་སྟོང་མ་བྱས། །འདི་ལས་སྐྱེ་རྒ་ཡོད་མ་ཡིན། །ལྷན་ཅིག་སྐྱེས་པ་དེ་ལ་བརྗོད། །དེ་བས་ན་ལྷན་ཅིག་སྐྱེས་པ་ཞེས་པའི་སྒྲ་དོན་ནི་དེ་ལྟར་རྟོགས་པར་བྱ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་པ་འདིས། སེམས་དང་རྣམ་རྟོག་ཆོས་སྐུ་གསུམ། །དང་པོར་ལྷན་ཅིག་སྐྱེས་པ་སྟེ། །ཞེས་བྱ་བ་ལེགས་པར་བཤད་ཅིང་། །ཡང་དེའི་འཕྲོས་སུ། རྟག་ཏུ་འབྱུང་ཞིང་རང་ལ་གནས། །ཞེས་བྱ་བ་ནི་གོང་དུ་བརྗོད་པའི་རིམ་པ་དེ་ལྟར་ལུས་ཅན་ཀུན་ལ་གནས་སོ་ཞེས་བྱ་བའི་དོན་ཏེ། དུས་ཀུན་ཏུ་ནི་མ་སྐྱེས་ལྷན་ཅིག་སྐྱེས། །ཞེས་བྱའོ། །སངས་རྒྱས་རྣམས་ལ་ལྷན་ཅིག་སྐྱེས། །རྫོགས་པའི་བྱང་ཆུབ་སྟེར་མཛད་པ། །ཞེས་བྱ་བ་ནི་གང་ཞིག་དེ་ལ་གནས་པ་ཇི་ལྟར་གནས་པའི་ཚུལ་དུ་གནས་པས་བདེ་བར་གཤེགས་པ་རྣམས་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་ཞེས་བྱའོ། །སེམས་ཀྱིས་བཅོས་པ་ཁོ་ན་བདུད་དུ་འདུག་ཅིང་འབད་པས་ལྷན་ཅིག་སྐྱེས་པ་ཐོབ་པ་མེད་དོ་ཞེས་བསྟན་པར་བྱ་བའི་ཆེད་དུ། རྟོག་ལས་ཕྱི་རོལ་ལྷན་སྐྱེས་གང་། །བླང་བྱ་དོར་བྱ་སྤངས་པ་ཉིད། །གང་དུ་ཇི་ལྟ་དེ་ལྟ་བུ། །དེ་ནི་འབད་པ་མེད་པར་འཐོབ། ཅེས་བྱ་བ་སྨོས་ཏེ། ཏིང་ངེ་འཛིན་འདི་ལ་ནི་གནས་ཀྱི་ངེས་པའམ། རེ་བའམ། དོགས་པའམ། འདུག་སྟངས་སམ། ཟས་ཀྱི་བྱེ་བྲག་གིས་ཕྱག་རྒྱ་བཅིང་བའམ། མེ་ཐབ་བམ། གཟའ་དང་ཚེས་གྲངས་ལ་སོགས་པས་རྣམ་པར་དབེན་པ་ཡིན་ཏེ། དེ་ལྟ་བུ་དག་ནི་བཏགས་པའི་རྣལ་འབྱོར་ཞེས་བྱའོ། །བཏགས་པས་མ་བཏགས་པ་ཐོབ་པ་ནི་འགལ་བ་ཡིན་ནོ། །གཞན་ཡང་ཇི་སྐད་དུ། ཇི་སྲིད་ཡིད་ཀྱིས་རྣམ་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཡིན། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཐེ་ཚོམ་མེད་ཅིང་རྟོག་མེད་པ། །མངོན་སུམ་དུ་ནི་རྙེད་པར་འགྱུར། །ཞེས་བྱ་བ་ནི་གོད་དུ་བརྗོད་པའི་ལྷན་ཅིག་སྐྱེས་པ་ནི། བླ་མ་དམ་པ་ལས་མངོན་སུམ་དུ་རྟོགས་ཏེ་ལེགས་པར་ཉམས་སུ་མྱོང་བ་དེ་ལྟ་བུ་ནི། ཉིན་མཚན་བསྐལ་པ་དེ་བཞིན་ལོ། བསྐལ་པ་བྱེ་བ་བརྒྱ་དག་གམ། །རྒྱུན་མི་འཆད་པ་དུས་ཀུན་དུ། །ལྷན་ཅིག་སྐྱེས་པ་ཐོབ་པར་འགྱུར། །ཞེས་བྱ་བ་སྨྲོས་ཏེ། ཚིག་འདིའི་དོན་ནི། གང་ཡང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ལ་གནས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཀྱི་གསང་བའི་དམ་ཚིག་ཅེས་བྱ་བ་དྲི་མ་མེད་པའི་ཆུ་བོའི་རྒྱུན་ལྟར་འབབས་པ་ཡིན་ལ། ཆུ་རྒྱུན་དེ་ཡང་བདག་ཉིད་འདོད་ན་ནི། ཉིན་མཚན་གྱི་གྲངས་སམ། ཟླ་བའི་གྲངས་སམ། ལོའི་གྲངས་སམ། བསྐལ་པ་བྱེ་བ་བསམ་གྱིས་མི་ཁྱབ་པའི་གྲངས་སུ་ཡང་དུས་ཀུན་ཏུ་རྒྱུན་མི་འཆད་པར་གནས་པ་ཡིན་ཞིང་ཉམས་སུ་མྱོང་བ་ཡིན་ནོ། །གང་ཡང་རུང་དེ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། སྟོང་པ་ཉིད་དུས་མཐའི་ལོ་ཞེས་བྱ་བས་བཞུགས་པ་འོག་མིན་གྱི་གནས་དཔལ་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་གངས་ཅན་མཚོ་ཞེས་བྱ་བ་ནས་རབ་ཏུ་འབབ་སྟེ། སྲིད་པ་གསུམ་ན་གནས་པའི་སེམས་ཅན་ཉི་མའི་འོད་ཟེར་རབ་ཏུ་ཚ་བས་འཁྲི་ཤིང་གེལ་བ་ལ་སོགས་པ་སྲེག་པ་ལྟར་གནས་པ་རྣམས་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མྱུ་གུ་བསྐྱེད་པར་བྱེད་པ་ཡང་ཡིན་ནོ། །གཞན་ཡང་དྲི་མ་མེད་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་འདི་ཁོ་ན་རྣལ་འབྱོར་ཆེན་པོའི་རྒྱུད་ཐབས་ཀྱི་བདག་ཉིད་དང་། ཤེས་རབ་ཀྱི་བདག་ཉིད་ཀྱི་རྒྱུད་དུ་ཐབས་སམ་མན་ངག་དམ་པ་ཞེས་བསྟན་ལ། ཐེག་པ་གཞན་པ་དག་གམ། བྱ་བ་དང་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པ་བསྟན་ནོ། །ཞེས་གསུངས་པས་ནི། གདམས་པས་གཅིག་ཏུ་སྦྱོར་བ་ལ། །ལྷན་ཅིག་སྐྱེས་སྦྱོར་མི་ཟེར་རམ། །ཞེས་གསུངས་པ་ལེགས་པར་བཤད་དོ། །དེ་མཚན་དོན་སྦྱར་ནས་བཤད་པར་བྱ་སྟེ། ས་མ་ཡི་གེ་བསྣན་པའི་ས་མ་ཞེས་པ་མཉམ་པ་ཡིན། །མཉམ་པ་དེ་ཡང་གཉིས་སུ་མེད་པའི་དོན་ཡིན་ལ། དེ་བཞིན་ས་མ་ཛ་འདུས་པ། དེ་ཡང་གཅིག་པའི་དོན་གཉིས་སུ་མེད་ཅེས་དང་། གཅིག་པ་ཞེས་པའང་གཉིས་སྣང་ཅན་པ་རྣམས་ཀྱི་གཉིས་སུ་འཛིན་པ་དགག་པའི་ཕྱིར་ཏེ། གཞན་གཉིས་མེད་པར་གཉིས་མེད་མི་འགྲུབ་པས་ཁས་ལེན་ཐམས་ཅད་ཀྱིས་བཏང་བ་ཞིག་གོ །འདི་དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་པར། བྱེད་པ་དང་བྲལ་འགྲོ་ལ་རྟག་ཏུ་འཆར། །གང་ཞིག་དུས་སུ་ངེས་པར་གདུངས་པས་ན། །ཐམས་ཅད་མཁྱེན་པའང་ཚིག་གི་དབུལ་གྱུར་པ། །བདེ་བའི་རྒྱལ་པོ་གཅིག་པུ་རྒྱལ་གྱུར་ཅིག །ཅེས་སོ། །འདི་ལ་དགོངས་ནས་ཟླ་འོད་གཞོན་ནུས། སེམས་ལྷན་ཅིག་སྐྱེས་པ་ཞེས་མི་གསུང་བར་ཉིད་ཅེས་ངེས་བཟུང་བསྣན་ཏེ། དོན་ཆོས་ཐམས་ཅད་རང་བཞིན་དག་པ་གཉུག་མའི་ཡེ་ཤེས་སམ་ཆོས་ཉིད་དོ། །དེ་ཁ་ཆོས་ཀྱི་སྐུ་སྟེ་ཆོས་ཐམས་ཅད་དེ་ལ་བརྟེན་པས་སམ་ཆོས་ཀྱི་ལུས་སམ་ཚོགས་པ་ཡིན་པས་སོ། །ལུས་ཞེས་པའང་ལུས་རྣམ་གཞག་དང་ཡན་ལག་རྒྱས་བཤད་ཅེས་དབྱེ་བའི་ལུས་སོ། །དེས་ན་འདི་མདོར་བསྟན། ཆོས་ཅན་རྣམས་རྒྱས་བཤད་དུ་ཡོད་པས། ཆོས་གཅིག་གི་མདོ་དང་རྒྱས་པ་ཤེས་ན་ཞེས་པའི་དོན་དེ་ཡིན། དེས་ན་འཁྲུལ་གཞི་འཁྲུལ་པ་ཐ་དད་དུ་བྱེར་རྒྱུ་མ་འོང་། དེ་ཁ་ཧ་དང་ཛའི་སྒྲས་བསྙད་དེ། ཧ་ཞེས་རླུང་ཕྱིར་འཕོ་བས་ན་རགས་པ་བྱུང་ཚུལ་དེ་ཡང་ཧ་མི་ཞེས་པའི་སྐད་ཀྱིས་ངའམ་བདག་དང་བདག་གིར་འཛིན་པའི་ཤེས་པ་འདིས་བག་ཆགས་བཞག་པའི་དབང་གིས་ཡིན་པས་ན། རྒྱལ་དབང་རྗེས། གཞི་ལ་འཁྲུལ་པ་མེད་དེ་དུས་གཞི་དུས་ནས་འཁྲུལ་ཞེས་གསུང་པ་དེ་ལེགས་པར་གྲུབ་པ་ཡིན་ནོ། །དེའི་ཕྱིར་འདི་འདི་ཉིད་ཀྱི་རྡོ་རྗེའི་ཚིག་ཏུ། ལུས་ཀྱི་ལྟེ་བར་གནས་ཞེས་བསྟན་ཏེ། དེའི་ཚེ་ཡན་ལག་དེ་དག་གི་ཚོགས་པ་ལས་གཞན་དུ་མེད་པས་ལུས་དེ་དེ་དག་ལ་སྙིང་པོ་ལྟ་བུར་བཞུགས་ཏེ། དེ་ཡང་མེ་ཏོག་ལ་དྲི་ལྟ་བུའོ། །དེས་ན་དེ་ཉིད་དུ། དེ་ཉིད་ལུས་གནས་ཡེ་ཤེས་ཆེ། །ཞེས་གསུངས་ལ། དེ་ཀ་བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་གསུངས་པས། སེམས་ཉིད་དང་སྣང་བའི་ཚོགས་འདི་ལྷན་ཅིག་ཏུ་སྐྱེས་པར་གྲུབ་པའི་ཕྱིར། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུ་ཞེས་སོ། །དེ་ཡང་ལུས་ཀྱི་རྩ་བའང་མི་ཤིགས་པའི་དྭངས་མ་གསུམ་སྟེ། རྩ་རླུང་ཐིག་ལེ་ཞེས་པའམ། དྭངས་མ་བཞིར་འབྱེད་པའི་ཚེ་ཡེ་ཤེས་སོ། །དེ་དག་གཉུག་མར་མི་རུང་སྟེ། གཉུག་མ་ཞེས་པའི་སྒྲ་ནི་གཞི་ལ་གནས་པ་ཡིན་ལ། །དེ་དག་གློ་བུར་དུ་ལྷགས་པ་ཡིན་པས་སོ། །འོན་ཀྱང་གནས་ལུགས་སུ་འཇོག་པ་ནི་རེ་ཞིག་པའི་གནས་ལུགས་མེའི་ཚ་བ་དང་། ཆུའི་གཤེར་བ་དང་། སའི་སྲ་བ་དང་། རླུང་གི་གཡོ་བ་དང་། ནམ་མཁའི་མི་སྒྲིབ་པ་ལྟ་བུའོ། །དེས་ན་རགས་པ་དེ་སྦྱངས་པ་ལས་དྭངས་མ་དེ་མངོན་དུ་འགྱུར། དེའི་ཚེ་འཕགས་པའི་སར་བགྲོད། དེ་སྦྱངས་པ་ལས་གཉུག་མ་ཇི་ལྟ་བ་དེར་འགྱུར། དེའི་ཚེ་སངས་རྒྱས་པ་ཞེས་བྱའོ། །རྡོ་རྗེའི་ཚིག་ཏུ། རྣམ་རྟོག་ཀུན་སྤངས་དེ་ཉིད་གྲུབ། ཅེས་གསུངས་ཏེ། དུས་འཁོར་རྩ་རྒྱུད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་དག་པ་གོས་པ་མེད། །རང་བཞིན་འོད་གསལ་ཆོས་རྣམས་ནི། །ཆོས་ཀྱི་དབྱིངས་ཀྱི་བགྲོད་པས་གནས། །ཞེས་པ་ཆོས་ཅན་ལ་བརྟེན་ནས་དེ་དབྱིངས་སུ་བཞག་གི གཞན་དེར་འཇོག་མི་ཤེས་པ། དཔེར་ན་ཀ་བའི་ཐ་སྙད་མེད་པར་ཀ་བའི་ཆོས་ཉིད་བཞག་མི་ཤེས་པ་ལྟ་བུས་ཆོས་དབྱིངས་དང་ལྷན་སྐྱེས་སུ་བཞག་པ་ཡང་དེ་ལྟར་རོ། །ཡང་། ལས་དང་ཡེ་ཤེས་ཕྱག་རྒྱ་དང་། །དཀྱིལ་འཁོར་འཁོར་ལོའི་རྟོག་པ་བྲལ། །མི་མནོ་མི་བསམ་མི་དཔྱད་ཅིང་། །མི་བསྒོམ་མི་སེམ་རང་བབས་བཞག །ཅེས་པ་ནི་ལམ་ངོ་མ་སྟེ། དེ་ཉིད་ཇི་བཞིན་དུ་བཞག་དགོས་པར་སྟོན་པའོ། །དེ་ཡང་རིགས་པ་སྟེ། འདི་སོ་སོ་རང་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར་སྙམ་དགོངས་ནས་སོ། །རང་རིག་པ་ཞེས་པའང་བྱམས་པས། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། ཞེས་གསུངས་པའི་རྒྱུ་མཚན་དེས་བསྒྲུབ་དགོས་པས་དང་། བཅོས་མ་ཐམས་ཅད་གློ་བུར་བ་ཡིན་པས། རྗེ་གོང་མ་རྣམས་དེ་ལ་གཞན་སྣང་ཞེས་པ་དང་། རང་རིག་པའི་ཡེ་ཤེས་ཀྱི་སྣང་བ་ལ་རང་སྣང་ཞེས་གསུངས་པས་སོ། །འདིས་ཡུ་ཛིར་ཞེས་པའི་དོན་བསྟན་ཏེ། སྦྱོར་བྱེད་ལམ་ཕྱག་རྒྱ་ཆེན་པོ་བཤད་པའི་ཕྱིར་རོ། །རང་རིག་པ་དེ་ནི་འཕགས་པའི་ཡེ་ཤེས་ལ་བྱེད་པ་ཡིན་པས་དེ་ལ་ནི་རྟོགས་པ། ལས་དང་པོ་པའི་གནས་སྐབས་ན་ནི་གོ་བ་ཙམ། མོས་པ་སྤྱོད་པ་ན་ནི་དོན་སྤྱི་ཙམ་ཡིན་པས་མྱོང་བ། རྟོགས་པ་དེས་སྒྲོ་འདོགས་སེལ་མི་ནུས་པ་ཅི་ཡང་མེད་པས། ཚིག་ལ་མ་བརྟེན་སྒྲོ་འདོགས་ནང་ནས་ཆོད་ཅེས་པ་དེ་གྲུབ་བོ། །དེ་བས་ན། ལྟ་བ་ལུང་རིགས་ལ་མ་བལྟོས་པར་རྟོགས་པ་ནང་ནས་འཆར་བའི་ཁྱད་པར་ཞེས་བཞག རྟོགས་པ་འདི་དང་ལྡན་པས་རྟོགས་ལྡན། གྲུབ་པ་ཐོབ་པའི་གྲངས་སུ་ཚུད། གྲུབ་པ་ལ་ཆུང་འབྲིང་ཆེན་པོ་མདོ་སྡེ་རྒྱན་དུ་གསུངས་པ་བཞིན་རྟོགས་ལྡན་ཡང་ཆུང་འབྲིང་ཆེན་པོར་ཤེས་པར་བྱའོ། །དུས་དེར་སྣང་བས་ཚུགས་མི་ཐུབ་པས། སྣང་ཐོག་ཏུ་བཞག་པས་རང་གིས་བྱིང་རྒོད་དུ་མི་འགྱུར་བས། གནད་ལ་མ་བརྟེན་བྱིང་རྒོད་རང་སར་གྲོལ་དང་། དེས་སྒོམ་པ་སེམས་འཛིན་ལ་མ་བལྟོས་པར་བྱིང་རྒོད་རང་སར་གྲོལ་བའི་ཁྱད་པར་ཞེས་བཞག དེའི་ཚེ། དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །ཞེས་བཤད་པས་བླང་བྱ་ཅི། དོར་བྱ་ཅི་ཡོད་དེ། རང་བཞིན་ཤེས་པས་སྣང་གྲགས་ཐམས་ཅད་ཆོས་སྐུའི་རྒྱལ་ཁམས་སུ་བསྒྲུབས་པའི་ཕྱིར་གྱིས། ཐབས་ལ་མ་བརྟེན་བདེ་ཆེན་རྒྱུན་ཆད་མེད་དང་། སྤྱོད་པ་གནང་བཀག་ལ་མ་བལྟོས་པ་སྤང་བླང་གཉིས་སུ་མེད་པའི་ཁྱད་པར་ཞེས་བཞག འདི་ཀ་རྒྱུད་སྡེ་རྣམས་སུ་གཉིས་སུ་མེད་པའི་སྤྱོད་པ་འམ། ཨ་ཝ་དྷཱུ་ཏིའི་སྤྱོད་པ་ཟེར། དེས་ན་སྤྱོད་པ་དེ་སྐྱོང་བ་ལའང་ཨ་ཝ་དྷཱུ་ཏི་པ་ཞེས་འཇོག་གོ །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་པ་རྣལ་འབྱོར་དེ་སྒོམ་པས་རྣལ་འབྱོར་པའམ་ཆོས་ཉིད་རྣལ་མའི་ལམ་འབྱོར་པས་ཀྱང་དེ་སྐད་དུ་འཇོག་མི་རིགས་པའི་རྒྱུ་མཚན་ཅང་མེད་ལ། ཡི་གེའི་སྡེབས་དང་མཐུན། དོན་གཙོ་བོར་བྱས་ཏེ་བསྒྱུར་བར་སྣང་ངོ་། །རྒྱུན་མ་ཆད་པའི་རྟོགས་པ་དེ་ཀ་སྐུ་གསུམ་དུ་ཕྱེ་བས་ཉམས་མྱོང་མཐར་ཕྱིན་པ་དང་འབྲས་བུ་དུས་རྟགས་ལ་མ་བལྟོས་པར་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཁྱད་པར་ཞེས་བཞག་གོ །དེའི་ཕྱིར་ལྟ་སྒོམ་སྤྱོད་འབྲས་བཞིར་འབྱེད་པའང་འཐད་ལ། ཕྱེ་ཡང་ཐ་མི་དད་པ་སངས་རྒྱས་ཀྱི་ས་ལ་ཡེ་ཤེས་ལྔར་ཕྱེ་བ་བཞིན་ནོ། །དེ་ལ་སྣང་བ་ལོགས་སུ་འཆར་རྒྱུ་ཞིག་ཡོད་ཕན་སློབ་ས་ལས་མ་འདས་ཏེ། ཆོས་ཅན་གྱི་བུད་ཤིང་ཐམས་ཅད་འོད་གསལ་གྱི་ཞུགས་ཀྱིས་སྦྱོང་རུང་སྡོད་དགོས་པས་སོ། །དེའི་ཆོས་སྐུ་དེ་སྣང་བ་ལྷན་ཅིག་སྐྱེས་པ་ཡིན་པས་ཆོས་སྐུའི་འོད་དུ་གྲུབ་སྟེ། ངོ་མ་རང་མ་ཡིན་ཞེས་པའི་དོན་ནོ། །གཉིས་མེད་དུ་སྦྱར་གྲུབ་ནས་སྣང་སེམས་དབྱེ་རྒྱུ་མེད་པས་མཉམ་རྗེས་འདྲེས་པས་ངོ་མར་སོང་། དེ་ཡང་རྡོ་རྗེའི་ཚིག་ཏུ། ཇི་ལྟར་ས་བོན་དེ་བཞིན་ཤིང་། །ཤིང་ཇི་ལྟ་བ་དེ་བཞིན་འབྲས། །འཇིག་རྟེན་ཀུན་ལ་དེ་མཐོང་བས། །འདི་ནི་རྟེན་ཅིང་འབྲེལ་འབྱུང་ངོ་། །ཇི་ལྟར་ས་བོན་གྱི་དུས་གཅིག་ལ་ཤིང་དུས་སུ་ཡལ་ག་དུ་མར་གྱེས་ཀྱང་འབྲས་བུ་སོ་སོ་བ་མ་ཡིན་པ་བཞིན་དུ། གཞི་གཅིག་ཀས་འབྲས་བུ་གཅིག་ཀ་ཡིན་དེ་ཡང་གཞི་དུས་ཀྱི་གཅིག་པུ་དེ་རྟོགས་བྱེད་དུ་སོ་སོར་བྱེ་བ་འདྲ་བ་ཞིག་བྱུང་ཡང་རྟོགས་དུས་སུ་གཅིག་ཏུ་གྲུབ་པའོ། །འདིས་སྔར་དྲངས་པའི་ས་ར་ཧའི་ལུང་། རྩ་བ་གཅིག་ལ་སྡོང་པོ་གཉིས། །རྒྱུ་མཚན་དེ་ལས་འབྲས་བུ་གཅིག་ཀྱང་བཤད་ཅིང་། མཐར་ཐུག་འདིར་ཟད་པས། ཐེག་པ་གསུམ་གྱི་ངེས་འབྱུང་ལས། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་བྱ། དེ་གསུམ་པོ་རྡོ་རྗེ་གུར་ལས། བུད་མེད་རང་བཞིན་ཡོད་མིན་ལ། །སངས་རྒྱས་ཧེ་རུ་ཀ་ང་མིན། །འདི་གཉིས་ཕྱིར་ན་མ་ནིང་ངོ་། །འགྲོ་གཉིས་དངོས་པོ་མཐོང་ནས་ང་། །ཐབས་དང་ཤེས་རབ་བདག་ཉིད་དོ། །ཤིན་ཏུ་སྦྱར་བས་རྣལ་འབྱོར་གྱིས། །མཱ་མ་ཀི་མེད་མི་བསྐྱོད་མེད། །ཅེས་པའོ། །དེའི་ཕྱིར་སྲིད་ཞིར་མི་ལྷུང་བས། །དུས་འཁོར་རྩ་རྒྱུད་ལས། མྱ་ངན་འདས་པ་བྲལ་བས་གཟུགས། །འཁོར་བ་ལས་འདས་མི་འགྱུར་བ། །ཕན་ཚུན་འཁྱུད་པ་ཞི་བ་སྟེ། །མ་ནིང་གི་ནི་གོ་འཕང་མཆོག །ཡང་། གཟུགས་ནི་སྲིད་པར་མི་འོང་ཞིང་། །འགྱུར་མེད་མྱ་ངན་འདས་མི་འགྲོ། ཞེས་པས་སོ། །དེ་ལྟ་བུའི་གཞི་ལམ་འབྲས་བུ་ནི། མཚན་བརྗོད་ལས། སངས་རྒྱས་ཐོག་མ་མཐའ་མ་མེད། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་དང་། དགོངས་པ་ལུང་སྟོན་ལས། བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །ཕུང་སོགས་གཉིས་མེད་མཁའ་ལྟར་མཉམ། །ཤེས་རབ་ཐབས་དང་སྦྱོར་བ་ཡིས། །བྱང་ཆུབ་སེམས་ནི་འགྲོ་བར་འགྱུར། །ཞེས་དང་། ཡང་ཐམས་ཅད་གྱུར་པ་གང་གང་ཡིན། །དེ་དེ་སྟོང་པ་ཉིད་དུ་འགྱུར། །དེ་ཕྱིར་སྦྱོར་བ་དེ་མཐོང་བས། །ཀུན་རིག་དེ་ནི་དེ་བཞིན་གཤེགས། །ཞེས་དང་། བརྟག་གཉིས་ལས། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །དང་། བདེ་མཆོག་ལས། འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཐོག་མ་དབུས་མཐར་ཡང་དག་གནས། །ཞེས་དང་། མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཀྱང་། སྐྱེ་བ་མེད་ཅིང་དམིགས་པ་མེད། །མི་ཕྱེད་ནམ་མཁའི་འབྱུང་གནས་ཏེ། །ཟབ་ཅིང་རྒྱ་ཆེའི་རང་བཞིན་ཅན། །བྱང་ཆུབ་ཚུལ་ནི་བསྟན་པའོ། །ཞེས་གསུངས། དེ་ལྟ་བུ་དེ་ཉིད་སངས་རྒྱས་རྣམས་ཀྱིས་མིང་དང་ཐ་སྙད་སྣ་ཚོགས་སུ་བསྙད་དགོས་པ་ནི་འགྲོ་བའི་བསམ་པའི་དབང་གིས་ཡིན་པས། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །ཞེས་གསུངས། དེས་ན་ཕྱག་རྒྱ་ཆེན་པོ་ཆིག་ཐུབ་ཏུ་འགྲོ་བ་ནི་འདིར་དབང་པོ་རྣོན་པོ་བསོད་ནམས་ཀྱི་མཐུ་མི་ཟད་པ་དང་། ལྡན་པ་དེ་དག་གི་དབང་དུ་བྱས་ནས་ཅིག་ཅར་བ་ཞེས་གསུངས། ཅིག་ཅར་བའི་ཐ་སྙད་ཀྱང་རྡོ་རྗེའི་ཚིག་ཏུ། དེས་ན་སྦྱངས་པའི་འཕྲོ་ཅན་ལ། །ཅིག་ཅར་བ་ནི་བསྟན་པར་བྱ། །ཞེས་འབྱུང་བ་དེ་ཡིན་ལ། དེའི་ནང་ཚན། ཐོད་བརྒལ་བ་ནི་སྦྱངས་པ་འབྲིང་དང་། རིམ་གྱིས་པ་སྦྱངས་པ་དམན་པའོ། །དེ་བས་འབྲིང་གི་དབང་དུ་མཛད་ནས་རྣལ་འབྱོར་བཞི་ཙམ་གསུངས་ཏེ། སྔར་བཞིན་ཆིག་ཆོད་རང་དུ་མ་སོང་སྟེ། ཉམས་མྱོང་སྐྱེ་བའི་རིམ་པ་ཞིག་བྱུང་། དམན་པ་བཞིན་དེ་རེ་རེ་འང་ཆུང་འབྲིང་ཆེན་པོར་འགྲོ་བ་ལ་མ་ལྟོས་པས་སོ། །དེའི་ཕྱིར་རྒྱལ་བ་རྣམས་ཀྱིས་ཀྱང་། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པ་ལྟ་བུ་དང་བརྟག་གཉིས་ལས། དང་པོ་སྤྲིན་དང་འདྲ་བ་སྟེ། །སོགས་ས་བཞི་བཤད་པ་དང་། བདེན་དོན་རྣམ་པ་བཅུ་གཉིས་པ། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་པས་ས་བཅུ་གཉིས་སམ་བཅུ་དྲུག་གི་རྣམ་གཞག་གསུངས་པ་ཀུན་དགོས་པ་དང་ལྡན་པ་ཡིན་པས་སོ། །དེ་བས་རྣལ་འབྱོར་བཞི་ཟླ་འོད་གཞོན་ནུའི་ཞལ་སྔ་ནས་ཀྱིས། སློབ་མའི་སྐྱེ་ཚུལ་ལ་གཟིགས་ནས་ངོ་སྤྲོད་མང་དུ་གསུངས་ཀྱང་། ཉིད་ཀྱིས་བསྟན་བཅོས་སུ་སྦྱར་བ་ནི། ལྷན་ཅིག་སྐྱེས་སྦྱོར་ལ་ཚིག་རྐང་གསུམ་པ་བསྡུས་དོན་གྱི་འགྲེལ་པ་དང་། མཚན་དོན་ལས་གཞན་མེད་པ་ལ་འདི་དྭགས་པོ་རིན་པོ་ཆེའི་རྟོགས་ཆོས་སོ་ཞེས་སྨྲ་བ་རྣམས་རྒྱུས་མེད་ཀྱི་རྒྱུས་གཏམ་བཤད་པར་འདུག་གོ །སློབ་མའི་རྟོགས་ཚུལ་ལ་དེ་ལྟ་བུ་ཡོད་པ་ནི། རྗེ་བཙུན་ཆེན་པོ་མི་ལ་རས་པའི་ཉམས་ཀྱི་གཏུམ་མོ་དྲི་ལན་བཅོ་བརྒྱད་མར། རབ་ལ་མཉམ་བཞག་རྗེས་ཐོབ་མེད། །འབྲིང་གི་རྗེས་ཤེས་སྟོང་པར་མཐོང་། །མཐའ་མ་རྗེས་ཐོབ་སྒྱུ་མར་འཆར། །ཞེས་པ་དང་། ཞི་གནས་ལ་སོགས་སྒོམ་ཡོད་མིན། །སྐྱོན་ཡོན་གཉིས་ཀྱང་འབྱུང་མོད་ཀྱི། །རྟོགས་པའི་གོ་ཆ་གཙིགས་སུ་ཆེ། །ཞེས་གསུངས་པས་སོ། །དེས་ན་རྣལ་འབྱོར་བཞི་གསུང་ཟིན་བྲིས་ལ་བརྟེན་དགོས་བྱུང་ལ་དེ་རྣམས་ལས་ཕག་གྲུའི་ཞུ་ལན་བཟང་པོ་ཞེས་པའང་དེའི་ཕྱོགས་སུ་བསླན་པའི་ཞེན་པས་མ་ཡིན་གྱི། རྗེ་དེས་དགེ་བའི་བཤེས་གཉེན་པ་ཆོས་དྲི་མཁས་པས་ཞེས་འབྱུང་བ་དང་། བརྟགས་ཤིང་དཔྱད་པས་ཡིད་མགུ་བསྐྱེད་པའི་ནུས་པ་ཆེ་བས་སོ། །ཇི་ལྟར་རྣལ་འབྱོར་བཞིར་ཕྱེ་བ་ནི། འགྲེལ་ཆེན་དྲི་མ་མེད་པའི་འོད་དུ། ཡེ་ཤེས་སྟོང་ཉིད་ཡེ་ཤེས་ཀྱི། །ལེགས་པར་རྣམ་དག་འགྱུར་བ་མེད། སེམས་ནི་མཚན་མེད་ཡེ་ཤེས་ཀྱི། །ལེགས་བདག་གཉིས་མེད་ཆོས་བདག་ཉིད། །ངག་ནི་སྨོན་མེད་ཡེ་ཤེས་ཀྱི། །དག་པ་གསང་སྔགས་མི་ཟད་སྒྲ། །དེ་བཞིན་མངོན་པར་འདུས་མ་བྱས། །ཡེ་ཤེས་ཀྱིས་དག་དྲི་མ་མེད། །ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །དབྱིབས་སྐུ་རྫུ་འཕྲུལ་བགྲོད་པ་ཅན། །དེ་བཞིན་གཤེགས་པས་རྡོ་རྗེ་སེམས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །དམ་ཚིག་སེམས་དཔར་གསུངས་པ་གང་། །དངོས་དང་དངོས་མེད་ཟད་པའི་གཙོ། །ཐོག་མཐའ་མེད་ཅིང་ཞི་བ་ཉིད། །བྱང་ཆུབ་སེམས་དེ་ལ་ཕྱག་འཚལ། །ཞེས་པས་རྒྱས་པར་བཤད་ཅིང་། འདུས་པར། དེ་ནས་ལུང་བཅོམ་ལྡན་འདས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསྡུས་པའི་གསང་བ་འདི་ཉིད་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །ཕྱག་རྒྱ་ཆེན་པོའི་དོན་བརྟག་པ། །ཆོ་ག་བཞིན་དུ་ཀུན་བསྒོམས་ན། །སྐད་ཅིག་གིས་ནི་སངས་རྒྱས་འཐོབ། །ཅེས་གསུང་ཏེ། དགོངས་པ་ལུང་སྟོན་ལས་ཀྱང་། ཡེ་ཤེས་རང་རིག་ཙམ་ཉིད་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །འོན་ཀྱང་དེ་ལ་དབྱེ་ཡོད་དེ། །སྟོང་དང་ཤིན་ཏུ་སྟོང་པ་དང་། །དེ་བཞིན་སྟོང་པ་ཆེན་པོ་དང་། །ཐམས་ཅད་སྟོང་པ་ཞེས་བྱའོ། །ཞེས་གསུངས་ལ། ལུང་ཕྱི་མ་འདི། སོ་སོ་རང་རིག་ལ་དབྱེ་བའི་ཕྱིར་གཞི་དུས་སུ་དེ་བཞི་འཆད་པ་དང་མི་འདྲ་ལམ་ལ་བྱང་འཕགས་རྣམས་སངས་རྒྱས་ཀྱིས་ཡེ་ཤེས་ལ་བལྟོས་ན་སྣང་གསུམ་གྱི་འགྲོས་ཉིད་དུ་ཡོད་ལ། སོ་སྐྱེར་བལྟོས་ན་མངོན་པར་བྱང་ཆུབ་པ་དེ་ཉིད། དེའི་ཕྱིར་རྣམ་གྲངས་པའོ་ཞེས་སྔར་ཡང་བཤད་དོ། །ད་ནི་བསྟན་བཅོས་འདི་ལ་འགྲེལ་པ་བྱེད་པ་ལ། སྤྲུལ་པའི་སྐུ་ཞྭ་དམར་ཅན་བཞི་པ་ཆོས་ཀྱི་གྲགས་པས། ཕྱག་རྒྱ་ཆེན་པོ་ལུས་སྦྱོར་དུ་གྲགས་པ་ཞིག་སྣང་སྟེ། ཀརྨ་ཀཾ་ཚང་བའི་ལུགས་སུ་འདུག་གོ །རང་ལུགས་ལ། རྒོད་ཚང་པ་དང་ཡང་དགོན་པ་ལས་བརྒྱུད་པའི་མན་ངག་ལ་བརྟེན། མཁས་པ་བོ་དོང་པ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པ་ཙམ་ཡིན་ལ། དེའི་ལུགས་སྙིང་པོར་བསྒྲིལ་བ་ནི་དེ་ཉིད་ཀྱིས་ལ་ཕྱི་བ་ནམ་མཁའ་རྒྱལ་མཚན་ཞེས་པའི་འབྲི་འབྲུག་ཐུན་མོང་བའི་སྒོམ་ཆེན་བཟང་པོ་ཞིག་བྱུང་འདུག་པར་གདམས་པ་ནི། འདི་སྐད་དོ། །རྡོ་རྗེ་འཆང་ཆེན་པོའི་སྙན་བརྒྱུད། གསང་བའི་ཉེ་ལམ་ཐུན་མོང་མ་ཡིན་པར་ཉམས་སུ་ལེན་པའི་མན་ངག་ནི། ལྟ་བས་ཐག་བཅད་པ་དང་། སྒོམ་པས་ཉམས་སུ་བླང་བ་དང་། ཉམས་སུ་བླང་བའི་འབྲས་བུ་དང་གསུམ་གྱིས་བསྡུས། དང་པོ་ལྟ་བས་ཐག་བཅད་པ་ནི། ཆོས་ཐམས་ཅད་བློ་ལ་ལྟོས་ནས་ཀུན་རྫོབ་དང་དོན་དམ་གཉིས་སུ་འཇོག ཀུན་རྫོབ་ཀྱང་ཡང་དག་པའི་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས་སུ་འཇོག དེ་ལ་ལོག་པའི་ཀུན་རྫོབ་ནི། མ་དག་པའི་སྣང་བ་སྣོད་བཅུད་ཀྱིས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་ཡིན། འཁོར་བའི་ཆོས་རྣམས་མ་དག་པར་འཇོག་པའི་རྒྱུ་མཚན་ནི། སེམས་མ་རིག་པའི་བག་ཆགས་ཀྱིས་བསླད་ནས་གཤིས་ལ་མེད་བཞིན་དུ་སྣང་བ་ཡིན་ཏེ། དཔེར་ན། མིག་རབ་རིབ་ཀྱིས་བསླད་ནས་ནམ་མཁའ་ལ་སྐྲ་ཤད་འཛག་པར་སྣང་བ་འམ། རྨི་ལམ་ན་སྐྱེས་པ་བུད་མེད་གཤིས་ལ་མེད་བཞིན་དུ་སྣང་བས། ལོག་པའི་ཀུན་རྫོབ་ཏུ་འཇོག་པའི་རྒྱུ་མཚན་དེ་ཀ་ཡིན། འདི་ལ་དགོངས་ནས་མདོ་ལས་ཀྱང་། ཀུན་ཏུ་བརྟགས་པ་ཡོད་མ་ཡིན་ཞེས་པ་ལ་སོགས་པ་གསུངས་ཤིང་། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཀྱང་། འཁོར་བའི་ཆོས་སྣ་ཚོགས་འདི་ཐག་ཁྲ་ལ་སྦྲུལ་སྣང་བ་བཞིན་དུ་གཤིས་ལ་མེད་བཞིན་དུ་སྣང་བར་གསུངས་སོ། །ཡང་དག་པའི་ཀུན་རྫོབ་ནི། གཉུག་མ་ལྷན་ཅིག་སྐྱེས་པ་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་རང་ཆས་སུ་གནས་པ་ཡིན་ཏེ། དེ་ཡང་འགྲོ་བ་ཀུན་གྱི་ལུས་ལ་གཟུང་འཛིན་གྱི་འཁྲུལ་པ་མི་འཆར་ཞིང་། མི་རྟོག་པ་རང་བབས་སུ་གནས་པའི་རྩ་དབུ་མ་ཞེས་པ། དྭངས་ཤིང་ཐོགས་པ་མེད་པའི་འོད་ཀྱི་རང་བཞིན་དུ་གྱུར་པའི་རྩ་རྐྱེན་གང་གིས་ཀྱང་གཞོམ་དུ་མེད་པ། གཙོ་བོར་སྤྱི་གཙུག་ནས་གསང་གནས་ཀྱི་བར་དུ་ཁྱབ་ཅིང་། ཆ་ཤས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པ། དེ་ལ་གནས་པའི་ཐིག་ལེ་དྭངས་མ་གང་གིས་ཀྱང་མི་ཤིགས་པ། སྤྱི་བོ་ནས་རྡོ་རྗེ་ཟླ་བ་ཞེས་པ་འོད་དཀར་པོ་གཙོ་བོར་འབར་བ། འོད་ཟེར་གཙོ་བོས་རྩ་རྐྱང་མ་ལུས་ཀྱི་གཡོན་ན་གནས་པ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དཀར་པོས་གང་བ་ཡོད་པའི་སྙིང་པོར་ཁྱབ་པས་བདེ་བ་འཆར་བའི་རྟེན་བྱེད་ཅིང་། ཆ་ཤས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པ། ལྟེ་བ་ན་རྡོ་རྗེ་ཉི་མ་ཞེས་པ་འོད་དམར་པོ་གཙོ་བོར་འབར་བ་འོད་ཟེར་གཙོ་བོས་རྩ་རོ་མ་ལུས་ཀྱི་གཡས་ཕྱོགས་ན་གནས་པར་རཀྟ་དམར་པོས་གང་བ་ཡོད་པའི་སྙིང་པོར་ཁྱབ་པས་གསལ་བ་འཆར་བའི་རྟེན་བྱེད་ཅིང་། ཆ་ཤས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པ། སྙིང་ག་ན་རྡོ་རྗེ་ཉི་ཟླ་ཁ་སྦྱོར་གྱི་སྟེང་ན་རྡོ་རྗེ་སྒྲ་གཅན་ཞེས་པ་འོད་སྔོན་པོ་གཙོ་བོར་འབར་བ། འོད་ཟེར་གཙོ་བོས་སྲོག་རྩ་ལུས་ཀྱི་དབུས་ན་གནས་པ་ཐིག་ལེ་ནག་པོས་གང་བ་ཡོད་པའི་སྙིང་པོར་ཁྱབ་པས། བདེ་གསལ་ལས་སྐྱེས་པའི་མི་རྟོག་པ་འཆར་བའི་རྟེན་བྱེད་ཅིང་། ཆ་ཤས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པ་གཞོམ་མེད་ཀྱི་ཐིག་ལེ་དེ་གསུམ་གྱིས་ཁྱབ་ཚད་ལ། སྒྲིབ་མེད་ཀྱི་རླུང་དྭངས་མས་ཁྱབ་སྟེ། སྒྲིབ་མེད་ཀྱི་རླུང་དྭངས་མས་ཁྱབ་ཚད་ལ་རྟོག་མེད་ཀྱི་སེམས་དྭངས་མས་ཁྱབ་ཅིང་། དྭངས་མ་དེ་གསུམ་ལ་རིམ་པ་ལྟར། གཉུག་མའི་ལུས་དང་གཉུག་མའི་ངག་དང་། གཉུག་མའི་ཡིད་ཅེས་བྱ་ཞིང་དེ་གསུམ་ལ་དབྱེར་མེད་ཅིང་གང་གིས་ཀྱང་གཞོམ་མི་ནུས་པས་མི་ཤིགས་པའམ་རྡོ་རྗེ་ཞེས་བྱ། དེ་ཉིད་འོད་གསལ་རང་རིགས་སྔ་མ་ཙམ་ལས་བྱུང་ཞིང་འཁྲུལ་པའི་རྐྱེན་ལས་གློ་བུར་དུ་བྱུང་བ་ནི་མ་ཡིན་པས་རང་བཞིན་ནམ། ཆོས་དབྱིངས་ཞེས་བྱ། ཆོས་དབྱིངས་ཞེས་པའི་དོན་ཡང་། འཁོར་འདས་ཀུན་གྱི་བཞིའམ་རྒྱུ་རང་ལུགས་པ་ཞེས་བྱ་བ་ཡིན་ལ། དེ་ཉིད་རྟག་ཆད་དམ་གཟུང་འཛིན་གྱི་མཐར་མ་ལྷུང་བས་གཉུག་མའམ་དབུ་མ་ཞེས་བྱ་ཞིང་། གཞི་དུས་ཀྱི་གཉུག་མ་དེ་ཉིད་ལམ་གྱིས་ལེགས་པར་སྦྱངས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ནས་མཐར་མི་བསླུ་བའི་ཡང་དག་པའམ་དོན་དམ་པ་ཞེས་བྱ་ལ། དེ་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱ་སྟེ་ཐ་སྙད་དུ་གསེར་བཟང་པོ་ལྟར། ཐོག་མཐའ་བར་གསུམ་དུ་དགེ་ཞིང་མི་བསླུ་བས་དོན་དམ་པ་དང་། མ་འཁྲུལ་ཞིང་དྲི་མ་མ་ཡིན་པས་བྱང་ཆུབ་དང་། ཐོག་མ་མེད་པ་ནས་ཟག་མེད་ཀྱི་ས་བོན་བསགས་པས་སམ་དྭངས་མ་སྣ་ཚོགས་བསགས་པས་ན་སེམས་ཞེས་བྱའོ། །དེའང་ཀུན་རྫོབ་བྱང་སེམས་ཞེས་པ་ལྟར། སེམས་ཞེས་པའི་མིང་བྱུང་བས་ཡིད་ཁོ་ནར་མི་གཟུང་ངོ་། །དེ་ལྟར་གཉུག་མའི་ལུས་ངག་ཡིད་གསུམ་པོ་འདི་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཀྱང་གློ་བུར་གྱི་འཁྲུལ་པས་བསྒྲིབས་པའམ། མཐར་ཐུག་ལེགས་པར་དཔྱོད་པའི་ཤེས་རབ་ཀྱིས་དཔྱད་ན་བརྟག་མི་བཟོད་པས་ཀུན་རྫོབ་ཅེས་བྱ་སྟེ། དེ་ལྟར་གཉུག་མའི་ལུས་ངག་ཡིད་གསུམ་རང་བཞིན་ལྷན་ཅིག་སྐྱེས་པ་གློ་བུར་འཁྲུལ་པས་བསྒྲིབས་པ་འདི་ཉིད་ལ་ཡང་དག་པའི་ཀུན་རྫོབ་ཅེས་བྱ་ལ། དེ་ཉིད་ཐོག་མ་མེད་པ་ནས་རྒྱུན་ཆགས་སུ་འབྱུང་བས་རྒྱུ་རྒྱུད་ཅེས་ཀྱང་བྱའོ། །འདི་ལ་དགོངས་ནས་མདོ་ལས། གཞན་གྱི་དབང་ནི་ཡོད་པ་དེ། ཞེས་པ་ལ་སོགས་པ་དང་། རྒྱུད་སྡེ་ཟབ་མོའི་དགོངས་པ་ཐུགས་སུ་ཆུད་པའི་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཀྱང་། ཟབ་གསལ་གཉིས་སུ་མེད་པའི་གཉུག་མའི་ཡེ་ཤེས་ཐིག་ལེ་འགྲོ་བ་ཀུན་གྱི་རྒྱུད་ལ་རང་ཆས་སུ་ཡོད་པས་འཁོར་འདས་ཀུན་གྱི་གཞི་བྱེད་པ་ལ་སོགས་གསུངས་སོ། །དོན་དམ་པ་ལ་རྣམ་གྲངས་པའམ་གནས་སྐབས་པའི་དོན་དམ་ནི། སྤྲོས་པ་ཕྱོགས་རེ་དཔྱད་པའི་ཤེས་རབ་ཀྱི་ཡུལ་སྐྱེ་མེད་དང་། སྟོང་ཉིད་དང་། མཐའ་བྲལ་ལ་སོགས་པ་ཡིན་ལ། མཐར་ཐུག་པའི་དོན་དམ་ནི་འདི་ཡིན་ནོ། །ཞེས་སངས་རྒྱས་ཀྱིས་ཀྱང་བསྟན་མི་ནུས་ཏེ། སྟོང་པ་དང་མི་སྟོང་པ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ཐམས་ཅད་ལ་བརྟག་དཔྱད་མི་བཟོད་པས་གཤིས་ལ་གང་དུ་གཟུང་ཡང་འཛིན་བྱེད་འཁྲུལ་པ་ལས་མི་འདའ་བས་སོ། །འདི་ལ་དགོངས་ཏེ་མདོ་ལས། བདེན་དང་རྫུན་པ་འདི་ཡང་མཐའ་ཡིན་ལ། ཡོད་དང་མེད་པ་འདི་ཡང་མཐའ་ཡིན་ཏེ། དེ་ཕྱིར་མཐའ་ནི་གཉིས་ཀ་རྣམ་སྤངས་ནས། །མཁས་པས་དབུས་ལ་ཡང་ནི་གནས་མི་བྱེད། །ཅེས་པ་ལ་སོགས་པ་དང་། འཇམ་དཔལ་གྱིས་ལི་ཙཱ་བི་དྲི་མ་མེད་པར་གྲགས་པ་ལ་དོན་དམ་པའི་བདེན་པ་གང་ཡིན་ཞེས་དྲིས་པའི་ལན་ཅི་ཡང་མ་བཏབ་པ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། སྟོང་ངོ་ཞེས་ཀྱང་མི་བྱ་ཞིང་། །མི་སྟོང་ཞེས་ཀྱང་བརྗོད་མི་བྱ། །གཉིས་དང་གཉིས་མིན་མི་བྱ་ཞིང་། །གདམས་པའི་དོན་དུ་བརྗོད་པར་བྱ། ཞེས་པ་ལ་སོགས་པ་གསུངས་སོ། །སྒོམ་པས་ཉམས་སུ་བླངས་པ་ནི། དང་པོར་མཚན་ཉིད་ཐེག་པ་དང་ཐུན་མོང་བའི་སྐྱབས་འགྲོ་སེམས་བསྐྱེད་བསླབ་བྱ་དང་བཅས་པ་ཉམས་སུ་བླང་། དེ་ནས་བསྐྱེད་རིམ་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པའི་སྒོ་ནས་ཐ་མལ་གྱི་འཛིན་པ་ཀུན་བརྟགས་སྤོང་ནུས་ཀྱི་བར་དུ་ཉམས་སུ་བླང་། དེ་ནས་གཉུག་མའི་ལུས་ལྷན་ཅིག་སྐྱེས་པའི་སྦྱོར་བས། སྐུ་རྡོ་རྗེ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཉམས་སུ་བླང་། དེ་ནས་གཉུག་མའི་གསུང་ལྷན་ཅིག་སྐྱེས་པའི་སྦྱོར་བས། གསུང་རྡོ་རྗེ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཉམས་སུ་བླང་། དེ་ནས་གཉུག་མའི་སེམས་ལྷན་ཅིག་སྐྱེས་པའི་སྦྱོར་བས། ཐུགས་རྡོ་རྗེ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཉམས་སུ་བླང་ངོ་། །དེ་ལྟར་ལུས་དབེན་སྐུ་རྡོ་རྗེའི་ཏིང་ངེ་འཛིན་གྱིས་གཉུག་མའི་ལུས་གསལ་ཐེབས། ངག་དབེན་གསུང་རྡོ་རྗེའི་ཏིང་ངེ་འཛིན་གྱིས་དབུ་མར་འཇུག་ནུས། སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་གྱིས་སེམས་མི་རྟོག་པ་ལ་འཇུག་སྟེ་ཁྱད་པར་སེམས་དབེན་གྱི་སྐབས་སུ་རང་ལུས་གཏུམ་མོའི་སྦྱོར་བའམ། གཞན་ལུས་ཤེས་རབ་ཀྱི་སྦྱོར་བ་ལ་བརྟེན་ནས་ཀུན་རྫོབ་བྱང་སེམས་འབར་འཛག་གི་སྦྱོར་བས་བདེ་གསལ་གྱི་རྣལ་འབྱོར་བསྐྱེད་དོ། །དོན་དམ་བྱང་ཆུབ་ཀྱི་སེམས་རྣམ་པར་སྦྱངས་པས། རྡོ་རྗེ་ཉི་ཟླ་སྒྲ་གཅན་གྱི་འོད་གསལ་གྱི་མཚན་མ་རྣམས་ཤར་ནས། དུས་གསུམ་གྱི་རྣམ་རྟོག་འགགས་པའི་མཐར། རྣམ་པར་མི་རྟོག་པའི་འོད་གསལ་ནམ་མཁའ་སྤྲིན་མེད་པ་ལྟ་བུའི་མཉམ་བཞག་མངོན་དུ་འགྱུར་ལ། མཉམ་བཞག་དེ་ལས་ལངས་ལངས་པ་ནི་སྟོང་གཟུགས་ནམ་མཁའ་དང་མཉམ་པ་འཆར་བ་ལྷ་སྐུ་གཅིག་ཏུ་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ལ་གནད་དུ་བསྣུན་ཅིང་། ཅུང་ཟད་གསལ་སྣང་ཐོབ་པ་ན། སྒྲོ་འདོགས་ཐམས་ཅད་ལེགས་པར་ཆོད་པའི་ལུང་རིག་མན་ངག་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ངང་ལ་མཉམ་པར་བཞག་པ་ན། སྒྱུ་ལུས་ལྷན་ཅིག་སྐྱེས་པ་མངོན་དུ་གྱུར་ཏེ། རང་གི་ཆོས་ཀྱི་མིག་གིས་རང་འཇའ་ལུས་རྡོ་རྗེར་མཐོང་བར་འགྱུར། གལ་ཏེ་མ་གྱུར་ན། རྨི་ལམ་བར་དོའི་མན་ངག་ལེགས་པར་སྦྱངས་པས། བར་དོ་འཇའ་ལུས་རྡོ་རྗེའི་སྐུ་མངོན་དུ་འགྱུར་རོ། །གལ་ཏེ་མ་གྱུར་ན། བསྲེ་བ་དང་འཕོ་བའི་མན་ངག་ལ་སྦྱངས་པས། ཚེ་ཕྱི་མར་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་ལྟར་སྒྱུ་ལུས་མངོན་དུ་གྱུར་ཀྱང་སྒྱུ་འཛིན་གྱི་བག་ཆགས་ཡོད་པས། དེ་སྦྱང་པའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་འོད་གསལ་མན་ངག་བཞིན་བསྒོམ། དེ་ལྟར་སྒྱུ་ལུས་དང་འོད་གསལ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་གྱུར་ཏེ། ནམ་མཁས་ཁྱབ་ཚད་སྐུ་ཡིས་ཁྱབ། །སྐུ་ཡིས་ཁྱབ་ཚད་གསུང་གིས་ཁྱབ། །གསུང་གིས་ཁྱབ་ཚད་ཐུགས་ཀྱིས་ཁྱབ་སྟེ། དོན་གཉིས་མཐར་ཕྱིན་པར་འགྱུར་རོ། །རྡོ་རྗེ་འཆང་ཆེན་པོའི་སྙན་བརྒྱུད་གསང་བའི་ལམ་ཐུན་མོང་མ་ཡིན་པ་ཉམས་སུ་ལེན་པའི་མན་ངག་འདི་སྐལ་ལྡན་རེ་ཙམ་ལས་གཞན་ལ་ཤིན་ཏུ་གསང་བར་སྦེད་པར་ཞུ། ཞེས་སོ། །དེ་དང་མི་མཐུན་པ་ནི་འདི་ལྟ་སྟེ། རྒྱུ་རྒྱུད་དྭངས་མ་གསུམ་དུ་བཞག་པ་འདི་ལྟ་བུ། མངལ་སྐྱེས་རགས་པའི་དབང་དུ་བྱས་ཀྱི། གཞན་དུ་བར་སྲིད་དང་གཟུགས་མེད་ཁམས་སོགས་ལ་མི་འགྲུབ་པས། དེས་ན་དེ་དག་ཀུན་རྫོབ་པའི་གནས་ལུགས་མ་ཡིན། རྣམ་འགྱུར་ཡིན་ཞེས་སྨྲ་བ་དང་། ཕྲ་བའི་དྭངས་མ་གསུམ་ལ་མི་ཤིགས་པར་གཞོག་པ་ཡིན་ནོ། །དེ་ཡང་དྲི་མའི་ཆ་ཡིན་པས། དེ་ཙམ་གྱིས་མི་ཆོག་ཀུན་གཞི་རྒྱུ་རྒྱུད་ངོ་མ་སེམས་ཀྱི་གནས་ལུགས་ཡིན་ཏེ། དོ་ཧར། འཁོར་བའི་རང་བཞིན་སེམས་ཀྱི་ངོ་བོ་ཉིད་ཡིན་ཞེས། །རྨོངས་པ་རྣམས་ལ་མདའ་བསྣུན་གྱིས་སྨྲས་ལེགས་པར་བྱོས། །རང་བཞིན་གཉུག་མའི་དེ་ནི་བརྗོད་བྱ་མ་ཡིན་ཏེ། །སློབ་དཔོན་མན་ངག་མིག་དང་འདྲ་བས་མཐོང་བར་འགྱུར། །ཞེས་སོ། །གནས་ལུགས་དེ་མ་བཤད་པས་ནོངས་སོ། །རྣལ་མའི་ལམ། གསན་རྒྱ་ཆེ་ཡང་ཐུགས་སུ་མ་ཆུད་དེ། རིམ་པ་ལྔ་ལྷན་ཅིག་སྐྱེས་སྦྱོར་གྱི་གཞིའི་མཚན་གཞིར་བཟུང་རུང་བཞུགས་པས་སོ། །དེ་ཁའི་ཡང་སྒྱུ་ལུས་ནས་འོད་གསལ་དུ་འཇུག་ཀར་ལུང་རིགས་ཀྱིས་དཔྱད་དགོས་པར་བཤད་པ་ནི། སྤྱོད་བསྡུས་ལས། རྟོག་གེའི་ཡུལ་མ་ཡིན་པར་བཤད་པ་དང་ཤིན་ཏུ་འགལ་བས་མི་རིགས་པ་ཆེན་པོའོ། །རིམ་ལྔའི་ལམ་དེ་ཡང་དེར་མི་འཐད་པ་མ་ཡིན་གྱིས། འོ་ན་འདིར་མི་རིགས་པར་གང་གིས་འཇོག་སྙམ་ན། ཡ་ཀི་ནས་སྐོར་བའི་ལམ་དང་། སྐོར་མི་དགོས་པའི་ལམ་གྱི་ཁྱད་པར་ལྟ་བུའི་སྔ་མར་སྣང་བའི་ཕྱིར་རོ། །རང་ལུགས་ལའང་འདི་ལམ་ངོ་མ་ཡིན་པས་ཁྲིད་པ་ལ་ཡིན་གྱི། དེའི་ཚེ་དེ་ཙམ་མ་ཟད་ཐེག་པ་གསུམ་ཀ་འདིའི་བརྒྱུད་པའི་ལམ་དུ་འགྲོ་བ་ཡིན་ནོ། །དེ་རྒྱལ་དབང་རྗེས། སྒོ་གསུམ་དག་བྱེད་གངྒའི་ཆུ་རྒྱུན་ཞེས་པའི་ཡི་གེར་ཡང་། རྣམ་བཤད་འདི་དང་ཆ་འདྲ་བ་ཞིག་གསུངས་པ་ཡིན་ནོ། །དེ་ལྟར་ཡང་། སློབ་དཔོན་ཛྙྱཱ་ན་ཀཱིརྟིའི་དེ་ཁོ་ན་ཉིད་ལ་འཇུག་པར་སྒྲ་རྣམས་ཀྱི་མིང་དུ་བརྗོད་པ་ལ་ནི་དངོས་པོ་ཡོད་པ་མ་ཡིན་ཏེ་སྒྲོ་བཏགས་པ་ལས་བཟློག་པར་བྱ་བ་ཁོ་ན་ཙམ་ཉིད། དེ་རྣམས་ཀྱི་བྱ་བ་ཡིན་ནོ། །དེ་ལ་དབང་པོ་རཏལ་པོ་རྣམས་ལ་ནི་དེ་ཁོ་ན་ཉིད་དེ་ཉིད་ལ་སྒྲོ་བཏག་པ་ཅུང་ཟད་བཟློག་པའི་ཕྱིར་མི་རྟག་པ་ལ་སོགས་པའི་སྒྲས་བཤད་པ་ཡིན་ནོ། །དབང་པོ་བར་མ་རྣམས་ལའང་གཟུགས་ལ་སོགས་པའི་སྒྲོ་བཏགས་པ་མ་ལུས་པ་ལས་བཟློག་པར་བྱ་བའི་ཕྱིར་རམ། དངོས་པོ་ཐམས་ཅད་སྒྲོ་བཏགས་པ་ལས་བཟློག་པར་བྱ་བའི་ཕྱིར་རིག་པ་ཙམ་མམ། མིག་གཡོར་ཙམ་ཞེས་བསྟན་པ་ཡིན་ནོ། །དབང་པོ་མཆོག་རྣམས་ལ་ནི་སྒྲོ་བཏགས་པ་མ་ལུས་པ་ལས་བཟློག་པར་བྱ་བའི་ཕྱིར་སྟོང་པ་ཉིད་དང་སྤྲོས་པ་མེད་པ་ལ་སོགས་པའི་སྒྲས་བསྟན་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། རྨོངས་པ་རྣམས་ལ་དངོས་སོགས་ངེས་པར་ཡོད་ཅེས་གསུངས་པ་ནི། དངོས་པོར་འཛིན་ལ་ཞེན་པ་ཡིས། །ཟབ་མོའི་ཚུལ་གྱིས་འཇིགས་པ་ལའོ། །འདི་དག་རྣམ་པར་རིག་ཙམ་དུ། །འགྲོ་བ་སྣ་ཚོགས་ཡང་དག་བཤད། །གཟུང་དང་འཛིན་པའི་སྦྱོར་བ་དང་། །བྲལ་བ་དབུ་མའི་བློ་ཅན་ལའོ། །དྲི་ཟའི་གྲོང་ཁྱེར་ལྟ་བུར་ནི། །བདེན་པ་གཉིས་ཀྱི་རྣམ་པའི་མཚན། །རྟོག་པའི་ཆུ་བོ་ཚད་མེད་ཀྱང་། །བསྒོམས་པས་དག་པའི་བློ་ཅན་ལའོ། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་ལས་དང་པོ་པ་རྣམས། དང་པོར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམ་པ་དང་། སྡུག་བསྔལ་ལ་སོགས་པའི་བདེན་པ་བསྒོམ་པ་དང་། མིང་གཞན་ཡང་ཕྱག་རྒྱ་ཆེན་པོར་གྱུར་པ་སྟོང་པ་ཉིད་ལ་འཇུག་པའི་ཕྱིར་ཡིན་ནོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་གཟུང་བར་བྱའོ། །དེ་སྐད་དུ། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་བཤད་དོ། །གསུང་རབ་རྣམས་ལས་སྟོང་པ་ཉིད་སྒོམ་པ་ནི་ངེས་པའི་དོན་ཡིན་ལ། དེ་ལས་གཞན་པ་ནི་སྟོང་པ་ཉིད་ལ་འཇུག་པའི་དོན་ཡིན་པའི་ཕྱིར་དྲང་བའི་དོན་ཡིན་ཏེ་ཞེས་གསུངས་པའོ། །དེ་བཞིན་རྡོ་རྗེ་སྙིང་པོའི་འགྲེལ་ཆེན་དུ་ཡང་། ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །སྐལ་བ་བྲལ་བའི་བདག་ཉིད་ལ། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་གང་། ཡིད་འོང་བདག་གིས་བསྟན་པ་ཡིན། །ཞེས་སོ། །ཆོས་རྒྱལ་དྭགས་པོ་ལྷ་རྗེའི་བཞེད་པ་ངོ་མའི་རྩེ་གཅིག་ནི་ཞི་གནས་སྒོམ་པ་ཁོ་ནའོ། །ཞི་གནས་དེ་ཀའི་ངོ་བོ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་སོ་སོར་རྟོག་པ་ཞེས་བྱ་ལ། དེ་ཀ་བཞིན་ཀ་མ་ལ་ཤཱི་ལའི་སྒོམ་རིམ་གསུམ་དུ་ཡང་། མཚན་མ་མེད་པའི་ཞི་གནས་དེ་ཀ་སོ་སོར་རྟོག་པའི་གཟུགས་བརྙན་དུ་ལངས་པར་བཤད་པས་ལྷག་མཐོང་མཚན་ཉིད་པ་མ་ཡིན་ཡང་། རང་ས་དེར་ཆོས་རབ་ཏུ་རྣམ་པར་འབྱེད་པ་དེ་ཡིན་པས་ཤེས་བཞིན་དེ་ཀ་ལ་སོ་སྐྱེའི་སྐབས་འདིར་ལྷག་མཐོང་དུ་བཞག་ནས། འཇིག་རྟེན་པའི་བསམ་གཏན་བཞི་ལ་སོགས་པའི་སྐབས་ཀྱི་ཤེས་རབ་ཐམས་ཅད་འདི་ལས་དབྱེ་བ་ནི། ཕར་ཕྱིན་བཅུར་དབྱེ་བའི་ཚེ་ཤེས་རབ་ཀྱི་ཕར་ཕྱིན་ལ་ལྡོག་པས་ཕྱི་མ་བཞི་པོ་དེ་དག་ཏུ་ཕྱེ་བ་ལྟ་བུ་ཡིན་ནོ། །ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་རྣམས་ཀྱང་། དོ་ཧར། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །ཞེས་དང་། སྡུད་པར། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྷུང་། །ཞེས་པ་རྒྱུ་མཚན་དུ་བཅངས་ནས་ལམ་དེ་གཉིས་འདི་ལ་ལྟས་པའི་ཐབས་ཤེས་གཉིས་ཀ་དང་བྲལ་བས། དེར་ཞུགས་ན་ཞི་བའི་མཐར་ལྷུང་། དེས་ན་དེ་དག་གི་ལྷག་མཐོང་ཡང་། ཕྱིན་ཅི་ལོག་ཏུ་འཛིན་པ་ལས་བཟློག་པ་ཙམ་ཡིན་གྱི། ཕྱིན་ཅི་ལོག་ཐམས་ཅད་དྲུངས་འབྱིན་པའི་གཉེན་པོ་མ་ཡིན་པས་ན་ལྷག་མཐོང་མཚན་ཉིད་པར་རྗེ་གོང་མ་རྣམས་མི་བཞེད། དེའི་ཕྱིར་ལྷག་མཐོང་གི་ངོ་བོ་ནི་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་དེ་ལ་ཟེར་བ་ཡིན་པས། དཔལ་མགོན་ཀླུ་སྒྲུབ་ཀྱིས། སྟོང་པ་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་ཐེག་ཆེན་གསུངས། དེའི་ཚེ་སྟོང་པ་དང་སྙིང་རྗེ་མི་འབྲལ་བས་འདི་ཤེས་པ་ལ་རྟག་ཆད་ཀྱི་མཐར་ལྷུང་ངོ་སྙམ་སེམ་པ་ནི་འུག་པའི་མིག་ཡིན་ནོ། །དེ་བས་ན་འདི་རྟོགས་པ་ནས་སྤྲོས་བྲལ་དུ་མཛད་ལ། ལམ་ཕྱག་ཆེན་གྱི་ངོ་ཏི་དེ་ནས་འཛིན་ཞིང་། ས་བདུན་པའི་བར་དུ་མཚན་མའི་སྣང་བ་ཡོད་པས་དེ་སྲིད་སྤྲོས་པ་བྲལ་རྒྱུ་ཡོད། དེ་འབྲལ་བྱེད་གཉེན་པོ་ལའང་སྤྲོས་བྲལ་དུ་བཏགས་སོ། །དེའི་མཚན་མ་ནི་སྔར་ལས་ཉོན་གྱིས་འཕངས་པའི་རྣམ་སྨིན་གྱི་ཆ་སྣོད་བཅུད་ཀྱི་སྣང་བ་སྒྱུ་མ་ལྟ་བུ་ཅུང་ཟད་ཡོད་པས་དེ་ལ་བཞག་པ་ཡིན་ནོ། །དག་ས་ནས་དེ་འགགས་པས་དེར་འཁོར་བ་འགག་གོ་ཞེས་དབུ་མའི་གཞུང་ལས་འབྱུང་ལ། རྣལ་འབྱོར་པ་དེས་འོག་མ་པ་ལ་བལྟོས་ན་མཉམ་བཞག་པ་འབའ་ཞིག་རང་ས་ན་སྣང་བ་དང་བཅས་ན་རྗེས་ཐོབ་དེར་མ་ལངས་ན་ད་དུང་སྒྲིབ་པའི་ལྷག་མ་ཡོད་པས་དེ་སྦྱང་མི་ཐུབ། དེའི་ཕྱིར་ས་བརྒྱད་པ་འདིར་འདོད་ན་ཞག་བདུན་གྱིས་འཚང་རྒྱ་བར་བཤད་པའང་དགོངས་པ་ཅན་དོན་ལ་མི་སྲིད་དེ་སངས་རྒྱས་རྣམས་ཀྱིས་བསྐུལ་ནས་རྫོགས་སྨིན་སྦྱང་གསུམ་བྱེད་དུ་འཇུག་པ་བཞིན། འདིར་ཡང་དུ་མ་རོ་གཅིག་གི་མཐུས་རོ་གཅིག་དུ་མར་འཆར། དེ་ཙ་ན་སྟོང་ཉིད་རྒྱུ་འབྲས་སུ་ལངས་ཁྱེར་གོ་བ་ཙམ་དུ་མ་ལུས་པ་ཞིག་འབྱུང་བ་ཡིན་ཏེ། དེ་ཡང་རྣལ་འབྱོར་པ་དེ་ཀའི་མཉམ་བཞག་ལ། རྡུལ་གཅིག་གི་རྩེར་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་སྟོན་པ་སྲས་དང་བཅས་པའི་རོལ་མོ་མཛད་པའི་ཚུལ་མཐོང་བ་བཞིན་རྡུལ་ཐམས་ཅད་ཀྱི་སྟེང་དུའང་ཅིག་ཅར་མཐོང་བ་ཡིན་དེ་ལ་ཉན་པ་དང་། འཆད་པ་དང་གདུལ་བྱ་དགེ་བ་ལ་དགོད་པ་ཅི་ཡང་སྣང་བ་ཡིན་ཏེ། ཟད་པར་ས་ལ་གནས་པ་ལ་ཏིང་ངེ་འཛིན་དེས་སའི་སྣང་བ་ཅན་ཡིན་པ་བཞིན་ནོ། །དེའི་ཕྱིར་སྣང་ཚུལ་འདི་ཀ་འོག་མིན་གྱི་ཞིང་དུ་དཔལ་དུས་ཀྱི་འཁོར་ལོར། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་དག །ཞེས་པ་དྲངས་ཏེ་བཤད་པར་མཛད་དོ། །དེ་བས་ན་རྩེ་གཅིག་རགས་པ་དབྱིབས་ཀྱི་སྦྱོང་བྱེད། སྤྲོས་བྲལ་ཕྲ་བ་རླུང་། རོ་གཅིག་ཤིན་ཏུ་ཕྲ་བ་སེམས་སྦྱོང་། སྒོམ་མེད་ཡེ་ཤེས་སྦྱོང་བ་འབྲས་བུར་མཛད་པས་ན། རིམ་པ་བཞིན་སྐུ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར། གསུང་ཕྱག་རྒྱ་ཆེན་པོ་དང་། ཐུགས་ཕྱག་རྒྱ་ཆེན་པོ་དང་། ཡེ་ཤེས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཞེས་འཆད། དེ་ཡང་རྒྱུད་ཀྱི་གླེང་གཞིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ་ཞེས་འབྱུང་། ལུང་འདི་ལ་བཤད་པ་བཞི་མཛད་པའི་མཐར་ཐུག་དེས་འདི་སྟོན་པ་ཡིན་ལ། དེས་བརྟག་གཉིས་ལས། སྐྱེ་མེད་རིམ་པའི་ཕྱོགས་ལ་ནི། །འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་གསུངས། དེ་དང་དོན་མི་མཐུན་སྙམ་པའང་སྐྱེ་སྲིད་པས་དེ་ངོར་དོན་རྒྱུན་ཆགས་སུ་གཏན་ལ་ཕབ་པ་སྡོམ་འབྱུང་དང་། སམྦུ་ཊར་འབྱུང་བས་རིམ་པ་བཞིན་བཤད་པར་བྱའོ། །སྔ་མའི་ལེའུ་གསུམ་པར། དེ་བཞིན་མཁའ་མཉམ་སྟོང་པ་ཉིད། །སྣ་ཚོགས་དེ་བཞིན་ཉིད་བདག་མེད། །ཐབས་ནི་སྙིང་རྗེའི་སྟོབས་ཡིན་ཏེ། །ཟུང་དུ་འཇུག་པ་རྣམ་རྟོག་བྲལ། །དཀྱིལ་འཁོར་སྙིང་པོ་མཆོག་ཡིན་ནོ། །ཞེས་པས་གཏན་ལ་འབེབས་པ་གཞི་ཕྱག་རྒྱ་ཆེན་པོ་གསུངས། དེ་ནས་འབེབས་བྱེད། །དེ་མ་ཐག་ཏུ། རྣམ་པར་མི་རྟོག་སྦྱོར་བསམས་ཀྱང་། །དེ་ཚེ་མི་རྟོག་བསམ་མི་ཁྱབ། །དེ་ཡང་རྣམ་པ་ཀུན་གྱི་མཆོག །ཅེས་རྩེ་གཅིག་གསུངས་ལ། རྩེ་གཅིག་དང་རྣམ་པར་མི་རྟོག་པ་མིང་རྣམ་གྲངས་པའོ། །དེ་ནས། བདེ་བའི་དབང་པོ་རྣམ་པ་མེད། །དེ་ཉིད་དངོས་དང་དངོས་མིན་བདག །རྟག་ཏུ་སྲིད་པ་འབྱུང་བར་མཛད། །སྣ་ཚོགས་སྤྲོས་པའི་རྟོག་པ་མེད། །རྟག་ཏུ་འབྱུང་བ་བདེ་བ་ཆེ། །སྐྱེ་བ་མེད་པའི་རང་བཞིན་གྱིས། །དེ་ལས་སྐྱེ་བ་ཡང་དག་འབྱུང་། །བེམ་པོ་མིན་ཕྱིར་བདག་ཉིད་རིག །མི་ཤེས་རྣམ་པར་མི་མཐོང་བས། །གཟུགས་མེད་གང་དུའང་མི་གནས་ཤིང་། །འགྱུར་བ་མེད་ཅིང་བརྟན་པའོ། །ཀུན་རྫོབ་སྐྱེ་བ་འབྱུང་བས་ན། །མེད་པ་མིན་ཕྱིར་དངོས་མེད་མིན། །ཞེས་པས་སྤྲོས་བྲལ། དེ་ནས། ལྷན་ཅིག་སྐྱེས་དགའི་རང་དངོས་སུ། །ཆོས་རྣམས་ཐམས་ཅད་ལྷན་ཅིག་སྐྱེས། །བདག་བྱིན་བརླབ་པ་རང་བྱུང་བ། །མི་ཤིགས་འཇིག་པ་མེད་པ་སྟེ། །སྐྱེ་བ་མེད་པའི་རོ་མྱོང་བས། །སྒོམ་པ་ཡང་ནི་དེ་ཉིད་དེ། །སྟོང་ཉིད་སོ་སོར་རྟོགས་པས་ན། །བསམ་གཏན་ཤེས་རབ་ཏུ་ཡང་འགྱུར། །ཞེས་པས་རོ་གཅིག དེ་ནས། ཆོས་ཀུན་ཡོངས་སུ་ཤེས་པ་ཡིས། །སྒོམ་པ་དེ་ཉིད་སྒོམ་མེད་པའོ། །རྫོགས་པའི་བྱང་ཆུབ་བདེ་བ་ཆེ། །ཕྱག་རྒྱ་ཆེན་པོ་མཆོག་དེ་བཞིན། །དེ་ཉིད་ཆོས་ལ་འཇུག་པའི་ཕྱིར། །དེ་རྣམས་དབྱེ་བ་རབ་བསྟན་ལ། །བླ་མ་དམ་པའི་མན་ངག་གིས། །གསལ་བར་འགྱུར་གྱིས་གཞན་དུ་མིན། །ཞེས་སྒོམ་མེད། དེ་དག་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྣལ་འབྱོར་དུ། །དེ་ནས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེ་ལ་རབ་གནས། །སྐུ་དང་གསུང་དང་ཐུགས་ཀྱི་ལས། །རྣམ་ཀུན་མཆོག་གི་སྡོམ་པའོ། །སྡོམ་པ་བྱང་ཆུབ་བདེ་མཆོག་སྟེ། །བལྟར་མེད་བརྗོད་དུ་མེད་པའོ། །སངས་རྒྱས་ཀུན་གྱི་གསང་བ་ནི། །འདུས་པ་བདེ་བའི་མཆོག་ཡིན་ཏེ། །བདག་བྱིན་བརླབ་པའི་རིམ་པ་འདི། །བླ་མའི་དྲིན་གྱི་གསལ་བར་འགྱུར། །ཞེས་གསུངས། དེ་ཀའི་རྒྱས་བཤད། ལེའུ་སོ་གསུམ་པར། དེ་བས་ཡེ་ཤེས་འབྱུང་བ་ཡི། །དངོས་གྲུབ་སྡོམ་པ་བཤད་པར་བྱ། །སྣ་ཚོགས་ཚུལ་གྱི་ཐབས་རྣམས་ནི། །དངོས་གྲུབ་རྣམས་ཀྱི་རྒྱུ་ཡི་མཆོག །ཕྱི་དང་ནང་དུ་བཅས་པའི་ལུས། །ནམ་མཁའ་ལྟ་བུར་དྲི་མ་མེད། །འདི་ལྟར་བདག་གིས་མཁའ་མཚུངས་པར། །རྟག་ཏུ་འགྲོ་བའི་བདག་ཉིད་མཐོང་། །ལུས་མེད་ཐོག་མ་མཐའ་མ་མེད། །སྒྲ་ལ་སོགས་པའི་ཡོན་ཏན་བྲལ། །གཉིས་པོ་དག་ནི་རྣམ་གྲོལ་བ། །རྣམ་པ་ཀུན་ཏུ་ཅིར་ཡང་གནས། །ཞེས་པ་ནི་གཞི་དངོས་པོའི་གནས་ལུགས་རྒྱས་བཤད། དེ་ནས། དངོས་མེད་དངོས་པོ་ལ་བརྟེན་ནས། །བརྟན་པ་མེད་པར་དངོས་པོར་བྱ། །ཡིད་མེད་ཡིད་ནི་བྱས་ནས་སུ། །ཅུང་ཟད་ཙམ་ཡང་མི་བསམ་མོ། །སྟན་ལ་གནས་ནས་བླ་མ་ཡི། །བརྒྱུད་པར་བརྟེན་པར་བྱས་ནས་ནི། །དེ་བཞིན་མཁའ་དང་མཚུངས་པ་ཡི། །རོ་གཅིག་སེམས་ནི་བསྒོམ་པར་བྱ། །བསམ་གཏན་གཟུགས་ལས་རྣམ་པར་གྲོལ། །རྟོག་གེའི་སྦྱོར་བ་རྣམ་པར་སྤངས། །སེམས་བྱུང་སེམས་སུ་བསྟན་གྱུར་པ། །འགྲོ་བའི་རང་བཞིན་ཚུལ་དེ་བཞིན། །མཁའ་མཚུངས་རྣམ་པར་ཡང་དག་གནས། །ཤེལ་གྱི་ནོར་བུ་དག་པ་བཞིན། །ཐོག་མ་མཐའ་མ་མེད་པའི་གཟུགས། །སྤྲོས་བྲལ་དབང་པོའི་སྤྱོད་ཡུལ་མིན། །འགྱུར་བ་མེད་ཅིང་སྣང་བ་མེད། ཐམས་ཅད་སྟོང་པ་ཉོན་མོང་མེད། །འགྲོ་བའི་སྒྲོན་མ་སྲིད་པ་ཡི། །འཆི་བ་འཇོམས་ཤིང་ཚིག་བརྗོད་བྲལ། །ཡིད་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། །གཉིས་ལྡན་རྣམ་གྲོལ་ཉོན་མོངས་མེད། །དོན་དམ་གྲོལ་རབ་རྩོལ་བ་ཡིན། །འཕོ་མེད་དེ་ཉིད་ལ་ཕྱག་འཚལ། །ཞེས་པས་མདོར་བསྟན། ཇི་ལྟར་དེ་ཉིད་ལ་རག་ན། །བསམ་པ་ཀུན་གྱིས་བསམ་དུ་མེད། །གང་ཚེ་བསམ་དུ་མེད་སེམས་པ། །དེ་ཚེ་བསམ་གྱིས་མི་ཁྱབ་འགྱུར། །སེམས་ཅན་ཇི་བཞིན་བསམ་མེད་དེ། །བསམ་མེད་ཇི་བཞིན་བརྒྱལ་བའང་མེད། །གང་ཕྱིར་བསམ་བྲལ་སངས་རྒྱས་ཀྱིས། །བསམ་པ་འདི་ནི་རབ་ཏུ་བཤད། །བསམ་གྱིས་མི་ཁྱབ་སེམས་དེ་ལ། །བསམ་པ་ཀུན་གྱི་བགྲོད་ལས་འདས། །སྣ་ཚོགས་རྟོག་པའི་རྟོག་པ་མེད། །ཆགས་མེད་བདེ་བ་ཆེན་པོ་སྟེ། །རྣམ་པ་ཐམས་ཅད་ཀྱི་ནི་མཆོག །ཅེས་པའི་བར་གྱིས་དང་པོ། དབང་པོ་ཀུན་འདས་རྣམ་པ་མེད། །དངོས་དང་དངོས་མེད་བདག་ཉིད་དེ། །དངོས་དང་དངོས་མེད་རྣམ་པར་སྤངས། །བེམ་པོ་མིན་ཕྱིར་བདག་ཉིད་རིག །མི་ཤེས་རྣམ་པར་མི་མཐོང་བའོ། །གཟུགས་མེད་གར་ཡང་མི་གནས་པ། །འགྱུར་བ་མེད་ཅིང་བརྟེན་པའོ། །དངོས་པོ་མེད་པའི་ཆོས་རྣམས་ལ། །བླང་བྱ་དང་ནི་དོར་བྱ་ཡི། །ཆོས་ཀུན་རྨི་ལམ་ཇི་བཞིན་ནོ། །ཞེས་པས་གཉིས་པ། དགའ་བ་ཡོངས་སུ་ཤེས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་པའི་མཆོག །དགའ་བའི་འབྲས་བུ་ལ་གནས་པ། །འདི་ནི་དངོས་མེད་བྱང་ཆུབ་བོ། །གཉིས་པ་རོ་གཅིག་དབྱེར་མེད་པ། །དགའ་བས་བདེ་བ་ཆེན་པོ་ཉིད། །ཤེས་རབ་སྙིང་རྗེའི་དབྱེ་བ་ནི། །སྒྲོན་མེ་དང་ནི་འོད་ཟེར་བཞིན། །འདི་ཉིད་མི་ཕྱེད་བདག་ཉིད་ནི། །རོ་གཅིག་དངོས་པོའི་སེམས་ཡིན་ནོ། །ཤེས་རབ་ཐབས་ནི་མཉམ་སྦྱོར་བས། །རྫོགས་པའི་བྱང་ཆུབ་སྒྲུབ་བྱེད་པ། །དེ་ཉིད་ལ་ནི་བླ་མེད་པའི། །སངས་རྒྱས་ཀུན་རྣམས་རབ་ཏུ་བཞུགས། །ཞེས་པས་གསུམ་པ། དབྱེར་མེད་རྣམ་པར་ཡང་དག་རིག །གང་ཞིག་གནས་པ་རྡོ་རྗེ་སེམས། །ཇི་སྲིད་རྫོགས་པའི་བྱང་ཆུབ་རྒྱུར། །བདེ་བས་བསྒོམ་པ་བྱས་ནས་ནི། །སྒྲུབ་པོས་བདེ་མཆོག་རྫོགས་བར་དུ། །དེ་སྲིད་དེ་ནི་མྱོང་བར་འགྱུར། །མཛེས་པའི་སྒྱུ་མ་རྣམ་འཕྲུལ་དག་ལ་དེ་ཤེས་ཇི་བཞིན་ཉིད། །དགའ་དང་སྐྱེ་བ་ཐམས་ཅད་མཉམ་པ་ཉིད་དུ་རབ་ཏུ་བཅད། །འཇིགས་པར་བྱེད་པའང་མེད་ཅིང་བདེ་བ་འབྱུང་བ་འདི་ཡོད་མ་ཡིན། །དེ་ཉིད་ཀྱིས་ནི་སྒྲུབ་པ་དེ་བཞིན་ཉིད་བདག་རྗེས་སུ་འགྲོ །ཞེས་གསུངས་པ་བཞི་པའོ། །སམྦུ་ཊར། དེ་ནས་ཐབས་དང་ཤེས་རབ་དོན། །སྒོམ་པ་ཡང་དག་རབ་བཤད་བྱ། །ཕ་རོལ་དོན་བརྩོན་བརྩོན་འགྲུས་ཀྱིས། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །འཁོར་བའི་རྒྱ་མཚོ་འཇིགས་པ་ལས། །བསྒྲལ་དཀའ་གང་ཞིག་རྣམ་བསྒོམས་པས། །རྣལ་འབྱོར་ལས་ནི་རང་དོན་དུ། །མྱ་ངན་འདས་པར་གནས་མི་འགྱུར། །གང་གིས་ཁྱད་འཕགས་མཐར་ཐུག་བར། །སངས་རྒྱས་དྲི་མེད་ངོ་མཚར་རྨད། །འགྲིབ་དང་འཕེལ་བ་རྣམ་པར་གྲོལ། །བྱང་ཆུབ་བླ་མེད་ཐོབ་པར་འགྱུར། །ཕུང་པོ་ལྔ་སོགས་ཆོས་རྣམས་དང་། །ཐེག་གསུམ་ཤིན་ཏུ་སྤང་མི་བྱ། །ཞེས་མདོར་བསྟན། ཆོས་དབྱིངས་ཤིན་ཏུ་མཉམ་པ་ཉིད། །ཆུ་ཤིང་ལྟ་བུར་ཡོངས་སུ་གཟུང་། །སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ་། །སྟོང་དང་སྟོང་མིན་གཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཡོངས་སུ་སྤངས་ན་ཀུན་རྟོག་སྟེ། །དེ་ཕྱིར་དེ་གཉིས་ཡོངས་སུ་སྤང་། །གཉིས་ཀྱི་གཟུང་བ་ཡོངས་སྤང་ལ། །རྣམ་གྲོལ་གནས་དང་བྲལ་བ་སྟེ། །ང་ཞེས་བྱ་བའི་ཀུན་རྟོག་འདི། །དེ་ཕྱིར་དེ་ནི་ཡང་དག་སྤང་། །རྣམ་པ་མེད་ཅིང་དོགས་པ་མེད། །འདོད་པ་མེད་ཅིང་སྡིག་དང་བྲལ། །ཐོག་མ་མཐའ་མའི་རྟོག་ལས་གྲོལ། །ནམ་མཁའ་ལྟ་བུར་མཁས་པས་བསྒོམ། །འདིས་དང་པོ། །སྙིང་རྗེར་ལྡན་པས་སེམས་ཅན་ལ། །རྒྱབ་ཀྱིས་ཕྱོགས་པར་མི་བྱ་ཞིང་། །སེམས་ཅན་ཡོད་དང་ཡོད་མིན་ཞེས། །དེ་ལྟར་ཡོངས་སུ་བརྟག་མི་བྱ། །སྤྲོས་པ་མེད་པའི་རང་བཞིན་ཉིད། ཤེས་རབ་ཅེས་ནི་རབ་ཏུ་གྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །ཐམས་ཅད་དོན་བྱེད་སྙིང་རྗེ་ཉིད། །འདིས་གཉིས་པ། དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྡན་ཅིང་གཅིག་གྱུར་པ། །ནམ་མཁའ་ནམ་མཁའ་ཇི་ལྟ་བའོ། །ཞེས་གསུམ་པ། གང་ལ་སྒོམ་པ་པོ་ཡང་མེད། །གང་ཡང་རྣམ་པར་སྒོམ་པའང་མེད། །བསྒོམ་བྱ་ཉིད་ཀྱང་ཡོད་མིན་ལ། །དེ་ཡིས་དེ་ཉིད་བསྒོམ་པར་བརྗོད། །ཞེས་པས་བཞི་པ་གསལ་བར་བསྟན་ཅིང་། །དེ་ཡང་རྒྱུ་དུམ་བུ་འཁྲིགས་སྦྱོར་མ་དགོས་པར་མཐར་ཆགས་སུ་བཤད་པ་ཡིན་ནོ། །དེ་ཁ་ས་ར་ཧ་ཆེན་པོས། རྩེ་མོ་དོ་ཧར། སེམས་ཉིད་ཀུན་ཏུ་འོད་གསལ་བའོ། །ཞེས་པ་ཡན་གྱིས་རྩེ་གཅིག དེས་ན་ཡོད་པ་མ་ཡིན་མེད་མ་ཡིན། །རིགས་པས་གྲུབ་པ་མ་ཡིན་ནོའི་བར་གྱིས་སྤྲོས་བྲལ། མ་འདས་དབྱེར་མེད་རོ་གཅིག་ལ། །གཅིག་ཏུ་བཞག་པར་བྱ་བའང་མེད། །ཅེས་པའི་བར་གྱིས་རོ་གཅིག དྭངས་མ་དེ་ཉིད་མ་བསླད་པའི། །ཁོ་ན་ཉིད་ནི་གར་མ་གཡོས། །དེ་མན་གྱིས་སྒོམ་མེད་བཤད་པ་ཡིན་གྱི། ཚིག་རེ་རེ་རྣམ་པར་བཤད་ན་ཡི་གེ་མང་དོགས་ཆ་ཙམ་དབྱེ་བའོ། །གཉིས་པ་དེ་གཏན་ལ་གང་དུ་ཕབ་ན་རྟོགས་མྱུར་བའི་གནད་བཤད་པ་ནི། །དེ་རང་སེམས་དེའི་སྟེང་དུ་གཏན་ལ་འབེབ་པ་ནི་ཤིན་ཏུ་རྟོགས་མྱུར་བའི་གནད་ཡིན་ཏེ། རྟོགས་པའང་སེམས་འཁྲུལ་པའང་སེམས། གྲོལ་བའང་སེམས་ཁོ་ནས་བྱས་པས་སོ། །དེ་ཡང་རྐུན་མ་ལ་མཛུབ་མོ་བཅར་བཙུགས་པ་ལྟ་བུའོ། །དེའི་ཕྱིར་ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །ཞེས་གསུངས་ལ། ཀུན་གྱི་ས་བོན་དུ་འཇོག་པའི་རྒྱུ་མཚན། གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་པས་བསྟན་ཏེ། དེ་མ་རྟོགས་པ་འཁོར་བ། རྟོགས་པ་མྱང་འདས་སུ་སོང་བའི་གནད་ཀྱིས་འཁོར་འདས་ཀྱི་ཐ་སྙད་གཉིས་ཀ་དེ་ལས་འབྱུང་ངོ་ཞེས་པས་སོ། །འཕྲོ་བ་ཞེས་པའི་ཚིག་འདི་ཀས་ལམ་ཕྱག་རྒྱ་ཆེན་པོའི་གནད་བསྟན་པ་སྟེ། ཇི་ལྟར་ཞེ་ན། གང་ཞིག་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །སྲིད་དང་མཉམ་ཉིད་ནམ་མཁའི་རང་བཞིན་ནོ། །ཞེས་འབྱུང་བ་དང་། གང་ཞིག་འཁོར་བ་དེ་ནི་མྱ་ངན་འདས་པར་ངེས། །དབྱེ་བ་གཞན་དུ་སེམས་པ་མ་ཡིན་ཏེ། །རང་བཞིན་གཅིག་ཕྱིར་དབྱེ་བ་རྣམ་པར་སྤངས། །ཞེས་པས་སོ། །དེ་ལས་ཐུན་མོང་མཆོག་གི་དངོས་གྲུབ་མ་ལུས་པའང་འབྱུང་བའི་ཕྱིར། འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ནི། །ཞེས་སྨོས་སོ། །དེ་བས་ན་སེམས་དེ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་བསྟན་ཏེ། དེ་རྡོ་བའི་གསེབ་ཏུ་དོར་ན་ནུས་པ་མི་མངོན་པ་དང་། སྦྱངས་ཏེ་རྒྱལ་མཚན་གྱི་རྩེར་མཆོད་ན་འདོད་པ་ཐམས་ཅད་ཆར་དུ་འབེབས་སོ། །དེའི་ཕྱིར་ཨཱརྻ་དེ་ཝའི་སེམས་ཀྱི་སྒྲིབ་སྦྱོང་དུ་འདི་རྒྱས་པར་གཏན་ལ་ཕབ་སྟེ། རང་གི་སེམས་ནི་རྟོགས་བྱའི་ཕྱིར། །ཅུང་ཟད་ཙམ་འདི་བརྗོད་པར་བྱ། །རྣལ་འབྱོར་སྤྱོད་པའི་ཚོགས་ཀྱིས་ནི། །ཐམས་ཅད་ཉིད་དུ་ཤིན་ཏུ་ངེས། །བརྗོད་པར་བྱ་བ་འདི་དག་ཉིད། །དེ་ཕྱིར་འདི་དག་དཔྱད་པར་བྱ། །ལས་དྲག་གང་གིས་འགྲོ་བ་རྣམས། །གང་དང་གང་དུ་འཆིང་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །སེམས་ཅན་རྣམ་པར་དག་པའི་ཕྱིར། །འབྲས་བུའང་རྣམ་པར་དག་པར་འགྱུར། །འདི་དག་ཤིན་ཏུ་རྒྱས་པར་ནི། །ཐེག་པ་ཆེན་པོར་གསལ་བར་བསྟན། །ཆོས་དང་གང་ཟག་བདག་མེད་པར། །ཡེ་ཤེས་ཙམ་དུ་ཐུབ་པས་གསུངས། །དེ་ལྟ་ན་ཡང་འདི་དག་འབྱུང་། །རིགས་པ་དང་ཡང་རབ་ཏུ་མཐུན། །ཞེས་པས་སེམས་ལ་མཉེ་བཏུལ་བྱེད་ཟེར་བའི་བཀའ་བརྒྱུད་པ་སྡུག་གེ་ཚོ་ཤེས་རྒྱུ་ནི་ཅི་ཡང་མེད་སྙམ་སྙིང་རྗེ་སྒོམ་མཁན་རྣམས་ལ་སྙིང་རྗེ་ཕར་བྱ་བར་རིགས་ཏེ། མི་ལ་རས་པ་དང་ལྟད་མོ་ལ་ཆས་པའི་བུ་མོ་གསུམ་བཞིན་ནོ། །སེམས་འདུལ་ཤེས་ན་ཤེས་པའི་རབ་དེ་ཀར་འདུག་པ། འདི་མ་ཤེས་པས་ཀུན་ཤེས་གཅིག་ལ་རྡུགས། མཁས་པ་པཎྜྻི་ཏ་ཤི་བའི་མལ་དུ་ཐ་མལ་པའི་རོ་ཕྱགས་ཕེབས་པར་གདའ། སེམས་འདུལ་བ་ལ་ཐམས་ཅད་སེམས་སུ་ཤེས་པ་ཞིག་དགོས་ཀྱི་འདུག དེའི་ཕྱིར་དེར། ཆོས་རྣམས་སྔོན་དུ་འགྲོ་བ་ཡིད། །ཡིད་གཙོ་ཡིད་ནི་མགྱོགས་པ་སྟེ། །ཡིད་ཉིད་ཀྱིས་ནི་འབད་པ་ཡིས། །སྨྲ་བའམ་ནི་བྱེད་པ་པོ། །ཞེས་པས་སོ། །ཆོས་གཤའ་མ་ཞིག་མཛད་པ་ལ། དགེ་སྡིག་ངོ་ཤེས་དགོས། དེ་ཡང་སེམས་ལ་རག་ལས་པས། དེ་ཉིད་དུ། དེ་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ལུང་ལས་འདི་སྐད་གསུངས་པའི་ཕྱིར། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་པས་དང་། བསྟན་པའི་ཉིད་ཁུའང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པས། སེམས་གང་དགར་བོར་ནས། ལུས་ཆོས་གོས་ཀྱིས་གྲིལ་རང་ལུགས་འཛིན། གཞན་ལུགས་དགག་འདོད་ཀྱི་ཚོགས་པ་ག་ན་འདུག་ནའང་ཆོས་པའི་གཟུགས་བརྙན་ཚེར་མ་དར་གཏུམས། །འཁོར་འདས་རང་སེམས་སུ་ཤེས། རང་སེམས་ཡན་པར་མི་གཏོང་བ་ཞིག་ལ་ཉོན་མོངས་པ་ཚོ་ལ་ལངས་རོགས་ཀྱིས་བྱས་ཀྱང་འཇམ་སིམ་མཛད་ནས་བཞུགས་པར་གདའ། ཆོས་པ་རྣམ་དག་དེ་ལ་ཟེར་དགོས་པ་འདྲའོ། །དཔེར་ན་མི་གཅིག་ཅི་བདེར་སྡད་པ་ལ་དགྲ་གཉེན་བར་མའི་མཐོང་བས་སྙིང་ན་བ་དང་། བྱམས་པ་དང་། བཏང་སྙོམས་གསུམ་སྐྱེ་ཡི་འདུག་པ། དེ་ཡུལ་དེའི་སྐྱོན་ག་ལ་ཡིན། རང་གིས་དགྲའོ་གཉེན་ནོ་སྙམ་གཟུང་བས། དེ་དེ་ལྟར་མཐོང་བ་ཡིན་མོད། རང་གིས་དགྲའམ། གཉེན་དུ་མ་གཟུང་ན། དེ་དགྲའམ་གཉེན་དུ་ཅི་ཞིག་གིས་འཇོག དེའི་ཕྱིར་སངས་རྒྱས་ཀྱིས་ཁམས་གསུམ་པོ་འདི་དག་སེམས་ཙམ་མོ་ཞེས་གསུངས། སེམས་ཙམ་པར་སོང་ངོ་སྙམ་ན། སེམས་ཙམ་པར་འགྲོ་བ་ཡང་སླ་ཤོས་ཤིག་མིན། དེ་ལ་ཕྱི་རོལ་དུ་གྲུབ་པར་བལྟ་བ་དག་པ་ཞིག་དགོས་གདའ། དེས་ན། དེ་རྟོགས་པ་སྒོམ་པའི་རིམ་པ་ལས། འདི་ལྟར་གང་གི་ཚེ་ཕྱི་རོལ་གྱི་དོན་རྣམ་པར་འཇོག་པ་ན། ཤེས་པའི་སྣང་བ་ཅུང་ཟད་གསལ་བ་འབྱུང་བ་དེའི་ཚེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བྲོ་བར་གྱུར་པ་ཡིན་ནོ། །དེ་ནི་ཐེག་པ་ཆེན་པོ་འདིར། སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཞེས་བྱའོ། །གང་གི་ཚེ་ཤེས་པའི་སྣང་བ་དེ་ཉིད་འབྲིང་ཙམ་དུ་གསལ་བར་གྱུར་པ་དེའི་ཚེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྩེ་མོ་ཞེས་བྱའོ། །སྣང་བ་མཆེད་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ། །གང་གི་ཚེ་དེ་ཉིད་ཆེས་གསལ་བར་གྱུར་ཏེ། ཕྱི་རོལ་གྱི་དོན་མི་སྣང་བའི་ཤེས་པའི་སྣང་བ་འབྱུང་བ་དེའི་ཚེ། རྣམ་པར་རིག་པ་ཙམ་ལ་གནས་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཟོད་པ་ཞེས་བྱ་བ་ཡིན་ནོ། །ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་སྟེ། གཟུང་བའི་རྣམ་པ་མི་དམིགས་པར་ཞུགས་པའི་ཕྱིར་རོ། །གང་གི་ཚེ་འཛིན་པའི་རྣམ་པ་དང་གཉིས་སུ་མེད་པའི་ཤེས་པའི་རྣམ་པ་འཛིན་པ་དེའི་ཚེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆོས་ཀྱི་མཆོག་ཅེས་བྱ་བ་ཡིན་ནོ། །དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་སྟེ། དེ་མ་ཐག་ཁོ་ནར་དེ་ཁོ་ན་ལ་འཇུག་པའི་ཕྱིར་རོ། །ཞེས་དང་། ཡང་འདི་ལྟར་གང་གི་ཚེ་ཆོས་མཆོག་གི་འཇུག་ཐོགས་ཁོ་ནར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་མངོན་སུམ་དུ་བྱེད་པའི་ཡེ་ཤེས་ཤིན་ཏུ་གསལ་བ་འཇིག་རྟེན་ལས་འདས་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཐོག་མ་བྱུང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་མཐོང་བའི་ལམ་སྐྱེས་པའི་ཕྱིར། ས་དང་པོར་ཆུད་པ་ཡིན་ནོ་ཞེས་པས། དེ་ཕན་དབུ་མའི་ལྟ་བ་ཇི་ཙམ་གཏན་ལ་ཕབ་ཀྱང་ངོ་མ་འབྱུང་མི་སྲིད། དེ་ནས་ལྟ་བ་ཅི་སྨྲས་ཀྱང་དབུ་མ་ལས་མི་མཐུན་པ་མི་ཡོང་བས་མི་འགྱུར་བའི་ཕྱིར་ས་ཞེས་བྱ། མཐར་ཐུག་ཚེ་སངས་རྒྱས་ཐམས་ཅད་དགོངས་པ་གཅིག་དབྱངས་གཅིག་པའི་རྒྱུ་མཚན་ཡང་དེ་ལ་ཐུག་པ་ཡིན་ནོ། །འདི་ལ་དགོངས་ནས་མཚུངས་མེད་རྒྱལ་དབང་རྗེས། བློས་བྱས་ཀྱི་ལྟ་བ་བཟང་ཡང་འཇིག །བློ་འདས་ལ་ལྟ་བའི་མིང་ཡང་མེད། །བལྟ་བྱ་དང་ལྟ་བྱེད་གཉིས་མེད་པའི། །ངེས་པ་དེ་བླ་མའི་དྲིན་ལས་རྙེད། །ཅེས་གསུངས། འདིའི་ངེས་པའང་། ངེས་ཤེས་འབྲོངས་ཞེས་པ་ལྟ་བུ་མ་ཡིན། མཐོང་བའི་ལམ་ལ་ངེས་པར་བཞག་པ་དེའོ། །གཞན་ཡང་། ཐེག་པ་སྣ་ཚོགས་ཀྱི་ཆོས་སྐད་ཀྱང་། །རང་རང་གི་ས་ན་བདེན་མོད་ཀྱང་། །གུང་ཅིག་ཏུ་འགྲིག་ན་ཟབ་པ་ཡིན། ཅེས་སོ། །དེ་བས་ན་ཆོས་མཆོག་པ་ཚུན་དབུ་མའི་ལྟ་བ་མི་སྐྱེ་བས། ཐོས་བསམ་གྱིས་གྲུབ་མཐའ་དབུ་མ་པར་ཁས་བླངས་ཀྱང་། དོན་འཇིག་རྟེན་པའམ། ཉན་ཐོས་པའམ། རྣམ་རིག་པ་གསུམ་གང་རུང་ཞིག་ཏུ་འགྱུར་རོ། །ཁོ་བོས་དེང་སང་གྲུབ་མཐའ་ལ་ཞུགས་པ་ཕལ་ཆེ་བའི་ལྟ་ཚུལ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཁོ་ནར་མཐོང་སྟེ། འཇིག་རྟེན་པ་ཡིས་དངོས་མཐོང་ཞིང་། །ཡང་དག་ཉིད་དུའང་རྟོག་བྱེད་ལ། །སྒྱུ་མ་ལྟ་བུ་མིན་པས་འདིར། །འཇིག་རྟེན་པ་དང་རྣལ་འབྱོར་རྩོད། །ཅེས་པའི་ལུང་ལས་བརྟགས་པས་སོ། །ཉན་ཐོས་སྡེ་གཉིས་སུ་འགྱུར་བ་ལའང་། མི་རྟག་སྡུག་བསྔལ་སྟོང་བདག་མེད་ཀྱི་རྣམ་པ་ཉམས་སུ་མྱོང་དགོས་པར་འདུག་ལ། དེ་ལྟ་ན་སྲིད་པའི་རྭ་བ་འདིར་ང་ཆེ་ལ་འགྲན་ཟང་ཟིང་གི་ནོར་རྒྱལ་བའི་བསྟན་པ་ལས་གཅེས་པར་འཛིན་པ་འདི་ཡོང་མི་རིགས་པས་སོ། །དེ་བས་བླ་མ་རྣམས་སེམས་ཙམ་པ་དང་ཆ་མཐུན་ཁྱད་འཕགས་ཞེས་པའི་ཆ་མཐུན་རྩི་ས་འདིར་ཡིན། དངོས་མ་ཡིན་ཏེ། རྟོགས་ཚུལ་ཁྱེར་བས་མ་ལྕོགས་ནས་སེམས་ཙམ་དུ་ལུས་པ་མ་གཏོགས་དེ་ཞེ་འདོད་དུ་མི་བྱེད། འདི་ལ་བསམས་ནས་སྙིགས་དུས་ཀྱི་མཁས་པ་འགའ་ཞིག་ལྟ་བ་གཏན་ལ་འབེབས་པ་ལ་རང་སྟོང་དང་སྒོམ་པ་ཉམས་སུ་ལེན་པ་ལ་གཞན་སྟོང་གསུངས་པའང་གང་ཟག་གི་བློ་རིགས་ལ་བརྟགས་པས་སྐབས་འདིར་འཐད་པར་འདུག་གོ །དེའི་ཚེ་གཞན་སྟོང་དུ་སོངས་ཏེ། འདི་ནི་སྤང་བྱ། འདི་ནི་བླང་བྱ། འདི་ནི་གཉེན་པོ། །འདི་སྤངས་པ་ལས། འདི་ལྟར་མངོན་སུམ་བྱས་པ་སྙམ་པའི་བློ་མ་ལྡོག་པས་སོ། །དེས་ན་ཆ་མཐུན་གྱི་དབང་དུ་མཛད་དེ། གཞལ་བྱ་སེམས། འཇལ་བྱེད་སེམས། གཞལ་འབྲས་སེམས་སུ་བསྟན་པ་ནི། དུས་ཀྱི་འཁོར་ལོར། དཔལ་ལྡན་ཟླ་བས་ཟླ་བ་ཆུ་ཤེལ་རྣམ་པར་རྟོག་པ་མེད་པའི་རང་བཞིན་ལས་ནི་ཆུ་འབྱུང་བ། །དེ་བཞིན་འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོའི་ཕུང་པོ་ལ་བརྟེན་ཐམས་ཅད་མཁྱེན་པའི་ཆོས་འཛག་སྟེ། །ཆུ་ནི་ས་བོན་ཁམས་ལ་ཀུན་ཏུ་བརྟེན་ནས་རོ་མཉམ་གྱུར་པ་ཇི་བཞིན་ཉིད་དུ་ཆོས་དག་ནི། །སེམས་ཅན་རྣམས་ཀྱི་དག་པའི་སེམས་ཀྱིས་རྣམ་པ་མང་པོར་འགྱུར་ཏེ་སྔོན་གྱི་ལས་ཀྱི་མཐུ་ལས་སོ། །སྲིད་གསུམ་གནས་ན་སེམས་ཅན་དོན་གྱི་བྱེད་པོ་དང་ནི་ཡིད་བཞིན་ནོར་བུ་ལ་ཡང་བསམ་པ་མེད། །སེམས་ལ་གནས་དེ་མི་དགེ་འབྲས་བུའི་དབང་གིས་སྡིག་པའི་ལས་ཅན་སེམས་ཅན་རྣམས་ཀྱིས་མི་མཐོང་སྟེ། །ཡིད་བཞིན་ནོར་བུའི་སྐྱོན་མིན་མི་དགེ་བ་དང་དགེ་བའི་འབྲས་བུས་སེམས་ཅན་ཐམས་ཅད་རབ་ཏུ་སྤྱོད། །སེམས་ནི་དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། ཞེས་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོར། བཙུན་པར་རབ་འབྱོར། ཕྱིན་ཅི་ལོག་ལས་ཉོན་མོངས་པ་ཐམས་ཅད་སྐྱེད་མོད་ཀྱི། སེམས་ཀྱི་རང་བཞིན་ནམ་ཡང་ཀུན་ནས་ཉོན་མོངས་པ་མ་ཡིན་ནོ། །བཙུན་པ་རབ་འབྱོར། །སེམས་ཀྱི་རང་བཞིན་གལ་ཏེ་ཀུན་ནས་ཉོན་མོངས་པ་ཅན་ཡིན་དུ་ཟིན་ན་ནི་གང་ཡང་ཤིན་ཏུ་རྣམ་པར་དག་པར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་སེམས་ཀྱི་རང་བཞིན་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དེའི་ཕྱིར་ཉོན་མོངས་པ་ཡོངས་སུ་ཤེས་པ་རྣམ་པར་དག་པ་ཞེས་བྱའོ། །ཞེས་འབྱུང་། ཐམས་ཅད་གསང་བའི་རྒྱུད་ལས། སངས་རྒྱས་ཀུན་གྱི་མ་ལུས་ནོར། །ཆོས་རྣམས་རང་གི་སེམས་སུ་འདུས། །བདག་མེད་ཆོས་ཀྱི་སྦྱོར་བ་ཡིས། །གསད་བྱ་བདག་ཉིད་ཤི་གྱུར་པ། །དེ་བས་བདག་གིས་སེམས་ཉིད་བསད །བདག་གི་སེམས་ཉིད་བསད་གྱུར་པས། །རང་སེམས་རྫོགས་པའི་སངས་རྒྱས་ཉིད། །སེམས་ཉིད་ལ་ནི་རྟོགས་པར་བྱ། །ཞེས་དང་། རྡོ་རྗེ་གུར་གྱི་རྒྱུད་ལས། སེམས་ཀྱི་རྡོ་རྗེ་ལས་བྱུང་བའི། །སེམས་ཅན་སྣ་ཚོགས་རང་བཞིན་ཅན། །སེམས་ནི་བདག་གི་རྣམ་རྟོག་གི །སྐྱེ་བོ་དྲི་མས་ནག་པོར་བྱས། །དེ་བས་ཀུན་ཏུ་རབ་འབད་པས། །སེམས་ཀྱི་རྡོ་རྗེ་རྣམ་པར་སྤྱད། །སེམས་དག་པ་ནི་བདེ་བ་ཡིན། །ཉོན་མོངས་དུག་ནི་ཐམས་ཅད་འཕྲོག །ཅེས་དང་། རྣལ་འབྱོར་མ་ཀུན་སྤྱོད་ལས། དེས་ན་ཧེ་རུ་ཀ་དཔལ་རྒྱུད། །སེམས་རྒྱུད་དྲི་མེད་ཡིན་པར་བཤད། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཐབས་དང་ཤེས་རབ་སྦྱོར་བ་ལས། །དེ་ཉིད་དང་ནི་ཐམས་ཅད་བྱུང་། །ཞེས་དང་། སྒྱུ་མ་ཆེན་མོ་ལས་ཀྱང་། ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་ཅིང་རྙོག་པ་མེད། །ཐབས་བརྗོད་པ་ཡི་དེ་ལས་ནི། །རང་བྱུང་ཡེ་ཤེས་ལྔ་པར་འགྱུར། །རྣལ་འབྱོར་མ་རྣམས་སྦྱོར་བས་ན། །ཁམས་གསུམ་པོ་ནི་མ་ལུས་འགྲུབ། །དེའི་འགྲེལ་པར། འདིར་ཚིག་རྐང་དང་པོ་གཉིས་ཀྱིས་ནི་རྒྱུའི་རྒྱུར་མདོར་བསྡུས་ནས་བསྟན་ནོ། །རང་བྱུང་ཡེ་ཤེས་ལྔ་པར་འགྱུར། །ཞེས་བྱ་བ་ནི་འབྲས་བུའི་རྒྱུད་དོ། །ཚིག་རྐང་གསུམ་པ་དང་ལྔ་པ་དང་དྲུག་པས་ནི་ཐབས་ཀྱི་རྒྱུད་བསྟན་ནོ། །དེ་ལ་རང་བཞིན་ནི་གཉུག་མའི་རང་བཞིན་ནོ། །འོད་གསལ་བ་ནི་གསལ་ཞིང་སྣང་བ་སྟེ། ཤིན་ཏུ་དྲི་མ་མེད་པ་ཞེས་པའི་དོན་ནོ། །དེ་ཅི་ཞིག་ཅེ་ན། ཆོས་རྣམས་ཏེ། རང་གི་མཚན་ཉིད་འཛིན་པས་ན་ཆོས་ཏེ། དངོས་པོ་ཐམས་ཅད་དོ། །དེ་ཡང་འདི་ལྟར། དངོས་པོ་ཐམས་ཅད་སེམས་ཙམ་སྟེ། དཔེར་ན་རྨི་ལམ་ཁང་ཁྱིམ་དང་སྐྱེད་མོས་ཚལ་དང་རྫིང་བུ་དང་། རྟ་དང་གླང་པོ་ཆེ་དང་མི་ལ་སོགས་པའི་གཟུགས་སུ་སྣང་བ་ལྟར། སེམས་ཉིད་དངོས་པོ་དེ་དང་དེའི་རྣམ་པར་སྣང་སྟེ། སེམས་ལས་བྱུང་བ་ནི་སེམས་ལས་གུད་ན་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་སེམས་ཙམ་ཡིན་མོད་ཀྱང་། དེའི་རང་བཞིན་གྱིས་སྣང་ཞིང་འོད་གསལ་བ་ཅིའི་ཕྱིར་ཡིན་ཞེ་ན། གདོད་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། གདོད་ནས་ནི་ཐོག་མ་མེད་པ་ཉིད་ནས་སོ། །ཐོག་མ་ཉིད་ནས་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་མེད་པས་ན་དག་པའོ། །སྒྲིབ་པ་རྣམས་ཀྱི་བག་ཆགས་མེད་པས་ན་རྙོག་པ་མེད་པའོ། །ཅིང་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་གདོད་མ་ནས་དག་པའི་ཕྱིར་རང་བཞིན་གྱིས་སྣང་ལ་རྙོག་པ་མེད་པའི་ཕྱིར་རང་བཞིན་གྱིས་འོད་གསལ་བའོ། །འོ་ན་དྲི་མ་མེད་པ་རྣམས་ཀྱང་ཡོད་ལ། དེའི་བག་ཆགས་རྣམས་ཀྱང་ཡོད་བཞིན་དུ་ཅིའི་ཕྱིར་དག་པ་དང་རྙོག་པ་མེད་པ་ཞེ་ན། དེ་དག་གི་རང་བཞིན་ནི་དེ་མ་ཡིན་པའི་ཕྱིར་ཏེ། ནམ་མཁའ་ལ་རྡུལ་དང་། དུ་བ་དང་། ཁུག་སྣ་ལ་སོགས་པ་བཞིན་དུ། དྲི་མ་རྣམས་དེ་ལ་གློ་བུར་བ་ཡིན་པའི་ཕྱིར་རོ། །དེ་བས་ན་ཆོས་རྣམས་རང་བཞིན་གྱི་འོད་གསལ་བའོ། །ཅི་སྟེ་དེ་ལྟར་གྱུར་ན་ནི། འགའ་ཡང་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། སེམས་ཀྱི་རང་བཞིན་དྲི་མར་གྱུར་ན་སེམས་ཡོད་པ་ལ་དེ་ཟད་པ་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་འོད་གསལ་བའི་སེམས་ཉིད་བྱང་ཆུབ་ཀྱི་རྒྱུ་ཡིན་ལ། བྱང་ཆུབ་ནི་འབྲས་བུ་ཡིན་ནོ། །བྱང་ཆུབ་དེ་ཡང་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་ཟད་པས་སེམས་ཀྱི་རྒྱུད་ཤིན་ཏུ་རྣམ་པར་དག་པ་ཡིན་ལ། དེ་ཉིད་ཆོས་སྐུ་སྟེ། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གཞི་དང་། གནས་སུ་གྱུར་པའི་སྐུའོ། །དེ་ལ་ཆོས་ཀྱི་སྐུ་ཉིད་ཀྱིས་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་རང་བྱུང་ཉིད་དེ། སྒྲིབ་པ་ཐམས་ཅད་ཟད་པས་རང་ཉིད་འབའ་ཞིག་ཏུ་གྱུར་པ་སྟེ། རང་གི་རང་བཞིན་ཁོ་ན་སྣང་ངོ་། །ཞེས་བྱ་བའི་དོན་ནོ། །ཞེས་དང་། རང་བྱུང་ཡང་ཡིན་ལ། ཡེ་ཤེས་ལྔ་པ་ཡང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཞེས་བྱ་བའི་དོན་ནོ། །དེ་ལས་ཞེས་བྱ་བ་ནི། རང་བཞིན་གྱི་འོད་གསལ་བའི་རྒྱུ་དེ་ལས། ཐབས་བརྗོད་པ་ཞེས་བྱ་བ་ནི། འབྲས་བུར་གྱུར་པ་དེ་རྣམས་ལ་ཐབས་གཙོ་བོར་གྱུར་པ་བརྟེན་པ་དེ། འདི་ལྟར་རྒྱུ་ཡིན་དུ་ཟིན་ཀྱང་། ཐབས་མ་རྟོགས་པར་འབྲས་བུར་འགྱུར་བ་མ་ཡིན་ཏེ། རྒྱུ་ནི་ཐོག་མ་མེད་པའི་དུས་ཅན་ཡིན་པས་ཐོག་མ་ཉིད་ནས་བྱང་ཆུབ་པར་ཐལ་བའི་ཕྱིར་རོ། །དེ་བས་ན་ཐབས་གཙོ་བོར་གྱུར་པ་བསྟན་ཏོ། །དེ་ཅི་ཞིག་ཅེ་ན། རྣལ་འབྱོར་མ་དེ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མ་རྣམས་མཁའ་འགྲོ་མ་ལྔའོ། །སྦྱོར་བའི་མ་ནི་སྒྱུ་འཕྲུལ་ཆེན་མོའོ། །ཞེས་དང་། རྒྱུད་ཅེས་བྱ་བ་ནི་རབ་ཏུ་རྒྱས་པ་སྟེ། རྒྱུའི་རྒྱུད་དང་། འབྲས་བུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དེ་རྣམ་པ་གསུམ་མོ། །ཞེས་དང་། རྒྱུད་དེ་ལས་དེའི་འབྲས་བུ་རྫོགས་པར་བྱེད་པའི་སྒྲུབ་པའི་ཐབས་ཏེ། ཐབས་རྒྱུད་བཤད་དོ། །འདུས་པ་རྒྱུད་ཕྱིར། རིགས་ནི་རྒྱུད་ཅེས་བྱ་བར་བཤད། །རྒྱུད་ནི་ཐོག་མ་ཞེས་བརྗོད་དེ། །མི་འཇིག་སྐྱེ་བ་མེད་གང་ཡིན། །མགོན་པོ་དེ་ནི་ཡིན་པར་བཤད། །དེ་ཡི་འགྲེལ་པ་ནཱ་རོ་པས། རིགས་ནི་ནང་གི་རིགས་ཀྱི་རྒྱུད་ཅེས་བྱ་བ་ཡིན་ཏེ། རང་གི་སེམས་ཀྱི་རང་བཞིན་དེ་ནི་ཐོག་མ་མེད་པའི་དུས་ནས་ཡང་དག་པའི་ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་སྒྱུ་མ་སྣང་བ་དེ་ལས་ཐོག་མ་མེད་པ་ཞེས་བྱ་བ་དང་། རིགས་དང་རྒྱུན་དང་། རྒྱུད་ཅེས་བྱའོ། །དེ་ཉིད་སེམས་ཡང་དག་པར་རྟོགས་པའི་དུས་ན་ཡང་དག་པའི་རིགས་ཞེས་བྱ་བ་ཡིན་ནོ། །མི་འཇིག་སྐྱེ་བ་མེད་གང་ཡིན། །ཞེས་པ་ལ། དོན་དམ་པ་སེམས་ཀྱི་རྒྱུན་དེ་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི། ཀུན་རྫོབ་ཏུ་ནི་རྒྱུད་དེ། སྒྱུ་མ་ལྟ་བུར་སྣང་བས་མི་འཇིག་པ་ཞེས་བྱའོ། །དེ་བས་ན་མི་འཇིག་པ་སྐྱེ་བ་མེད་པའི་སེམས་ནི་གཙོ་བོའམ་མགོན་པོའམ། རྟེན་ནམ་རྒྱུའམ། ཐོག་མ་ཞེས་བྱའོ། །འདི་སྐད་བསྟན་ཏོ། །རང་གི་སེམས་ཅན་གྱི་རྒྱུན་སྒྱུ་མ་ལྟ་བུར་སྣང་བ་དེ་དོན་དམ་པ་སྐྱེ་འཇིག་མེད་པར་རྟོགས་པ་དེ་ལ་ཡེ་ཤེས་ལྔའི་ཚུལ་དུ་རིགས་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་སྟོན་ཏོ་ཅེས་སོ། །རྣམ་སྣང་མངོན་བྱང་ལས། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །གང་གིས་དེ་རྟོགས་འདོད་པ་སྟེ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གསང་བའི་བདག་པོ་དེ་ལ་བྱང་ཆུབ་གང་ཞེ་ན། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་དང་། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་མི་འཚོལ་བའི་འདུ་ཤེས་བསྒོམ་པར་བྱའོ། །ཞེས་ཀྱང་གསུངས་སོ། །ཞེས་ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ལས་ལྷན་ཅིག་སྐྱེས་སྦྱོར་གྱི་ངོ་བོ་དང་ཐ་སྙད་གཏན་ལ་གང་དུ་ཕབ་ན་རྟོགས་ཉེ་བའི་གནད་བཤད་པ་སྟེ་ལེའུ་གསུམ་པའོ།། །། གསུམ་པ་ཇི་ལྟར་གཏན་ལ་འབེབས་པའི་ཚུལ་ཞིབ་མོར་བཤད་པ་ལ། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་གནད་ཀྱིས་ལྟ་བ་གཏན་ལ་དབབ་པ་དང་། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་གནད་ཀྱིས་སྒོམ་པ་ཉམས་སུ་བླང་བ་དང་། སྣང་སྲིད་ལྷན་ཅིག་སྐྱེས་པ་དབྱེར་མེད་ཀྱི་གནད་ཀྱིས་འབྲས་བུ་མཐར་ཕྱིན་པར་བྱ་བ་དང་གསུམ། དང་པོ་ལ། གནས་ལུགས་ཕྱག་རྒྱ་ཆེན་པོ་དང་། འཁྲུལ་ལུགས་ཕྱག་རྒྱ་ཆེན་པོ་བཤད་པ་གཉིས་ལས། དང་པོ་ནི། བཅར་ཏེ་གཟུང་བ་རྒྱལ་དབང་རྗེས། །འདི་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཀྱི་དེ་ཁོ་ན་ཉིད་ལས་གཞན་མེད་ཅིང་། དེ་ཉིད་ཡེ་གདོད་མ་ནས་རྣམ་པར་དག་པ་དང་། སུས་ཀྱང་བཟོ་མ་བྱས་པས་ལྷུན་གྱིས་གྲུབ་པ་དང་། ཐམས་ཅད་དང་དབྱེར་མེད་དུ་གནས་པས་ཐ་དད་དུ་མེད་པ། ཡོད་མེད་ལ་སོགས་པའི་སྒྲོ་བཏགས་དང་སྐུར་པ་ཐམས་ཅད་ཀྱིས་མ་བསླད་པ། གཟུང་འཛིན་ལ་སོགས་པའི་དྲི་མ་ཐམས་ཅད་དང་བྲལ་བ། དགག་སྒྲུབ་ལ་སོགས་པའི་བློས་བྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་པ། བསམ་བརྗོད་ལ་སོགས་པ་རྟག་ཆད་ཐམས་ཅད་ལས་འདས་པ། སངས་རྒྱས་ཀྱི་དགོངས་པ་ཆོས་ཐམས་ཀྱི་ངོ་བོར་གནས་པ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སམ་ཆོས་སྐུ་ཞེས་ཟེར་ན་ཡང་། དེ་ལྟ་བུའི་མིང་འདོགས་བཟང་པོས་ཀྱང་མ་བསྒྲིབས་པ། གཉུག་མའི་ཤེས་པ། གདོད་མའི་ཤེས་པ། ཐ་མལ་གྱི་ཤེས་པ། དང་པོའི་ཤེས་པ་ཞེས་གསུངས་པ་ཉིད་དེ། སྔར་ཕྱག་རྒྱ་ཆེན་པོ་ཞེས་གང་བཤད་པ་ལུང་ཐམས་ཅད་གྱི་བརྗོད་བྱའི་དོན་དེའོ། །དེ་ཀ་ལ་སྣང་ཙམ་དུ་མི་འགག་པ་རྟེན་འབྲེལ་གྱི་གཞི། གང་དུ་ཡང་མ་གྲུབ་པ་སྟོང་ཉིད་ཀྱི་གཞི། ཐ་དད་དུ་མི་གནས་པ་ཟུང་འཇུག་གི་གཞི། ཕྱོགས་ཆ་དང་བྲལ་བ་ཁྱབ་གདལ་གྱི་གཞི། ཞེས་ལྡོག་ཆ་ནས་དབྱེ་བ་བཤད་དོ། །གཉིས་པ་ནི། དེ་ལས་འཁོར་འདས་སུ་གྱེས་པའི་ཚུལ་བཤད་པ་ཡིན་པས། འདི་ལ་ཇོ་ནང་པས། དོན་དམ་པའི་བདེན་པ་ནི་སྐྱེ་འཇིག་མེད་ཅིང་། འདུས་མ་བྱས་པ་སྟེ། རྟེན་འབྲེལ་ལས་འདས་པའོ། །ཀུན་རྫོབ་ཀྱི་བདེན་པ་ནི་སྐྱེ་ཞིང་འཇིག་པའི་ཆོས་ཅན་རྒྱུ་དང་རྐྱེན་ལ་རག་ལས་པ་སྟེ་འདུས་བྱས་སོ། །འཁོར་འདས་གཉིས་ལས་ཁམས་གསུམ་འཁོར་བ་ནི། ཀུན་ནས་ཉོན་མོངས་པ་ཅན་སྡུག་བསྔལ་གསུམ་མམ་བརྒྱད་ཀྱིས་བསྡུས་པ་སྟེ་ཟག་པ་དང་བཅས་པའོ། །མྱ་ངན་ལས་འདས་པ་ཆེན་པོ་ནི། སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ཟག་པ་མེད་པའི་བདེ་བ་ཆེན་པོ་རྒྱུན་ཆད་མེད་པའོ། །རྣམ་ཤེས་དང་ཡེ་ཤེས་གཉིས་ལས། རྣམ་ཤེས་ནི་མུན་པ་མུན་ནག་དུག་ལྟ་བུ་སྤང་བར་བྱ་བ་སྟེ་ཀུན་རྫོབ་རང་སྟོང་། རང་བྱུང་ཡེ་ཤེས་ནི་འོད་སྟོང་པའི་རྣམ་པའམ་བདུད་རྩི་ལྟ་བུ་སྟེ། སྤང་བར་བྱ་བ་མ་ཡིན་པས་དོན་དམ་གཞན་སྟོང་། རྣམ་ཤེས་ཀྱི་རང་སྣང་ནི། ཀུན་རྫོབ་ཀྱི་ཁམས་གསུམ་པ་སྡུག་བསྔལ་དང་སྐད་ཅིག་ལས་མ་འདས་པ་སྟེ་ལས་དང་ཉོན་མོངས་ཀྱིས་སྤྲུལ་པ་སྡུག་བསྔལ་གྱི་རང་བཞིན་ནོ། །རང་བྱུང་ཡེ་ཤེས་ཀྱི་རང་སྣང་ནི། དོན་དམ་པའི་ཁམས་གསུམ་པ་སྡུག་བསྔལ་དང་སྐད་ཅིག་ལས་འདས་པ་སྟེ། རྒྱུ་རྐྱེན་གང་གིས་ཀྱང་མ་བསྐྱེད་ཅིང་སྡུག་བསྔལ་མེད་པའི་བདེ་བ་ཆེན་པོ་རྒྱུན་ཆད་མེད་པའོ། །རྣམ་ཤེས་དང་དེའི་རང་སྣང་ནི་སྨྲ་བསམ་བརྗོད་དུ་ཡོད་ཅིང་། རྟོག་གེའི་སྤྱོད་ཡུལ་དུ་རུང་བ་སྟེ། ཆ་ཤས་དང་བཅས་ཤིང་དཔེ་དང་བཅས་པའོ། །རང་བྱུང་ཡེ་ཤེས་དང་དེའི་རང་སྣང་ནི་སྨྲ་བསམ་བརྗོད་དུ་མེད་ཅིང་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའོ། །ཆ་ཤས་མེད་ཅིང་དཔེར་བྱ་ཀུན་ལས་འདས་པ་ཉིད་དོ། །བདེ་གཤེགས་སྙིང་པོ་དང་། གློ་བུར་དྲི་མ་གཉིས་ལས། བདེ་གཤེགས་སྙིང་པོ་ནི་འོད་གསལ་ཆོས་ཀྱི་སྐུ་སྟེ། གཉུག་མ་ལྷན་སྐྱེས་གཞོམ་དུ་མེད་ཅིང་འཇིག་པ་མེད་པའི་བདེ་བ་ཆེན་པོ་མཁའ་ལྟར་ཁྱབ་པའོ། །གློ་བུར་དྲི་མ་ནི། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་དབུགས་རྒྱུ་བ་དང་བཅས་པ་གང་འཕོ་བའི་བག་ཆགས་མ་སྤངས་པའོ། །དེ་ལྟ་བས་ན། བདེན་པ་གཉིས་དང་། འཁོར་འདས་གཉིས་དང་། རྣམ་ཤེས་ཡེ་ཤེས་གཉིས་སོ་སོར་རང་སྣང་དང་བཅས་པ་ནི་ཁྱད་ཤིན་ཏུ་ཆེ་སྟེ། ཞེས་དང་། སྟོང་ཉིད་ཀྱང་གཉིས་ཏེ། ཀུན་རྫོབ་རྟེན་འབྲེལ་ལས་མ་འདས་པའི་སྟོང་ཉིད་དང་། དོན་དམ་རྟེན་འབྲེལ་ལས་འདས་པའི་སྟོང་ཉིད་དོ། །དེ་ཡང་དང་པོ་ནི་ཆོས་ཅན་གློ་བུར་བ་གསོག་གསོ་རྫུན་པ་སླུ་བ་སྟེ། རང་རང་ངོ་བོས་སྟོང་། ཀུན་རྫོབ་སྟོང་ཉིད་དོ། །གཉིས་པ་ནི། ཆོས་ཉིད་འགྱུར་བ་མེད་པས་རང་བཞིན་བདེན་པ་ཡང་དག་པ་མི་བསླུ་བ་སྟེ། རང་གིས་མི་སྟོང་ཡང་། རང་ལས་གཞན་ཀུན་རྫོབ་ཀྱིས་སྟོང་པ་དོན་དམ་སྟོང་ཉིད་དོ། །དེ་ཡང་ཆོས་སྐུ་དང་། སྟོང་པ་མུ་གཉིས་ཏེ་སྟོང་ཉིད་ཡིན་ཡང་ཆོས་སྐུ་མ་ཡིན་པ་དང་། སྟོང་ཉིད་ཡིན་ལ་ཆོས་སྐུ་ཡིན་པའོ། །དེ་ལ་དང་པོ་ནི། ཆོས་ཅན་ཀུན་རྫོབ་རང་སྟོང་སྟེ། གཤིས་ཀྱི་གནས་ལུགས་ལ་ནམ་ཡང་མ་གྲུབ་ཅིང་དཔྱད་མི་བཟོད་པའོ། །གཉིས་པ་ནི། ཆོས་ཉིད་དོན་དམ་གཞན་སྟོང་དེ་ནམ་ཡང་མེད་པ་མ་ཡིན་ཞིང་དཔྱད་བཟོད་པའོ། །ཞེས་དང་། ངོ་བོ་ཉིད་གསུམ་ལས། ཀུན་བརྟགས་གཞན་དབང་གཉིས་ནི་གློ་བུར་བའི་ཆོས་ཏེ་ཀུན་རྫོབ་རང་སྟོང་ངོ་། །ཡོངས་གྲུབ་རྣམ་པ་གཉིས་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་དོན་དམ་གཞན་སྟོང་ངོ་། །ཕྱི་ནང་གཞན་གསུམ་ལས། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ནི་འགྱུར་བའི་ཆོས་ཅན་གློ་བུར་བ་སྟེ་ཀུན་རྫོབ་རང་སྟོང་ངོ་། །གཞན་བདེ་གཤེགས་སྙིང་པོ་ནི། ཆོས་ཉིད་གཉུག་མ་འཕོ་འགྱུར་མེད་པ་སྟེ། དོན་དམ་གཞན་སྟོང་ངོ་། །སྤྱིར་གྱིས་གཞི་ལམ་འབྲས་བུ་གསུམ་ལས། གཞི་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པ་བདེ་གཤེགས་སྙིང་པོ་ཀུན་གཞིའི་ཡེ་ཤེས་ཏེ། སྐྱོན་གྱི་ཆ་རྣམས་སྦྱང་བའི་གཞི་དང་། ཡོན་ཏན་གྱི་ཆ་རྣམས་མངོན་དུ་གྱུར་པའི་གཞིའོ། །ལམ་གྱི་གཞི་དེ་ལ་སྐྱོན་གྱི་ཆ་རྣམས་ཟད་པར་བྱེད་ཅིང་། ཡོན་ཏན་གྱི་ཆ་རྣམས་མངོན་དུ་བྱེད་པའི་ཐབས་སུ་གྱུར་པ་ཚོགས་གཉིས་འཁོར་དང་བཅས་པ་སྟེ། ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྐུའི་ཡོན་ཏན་གདོད་ནས་ལྷུན་གྲུབ་རྟག་པར་གནས་པའི་སྒྲིབ་གཡོགས་སེལ་བར་བྱེད་ཅིང་། བསོད་ནམས་ཀྱི་ཚོགས་ཀྱིས་གཟུགས་སྐུའི་ཡོན་ཏན་སྔོན་མེད་རིམ་གྱིས་སྐྱེད་པར་བྱེད་པའོ། །འབྲས་བུ་ནི་བྲལ་འབྲས་ཆོས་སྐུ་དོན་དམ་དེ་ཁོ་ན་ཉིད་ཀྱི་སྐུ་བསྐྱེད་འབྲས་གཟུགས་སྐུ་ཀུན་རྫོབ་བརྡའི་སྐུ་སྟེ། རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གནས་སོ། །དེ་ལྟར་ཆོས་སྐུ་དྲི་མ་དང་བྲལ་བའི་གཞི་ནི་རང་བཞིན་གྱི་རིགས་ཆོས་ཀྱི་དབྱིངས་རྣམ་པ་ཀུན་ལྡན་རྣམ་པ་མེད་པ་སྟེ་གཏེར་ཆེན་པོ་སྔར་ནས་ཡོད་པ་ལྟ་བུའོ། །གཟུགས་སྐུ་བསྐྱེད་པའི་ས་བོན་རྒྱས་པའི་རིགས་ནི་དགེ་བའི་རྩ་བས་གསར་དུ་བསྐྱེད་པ། འབྲས་བུ་བཟང་པོ་ཅན་གྱི་ལྗོན་ཤིང་སྔོན་མེད་རིམ་པས་བསྐྱེད་པ་ལྟ་བུའོ། །དེ་ཡང་རང་བཞིན་གྱི་རིགས་ལ་བརྟེན་ཏོ། །ཁྱད་པར་སྦྱང་གཞི་སྦྱང་བྱ། སྦྱོང་བྱེད་སྦྱངས་འབྲས་བཞི་ལས། སྦྱང་བའི་གཞི་ནི། ཀུན་གཞི་ཡེ་ཤེས་ཀྱི་སྙིང་པོ་དྲི་བཅས་དེ་བཞིན་ཉིད་དེ། སྤྲིན་ཚོགས་འཁྲིགས་པའི་ནམ་མཁའ་དང་། འདམ་གྱིས་གཡོགས་པའི་ནོར་བུ་ལྟ་བུའོ། །སྦྱང་བྱ་དྲི་མ་ནི་སྦུབས་ལ་ཞེན་པའི་ཀུན་གཞི་རྣམ་ཤེས་འཁོར་དང་བཅས་པ་སྟེ། སྤྲིན་དང་འདམ་རྫབ་ལྟ་བུའོ། །སྦྱོང་བྱེད་ལམ་ནི་འཕོ་བའི་སྐད་ཅིག་འགགས་པར་བྱེད་པའི་ཐབས་མཆོག་འཁོར་དང་བཅས་པ་སྟེ། སྤྲིན་ཚོགས་གཏོར་བའི་རླུང་དང་། འདམ་རྫབ་འཁྲུད་པའི་ཆུ་རྒྱུན་ལྟ་བུའོ། །སྦྱངས་པའི་འབྲས་བུ་ནི། འཕོ་བའི་སྐད་ཅིག་འགགས་པའི་གཞི་ལ་འཕོ་མེད་བདེ་སྟོང་རང་བྱུང་གི་ཡེ་ཤེས་གདོད་མ་ནས་ལྷུན་གྲུབ་རྟག་པར་བཞུགས་པ་སྟེ་མངོན་དུ་གྱུར་ཅིང་ཐོབ་པ་སྟེ། སྤྲིན་ཚོགས་སངས། ནམ་མཁའ་དག་པ་དང་། དྲི་བྲལ་ནོར་བུ་ཐོབ་ནས་དགོས་དགུ་ཚང་བ་ལྟ་བུའོ། །དེ་བས་ན་ཐམས་ཅད་མཁྱེན་པས་གསུངས་པའི་ལུང་དང་། རིགས་པ་དང་། མན་ངག་དམ་པའི་རྗེས་སུ་འབྲངས་ནས། སྦྱང་བྱ་དྲི་མ་དང་། སྦྱང་གཞི་དག་བྱེད་དབྱེར་མེད་གཅིག་ཏུ་མི་བཞེད་དོ། །གཞན་ཡང་། འདིར་ཀུན་རྫོབ་ལས། གཞན་དོན་དམ་པའི་རྒྱུ་དང་འབྲས་བུ་ནི་དམིགས་པ་དང་བཅས་པའི་སྟོང་ཉིད་དང་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ལ་གསུངས་ཤིང་། དེ་དག་ཀྱང་དོན་དམ་སྟོང་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་ཞིང་རྡུལ་དང་སྐད་ཅིག་ལས་འདས་པའི་གཟུགས་སོ། །ཆ་མེད་ཀུན་འགྲོ་དང་། འཛག་པ་མེད་པའི་བདེ་བ་ཆེན་པོ་མཁའ་དབྱིངས་ཁྱབ་ཅིང་དབང་པོ་གཉིས་ཀྱི་བདེ་བ་དང་། སྐད་ཅིག་ལས་འདས་པའི་ཡེ་ཤེས་ལ་གསུངས་སོ། །དེ་དག་ཉིད་ཤེས་རབ་དང་ཐབས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། རྡོ་རྗེ་འཆང་ཆེན་པོ་དང་། དེ་བཞིན་དུ་ཕྱག་རྒྱ་ཆེན་མོ་དང་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་ཉི་མ་དང་། རྡོ་རྗེ་ཟླ་བའོ། །བདེན་པ་བཅུ་གཉིས་དང་། དེ་ཉིད་བཅུ་དྲུག་གོ །དོན་དམ་པ་སྟོང་པ་ཉིད་བཅོ་བརྒྱད་དང་། སྙིང་རྗེ་བཅུ་དྲུག་གོ །དེར་བཞུགས་པའི་ལྷ་བཅུ་དྲུག་གོ །དོན་དམ་པ་ཨེ་ཡིག་དང་ཝཾ་ཡིག་གོ །གཟུགས་ནི་གཞན་དང་འཛིན་པ་གཞན་ནོ། །ཐབས་ཤེས་གཞན་དང་ཡེ་ཤེས་གཞན་ནོ། །ཞེས་དང་། དེ་ལྟ་བས་ན། དོན་དམ་པའི་རྒྱུ་དང་འབྲས་བུ་ལ་ངོ་བོ་ཐ་དད་དོན་ལ་མེད་ཀྱང་གང་ཟག་ལམ་དུ་ཞུགས་པ་རྣམས་ལ་མངོན་དུ་གྱུར་ཚུལ་སྔ་ཕྱིའི་སྒོ་ནས་ཐ་དད་པའི་ཕྱིར་དང་། རྒྱུ་འབྲས་དང་འདྲ་བའི་རྣམ་པ་གཞན་ཡང་ཡོད་པའི་ཕྱིར། དང་པོ་རྒྱུ་སྟོང་ཉིད་ཀྱི་ཐེག་པ་དང་། དེ་ནས་འབྲས་བུ་སྙིང་རྗེའི་ཐེག་པ་བསྟན་ཏེ་ཐེག་ཆེན་མདོ་སྡེ་རིན་པོ་ཆེ་རྣམས་སུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྤྲོས་པ་མེད་པ་དང་། ཡིད་ལ་མི་བྱེད་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མི་ལེན་མི་འདོར་བ་དང་། ཆོས་ཉིད་དང་། ཆོས་ཀྱི་གནས་དབྱིངས་ཉིད་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། མ་སྐྱེས་པ་དང་། མ་འགགས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ཆོས་ཀྱི་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་དང་ཞེས་པ་ལ་སོགས་པ་རྣམ་པ་མང་པོའི་མིང་གིས་ཀུན་རྫོབ་རང་སྟོང་གིས་སྟོང་པའི་གཞི་ལ། དོན་དམ་གཞན་སྟོང་ནམ་མཁའ་ལྟར་རྟག་ཏུ་བཞུགས་པ་དེ་བསྟན་ཏོ། །དེ་ཡང་བཀའ་འཁོར་ལོ་བར་པར་དགག་བྱའི་ཆོས། ཀུན་རྫོབ་རང་སྟོང་རྟེན་འབྲེལ་ལས་མ་འདས་པ་གཙོ་ཆེར་གྲགས། དགག་པའི་གཞི་དོན་དམ་གཞན་སྟོང་རྟེན་འབྲེལ་ལས་འདས་པ། བཀའ་འཁོར་ལོ་བར་པར་དགག་པའི་གཞི་ཡེ་ནས་མ་བསྟན་པ་ནི་མ་ཡིན་ནོ། །རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་དགའ་བ་དང་། མཆོག་དགའ་དང་། ཁྱད་པར་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་དང་། རྡོ་རྗེའི་ཆགས་པ་དང་། རྗེས་སུ་ཆགས་པ་དང་། འདོད་ཆགས་ཆེན་པོ་དང་། ཞེ་སྡང་ཆེན་པོ་དང་། གཏི་མུག་ཆེན་པོ་དང་། ང་རྒྱལ་ཆེན་པོ་དང་། ཕྲག་དོག་ཆེན་པོ་དང་། སེར་སྣ་ཆེན་པོ་དང་། སྲོག་ཆེན་པོ་དང་། སེམས་ཅན་ཆེན་པོ་དང་། རྡོ་རྗེ་དང་། ཐིག་ལེ་དང་། དེ་ཁོ་ན་ཉིད་དང་། འདུས་པ་དང་། སྡོམ་པ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། ཕྱག་རྒྱ་ཆེན་པོ་དང་། དང་པོའི་སངས་རྒྱས་དང་། རྡོ་རྗེ་སེམས་དཔའ་དང་། ཨེ་ཝཾ་ཡི་གེ་ལ་སོགས་རྣམ་པ་མང་པོའི་མིང་གི་འགྱུར་མེད་མཆོག་གི་བདེ་བ་ཆེན་པོ་བསྟན་ཏེ། དེའི་ཕྱིར་རྒྱུ་སྟོང་ཉིད་གཙོ་བོར་བཏོན་ན་རྒྱུའི་ཐེག་པ། འབྲས་བུ་བདེ་ཆེན་གཙོ་བོར་བསྟན་ན་འབྲས་བུའི་ཐེག་པ་ཞེས་གསུངས་ཤིང་། དེ་དག་གི་དོན་དབྱེར་མེད་གཅིག་ཏུ་གསུངས་པ་ལ་དགོངས་ནས། དོན་གཅིག་ནའང་མ་རྨོངས་དང་། ཞེས་པ་ལ་སོགས་དང་། དེ་གཉིས་གྱི་དོན་ཐ་དད་པར་བཟུང་ནས་ཕན་ཚུན་སྨོད་ན་རྩ་ལྟུང་དྲུག་པར་གསུངས་སོ། །དེ་ལྟ་ནའང་མཐར་ཐུག་གི་དོན་སྔགས་སུ་གསལ་ལ། མཚན་ཉིད་ཐེག་པར་མི་གསལ་བ་དང་། དེ་མངོན་དུ་བྱེད་པའི་ཐབས་ཟབ་མི་ཟབ་ལ་སོགས་པའི་སྒོ་ནས་འབྲས་བུ་ཐོབ་པ་ལ་ཉེ་རིང་གི་ཁྱད་པར་ནི་གསལ་བར་གསུངས་ཏེ། ཞེས་དང་། ཡང་། སྤྱིར་གྱིས་སྣང་སྟོང་ཟུང་འཇུག་བྱ་བ་འདི་ལ་གཉིས། དོན་དམ་སྣང་སྟོང་ཟུང་འཇུག་དང་། ཀུན་རྫོབ་སྣང་སྟོང་ཟུང་འཇུག་གོ །དེ་བཞིན་དུ་བདེ་གཤེགས་སྙིང་པོའི་སྣང་སྟོང་ཟུང་འཇུག་དང་། གློ་བུར་དྲི་མའི་སྣང་སྟོང་ཟུང་འཇུག་དང་། ཀུན་བརྟགས་གཞན་དབང་གི་སྣང་སྟོང་ཟུང་འཇུག་དང་། ཡོངས་སུ་གྲུབ་པའི་སྣང་སྟོང་ཟུང་འཇུག་གོ །ཕྱི་ནང་གི་སྣང་སྟོང་ཟུང་འཇུག་དང་། གཞན་སྟོང་གི་སྣང་སྟོང་ཟུང་འཇུག་གོ །དེ་བཞིན་དུ་གཞི་ལམ་འབྲས་བུའི་སྣང་སྟོང་ཟུང་འཇུག་དང་། སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ཀྱི་སྣང་སྟོང་ཟུང་འཇུག་ལ་སོགས་པ་རྣམ་པ་མང་དུ་ཡོད་པ་ལས། འདིར་རེ་ཞིག་དོན་དམ་བདེ་གཤེགས་སྙིང་པོའི་སྣང་སྟོང་ཟུང་འཇུག་གང་ཡིན་པ་དེ་ནི་དོན་སྣང་སྟོང་གཉིས་ཀ་ཡང་སྤང་བྱ་མ་ཡིན་པ་ཁོ་ནའོ། །གློ་བུར་དྲི་མ་ཉེར་ལེན་གྱི་ཕུང་པོ་ཁམས་སོགས་ཀྱི་སྣང་སྟོང་ཟུང་འཇུག་གང་ཡིན་པ་དེ་ནི་སྣང་སྟོང་གཉིས་ཀ་སྤང་བྱ་ཁོ་ནའོ། །གལ་ཏེ་སྦྱང་གཞི་དང་སྦྱང་བྱའི་དྲི་མ་གཅིག་མ་ཡིན་ཞིང་། སྦྱང་བྱ་དང་སྦྱོང་བྱེད་ཀྱང་གཅིག་མ་ཡིན་ན། འོ་ན་བདེན་གཉིས་དབྱེར་མེད། འཁོར་འདས་དབྱེར་མེད་དུ་གསུངས་པའི་དོན་ཇི་ལྟ་བ་ཡིན་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ་ཁ་ཅིག་སྣང་བའི་ཆ་ཀུན་རྫོབ། སྟོང་པའི་ཆ་དོན་དམ་ཡིན་པས་སྣང་སྟོང་དབྱེར་མེད་པ་འདི་བདེན་གཉིས་དབྱེར་མེད་ཀྱི་དོན་ཡིན་ནོ་ཞེས་འདོད་པ་ནི་བཅོམ་ལྡན་འདས་ཀྱི་དགོངས་པ་མ་ཡིན་ཏེ། ཀུན་རྫོབ་གྱི་སྟོང་པའི་ཆ་ཡང་དོན་དམ་མ་ཡིན་ཞིང་། དོན་དམ་གྱི་སྣང་བའི་ཆ་ཡང་ཀུན་རྫོབ་མ་ཡིན་པའི་ཕྱིར་དང་། ཀུན་རྫོབ་རང་སྟོང་རྟེན་འབྲེལ་ལས་མ་འདས་པ་དང་། དོན་དམ་གཞན་སྟོང་རྟེན་འབྲེལ་ལས་འདས་པ་དག་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་དང་། དོན་དམ་རྟེན་འབྲེལ་ལས་འདས་པ་ཉིད་ཀུན་རྫོབ་རྣམ་པ་ཅན་དུ་བཞུགས་པ་ལ་བདེན་གཉིས་དབྱེར་མེད་ཀྱི་དོན་དང་། མྱང་འདས་ཆེན་པོའི་སྣང་བའི་ཆ་ཡང་འཁོར་བ་མ་ཡིན་པའི་ཕྱིར་དང་། འཁོར་བ་རང་སྟོང་རྟེན་འབྲེལ་ལས་མ་འདས་པའི་ཕྱིར་དང་། མྱང་འདས་གཞན་སྟོང་རྟེན་འབྲེལ་ལས་འདས་པ་དག་ཁྱད་ཤིན་ཏུ་ཆེ་བའི་ཕྱིར་དང་། མྱང་འདས་ཆེན་པོ་ཉིད་འཁོར་བའི་རྣམ་པ་ཅན་དུ་བཞུགས་པ་ལ་འཁོར་འདས་དབྱེར་མེད་ཀྱི་དོན་དུ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་དེ་དག་སྟོང་ཉིད་དུ་ཤེས་པ་ཙམ་ཡང་ཡེ་ཤེས་མ་ཡིན་ཞིང་། ཆོས་སྐུ་མ་ཡིན་ལ། ཕྱག་རྒྱ་ཆེན་པོ་ཡང་མ་ཡིན་ཏེ། དེ་ལ་དེ་དང་དེའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །གལ་ཏེ་ཉོན་མོངས་གང་སྐྱེ་ལ་བལྟས་པས་རང་བཞིན་མེད་པར་རྟོགས་པའི་ཚེ་གཉེན་པོ་ལོགས་ནས་བཙལ་མ་དགོས་པར་སྤང་བྱ་དེ་ཉིད་གཉེན་པོར་སོང་བའི་ཕྱིར། སྦྱང་བྱ་སྦྱོང་བྱེད་དབྱེར་མེད་ཡིན་ནོ་སྙམ་ན། འདི་ནི་ལེགས་པར་ཡོངས་སུ་མ་བརྟགས་པ་ཁོ་ན་ཡིན་གྱི། ལེགས་པར་བརྟགས་ན་ཉོན་མོངས་རང་བཞིན་མེད་པར་རྟོགས་པ་དེ་ཉོན་མོངས་ཀྱི་གཉེན་པོའི་ཕྱོགས་སུ་གཏོགས་པ་ཡིན་གྱི། ཉོན་མོངས་དང་ཐ་མི་དད་པ་ནི་མ་ཡིན་ནོ། །སྔོན་དུ་སྐྱེས་པའི་ཉོན་མོངས་དང་། ཕྱིས་ནས་དེ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ནི་དུས་ཀྱི་སྒོ་ནས་ཐ་དད་ཅིང་ངོ་བོའི་སྒོ་ནས་ཀྱང་ཐ་དད་པ་ལས་ཀྱི་སྒོ་ནས་ཀྱང་ཐ་དད་པའི་ཕྱིར་རོ། ཡང་ངོ་མ་ཤེས་ན་རྣམ་རྟོག ངོ་ཤེས་ན་ཆོས་སྐུ། ངོ་མ་ཤེས་ན་མ་རིག་པ། ངོ་ཤེས་ན་རིག་པ། ངོ་མ་ཤེས་ན་དུག་ལྔ། ངོ་ཤེས་ན་ཡེ་ཤེས། ངོ་མ་ཤེས་ན་འཁོར་བ། ངོ་ཤེས་ན་མྱང་འདས། ཞེས་པ་ལ་སོགས་པའི་འདོད་པ་ཐམས་ཅད་གྲུབ་པའི་གསུང་དང་མི་མཐུན་ཏེ། དེའང་ངོ་མ་ཤེས་ན་མུན་པ། ངོ་ཤེས་ན་སྣང་བ། ངོ་མ་ཤེས་ན་སྤྲིན་ཚོགས། ངོ་ཤེས་ན་ནམ་མཁའ་དྭངས་པ། ངོ་མ་ཤེས་ན་འབྲུའི་ཤུན་པ། ངོ་ཤེས་ན་འབྲུའི་སྙིང་པོ། །ངོ་མ་ཤེས་ན་མི་གཙང་བའི་སྦུབས། ངོ་ཤེས་ན་ཡིད་བཞིན་གྱི་ནོར་བུ། ངོ་མ་ཤེས་ན་བུམ་པའི་སྦུབས། ངོ་ཤེས་ན་བུམ་ནང་གི་མར་མེ་ཡིན་ཞེས་པ་ལ་སོགས་པ་དང་མཚུངས་པ་ཁོ་ནའོ། །དེ་བཞིན་དུ་སྣང་སྲིད་ཐམས་ཅད་ཆོས་སྐུ། གང་ཤར་ཐམས་ཅད་ཕྱག་རྒྱ་ཆེན་པོ། །འདུས་བྱས་ཐམས་ཅད་རང་བྱུང་ཡེ་ཤེས། འཁོར་འདས་ཐམས་ཅད་སེམས་ཀྱིས་བྱས་པས་སངས་རྒྱས་མིང་སྟོང་ཞེས་པ་ལ་སོགས་པ་འདོད་པ་རྣམས་ཀྱང་ཐུབ་པའི་གསུང་དང་མི་མཐུན་ནོ། །ཞེས་བསྟན་བཅོས་མང་དུ་སྦྱར་བའི་ལུགས་ཀྱི་སྙིང་པོ་དེར་འདུས་སོ། །འདི་ལ་དཔྱད་ན། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད། ཀུན་རྫོབ་ཀྱི་བདེན་པར་བཞག་པ་ནི་དུས་ཀྱི་འཁོར་ལོ་དང་། གསང་འདུས་གཉིས་ཀར་བྱུང་། དེ་སོ་སོ་སྐྱེ་བོ་ལ་མངོན་སུམ་དུ་སྣང་ནུས་པའི་ཕྱིར། ཀུན་རྫོབ་པ་ཁོ་ནའོ། །རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཞན་སྟོང་གི་ཁུངས་སུའང་མི་འགྲོ་སྟེ། དེ་པྲ་བརྒྱད་ཕབ་པའི་སྣང་བ་དང་མཚུངས་པར་བཤད་ལ། དེ་ནི་སྒྱུ་མར་སྟོན་པའི་དཔེ། སྒྱུ་མ་ནི་མི་བདེན་པ་སྙིང་པོ་མེད་པའི་འདུས་བྱས་ཀྱི་དཔེར་ངེད་ཀྱི་སངས་རྒྱས་གསུང་པས་ལུང་དེ་དང་ཁྱེད་ཀྱིས་སངས་རྒྱས་མ་མཐུན་ནོ། །ཡང་དོན་དམ་སྐད་ཅིག་ལས་འདས་པ་ཞེས་པའང་མི་འཐད་དེ། དམ་པ་དང་པོར། མཆོག་ཏུ་མི་འགྱུར་བའི་བདེ་བ་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་ཕྱེ་སྟེ་བཞག་པ་དང་འགལ་བའི་ཕྱིར་རོ། རྟེན་འབྲེལ་ལས་འདས་པ་ཞེས་མཆོག་མི་འགྱུར་དུ་གསུངས་པ་ནི་ཡན་ལག་བཅུ་གཉིས་ཀྱི་དབང་དུ་མཛད་ལ། རྣལ་འབྱོར་བསྡུ་བའི་འགྲེལ་པར། འཁོར་བ་དང་མྱང་འདས་ལྟོས་གྲུབ་ཏུ་བཞག་པའི་ཕྱིར་ན་རྟེན་འབྲེལ་དུ་གྲུབ་ཀྱིས། མྱ་ངན་ལས་འདས་པ་ལས་ལྷག་པའི་དོན་དམ་བདེན་པ་ཅི་ཞིག་ཡོད། རྣལ་འབྱོར་བསྡུ་བའི་མདོར་བསྡུས་ཀྱི་འགྲེལ་ཆེན་དུ་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་རང་བཞིན་མེད་པར་བཤད་པས་དོན་དམ་གཞན་སྟོང་དུ་གང་གིས་འགྲུབ། ཁྱེད་ཀྱི་འདོད་པ་འདི་རང་སྟོང་ངམ་ཀུན་རྫོབ་ཐམས་ཅད་ཆད་པ། དོན་དམ་ཐམས་ཅད་བདེན་པར་ཁས་བླངས་པས་རྟག་ལྟར་སོང་བས། ནང་ལེའི་ལྟ་བའི་མདོར་བསྡུས་དང་རྣལ་འབྱོར་བསྡུ་བ་གཉིས་ཀར་དོན་དམ་པ་ལ་ཕྱོགས་མེད་པར་བཤད་པ་དང་འགལ་བའི་ཕྱིར་གཏན་མི་འཐད་དོ། །ཡང་འབྲོས་ཁུངས་འགལ་འདུ་སྐྱོན་མེད་དུའང་མ་སོང་སྟེ། འཁོར་བའི་རྣམ་པར་སྣང་བ་དེ་སུ་ལ་འཁོར་བ་ཡིན་ལ། མྱ་ངན་ལས་འདས་པ་དང་འགལ་བ་ཡིན་པ་སོམས་དང་། འགལ་འདུ་སྐྱོན་མེད་དུ་འཇོག་པ་ལ་གཅིག་ལ་ལྟོས་ནས་འགལ་བ་དེ། གཅིག་ལ་ལྟོས་ནས་མི་འགལ་བར་བསྡུ་བ་ཞིག་སྟོན་དགོས་པ་ཡིན་ནོ། །རྒྱུད་ལས། དུ་བའི་རྣམ་པར་སྣང་བར་སྣང་ཡང་དུ་བ་མིན་གསུང་པ་ལྟ་བུ། ཐ་མལ་པའི་མེའི་འབྲས་བུ་ལས་ལོགས་སུ་དགར་བ་ཡིན་ལ། དེ་ལ་འགལ་འདུ་སྐྱོན་མེད་དུ་བཞག་པའང་མེད་དོ། །གཟུགས་ཀྱི་སྐུའི་རྒྱུ་གསར་འོངས་སུ་འཆད་པ་ནི་ནོར་བ་ཆེན་པོ་སྟེ། དཔལ་ལྡན་རྒྱུད་རྩ་འགྲེལ་ལས། །ལོངས་སྤྲུལ་དུ་བཞག་པ་ནི། དོན་ཆེན་ཡི་གེ་དམ་པ་ཡིན་དང་། རྡུལ་མེད་རྡུལ་བྲལ་སྣ་ཚོགས་གཟུགས་ཀྱིས་བསྒྲུབས་པས །དེ་གསར་འོངས་སུ་འཆད་པས་དུས་འཁོར་བ་ཉམས་དགའ་འོ། །གཞན་ཡང་ཉོན་མོངས་པ་རང་བཞིན་ཤེས་པ་ཞེས་འཆད་པ་རྣམས་ཉོན་མོངས་པར་སྣང་བ་ཉིད་ཀྱི་དུས་རང་བཞིན་མེད་པ་རིག་པ་ཞིག་དགོས་པར་འཆད་དེ། དེ་མིན་ན་དེ་རང་གིས་རང་རིག་པར་ཡིན་མིན་རྩད་ཅི་ལ་དགོས། དེས་ན་ཕྱོགས་སྔའི་ནམ་མ་ལངས་པར་གདའོ། །འདིའི་ལུགས་ཀྱི་གཞན་སྟོང་། འགྲེལ་པ་སྐོར་གསུམ་དང་བསྟུན་ནས་སྨྲས་སོ་སྙམ་ནས་ཡུས་པ་ལ་མཚན་ཉིད་ཀྱི་ཐེག་པའི་ལུང་གིས་སུན་འབྱིན་པ་ཡང་འོས་པར་མ་མཐོང་ངོ་། །འོ་ན་ཁྱེད་རང་གི་ལུགས་ཀྱི་གཞི་གང་། ལམ་གང་། འབྲས་བུ་གང་སྙམ་ན། དངོས་པོའི་གནས་ལུགས་གཉིས་སུ་ཕྱེ་སྟེ། ལུས་དངོས་པོའི་གནས་ལུགས་དང་། སེམས་དངོས་པོའི་གནས་ལུགས་སོ། །དེས་ན་ལུས་ཀྱི་གནས་ལུགས་ནི་འཁྲུལ་པའི་ཆ་ནས་འཇོག་པས། གློ་བུར་གྱི་དྲི་མ་དང་བཅས་པ་དང་། སེམས་ཀྱི་གནས་ལུགས་ནི་ཡེ་ནས་དག་དག་པ་ཉིད་དེ། སྤྱི་སྐད་ལ་རང་བཞིན་གྱིས་དག་པ་ཞེས་པ་དེའི་ཆ་ནས་སོ། །གློ་བུར་བ་ཡང་གཤིས་དང་གདངས་གཉིས་ལ་མ་གྲུབ་ཀྱང་། གཤིས་དང་གདངས་སུ་སྣང་བས་དེ་སྐད་བརྗོད་དེ། དཔེར་ན་ཐང་ག་ལ་འབུར་ཀྱོང་དོད་པར་སྣང་བ་བཞིན་ནམ། མཁྲིས་ནད་ཅན་ལ་དུང་སེར་པོར་སྣང་བ་བཞིན། སེར་པོ་དེ་དུང་གི་གཤིས་སམ་དུང་གི་མདངས་ལ་མ་གྲུབ་པ་དང་། མཁྲིས་ནད་ཅན་ལ་སྣང་རྒྱུ་བྱུང་བ་དང་། ཡང་ནད་དག་རིམ་གྱིས་ཞི་ཚུལ་ཡང་འཐད་བྱུང་བས་སོ། །གལ་ཏེ་སེར་པོ་དུང་གི་གཤིས་སམ་གདངས་ག་ལ་ཡོད་དེ་ཡོད་ནའང་། ནད་མེད་ཀྱིས་ཀྱང་མཐོང་རིགས་པ་ལ་མེད་པས་མ་མཐོང་བ་བཞིན་མ་རྟོགས་ན་འཁྲུལ་པར་སྣང་རུང་། རྟོགས་ན་ཆོས་སྐུར་འཆར་བ་ཡང་དེ་ལྟ་བུ་སྟེ། འདི་གཉིས་ཀའི་མཚན་གཞིར། རྣམ་པར་རྟོག་པ་འདི་ཀ་འཛིན་པ། དུང་སེར་མཐོང་དང་སེར་པོར་མ་མཐོང་བ་གཉིས་ཀར་སེར་པོར་བཏགས་པའི་དུང་དེ་ཀ་མཚན་གཞིར་འཛིན་པ་ལྟ་བུའོ། །གཞན་ཡང་སྤྲིན་དང་བཅས་པའི་དུས་ན་ནམ་མཁའ་མི་སྒྲིབ་པ་ལས་མ་འགྱུར་ཏེ། འགྱུར་ན་སྤྲིན་མེད་དུ་འགྲོ་མི་ཚུགས་པས་སོ། །དེ་བས་ན་དེ་ནམ་མཁའ་རང་ངོས་ནས་འགྱུར་བ་མེད་ལ། མཐོང་ཚུལ་འགྱུར་བར་སྟོན་པ་བཞིན། སེམས་ཀྱི་རྡོ་རྗེ་རང་ངོས་ལ་འཁྲུལ་པ་མེད་པས། གཞི་ལ་འཁྲུལ་པ་མེད། རང་བཞིན་ལ་འཁྲུལ་པ་ཡོད་ན་སྦྱང་མི་ཐུབ་སྟེ། སོལ་བ་འོ་མའི་རྒྱུན་གྱིས་བཀྲུས་ཀྱང་དཀར་པོར་མི་འགྱུར་བ་ལྟ་བུའོ། །ཇོ་ནང་པས། རིག་མ་རིག་ལ་དཔེ་སྨྲས་པ་རྣམས་ནི་དཔེ་སྐྱོན་ཡིན་པས་སྨྲས་པ་པོ་རང་ཉིད་ལ་འཇུག་སྟེ། ཞུ་ན་རླན་གཤེར། མ་ཞུ་ན་སྲ་བ་ཁྱག་རུམ་ལ་མི་རུང་བར་འགྱུར་བ་དང་། ངོ་མ་ཤེས་ན་མཆོད་སྦྱིན་མ་ཡིན། ཤེས་ན་ཡིན་པར་འགྲོར་མི་རིགས་པ་སོགས་མཚུངས་པས་སོ། །དེ་བས་ན་གཞི་འཁྲུལ་མེད་ལ་འཁྲུལ་པར་སྒྲོ་བཏགས་པ་ཙམ་དུ་ཟད་པས་གློ་བུར་བ་དང་། འཁོར་བ་ནི་མེད་བཞིན་དུ་སྣང་བའོ་ཞེས་ཤེས་པར་བྱའོ། །རྣམ་པར་གཞག་པ་འདི་ནི་ལན་མང་དུ་བཤད་པའི་ཕྱིར། སྐབས་དོན་ཡོད་ཙམ་ལས་མ་སྨྲས་སོ། །དེ་ཀས་རྣམ་པར་འགྱུར་བ་འདྲ་བར་བཟུང་བའི་ཆ་ནས་ལུས་ཀྱི་གནས་ལུགས་ཏེ། ཀུན་རྫོབ་ཀྱི་བདེན་པར་བཞག འགྱུར་བ་མེད་པར་མཐོང་བའི་ཆ་ནས་སེམས་ཀྱི་གནས་ལུགས་དོན་དམ་བདེན་པར་བཞག་གོ །གཞི་དེ་འགྱུར་བཅས་སུ་སོང་དུས་ངན་པར་མ་སོང་། འགྱུར་མེད་དུ་རྟོགས་དུས་བཟང་པོར་མ་རེད། དེ་ཀ་རང་དུ་བསྡད་པས་བདེན་པ་གཉིས་སུ་འབྱེད་རྒྱུ་མེད་པ་འདི་ལ་བདེན་གཉིས་དབྱེར་མེད་ཅེས་རྣམ་པར་གཞག་གོ །དེ་ཡང་། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས། བཅོམ་ལྡན་འདས་ཡང་དག་པ་ཞེས་བྱ་བ་འདི་ཅི་ཞིག གང་མི་བསླུ་བ་དེ་ཡང་དག་པའོ། །མི་བསླུ་བ་ཞེས་བྱ་བ་འདི་ནི་ཅི་ཞིག །ཡང་དག་པའི་ཚུལ་གྱི་ཏིང་ངེ་འཛིན་ནོ། །གང་ཡང་དག་པའི་ཚུལ་གྱི་བདག་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཅི་ཞིག གང་བདེན་པ་གཉིས་སུ་བྱར་མེད་པའི་མཚན་ཉིད་ཀྱི་ནི་ཡང་དག་པའི་ཚུལ་གྱི་བདག་ཉིད་ཀྱི་ཏིང་ངེ་འཛིན་ནོ། །བཅོམ་ལྡན་འདས་བདེན་པ་གཉིས་ཞེས་བྱ་བ་ནི་ཅི་ཞིག དང་པོ་ཀུན་རྫོབ་ཀྱི་བདེན་པ་དང་། གཉིས་པ་དོན་དམ་པའི་བདེན་པའོ། །ཞེས་གཞི་བདེན་གཉིས་དབྱེར་མེད་དུ་བཞག དེ་བཞིན་ཛཱ་ལནྡྷ་རི་པས། གང་དུ་ཐབས་དང་ཤེས་རབ་མཉམ་སྦྱོར་བས། །ཀུན་རྫོབ་དོན་དམ་དབྱེར་མེད་རང་བཞིན་ཅན། །བདེ་དང་སྟོང་པ་འདུས་པའི་རོས་གང་བ། །གཉུག་མའི་ཡེ་ཤེས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ཉིད་བདེ་བར་གཤེགས་པ། དེ་ཀ་མ་རིག་པ་ལ་དྲི་མའི་སྦུབས་ན་ཡོད་པ་སྐད་བྱས་པ་དེ་དུས་བདེ་གཤེགས་སྙིང་པོའི་མིང་ཐོབ་སྟེ། རྡོ་རྗེ་རྩེ་མོ་ལས། ཐོག་མ་མཐའ་མ་མེད་འདི་ཅི། །སེམས་ཅན་ཀུན་གྱི་ཤེས་པ་དང་། །དེ་བཞིན་གཤེགས་པའི་སྙིང་པོ་མཆོག །ཆོས་དབྱིངས་རྡོ་རྗེ་ཆེན་པོ་སྟེ། །ཞེས་དང་། སངས་རྒྱས་ཐོད་པ་ལས། །སེམས་གཅིག་དྲི་མེད་མེ་ལོང་བཞིན། །གང་བསམས་དེ་ནི་གཟུགས་བརྙན་ཏེ། །རྨི་ལམ་ལྟ་བུར་ཤེས་མོད་ཀྱིས། །འོན་ཀྱང་རྣམ་པར་རྟོག་པས་བཟུང་། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། ཤྲཱི་ཡིག་འབྱུང་བ་ཀུན་གྱི་དོན། །ཕྱི་དང་ནང་གི་བདག་ཉིད་འདོད། །འདི་དག་ཀུན་རྫོབ་གཟུགས་དང་ནི། །གཟུགས་མེད་བདེ་བའི་མཐའ་ཅན་གང་། །ཨེ་ཝཾ་ལ་སོགས་གཉིས་མེད་པའང་། །ཤྲཱི་ཞེས་བྱ་བའི་ཡི་གེ་བསྟན། །ཞེས་སོ། །དེ་ཀ་གཞིར་བཞག་པ་ནི། ཆོས་མངོན་པར། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ནི་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་དང་། ཀུན་གཞིར་བཞག་པ། རྒྱན་སྟུག་པོ་བཀོད་པའི་མདོར། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པ་ཡང་། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་དང་། སློབ་དཔོན་ཨིནྡྲ་བྷཱུ་ཏིས། ལྷན་ཅིག་སྐྱེས་འདི་དངོས་རྣམས་ཀྱི། །རྒྱུ་དག་ཏུ་ནི་ཡོངས་སུ་བརྗོད། །ཞེས་སོ། །དེ་ལ་སྒྲིབ་སྒྲིབ་མེད་པ་ཉིད་ཀྱིས་འོད་གསལ་དུ་གསུངས་ཏེ། མཉམ་སྦྱོར་ལས། མཆོག་ཏུ་མི་འགྱུར་དག་པའི་ཕྱིར། །མ་ལུས་ཆོས་ནི་རྣམ་པར་དག །གསང་བའི་དེ་ཉིད་རྣམ་དག་ཕྱིར། །རྡོ་རྗེ་འཛིན་འདི་ཟླ་བའི་མདོག །ཟླ་བར་བཞག་པའི་དོན་ཉིད་ལས། །ཡིད་མི་བདེ་ལས་རྣམ་གྲོལ་ཞིང་། །རྣམ་པར་རྟོག་པའི་རབ་རིབ་བསལ། །ཉོན་མོངས་ཀུན་ལས་རྣམ་པར་འདས། །ཟླ་བ་དང་མཚུངས་ཟླ་བའི་སེམས། །ཞེས་སོ། །དེ་འཁོར་བར་བཞག་པ། སམྦུ་ཊར། ཀུན་རྟོག་མང་པོའི་མུན་པས་ཁྱབ་གྱུར་པ། །རབ་ཏུ་བཅོམ་ཞིང་མྱོས་པའི་གློག་འགྱུ་བ། །ཆགས་སོགས་ཟློག་དཀའི་དྲི་མས་གོས་གྱུར་པའི། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །ཞེས་དང་། དེ་ཉིད་མྱང་འདས་སུ་བཞག་པ་དེའི་འཕྲོས་སུ། རང་བཞིན་འོད་གསལ་རྟོག་ལས་རྣམ་པར་གྲོལ། །འདོད་ཆགས་ལ་སོགས་དྲི་མས་གོས་བྲལ་བའི། །གཟུང་བ་དང་ནི་འཛིན་མེད་སེམས་དཔའ་མཆོག །དེ་ཉིད་མྱ་ངན་འདས་པ་མཆོག་ཏུ་གསུངས། །ཞེས་དང་། བརྟག་གཉིས་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཡིན་དང་། དེ་ཀ་རྫོགས་པའི་སངས་རྒྱས་སུ་བཞག་པ། སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་ནས་བསྟན་དུ་མེད། །ཅེས་སོགས་ལུང་མཐའ་ཡས་སོ། །ངེས་པའི་དོན་དུ་རྫོགས་པའི་སངས་རྒྱས་ངོ་མ་ཡིན་པ་དང་། དྲང་དོན་དུ་སངས་རྒྱས་ཀྱི་རྒྱུའམ་རིགས་ཞེས་བྱ་ཡི་སངས་རྒྱས་སུ་མི་འཇོག མཐར་ཐུག་པའི་ཚེ་སངས་རྒྱས་ཡིན་མིན་གྱི་སྤྲོས་པ་དང་བྲལ་བ་ཞིག་གོ །བོ་དོང་པ་སངས་རྒྱས་ཡིན་ཀྱང་། རྫོགས་པའི་སངས་རྒྱས་མ་ཡིན་ཏེ། འགྲེལ་པ་སྒྲོན་གསལ་ལས། རྫོགས་པ་དང་མ་རྫོགས་པའི་དེ་བཞིན་གཤེགས་པའི་བྱེ་བྲག་གིས་ཞེས་བཤད་དོ། །ཞེས་ཟེར་བ་དེ་མི་འཐད་དེ། ལུང་འདིར་མ་རྫོགས་པ་ཞེས་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། ཁྲོ་བོའི་དབང་པོ་རྣམས་ཡིན་པས་དུས་ཀྱི་འཁོར་ལོར་དེ་དག་གིས་སྒྲིབ་པའི་ལྷག་མ་ཅུང་ཟད་གཟུང་བར་བཤད་པ་དང་། མི་འཁྲུགས་པའི་ཞིང་བཀོད་པ་ལ་སོགས་པའི་མདོར། དེ་བཞིན་གཤེགས་པ་ཉིད་ཀྱི་གྲངས་སུ་ཆུད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེ་དང་། ཞེས་བཤད་པ་དང་། རྡོ་རྗེའི་ཐེག་པར་དེ་དག་དེ་བཞིན་གཤེགས་པར་འགྲུབ་པ་ནི་དེ་བཞིན་གཤེགས་པའི་སྒྲ་དོན། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་ཡས་བརྟན་པ་དང་། མས་འཛེག་གི་དགའ་བའི་འགྲོས་ལ་བཤད་པ་དེའི་དབང་གིས་དང་གཞན་སུ་ག་ཏ་ཅེས་པའི་སྒྲ་བཤད་གསུམ་ལྡན་ནི་རྫོགས་པའི་སངས་རྒྱས་ཁོ་ན་ཡིན་པ་ལ་དགོངས་ནས་གཞི་འབྲས་ཀྱི་ཁྱད་འབྱེད་པའི་ལུང་མ་ཡིན་པར་གྲུབ་བོ། དེ་ལྟར་དྲི་མའི་ཆ་དེ་དག་ལ་འཁྲུལ་མཁན་གྱི་བློས་ཡུལ་གྱི་གནས་ལུགས་ལ་སྒྲིབ་པས་ཀུན་རྫོབ་ཅེས་བྱ་བའམ་དེས་བཞག་པ་སྣང་བ་དེ་ཡང་དཔྱད་མི་བཟོད་པའི་ཕྱིར་ཀུན་རྫོབ་བོ། །བྱིས་པ་རྣམས་ཀྱིས་དེ་ཡང་དག་པར་གཟུང་བས་ན་བདེན་པ་ཞེས་བྱས་ཀྱིས་ངོ་བོ་ཉིད་ཀྱི་བདེན་རྒྱུ་ཡོད་ནས་མ་ཡིན་ནོ། །བློ་མ་འཁྲུལ་པའི་ཡུལ་གང་དུ་ཡང་སྨྲ་མི་ཤེས། གང་གིས་ཀྱང་མཚོན་མི་ནུས་པ་དེ་འཕགས་པའི་ཡེ་ཤེས་ཀྱི་ཡུལ་དུ་བཞག་པས་དོན་དམ་མམ། དོན་གྱི་དམ་པ་དེ་ཡིན་པས་དོན་དམ་མོ། །བྱིས་པ་རྣམས་སྐྲག་པ་སྤང་པའི་ཕྱིར་དུ་བདེན་པ་ཞེས་བཏགས་ཀྱི་ངོ་བོ་ཉིད་ཀྱི་བདེན་རྒྱུ་ནི་དེ་ལའང་ཡོད་པ་མ་ཡིན་པ་སྡུད་པར། ནམ་མཁའ་མཐོང་ཞེས་བྱིས་པ་ཚིག་ཏུ་རབ་ཏུ་བརྗོད། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་དེ་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་དང་། ཨ་ཏི་ཤས། མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་པས་སོ། །འདིར་མཐོང་མ་མཐོང་ཀྱང་། ཀུན་རྫོབ་ཁོ་ན་ཏེ། འཇུག་པར། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་བ་དེ་ཉིད་དེ་བཞིན་འདིར་ཤེས་ཀྱི། །ཞེས་པས་སོ། །རང་བཞིན་དག་པ་དེ་ཉིད་འཁོར་འདས་ཀྱི་གཞི་དང་རྩ་བར་འགྲོ་བ་ཡང་བློས་ཐ་དད་དུ་འགོད་པས་འཁོར་བའི་རྩ་བ་གཉིས་མེད་དུ་འདུ་བས་མྱང་འདས་ཀྱི་རྩ་བ་ཞེས་བྱའོ། །དེ་བས་ན་རང་ལུགས་སམ་ཡིན་ལུགས་གཏན་ལ་དབབ་པ་དེ་ཀ་ལྟ་བ་ཡིན་ལ། གྲུབ་པའི་མཐའ་ཡང་དེར་ཟད་དེ། རྒྱལ་བའི་དབང་པོས། བལྟས་པས་རྒྱུད་ཚོད་དང་མཐུན་པ་མཐོང་བ་ལྟ་བ་དང་། བློས་གྲུབ་པའི་མཐའ་གྲུབ་མཐར་བཤད་པས་སོ། །གཉིས་པ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་གནད་ཀྱིས་སྒོམ་པ་ཉམས་སུ་བླང་བ་ནི། ལྟ་བས་ཐག་བཅད་ནས་དེའི་བློའི་རྒྱུན་ལ་གོམས་པར་བྱེད་པ་ནི་ཐོས་བསམ་གྱིས་གཏན་ལ་འབེབས་པའི་སྐབས། ཞེས་སྤྱི་འགྲོས་ལ་དབང་ངོ་སྤྲོད་དུ་མཛད། རིམ་གཉིས་དེའི་སྒོམ་པ་དེ་མཐར་ཕྱིན་པའི་ཕྱིར་སྤྱོད་པ་སྟོན་པ་ཡིན་ལ། བྱེ་བྲག་ཕྱག་རྒྱ་ཆེན་པོ་ལ་དབང་པོ་རྣོ་རཏལ་གྱི་ངོ་དང་པོར་སྤྲོད་པ་དང་། ཕྱིས་ནས་ངོ་སྤྲོད་པ་གཉིས་འབྱེད་པའི། ཅིག་ཅར་ཐོད་བརྒལ་བ་ལ་སྔ་མ་དང་། རིམ་གྱིས་པ་ལ་ཕྱི་མའོ། །འདིའི་རིམ་གྱིས་པའང་རྡོ་རྗེ་ཐེག་པའི་གཞུང་ནས་བཤད་པའི་ཅིག་ཅར་བ་ཁོ་ན་ལ་དབང་པོ་གསུམ་ཕྱེ་བ་ཡིན་ནོ། །དེས་ན་སྒོམ་རིམ་གསུམ་ཤོད་པའང་རྒྱུ་མཚན་འདིས་སོ། ངེས་དོན་བསྒོམ་པའི་རིམ་པ་ལ་གཞན་ལུགས་ནི། ཙོང་ཁ་པ་ཆེན་པོས། རེད་མདའ་བ་ལ་ལུགས་སྙིང་པོ་བསྒྲིལ་ཏེ་ཕུལ་བར། དེ་ཡང་སྤྱིར་སྟོང་པས་ཡོད་མཐའ་དང་། སྣང་བས་མེད་མཐའ་སེལ་བ་འདི་རྒྱང་འཕན་གྱི་བར་ལ་ཐུན་མོང་བ་ཡིན་པ་དང་། ཐལ་འགྱུར་གྱི་ཁྱད་ཆོས་ལ། སྣང་བས་ཡོད་མཐའ་དང་། སྟོང་པས་མེད་མཐའ་སེལ་ཞིང་། སྟོང་ཉིད་རྒྱུ་འབྲས་སུ་འགྲོ་ཚུལ་ཤེས་དགོས་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་ཞིང་། མི་བསླུ་བའི་ཚུལ་རང་ལུགས་སུ་ཁས་ལེན་ལ། དེ་གཉིས་མཐའ་ཐམས་ཅད་སྤོང་བའི་སྟོང་ཉིད་དུ་འགྱུར་ཚུལ་སོགས་དཔག་ཏུ་མེད་པ་ཡོད་ལ། དེ་ཡང་གཞན་ངོར་རྒྱུ་འབྲས་མི་བསླུ་ཞིང་རང་ལུགས་ལ་བསླུ་མི་བསླུ་བའི་རྣམ་གཞག་གང་ཡང་ཁས་མི་ལེན་ཟེར་བ་མ་ཡིན། མ་དཔྱད་ན་རྒྱུ་འབྲས་མི་བསླུ་བར་མཐོང་ཞིང་། དཔྱད་ན་འདི་ཡིན་མ་རྙེད་ནས། ད་གཟོད་རྒྱུ་འབྲས་མཐོང་ཙ་ན་དེ་གཉིས་གཞི་གཅིག་གི་སྟེང་དུ་སྦྱོར་བ་ལ་བསམས་ནས། རྟེན་འབྲེལ་དང་སྟོང་པ་དབྱེར་མེད་དུ་བྱེད་པ་ཡང་མ་ཡིན་པར། རྒྱུ་ལ་རྟེན་ནས་འབྲས་བུ་འབྱུང་བ་མི་བསླུ་བ་མཐོང་བའི་བློ་དེ་ཉིད་ཀྱིས་བློ་གཞན་ལ་ལྟོས་མེད་དུ་དམིགས་གཏད་ཞིག་པའི་སྟོང་པ་ཡང་ཡོད་པའི་ཚུལ་དང་རྒྱུ་འབྲས་མི་བསླུ་བའི་གཏན་ཚིགས་དེ་ཉིད་ཀྱིས་གཞན་ལ་ལྟོས་མེད་དུ་ཡོད་མཐའ་སོགས་དང་བྲལ་བའི་སྟོང་པར་གྲུབ་པའི་ཚུལ་ལས་རྒྱུ་འབྲས་མི་བསླུ་བ་ལ་གཏིང་ནས་ངེས་འདྲོངས་ཤིང་། དེ་ཀ་ནས་དམིགས་གཏད་ཐམས་ཅད་ཞིག་པའི་ཞེན་མེད་ཀྱང་འོང་བ་ཡིན། དེ་ཡང་སྤྱིར་གྱིས་ཆོས་ཀྱི་རྣམ་གྲངས་མང་ཡང་ཐར་པའི་རྒྱུར་འགྲོ་བ་ནི། ངེས་འབྱུང་། བྱང་ཆུབ་ཀྱི་སེམས། ལྟ་བ་རྣམ་དག ད་ལྟ་འདི་གསུམ་ལ་མྱོང་བ་འཐོན་པ་ལྟ་ཞོག གོ་བ་རྣམ་དག་ཡོད་པའང་ཆེས་དཀོན། དེ་ལ་དང་པོ་གཉིས་ཀྱི་གོ་བས་ཐར་པའི་ས་བོན་འཇོག་མི་ནུས། ཕྱི་མ་སྟོབས་ཆེ་བས་འཇོག་ནུས། དང་པོ་གཉིས་གོ་བ་ཙམ་ལ་མ་ལུས་པར་ཡིད་འགྱུར་བའི་མྱོང་བ་འཐོན་པས་ས་བོན་འཇོག དེ་ཡང་འབད་པ་དྲག་པོས་དམིགས་རྣམ་ཡིད་ལ་བྱས་པ་ན་གོམས་པའི་མཐུས་ཡིད་འགྱུར་བ་ན། རྩོལ་བྱས་ཀྱི་མྱོང་བ་འཐོན་པས་དེས་ཐར་པའི་ས་བོན་འཇོག་ནུས་ཀྱང་ལམ་གྱི་སྣར་མ་སླེབ། སྲིད་པའི་བདེ་འབྱོར་དྲན་ཙམ་དང་། སེམས་ཅན་དྲན་ཙམ་གྱིས་ངེས་འབྱུང་དང་། བྱང་སེམས་རྒྱུན་ལྡན་དུ་འཇུག་པའི་མྱོང་བ་འཐོན་ན་ཚོགས་ལམ་ཆུང་ངུར་འཇོག དེ་ཡང་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་མཐོང་བའི་དྲན་ཤེས་ན་རེ་བསྟེན་ནས་སྣང་ཤས་ལ་བློ་འགྲོར་མི་སྟེར་བར་སྲིད་པའི་འཆིང་བ་བཅད་ཅིང་། ཐར་པའི་ཕན་ཡོན་ལ་སེམས་འཛིན་པའི་དམིགས་པ་གོམས་ནས་ངེས་འབྱུང་ལ་མྱོང་བ་མ་བཏོན་པས། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན་གྱི་དགེ་རྩ་གང་གོམས་ཀྱང་ཐར་པའི་རྒྱུར་གཏན་ནས་མི་འགྲོ་བས། ཐར་འདོད་ཀྱི་ཐོག་མར་གདམས་ངག་གང་ཟབ་ཟེར་བ་གཞན་ཐམས་ཅད་བཞག་ནས་ངེས་པར་འབྱུང་བ་ལ་རྟོག་བསྒོམ་བྱ་དགོས། ཐེག་ཆེན་སྒྲུབ་པ་པོས་རང་དོན་ཡིད་བྱེད་དང་གཞན་དོན་གྱི་ཕན་ཡོན་ལ་དྲན་ཤེས་ཐུན་རེ་བསྟེན་ནས་སེམས་བསྐྱེད་ལ་མྱོང་བ་བཏོན་པའི་དམིགས་པ་རྣམས་གོམས་པར་མ་བྱས་ན་གཞན་གང་བྱས་ཀྱང་ལམ་དུ་མི་འགྱུར་ཏེ། གཞན་དུ་ན་དགེ་རྩ་རྣམས་རང་དོན་ཡིད་བྱེད་ཀྱི་དབང་བྱས་ནས་དམན་པའི་བྱང་ཆུབ་ཀྱི་རྒྱུ་འབའ་ཞིག་ཏུ་འགྱུར་བའི་ཕྱིར་ཏེ། དཔེར་ན་ངེས་འབྱུང་ལ་དྲན་ཤེས་བསྟེན་པའི་དམིགས་པ་རྣམས་གོམས་པར་མ་བྱས་ན། དགེ་བ་སྣང་ཤས་ཀྱིས་དབང་བྱས་ནས་འཁོར་བ་འབའ་ཞིག་གི་རྒྱུ་བྱེད་པ་བཞིན་ནོ། །དེས་ན་སྔགས་ལ་སོགས་པའི་གདམས་ངག་གང་ཟབ་ཟེར་བ་རྣམས་བཞག་ནས་ཐོག་མར་ངེས་འབྱུང་དང་། བྱང་སེམས་ལ་མྱོང་བ་འཐོན་པ་རེ་ངེས་པར་བྱ་དགོས། དེ་སྐྱེས་པ་དང་། དེ་ནས་དགེ་རྩ་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་དབང་མེད་དུ་འགྲོ་བས། དེས་ན་འདི་ལ་སྒོམ་རིན་མི་ཆོག་པར་བྱེད་པ་ནི། ལམ་གྱི་གནད་གཏན་ནས་མ་ཤེས་པ་ཡིན་གསུང་། དེ་ལྟར་དེ་གཉིས་ཀྱིས་ཐོག་མར་རྒྱུད་སྨིན་པར་བྱས་ནས་གྲོལ་བར་བྱེད་པ་ནི། ཐོག་མར་མི་རྟོག་པ་ལ་དྲན་ཤེས་བསྟེན་ནས་གནས་པ་བརྟན་པོ་འོང་བའི་ཞི་གནས་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་དང་བསྲེ་ཐུབ་པའི་གནས་པ་བརྟན་པོ་ཞིག་བཙལ། དེ་ནས་ལྷག་མཐོང་སྒོམ་དགོས་ཏེ། དེ་ཡང་སེམས་ཀྱི་གནས་ཆ་ཞིག་མ་རྙེད་པའི་གོང་དུ་ལྷག་མཐོང་བསྒོམས་ཀྱང་འཕྲོ་དྲགས་པས་མྱོང་བ་མི་འཐོན། གནས་ཆ་རྙེད་ཀྱང་ཐོས་པ་རྣམ་དག་གི་སྟོབས་ཀྱིས་བདག་མེད་ལ་ངེས་ཤེས་འདྲོངས་ངེས་ཤིག་མེད་ན་ལྷག་མཐོང་གི་དཔྱོད་པ་རྣམ་དག་སྐྱེ་བའི་སྐབས་མེད། དེས་ན་གནས་ཆ་ནམ་རྙེད་པ་དང་། དེ་ནས་ལྟ་བ་ལ་མྱོང་བ་འདོན་ཏེ། དེ་ཡང་འདི་ལྟར་ཡུལ་སྣང་གཞན་ལ་ཡང་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམས་ན་ཡང་མྱོང་བ་འཐོན་པ་འོང་མོད། འོན་ཀྱང་གནད་དུ་ཆེ་བ་ནི་དང་པོར་གང་ཟག་གི་བདག་མེད་རྣམ་པ་བདུན་གྱིས་བཙལ་ནས་བདག་མེད་པ་དེ་ལྟ་བུ་ལ་ལེགས་པར་རིགས་པས་གཏན་ལ་ཕབ་ནས་མ་རྙེད་པ་དང་། དེ་འདྲའི་ངང་ལ་དྲན་ཤེས་བསྟེན་ནས་བཞག ནམ་འཕྲོ་བ་དང་། ཡང་སྔར་བཞིན་རིག་པས་བཙལ་ནས་མ་རྙེད་པ་དང་། དེའི་ངང་ལ་བཞག་སྟེ། དཔྱོད་པ་འདི་ཧ་ཅང་མང་དྲགས་ན་འཕྲོ་ཤས་ཆེར་སོང་ནས་མྱོང་བ་མི་འཐོན། དེས་ན་ད་ལྟའི་གདམས་ངག་པ་རྣམས་འདོད་པ་ལྟར་སེམས་ཅིར་ཡང་མི་རྟོག་པར་བཞག་ནས། དེས་ན་ལྟ་བས་གནས་ལུགས་ཅིར་ཡང་ཐ་སྙད་གདགས་ས་མེད་པར་གཏན་ལ་ཕབ་པ་དང་། གཉིས་གཅིག་ཏུ་བསྲེས་ནས་སྐྱོང་ལུགས་ཅི་ཡང་ཡིད་ལ་མི་བྱེད་པར་འཇོག་པ་འདིས་སེམས་གནས་ཙམ་མ་གཏོགས་པ་ལྷག་མཐོང་ལ་མྱོང་བ་ཐོན་པ་མི་སྲིད་གསུངས་པས། གནས་པ་རྙེད་ནས་མཚན་ཉིད་ཐེག་པ་ནས་གསུངས་པའི་དཔྱད་བསྒོམ་མ་བྱས་ན་ལྟ་བ་ལ་མྱོང་བ་མི་ཐོན་པས་དཔྱད་བསྒོམ་བྱ་དགོས། དཔྱད་བསྒོམ་ཀྱང་སྔར་ལྟར་ཡིན་གྱི། འགའ་ཞིག་ལྟར་རྒྱུན་པར་བསམ་མནོ་འབའ་ཞིག་གཏོང་བ་མ་ཡིན། གནས་ཆ་གཏན་མ་བཙལ་བར་ལྟ་བ་སྐྱོང་བ་ཡང་མ་ཡིན། དེས་ན་ད་ལྟའི་སྒོམ་ཆེན་གྱི་གནས་པ་སྐྱོང་ལུགས་འདི་གཏན་ནས་ལམ་ངོ་བོ་མིན་གསུང་། འདི་རྣམས་རང་རེ་དང་མཐུན་ཤས་ཆེ་བས་ཟུར་ཙམ་སྨོས་པ་དང་། ངེས་ཤེས་རྔམས་ཅན་འབྲོངས་མཆི། ངེད་ཀྱི་ཡིད་ལ་ཐལ་འགྱུར་བའི་ལུགས་ཀྱི་སྒོམ་དང་ལྟ་བ་ཁྱད་མི་སྣང་བས་རུང་ལ། རང་རྒྱུད་ཕྱིན་ལ་སྒོམ་ལུགས་འདི་ལ་ངོ་བོའི་སྒོམ་ལུགས་སུ་འོང་ས་ཡེ་མི་འདུག་སྙམ་ནས་ཞུས་པས། ཕྱི་མ་དེ་གར་འདུག ཐལ་འགྱུར་བའི་ལུགས་ཀྱིས་ཀྱང་དེ་ལྟར་བྱས་ནས་བསྒོམ་ན་སེམས་གནས་བསྐྱེད་པ་རྐྱང་པར་འགྱུར་གྱི། ལྷག་མཐོང་ལ་ནི་ངེས་པར་དཔྱད་བསྒོམ་བྱ་དགོས་གསུང་། མདོར་ན་དངོས་པོའི་གནས་ལུགས་ཅི་ཡང་མ་ཡིན་པ་དང་། བློས་ཅི་ཡང་མི་འཛིན་པ་གཉིས་མཐུན་པར་འདུག་བསམ་པ་དང་། མདོ་རྒྱུད་རྣམས་སུའང་ཅི་ཡང་མི་སྒོམ་པ་སྒོམ་པར་གསུངས་པ་ལྟ་བུ་མང་དུ་བྱུང་བ་རྣམས་ཀྱིས་འཁྲུལ་གཞི་བྱས་ནས་ཅི་ཡང་ཡིད་ལ་མི་བྱེད་པ་སྒྲ་རྟོག་བཀག་པའི་སྒོམ་པ་གནས་ལུགས་སྒོམ་པར་འཁྲུལ་འདུག་པ་འདི་གཏན་མི་རིགས་ཏེ། ཅི་ཡང་མི་སྒོམ་པ་གནས་ལུགས་སྒོམ་པར་གསུངས་ཤིང་། དེའི་བསྔགས་པ་དཔག་མེད་གསུངས་པ་ནི། སྒྲ་རྟོག་ཙམ་མ་ཡིན་པར་འཛིན་པ་མཐའ་དག་དག་ནས་རྣམ་གྲངས་མ་ཡིན་པའི་དོན་དམ་དང་། བློ་གཉིས་དབྱེར་མེད་དུ་སོང་བ་འཕགས་པའི་མཉམ་བཞག་ལ་དགོངས་ཤིང་། སོ་སྐྱེ་ལ་རྣམས་གྲངས་མ་ཡིན་པའི་དོན་དམ་པ་དང་། བློ་གཉིས་རོ་གཅིག་ཏུ་སོང་བའི་དོན་མཐུན་པ་གཏན་ནས་མེད་པའི་ཕྱིར་དང་། སོ་སྐྱེ་ལ་གནས་ལུགས་ལྐོག་ཏུ་གྱུར་པས་སྒྲ་རྟོག་བཀག་པའི་སྒོམ་ཙམ་གྱིས་དེ་ཕུལ་དུ་བྱ་མི་ནུས་པའི་ཕྱིར་དང་། རྟོག་མེད་ཀྱི་གནས་ལུགས་ཡུལ་དུ་བྱས་ན་མངོན་གྱུར་དུ་ཐལ་བའི་ཕྱིར་རོ། །དེས་ན་རྣམ་གྲངས་མ་ཡིན་པ་ལ་སོ་སྐྱེའི་རྟོག་མེད་ཀྱི་ཉམས་ལེན་བྱ་མི་ནུས་པས་དེ་འཕགས་པ་ཡིན་ལ། དེ་ལ་འཇུག་པའི་ཐབས་སུ་རྟེན་འབྲེལ་རང་བཞིན་མེད་པ་སོགས་ལ་གནས་ལུགས་སུ་ཞེན་ནས་དཔྱད་སྒོམ་གྱི་ཞུགས་པས་རྣམ་གྲངས་མ་ཡིན་པའི་དོན་དམ་དང་། རོ་གཅིག་པའི་རྟོག་མེད་ཐོབ་པར་འགྱུར་གསུངས། དེས་ན་སྒོམ་དུ་མ་ཟད་ལྟ་བས་གཏན་ལ་ཕེབས་ན་ཡང་རྣམ་གྲངས་མ་ཡིན་པའི་དོན་དམ་མངོན་དུ་གྱུར་པ་དེ་ལྟར་བྱས་ན་གང་གིས་བཤད་ནས་གང་གིས་ཉན་སུས་གོ འོན་ཀྱང་རྟོག་པས་ལྟ་བའི་གོ་ཡུལ་བཙལ་དགོས། དེ་མ་བྱས་ན་གོ་བ་གར་སྲིད། དེས་མཚོན་ནས་དཔག་ཏུ་མེད། དེའི་ཕྱིར་ཐལ་འགྱུར་བ་འཕགས་པ་ཆེན་པོ་རྣམས་ལ་མཉམ་བཞག་ན་ཁས་ལེན་ཐམས་ཅད་ཞིག་པས་མཉམ་བཞག་དང་ཁྱད་མེད། དེ་དག་གི་རྗེས་ཐོབ་ན་རྟེན་འབྲེལ་གཟུགས་བརྙན་ལྟ་བུ་དགག་ཏུ་མེད་པར་འཆར་བས། སོ་སྐྱེ་ཐལ་འགྱུར་བས་ཀྱང་། རང་བཞིན་མེད་པའི་རྟེན་འབྲེལ་གཟུགས་བརྙན་ལྟ་བུ་ངེས་པར་རང་ལུགས་ལ་ཡང་འདོད་དགོས། དེ་ཁས་བླངས་ཀྱང་རེ་ཞིག་ལ་སྐྱོན་དུ་མི་འགྱུར། དེ་དགག་ཏུ་ཡང་མི་ནུས་པས་ཁས་བླངས་གཞན་ངོར་ཁས་ལེན་པ་ལ་ནི་ཕྱིར་རྒོལ་གྱིས་བསམ་པ་ལ་བརྟགས་ནས། དེས་ཁས་བླངས་པའི་ཚུལ་ལ་ལྟོས་ནས་ཁོའི་འདོད་པ་སུན་དབྱུང་དགོས་པས། དེ་ལ་ནི་རྒྱང་འཕན་ཡན་ཆད་ཀྱི་གྲུབ་མཐའ་ལ་ལྟོས་ནས་ཁས་འདི་ལེན་དང་འདི་མི་ལེན་མེད། དེ་ཡང་ཁོ་ཡི་འདོད་པའི་ལོག་ཕྱོགས་དེ་ཁས་བླངས་ནས་མགོ་མཚུངས་སོགས་བྱས་པས་མཐར་ཁོའི་འདོད་པ་ལ་གནོད་བྱེད་མཐོང་བ་དང་། རང་ལུགས་བཞག་པ་དེ་ཡང་དེ་དང་འདྲའོ། །ཞེས་བསྟན་ལ། རང་གི་དགོས་པའི་དབང་གིས་ཁས་བླངས་པར་བསྟན་པས་གཉིས་ཀ་མཉམ་པོར་འགྲོ །དེ་ཡང་གཞན་ངོར་ཁས་བླངས་པ་ཙམ་ཡིན་གྱི། ངས་ཁས་མ་བླངས་ཟེར་དུ་མི་བཏུབ། ཕྱོགས་གཉིས་ཀ་ལ་ཁོས་སྐྱོན་དུ་མ་མཐོང་གི་བར་དུ་རང་གི་ཞེ་འདོད་ཡིན་པ་བཞིན་བྱེད་དགོས་གསུང་། དེ་ལྟར་གང་ཟག་གི་བདག་མེད་ལ་དཔྱད་སྒོམ་གྱི་མྱོང་བ་ཐོན་པ་དང་། དེ་ནས་ཆོས་ཀྱི་བདག་མེད་ཀྱི་དམིགས་པ་རྣམ་གྲངས་དུ་མ་ལ་རྩལ་སྦྱོང་། སྔགས་ཀྱི་རྫོགས་རིམ་རྣམས་ལ་ཡང་ལྟ་བའི་མྱོང་བ་འདོན་ལུགས་འདི་མེད་པས་དེ་རྐྱང་པ་བྱས་ན་ལྟ་བའི་གོ་ཡུལ་ཙམ་ཡོད་ཀྱང་ལམ་དུ་གཏན་མི་འགྲོ །བདེ་གསལ་མི་རྟོགས་པའི་ཉམས་མཆོག་ཏུ་གྱུར་པ་སྐྱེས་ནས་སྒྲ་རྟོག་གཏན་མི་རྒྱུ་བའམ་རྒྱུ་ཡང་གནས་པ་སྟོབས་ཆེ་བས་གཅིག་ནས་གཉིས་སུ་མཚམས་སྦྱོར་མི་ཐུབ་པར་དམིགས་གཏད་ཞིག་པ་སྙམ་བྱེད་པ་དང་། ཡུལ་སྣང་ཐམས་ཅད་རྒྱུ་མ་ལྟར་འཆར་བ་འོང་ཡང་སྒྲ་རྟོག་གནས་ཆ་ཆེས་པས་ཞི་གནས་ཀྱི་མཐུས་བཀག་པའི་དམིགས་གཏད་ཞིག་པ་འདྲ་བ་ཞིག་བྱུང་བ་ཡིན་གྱི། གཉིས་སྣང་གི་རྟོག་པ་ལས་མི་འདའ་བས་འདི་འཇིག་མི་ཐུབ་བསམ་གཏན་བཞི་ཐོབ་ནའང་འོང་། ཡུལ་ལྔའི་སྣང་བ་ཐམས་ཅད་མཉམ་པར་བཞག་པ་ན། ན་བུན་ལྟར་སྣང་བ་འོང་། དེར་མ་ཟད་གཟུགས་མེད་ཐོབ་ན་མཉམ་བཞག་གི་ཚེ་སྣང་བ་འགགས་ནས་འགྲོ་བ་འོང་སྟེ། ལྷག་མཐོང་གི་མཐུ་མ་ཡིན་གྱིས། ཞི་གནས་ཀྱི་སྟོབས་ཀྱིས་ཡིན་ནོ། །ཡུལ་སྣང་དེ་ལྟར་སྣང་ཡང་ནང་གི་མྱོང་རིག་ལ་སྟོང་པ་འདིར་མི་ནུས་ཏེ། ལྟ་བ་ལ་མྱོང་བ་མ་འཐོན་པས་སོ། །སྔགས་ཀྱི་ལམ་མྱུར་བ་བཤད་པ་ནི་ཞི་གནས་མྱུར་བ་དང་། ཞི་གནས་སྟོབས་ལྡན་བསྒྲུབ་ལུགས་མཚན་ཉིད་ལ་མེད་པ་རྣམས་ཡོད་ལ། ཞི་གནས་ཇི་ཙམ་སྟོབས་ཆེ་བ་བཞིན་ལྟ་བ་ལ་མྱོང་བ་སྟོབས་ཅན་འགྲུབ་ཡོང་བས་མྱུར་བ་ཡིན་ནོ། །དེས་ན་མཚན་ཉིད་ཀྱི་ཐེག་པའི་གནད་གསུམ་གོང་དུ་བསྟན་པ་རྣམས་ཀྱང་ཤེས། སྔགས་ཀྱི་ཐབས་ལམ་གདམས་ངག་ཀྱང་ཡོད་པ། ཀླུ་སྒྲུབ་དང་ཟླ་གྲགས་འདྲ་བ་དེ་མཚན་ཉིད་ཐེག་པ་རྐྱང་པའི་གདུལ་བྱ་ལས་མྱུར་བ་དང་ཆེས་ཁྱད་པར་འཕགས་པ་ཡིན་གྱི། མཚན་ཉིད་ཀྱི་ལམ་གྱི་གནད་མེད་པའི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་གདུལ་བྱ་དེ། མཚན་ཉིད་ཀྱི་གདུལ་བྱ་ལས་དམན་ཏེ། དེས་ལམ་དེ་ཁོ་ན་ལ་བརྟེན་ནས་གཏན་ནས་སངས་མི་རྒྱ་ལ། མཚན་ཉིད་ཀྱི་དེས་སངས་རྒྱ་བས་སོ། །དེ་ལྟར་ཐུན་མོང་མ་ཡིན་པའི་ལམ་གྱི་དབང་དུ་བྱས་ན་མཚན་ཉིད་མཆོག་དང་སྔགས་ཉོན་མོངས་ཀྱི་དབང་དུ་སོང་དྲགས་ནས། རྒྱུད་མ་དག་པའི་གདུལ་བྱ་ལ་མངོན་མཐོའི་ཐབས་ཙམ་དང་ཞི་གནས་སོགས་ཙམ་བསྟན་པས་དམན་པ་ཡིན་གསུང་ཞེས་བྱུང་ངོ་། །དེང་སང་གི་དགེ་ལྡན་པའི་དགེ་བཤེས་པ་རྣམས་ཐོག་མར་དཔྱད་སྒོམ་ཁོ་ན་དགོས་རྒྱུ་བར་བྱེད་པ་ལ། འདིར་ཐོག་མར་ཞི་གནས་བརྟན་པོ་བསྒྲུབས་དེ་ནས་དཔྱད་པ་བྱ་བ་བསྟན་པས། འཇུག་ཚུལ་དེང་སང་གི་སྒོམ་ཆེན་པ་རྣམས་དང་མཐུན་པ་དང་། འོན་ཀྱང་འདིའི་དཔྱད་པ་ནི་སྒོམ་རིམ་སོགས་ལས་གསུངས་པ་དེའོ་སྙམ་ན་མ་ཡིན་ཏེ། དེང་སྐབས་འདིའི་དཔྱད་པ་ཞི་གནས་སོར་རྟོག་ཏུ་ལངས་པས་དཔྱོད་པ་དེ་ཡིན་ལ། ཅི་ཡང་མི་སྒོམ་པ་གནས་ལུགས་སྒོམ་པར་གསུངས་པ་རྣམ་གྲངས་མ་ཡིན་པའི་དོན་དམ་རྟོགས་པའི་ཚེ་རུང་བ་དང་། འདིས་ཡིད་ལ་མི་བྱེད་པའི་ཆོས་སྐོར་རྣམས་ཁུངས་སུ་འདྲེན་པས་སྐབས་དེར་ཡིད་ལ་མི་བྱེད་པ་ཞལ་གྱིས་བཞེས་སོ། །འདི་ནི་ལུང་རིགས་ཀྱི་བསམ་མནོས་དཔྱོད་པ་ཁོ་ན་བཤད་འདུག་པ། ལུང་རིགས་ཀྱི་དཔྱད་པ་སྒོམ་རིམ་པས་སྦྱོར་བའི་སྐབས་སུ་བསྟན་ཀྱང་། ལྷག་མཐོང་གི་རྒྱུ་ངོས་མར་མི་བཞེད། དེའི་རྒྱུ་མཚན། འདི་ནི་རྣམ་རྟོག་སྟེ་རྗེས་དཔག་ཡིན་པས། དེས་མི་རྟོག་པ་ཆེན་པོ་བསྐྱེད་མི་ནུས་ཏེ། ཀོ་ཊ་པ་ལས་སཱ་ལུའི་མྱུ་གུ་བཞིན་ནོ། །བྱང་ཆུབ་ལམ་རིམ། སྒོམ་རིམ་སོགས་ལ་དང་པོར་དཔྱད་པ་མཛད་པ་ནི་ངེས་ཤེས་སྐྱེད་པའི་ཆེད་དུ་ཡིན་པ་ཕྱིས་ནས་ཞི་གནས་དེ་ནས་དཔྱད་པ་ནི་ཞི་གནས་ཀྱི་ངང་ནས་སོ། །དེ་དགོས་པ་ཡང་། ཤེས་བྱ་མེད་ན་ཤེས་པ་གསལ་བ་ནི། །བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་པའི་རྒྱུ་མཚན་གྱིས་ཡིན་ནོ། །རྡོ་རྗེ་ཐེག་པའི་ལམ་གྱི་གནད་ལ་དཔྱད་པ་འདི་མེད་པས་ལྟ་བའི་མྱོང་བ་མི་ཐོན། དེས་ན་སྔགས་ལས་མཚན་ཉིད་ཟབ་པར་བཤད་པ་ནི། རྡོ་རྗེ་ཐེག་པའི་ཟབ་གནད་ཐམས་ཅད་བདེན་མེད་དུ་གཏོང་བ་སྟེ། ཆད་པའི་སྟོང་པ་ལས་ཆེས་ལྷག་པ་གསང་འདུས་སུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་། དེ་ནས་དམིགས་པ་ཐམས་ཅད་ཉེ་བར་ཞི་བའི་མངོན་བྱང་ལ་འཇུག་ཁྱེར། དུས་ཀྱི་འཁོར་ལོར་ཕྱག་རྒྱ་ཆེན་པོ་དང་སྦྱར་བས་འགྱུར་བ་མེད་པའི་བདེ་བ་ཆེན་པོ་བསྐྱེད་པའི་ཐབས་གསུངས་པ་སོགས་སྔགས་ཀྱི་ཐེག་པའི་གཞུང་ཐམས་ཅད་སུབ་དགོས་པ་འདུག་པས་སྨྱུག་གྲིས་མི་ཆོག རལ་གྲི་ཕྱག་མཚན་དུ་དགོས་པར་གདའོ། །ད་ནི་རང་ལུགས་སྒོ་དང་པོ་ནི་སློབ་དཔོན་ཆེན་པོ་ཏཻ་ལོ་པས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏིལླི་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་གསུངས་པ་ཆིག་ཆོད་དུ་བཤད་པ་དེའོ། །གཉིས་པ་ནི། རྣལ་འབྱོར་བཞི་འགྲོས་ཏེ། དེ་ཡང་རྒྱས་པ་འདིའི་ནང་ལས་རྟོགས་པར་འགྱུར་ལ། རྣལ་འབྱོར་བཞི་གསུམ་བཅུ་གཉིས་སུ་འགྱུར་བ་དང་། བཅུ་དྲུག་ཏུ་འཆད་པ་ནི་དུས་འཁོར་གྱི་འགྲེལ་པ་དྲི་མ་མེད་པའི་འོད་ཀྱི་མདོར་བསྡུས་དང་པོར། དག་དང་ཡེ་ཤེས་གཅིག་སྦྱོར་རྒྱལ་བ་མཆོག་གི་དམ་ཚིག་ཐུགས་དང་ཆོས་ནི་གཅིག་ཏུ་སྦྱོར། །གསུང་ལ་ལོངས་སྤྱོད་རྫོགས་པ་གཅིག་སྦྱོར་སྲིད་གསུམ་གྱིས་མཆོད་སྐུ་དང་སྤྲུལ་པ་རྣལ་འབྱོར་ཏེ། །ཤེས་དང་ཤེས་བྱ་གཉིས་མེད་སྲིད་འདས་འབྱོར་པ་འདི་ནི་རྡོ་རྗེ་སེམས་དཔའ་རྣམ་པ་བཞི། །རྡོ་རྗེའི་རྣལ་འབྱོར་ཐབས་དང་ཤེས་རབ་བདག་ཉིད་ལྷ་མི་ལྷ་མིན་གྱིས་བཏུད་དེ་ལ་འདུད། །ཅེས་དང་། སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང་། །དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང་། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་ནི། །སད་རྨི་གཉིད་སྟུག་བཞི་པ་ཡི། །དབང་པོ་གཉིས་སྐྱེས་བདེ་མིན་ཞིང་། །ཡེ་ཤེས་སེམས་དང་ངག་དང་ལུས། །གནས་བཞིར་ཡང་དག་མི་གནས་ཏེ། །ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང་། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ལྷན་སྐྱེས་གཞན་དང་འགྲོགས་པ་མིན། །ཞེས་པས་བསྟན་པ་ཡིན་ནོ། །རྒྱས་པ་འདིའི་རྣལ་འབྱོར་གྱི་གཞུང་བདེ་གཤེགས་ཕག་གྲུ་དང་། ཆོས་རྗེ་གཙང་པ་རྒྱ་རས་ཀྱིས་གསུངས་པ་ཡི་གེ་ལ་མ་རྩེགས་པར་དག་པར་བྲིས་ཏེ་བཤད་པ་ལ་སྔོན་དུ་འགྲོ་བ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ནི་རྒྱ་གར་ན་སྔོན་དུ་འགྲོ་བ་ལ་སོགས་པའི་ཆོ་ག་འདི་ལྟ་བུས་འཁྲིད་པ་ནི་མེད་དེ། དེར་གདུལ་བྱ་ཡོངས་སུ་སྨིན་པ་ཁོ་ན་ལ་སྟོན་པས། རྡོ་རྗེའི་ཚིག་ཉུང་ངུས་ཆོག་པ་སྟེ། དཔེ་མེད་འཚོ་ལ་སྤྱན་རས་གཟིགས་དབང་ཕྱུག་གིས་གདམས་པ་བཞིན་དང་། བོད་བློ་ཆུང་སྤྲོས་པ་ལ་དགའ་བས་བླ་མ་རྣམས་ཀྱིས་བླ་ཐབས་སུ་བསྣན་པའོ། །དེ་ཡང་བསྟན་པ་སྔ་དར་གྱི་ཚེ། །རྡོ་རྗེ་ཐེག་པ་ལས་རྒྱུད་སྡེ་ཕྱི་མ་མ་གཏོགས་ནང་མ་བསྒྱུར་བ་མ་གནང་སྟེ། དེ་གཉིས་ནི་རྡོ་རྗེའི་ཚིག་མང་བས་ཀུན་གྱི་དོན་མ་གོ་ནས་སྒྲ་ཇི་ལྟ་བར་སྤྱད་དོགས་པའོ། །འོན་ཀྱང་གསང་སྟེ་བསྒྱུར་བ་ལས་མཆེད་པ་ནི། དེང་སང་རྙིང་མ་བར་གྲགས་པ་འདི་རྣམས་ཡིན་ལ། དེས་ན་གསང་སྔགས་གསར་རྙིང་གི་ཁྱད་ཀྱང་བསྟན་པ་སྔ་དར་གྱི་དུས་གསང་སྟེ་བསྒྱུར་བའི་བླ་མེད་ཀྱི་རྒྱུད་སྡེ་མན་ངག་དང་བཅས་པ་དང་། བསྟན་པ་ཕྱི་དར་གྱི་ཚེ་བསྒྱུར་བ་ཙམ་དུ་རིགས་ཀྱི། ཅི་རིགས་ཀྱིས་ལོ་ཆེན་རིན་ཆེན་བཟང་པོ་ཡན་སྔགས་བསྒྱུར་རྙིང་མ་ཞེས་བརྗོད་པ་ནི་གཏན་མི་འཐད་དེ། རྣལ་འབྱོར་གྱི་རྒྱུད་དེ་ཁོ་ན་ཉིད་བསྡུས་པ་དང་། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་དང་། བྱ་བའི་རྒྱུད་བསམ་གཏན་ཕྱི་མ་ལ་སོགས་པ་རྒྱུད་སྡེ་ཕྱི་མ་ཕལ་མོ་ཆེ་དེ་དུས་བསྒྱུར་བའི་ཕྱིར་རོ། །གསང་སྟེ་བསྒྱུར་བ་དེ་དག་ལས་མཆེད་པ་ཨར་ཚོ་བནྡེ་བཅོ་བརྒྱད་དུ་གྲགས་པས་སྒྲ་ཇི་བཞིན་པར་སྤྱད་པས། བོད་འདི་མ་རུངས་པར་འགྱུར་ཉེ་ནས། ལྷ་བཙུན་ཁུ་དབོན་གྱིས་རྩལ་དུ་བཏོན་ཏེ། ལོ་ཆེན་རིན་ཆེན་བཟང་པོ་སོགས་མང་པོ་རྒྱ་གར་དུ་བརྫངས། དམ་པའི་ཆོས་ཁྱད་པར་གསང་སྔགས་ཀྱི་རྒྱུད་སྡེ་ཕྱི་མ་མང་དུ་བསྒྱུར། སྔགས་ལོག་སུན་ཕྱུང་། པཎྜྻི་ཏ་མང་དུ་བྱོན་ཡང་། བོད་རྣམས་ཡིད་ཆེས་པར་དཀའ་ནས་ཇོ་བོ་དཱི་པཾ་ཀཱ་ར་སྤྱན་དྲངས་མོད། དེས་རྡོ་རྗེ་ཐེག་པ་བསྟན་ན་བོད་འདི་གྲུབ་ཐོབ་ཀྱིས་གང་བ་ཞིག་ཡོང་རྒྱུ་ལ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཨར་ཚོའི་བབ་ཅོལ་ལ་དྲེད་ནས་ཐོར་བུ་ལས་གསུང་མ་བཅུག འདིས་གསང་སྔགས་གསུང་བ་བཀག་པས་སྐུ་ཚེའི་གཞུག་ལ་བསྙུང་མཛེ་བྱུང་ཞེས་གྲགས་སོ། །ལྷག་པར་བདག་ཅག་ལ་བཀའ་དྲིན་དུ་མཛད་པའི་རྗེ་བཙུན་ལོ་ཙཱ་བ་ཆེན་པོ་མར་པ་ནི་རྒྱུད་སྡེ་མཐའ་དག་ལ་མཁས་མོད་ཀྱང་། གཙོ་བོར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་མན་ངག་ཐམས་ཅད་སྣང་བར་བྱེད་པ་ལ་ཉིན་མོར་བྱེད་པ་ཉིད་དུ་གྱུར་པ། དེས་གདམས་པ་ནི། རྗེ་མི་ལ། དེས་གདམས་པ་ནི། དཔལ་ཟླ་འོད་གཞོན་ནུ་ཡིན་པས། བླ་མ་ལྷ་རྗེས་མི་ལ་ལ། །གདམས་པ་ཟབ་མོའི་ཆུ་མིག་དེ། །རྗེ་རིན་པོ་ཆེ་ཡིས་གསོལ་གྱུར་པ། །སྲིད་གདུང་ཞི་བའི་བདུད་རྩི་མཆོག །ཐ་སྙད་ཚིག་གིས་མ་བསླད་པས། །སྙན་ནས་བརྒྱུད་པའི་མན་ངག་ལགས། །ཞེས་གསུངས་སོ། །དེ་ལྟ་བུའི་ལམ་འདི་ཀ་ནས་སངས་རྒྱས་ཐམས་ཅད་སངས་རྒྱས་པ་ཡིན་པའི་ཕྱིར། དེར། བསྐལ་པ་གྲངས་མེད་འདས་པ་ནས། །སངས་རྒྱས་དཔག་མེད་བཞུགས་པ་རྣམས། །ལམ་ཟབ་འདི་ལ་བརྟེན་ནས་ཀྱང་། །རང་དོན་གཞན་དོན་ཕུན་ཚོགས་འགྲུབ། །ཅེས་གསུངས་ཏེ། སྡོམ་འབྱུང་ལས། འདི་དག་དེ་བཞིན་ལྷན་སྐྱེས་བདེ་འབྱུང་དེ་བཞིན་ཏེ། །སྲིད་པའི་རང་བཞིན་བྲལ་ཞིང་བསམ་གྱིས་མི་ཁྱབ་གཟུགས། །རྟག་ཏུ་འཆར་བའི་བདེ་གཤེགས་ལམ་མཆོག་ཕྱག་འཚལ་བསྟོད་དང་། རྡོ་རྗེ་གསང་སྔགས་མཐུ་ཡིས་ནི། །མཉམ་མེད་ཡེ་ཤེས་ཡང་དག་འཐོབ། །ཅེས་འབྱུང་། འདི་ལ་ལུང་གཞན་ལས། རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བཞུགས་པའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། ཞེས་སོ། །དེ་ཡང་རྟོག་པ་དང་བཅས། མཚན་མ་དང་བཅས་པའི་ལམ་དེར་ནི་ཐམས་ཅད་ཀྱིས་བྱོན་པར་བསྒྲུབ་མི་ནུས་ཏེ། རིམ་ལྔ་ལ་བརྟེན་ནས་སངས་རྒྱས་པ་དེ་སྦྱོར་དྲུག་ལ་བརྟེན་ནས་སངས་རྒྱས་པར་མི་འགྲུབ་པ་བཞིན་ནོ། །འོ་ན་གང་ཞེ་ན། ལྷན་ཅིག་སྐྱེས་སྦྱོར་འདི་སྟེ། འདི་མ་རྟོགས་པར་སུ་ཡང་འཚང་མི་རྒྱ། དེ་རྟོགས་པས་སུ་ཡང་འཁོར་བར་མི་གནས་པས་དེ་ལ་དགོངས་པ་ཡིན་ནོ། །དེའི་ཕྱིར་མདོ་སྔགས་གང་ནས་བགྲོད་ཀྱང་མཐོང་ལམ་ལ་ཁྱད་པར་མེད་པ་ཡིན་ནོ། །མཐོང་བའི་ལམ་དེ་ནས་དབུ་མ་དང་རྡོ་རྗེ་ཐེག་པའི་གསང་སྔགས་ངོ་མའི་གྲངས་སུ་ཚུད་པ་ཡིན་ནོ། །འོ་ན་མཚན་ཉིད་ཀྱི་ཐེག་པས་འཚང་རྒྱ་བ་མེད་དམ་ཞེ་ན། མཻ་ཏྲི་པ་མེད་པར་བཞེད། དེའི་ལམ་རིམ་རྣམས་ཀྱིས་ཚོགས་ལམ་ཆེན་པོ་ཚུན་བགྲོད། དེར་མཆོག་གི་སྤྲུལ་པའི་སྐུ་མཇལ་བས་དེ་ནས་ངེས་པར་སྔགས་ལ་འཇུག་པ་ཡིན་གསུང་། ཇོ་བོ་ནཱ་རོ་པ་དེ་རང་གི་ཐབས་ཀྱིས་སངས་རྒྱ་བ་ཡོད་པར་བཞེད། དེས་མཐོང་ལམ་བགྲོད་ནས་གསང་སྔགས་མི་ཤེས་པ་མ་ཡིན་ཀྱང་ལམ་ལྷག་མ་བགྲོད་པ་མོས་པའི་སྒོ་ནས་མདོ་རང་རྐྱང་གི་ལམ་དེ་ཀ་བསྟེན་མི་བསྟེན་གྱི་ཁྱད་དེ། གསང་སྔགས་ནང་ལ་ཡང་ཆགས་གྲོལ་ལ་མོས་པའི་དབྱེ་བ་ཡོད་པ་བཞིན་ནོ། །དེའི་ཕྱིར་སམྦུ་ཊར། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཕ་རོལ་ཕྱིན་པའི་ཡོན་ཏན་རྣམས། །མགོན་པོ་ལས་ནི་རྟག་ཏུ་འབྱུང་། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་དང་། སྡུད་པར། ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་གསུང་སོ། །སྔོན་དུ་འགྲོ་བ་ལ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས། དང་པོ་ལ། ཁོ་བོའི་ཡོངས་འཛིན་ཆེན་པོའི་ཞལ་སྔ་ནས་ཁྲིད་དང་ཐུན་གྱི་སྔོན་འགྲོ། རྗེ་གོང་མའི་ཞལ་སྐྱིན་བླ་མ་དམ་པ་ཨ་ཝ་དྷཱུ་ཏི་པ། ཐུན་མོང་གི་ཐུན་མོང་དང་ཐུན་མོང་གི་ཐུན་མོང་མ་ཡིན་པ་ཞེས་འཆད་དོ། །ཁྲིད་ཀྱི་སྔོན་འགྲོ་ཞེས་བྱ་བ་ཡང་ཁྲིད་སྐྱོང་བའི་ཚེ་དང་། ཐུན་གྱི་སྔོན་འགྲོ་ནི་སྒོམ་པའི་དུས་ཐམས་ཅད་ཀྱི་ཐུན་གྱི་སྔོན་དུ་གཏོང་བས་སོ། །ཐུན་མོང་གི་ཐུན་མོང་ཞེས་པའང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་གོང་དུ་ཕྱིན་པའི་ཉན་རང་དག་དང་ཐུན་མོང་བར་གྱུར་པས་སོ། །ཐུན་མོང་གི་ཐུན་མོང་མ་ཡིན་པ་ཞེས་པ་ནི་ཐེག་པ་ཆེན་པོ་རང་གི་ཐབས་ཡིན་པས་དང་། དེ་གཉིས་ཀ་ཐུན་མོང་དུ་བཞག་པ་ནི་ལམ་སྤྱི་དང་ཐུན་མོང་བ་ཙམ་གྱིས་ཡིན། དེ་ཉིད་དུ། ཤ་ཟའི་གདོན་གྱིས་མི་བཟུང་ཞིང་། །ལེ་ལོ་སྡིག་པའི་སེམས་སྤངས་ནས། །གཉིས་སུ་མེད་པའི་བླ་མ་ལ། །དང་བའི་ཡིད་དང་མི་འབྲལ་བར། །ལུས་ངག་ཡིད་ཀྱིས་མཆོད་གྱུར་ཏེ། །ཞེས་པ་ཙམ་ལས་མ་བཤད་ལ། །འདིར་ཤ་ཟའི་གདོན་ཞེས་པ་ནི། ལྷའི་བུའི་བདུད་ལ་དགོངས་པར་སྣང་། དེ་རྗེ་བློན་གྱིས་ནི་འདོད་པ་ལ་ཆགས་པ་དང་གཡེང་བ་ལ་སོགས་པས་འབྲིད་པས་བྲིད་བྱ་དེ་དག་གི་དབང་དུ་མ་ཤོར་བའོ། །ཆོས་རྗེས། ལྷན་ཅིག་སྐྱེས་སྦྱོར་གདམས་ངག་གི །སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། །དང་པོ་ཟླ་བ་གཅིག་གི་བར། །སྐྱོ་ཤས་དྲག་པོ་བསྐྱེད་ནས་ནི། །ཞེས་པས། མི་རྟག་པ་སྒོམ་པ་བསྟན་ལ། འཆི་བ་སྙིང་ནས་དྲན་ན་འཇིག་རྟེན་ཆོས་བརྒྱད་ལ་སྐབས་དབྱེ་བ་མི་སྲིད་པའི་ཕྱིར་ཏེ། རྒྱལ་བ་ཡང་དགོན་པས། འཆི་བ་སྙིང་ཟུག་གི་དབེན་གནས་ན། །ཞེན་པ་གཏིང་ལོག་གི་སྒྲུབ་པ་པོ། །ཚེ་འདི་བློས་བཏང་གི་སྐུ་མཚམས་བཅད་ནས། །སེམས་ཆོས་བརྒྱད་ཀྱི་མི་དང་ཕྲད་མཇལ་མེད། །ཅེས་གསུངས། འཆི་བ་དྲན་ན་འཆི་མེད་གཉུག་མའི་གཏན་ཡུལ་དུ་བགྲོད་པ་ལའང་འདོད་པ་དྲག་པོ་སྐྱེ་བ་ཡིན་ཏེ། རྗེ་བཙུན་བཞད་པ་རྡོ་རྗེས། ང་འཆི་བ་ཁོ་ནས་འཇིགས་འཇིགས་ནས། །སེམས་འཆི་མེད་གཉུག་མའི་དོན་ལ་སྦྱངས། །ཞེས་གསུངས། དེ་ལྟར་མི་རྟག་པ་བསྒོམ་པ་ལ། དལ་འབྱོར་རྙེད་དཀའ་བ་དང་། དེའི་མཐུ་མ་མཐོང་ན་འཇིག་པ་ལ་སྐྱོན་དུ་མི་ཤེས་པས། དེ་ལས་འཕྲོས་ནས། དང་པོ་དལ་འབྱོར་རྙེད་དཀའ་བསྟན་ནོ། །དེ་ཉིད་ཤེས་ཀྱང་ཚེ་ཕྱི་མ་མ་ཤེས་ན་འཆི་ཡང་བླའོ་སྙམ་སྲིད་པས། ལས་རྒྱུ་འབྲས་བསྟན། འཁོར་བའི་ཉེས་དམིགས་མ་བསྟན་ན། ལས་ངན་པ་མི་འདོར། ཐར་པའི་ཕན་ཡོན་མ་མཐོང་ན། དགེ་བ་དང་དུ་མི་ལེན་པས་དེ་གཉིས་བསྟན་པས་སྔོན་འགྲོ་འདི་བཞི་སྦྱོར་དུ་སོང་བ་ཡིན་ནོ། །དེ་ནས་ཆོས་རྗེས། གསོལ་བ་གདབ་ཅིང་མཎྜྻལ་འབུལ། །ཡི་གེ་བརྒྱ་པ་བརྒྱ་ཙམ་བཟླས། །ཞེས་གསུངས་ཏེ། འདི་ཡང་སངས་རྒྱས་པར་ཚུད་པ་ལ་སྐྱབས་འགྲོ་དགོས། བྱེ་བྲག་ཐེག་ཆེན་པར་འགྱུར་བ་ལ་སེམས་བསྐྱེད་དགོས་པས། དེ་གཉིས་ཀྱིས་སྣོད་ལྡན་དུ་གྲུབ་པ། རྒྱུ་སྣོད་དུ་རུང་བར་བྱེད་པ་སྐྱབས་འགྲོ་དང་སེམས་བསྐྱེད་ཅེས་གསུངས། དེ་ཡང་བསག་སྦྱང་གི་སྒོ་ནས་སྤེལ་དགོས་པས། དང་པོར་ཡང་ཕྱག་གཙོ་བོར་བཏོན། གཉིས་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་ལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་གཉིས་སོ། །འདི་ཡང་བྱ་སྤྱོད་པ་བཞིན་དུ་ལྷ་རྗེ་བོར་བསྒྲུབ་པའི་ཚུལ་ཏེ། བདག་ཉིད་ངན་པར་བལྟས་ཏེ། དེ་ལ་བསྐྱབ་པར་གསོལ་བའི་དོན་ནོ། །མཎྜྻལ་ནི། དང་པོའི་སངས་རྒྱས་སུ། སྡིག་ཅན་གང་ཞིག་དཔལ་ལྡན་བླ་མའི་ཞབས་པད་བཟང་པོ་དག་ལ་དུས་གསུམ་དུ་ནི་ཕྱག་མི་བྱེད། །མི་ཤེས་གང་ཡིན་གང་ཞིག་རྣམ་མང་མེ་ཏོག་རྣམས་ཀྱིས་དུས་གསུམ་དུ་ནི་མཎྜྻལ་མི་བྱེད་པ། །ཞེས་འབྱུང་བས་ཉེས་པ་དེ་དགག་པའི་ཕྱིར་དང་། སྡོམ་འབྱུང་ལས། དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་བསྟན་པའི་དགོས་པ་མཐོང་བའོ། །འདིས་ནི་བསོད་ནམས་ཀྱི་ཚོགས་མཚན་ཉིད་ཐེག་པ་བརྩོན་འགྲུས་ཅན་ཞིག་གིས་གྲངས་མེད་གསུམ་དུ་བསྒྲུབས་པ་ཙམ་སྐད་ཅིག་ལ་འགྲུབ་པའི་གནད་ཆེན་པོ་ཅིག་ཡོད་པ་ནི། གསང་བ་འདུས་པར། དཔེར་ན་རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང་། སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་པར་འཕགས་སོ། །ཞེས་དང་། སྡོམ་འབྱུང་ལས། བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་རབ་མཆོད་ན། །དེ་ཡིས་བསོད་ནམས་མ་བྱས་ཤིང་། །དཀའ་ཐུབ་མ་བསྟན་ཅི་ཞིག་ཡོད། །ཅེས་འབྱུང་བས་སོ། །བསོད་ནམས་ཀྱི་ཚོགས་ཆེན་པོ་དང་མི་ལྡན་ན་ཕྱག་རྒྱ་ཆེན་པོ་རྙེད་དཀའ་བས་དེ་དགོས་ཏེ། བྱམས་པས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རྒྱུའི་གཙོ་བོར་བཤད་པའི་ཕྱིར་དང་། དེའི་ཕྱིར་ཚོགས་རྫོགས་པར་བྱེད་པ་མཎྜྻལ་ཞེས་གསུངས་པ་ཡིན་ནོ། །གསོལ་བ་གདབ་པ་ནི། མགོན་པོ་བྱམས་པས། རང་བྱུང་རྣམས་ཀྱི་དོན་དམ་འདི། །དད་པ་ཁོ་ནའི་རྟོགས་བྱ་ཡིན། །དེར་ཁོ་ན་ཞེས་པའི་ཚིག་ཕྲད་སྨོས་དགོས་པའི་དོན། ཕྲ་ཕྱིར་ཐོས་པའི་ཡུལ་མ་ཡིན། །དོན་དམ་ཡིན་ཕྱིར་བསམ་པས་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་པའི་རྒྱུ་མཚན་གྱིས་ཡིན་ལ། །དེ་ཀས་བརྟག་གཉིས་སུ། འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་གསུངས། དེ་ཞེས་པ་མཐོང་བའི་ལམ་ལྟ་བུ་ཞེས་པ། དེ་ནས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བར་དུ་ཐོབ་པར་སྟོན་པའོ། །ཆོས་རྗེས། དེ་ལ་དམིགས་ལྟས་བཟང་པོ་དང་། །འཇིག་རྟེན་ཆོས་ལ་ཞེན་པ་བཟློག །གང་ཟག་དད་གུས་ལྡན་པ་ན། །རབ་ཀྱི་སྒྲོ་འདོགས་དེ་རུ་ཆོད། །འབྲིང་ལ་ཉམས་མྱོང་བཟང་པོ་འོང་། །ཐ་མ་དད་གུས་རྗེས་ལ་སྐྱེ། །དེ་གསུམ་ལྡན་ན་སྔོན་འགྲོ་ཚང་། །དམིགས་ལྟས་བཟང་པོ་ནི། མདོ་སྡེ་གསེར་འོད་དམ་པ་སོགས་ནས་བཤད་པའི་ས་ཐོབ་ཀྱི་རྟགས་རྣམས་ཡིན་ལ། དེ་བདུད་ཀྱིས་ཡིན་མིན་ནི་རང་གི་བརྩོན་འགྲུས་ཀྱིས་གསལ་ཏེ། མི་བརྩོན་པ་ལ་བྱུང་ན་བདུད་ཀྱི་ལས་སོ། །བརྩོན་འགྲུས་ཅན་ལ་བྱུང་ན་རྟགས་ཏེ་དེ་ལ་བདུད་ཀྱིས་བར་དུ་གཅོད་པའི་སྐབས་མི་རྙེད་པས་སོ། །འཇིག་རྟེན་ཆོས་ལ་ཞེན་པ་ལོག །ཆོས་རྗེ་རང་གིས། གཞན་དུ། ཞེན་པ་ནང་ནས་ལོག་མ་ལོག །ཟང་ཟིང་ནོར་དང་ཕྲད་ན་མངོན། ཞེ་འདོད་མེད་པ་ཞིག་གཙིགས་སུ་ཆེ། །ཞེ་གསུངས་པ་བཞིན་ཚེ་འདིའི་ལྟོ་རྒྱབ་ནོར་གཏམ་ཐམས་ཅད་ལ་མཁྲིས་ནད་ཅན་ལ་སྔས་མགོར་ཟས་བཞག་པ་ལྟ་བུ་ཞིག་འབྱུང་བར་གདའོ། །རབ་ལ་དཔོན་སློབ་ཀྱི་རྟེན་འབྲེལ་འགྲིག་པ་ལས་དེ་དུས་རང་རྟོགས་པ་འཆར་བ་ཡིན་ཏེ། དཔེར་ན། དབང་གི་ཡེ་ཤེས་དབབ་པའི་དུས་སུ་གྲོལ་བ་ལྟ་བུའོ། །དེ་ལ་ནི་ཁྲིད་དེ་ཀར་ཚར་ཏེ། སྒྲོ་འདོགས་ཆོད་ཟིན་པས་སོ། །འབྲིང་ལ་ཉམས་མྱོང་བཟང་པོ་འབྱུང་སྟེ། སྡིག་སྒྲིབ་ཤས་ཆུང་དུ་སོང་བའི་རྒྱུ་མཚན་གྱིས་སོ། །མཐའ་མར་སྔར་བླ་མ་དང་རང་དང་ལམ་ལ་ཡིད་ཆེས་མ་རྙེད་ཀྱང་དེ་དུས་ཅི་ནས་ཀྱང་ཡིད་ཆེས་ཀྱི་དད་པ་སྐྱེ་བ་ཡིན་ནོ། །དེ་ནི་ཐུན་མོང་བའི་དབང་དུ་མཛད་པའོ། །ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི་རྗེ་ཕག་གྲུས། གཡེང་བ་ཐམས་ཅད་རབ་སྤངས་ནས། འདུ་འཛི་མེད་པའི་དགོན་གནས་སུ། །ཟས་གོས་ཀྱི་ཞེན་པ་བཅད་གྱུར་ནས། །ཞེན་མེད་ཀྱི་སྟན་ལ་སྐྱིལ་ཀྲུང་བཅའ། རེ་དོགས་མེད་པའི་ལགས་པ་བསྣོལ། །གཡོ་སྒྱུ་མེད་པའི་སྒལ་ཚིགས་བསྲང་། །རྫུན་སྨྲ་མེད་པའི་སྟོང་ལྐོ་གནོན། །ཞེས་ཞེན་མེད་མཉམ་པར་འཇོག་པའི་གཞི་ཡིན་པས་སྟན་དང་ཆོས་མཚུངས། །རེ་དོགས་ནི་སྡུག་བསྔལ་ལེན་པའི་བྱ་བ་ཡིན་པས་ལག་པ་དང་ཆོས་མཚུངས་ཏེ། ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཅིང་། གཡོ་སྒྱུ་ནི་རང་སླུ་བའི་ཟོམ་ཡིན་པས་སྒལ་ཚིགས་དང་འདྲ་སྟེ་དྲང་པོར་བྱ། རྫུན་སྨྲ་ནི་འདུ་ཤེས་བསྒྱུར་བའི་སྨྲ་བའི་དབང་ལས་མགྲིན་པ་དང་ཆོས་མཚུངས་སུ་མཛད་དོ། །དེ་ཆོས་རྗེས། དངོས་གཞི་ལ་ནི་རྣམ་གཉིས་ཏེ། །ཆ་རྐྱེན་དང་ནི་གདམས་པའོ། །དང་པོ་ཁ་ཟས་བཅུད་ཅན་ཟ། །རྒྱུ་མཚན་གང་ཞེ་ན། ལུས་ཟུངས་རྒྱས་པས་སེམས་ལས་རུང་། །ཞེས་པའོ། །གནས་ནི་དབེན་པར་མཚམས་བཅད་བྱ། །ལུས་ངག་ཡིད་གསུམ་བྱ་བ་བཏང་། །འདི་ལ་དབེན་པ་གསུམ་དང་། རང་བབས་གསུམ་དང་། མི་གཡོ་བ་གསུམ་ཡང་ཟེར། དེ་ཡང་ལུས་བྱེད་བཅིངས་ཀྱིས་འཆིངས་ན་ངག་སྟེང་འོག་གི་རླུང་འཆིངས། དེས་སེམས་དབང་པོའི་ཡུལ་ལ་འགྲོ་མི་ཐུབ་པར་དྭངས་མའི་ཐིག་ལེ་ཁོ་ན་ལ་སེམས་རྩེ་གཅིག་ཏུ་གནས་པས་སེམས་འཆིང་བའོ། །དེ་འཆིངས་དགོས་པའི་རྒྱུ་མཚན་ནི། འཁོར་བ་འདི་སེམས་ཁོང་གང་དགའ་དགའ་ལ་འབྱོན་བཅུག་པ་དེས་བསྐྱེད་པར་འདུག་པས་སོ། །དེ་ཡང་དྲི་མེད་འོད་ཅེས་པའི་འགྲེལ་ཆེན་དུ། ཁ་ཏོན་ལ་སོགས་པའི་དཔེ་འདི་རྣམས་ཀྱིས་ཕུང་པོ་རྣམས་ཀྱི་སྐྱེ་བ་དང་འགག་པ་རིག་པར་བྱའོ། །ཇི་ལྟར་ཁ་ཏོན་ལས་མཁན་པོའི་རིག་པ་ཟད་པ་མ་ཡིན་ཞིང་། སློབ་མས་ཐོས་པ་མེད་པ་མ་ཡིན་ནོ། །དེ་བཞིན་དུ་མར་མེ་ལས་མར་མེ་འབྱུང་ངོ་། །དེ་བཞིན་དུ་ཟླ་བ་ལས་ཆུའོ། །མེ་ཏོག་ལས་གོས་ལ་དྲིའོ། །ཉི་མ་ལ་སོགས་དང་མེ་ཤེལ་ལས་མེའོ། །སྒྲ་ལས་སྒྲ་བརྙན་ནོ། །སྐྱུར་བ་ལས་ལྕེ་འཛག་པའོ། །ས་བོན་ལས་མྱུ་གུའོ། །དེ་བཞིན་དུ་ཕུང་པོ་མཚམས་སྦྱོར་བ་ནི་འགྱུར་བའི་འདོད་ཆགས་ཀྱི་དབང་གིས་སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་འཁོར་བའི་འཁོར་ལོ་ནི་འགྱུར་བའི་འདོད་ཆགས་ཏེ་མ་རིག་པའོ། །འདིར་གང་གིས་འགྱུར་བའི་འདོད་ཆགས་ཉམས་པ་དེའི་ཚེ་མཆོག་ཏུ་མི་འགྱུར་བར་འགྱུར་ཏེ། མཆོག་ཏུ་མི་འགྱུར་བ་ནི་འདོད་ཆགས་ཆེན་པོའོ། །འདོད་ཆགས་ཆེན་པོ་ལ་ཆགས་བྲལ་ཉམས་པ་དེ་ཆགས་བྲལ་ཞེས་བྱ་བ་ནི་ཞེ་སྡང་ངོ་། །ཞེ་སྡང་ཟད་པ་ལས་ཞེ་སྡང་ཆེན་པོར་འགྱུར་རོ། །ཞེ་སྡང་ཆེན་པོ་ལས་བརྒྱལ་བ་ཞེས་བྱ་བའི་གཏི་མུག་ཉམས་པའོ། །གཏི་མུག་ཉམས་པ་ལས་གཏི་མུག་ཆེན་པོར་འགྱུར་རོ། །འདོད་ཆགས་ཆེད་པོ་དང་། ཞེ་སྡང་ཆེན་པོ་དང་། གཏི་མུག་ཆེན་པོ་ལས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་བདག་ཉིད་མ་རིག་པ་ཉམས་པའོ། །མ་རིག་པ་ཟད་པ་ལས་མ་རིག་པ་ཆེན་པོར་འགྱུར་རོ། །དེ་ལྟར་མ་རིག་པ་འགགས་པས་འདུ་བྱེད་འགག་གོ་སོགས་ཀྱིས་དང་། སམྦུ་ཊར། རྣམ་རྟོག་མ་རིག་ཆེན་པོ་འདི། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །དོ་ཧར། གང་ཚེ་ཡིད་ནི་མི་གཡོ་བརྟན་གྱུར་ན། །དེ་ཚེ་འཁོར་བའི་དངོས་པོ་རང་གྲོལ་འགྱུར། །ཞེས་དང་། རླུང་དང་ཡིད་ནི་མི་གཡོ་བརྟན་པ་ན། །ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་ལྟར་སེམས་ནི་རང་བཞིན་ལ་ཐིམ་འགྱུར། །ཞེས་སོ། །དེ་ཡང་གཙོ་བོ་མིག་གི་དབང་པོ་གཡོ་བ་ལས་ཡིན་པས། དེ་ལྟ་སྟངས་ཀྱིས་གཅུན་པའི་ཕྱིར། སྤྱོད་ལམ་གཉའ་ཤིང་གང་ཙམ་བལྟ། །ཞེས་གསུང་ལ། དེ་ནི་སྡུད་པར། གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་གསུངས་པ་དང་། དོ་ཧར་ཡང་། མིག་ནི་མི་འཛུམ་སེམས་འགག་ན། །རླུང་འགོག་པ་ནི་དཔལ་ལྡན་བླ་མས་རྟོགས། །གང་ཚེ་རླུང་གཡོ་དེ་ཚེ་སེམས་གཡོ་སྟེ། །འཆིངས་པས་རྣལ་འབྱོར་པ་ལ་ཅི་བྱར་ཡོད། །ཇི་སྲིད་དབང་པོ་ཡུལ་གྱི་གྲོང་ལ་ལྷུང་བ་ན། །དེ་སྲིད་རང་ཉིད་ལས་ངན་རབ་ཏུ་རྒྱས། །ཞེས་འབྱུང་བས་སོ། །འགྲོ་འདུག་ནད་པའི་སྤྱོད་ལམ་བཞིན། །ཞེས་པ་ནི་ཐུན་ལས་ལངས་པའི་སྐབས་ཐམས་ཅད་དུ་ཡུལ་རྣམས་ལ་གཅུ་གལ་ཆེར་མི་བྱེད་པ་ནད་པ་གཅོང་ཅན་ནམ་སྤྱོད་ལམ་མཁས་པ་ལྟ་བུར་བྱ་ཞེས་པའོ། །དེ་ལྟར་སྒོམ་པ་ལ་ཤེས་རབ་ཏུ་གོལ་བ་བཅད་པའི་ཕྱིར་ཕག་གྲུས། དཀོན་མཆོག་གསུམ་དང་མི་འབྲལ་བར། །ཁས་བླངས་དམ་ཚིག་གཞུང་བཞིན་བསྲུང་། །ཚེ་གཅིག་ལུས་གཅིག་སངས་རྒྱས་བསྒྲུབ། །དཀར་པོའི་སངས་རྒྱས་འདོད་ལགས་ན། །གོ་ཆ་གཉིས་ལ་བརྟེན་ནས་སུ། །རྣམ་རྟོག་ལམ་དུ་བྱེད་པ་ཡིས། །མཚན་ཉིད་ཐེག་པས་མ་བསླད་པར། །ཞེས་པའི་རྐང་པ་ཕྱི་མ་གཉིས་འདི་དང་གོ་ཆ་གཉིས་པ་ལམ་དུ་ལེན་ཁྱེར་མི་འདྲ་བ་བཤད་པ་ཡིན་ལ། སྐྱེ་མེད་རྟོགས་པའི་གདམས་ངག་འདི། །བསགས་པ་རབ་ཏུ་གྱུར་པས་བསྒོམ། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་སྤྱད་དེ། །སངས་རྒྱས་རེ་བ་མ་མཆིས་ཀྱང་། །དཀར་པོའི་ཕྱོགས་ཀྱི་ཆོས་སྤྱོད་ནི། །རྒྱུན་ཆད་མེད་པར་ཉམས་སུ་བླངས། །ངན་འགྲོའི་དོགས་པ་མེད་ན་ཡང་། །ཉེས་བྱས་ཕྲ་ཞིང་ཕྲ་བ་ལ། །མིག་གི་འབྲས་བུར་རྔུལ་བཞིན་བསྲུང་། །སྟོང་པའི་གོ་ཆ་ཅི་བཟང་ཡང་། །ཐབས་ཀྱི་ལམ་ཁྱེར་དང་དུ་བླངས། །ཞེས་པས་གསུངས་པ། དོ་ཧར་སྙིང་རྗེ་དང་བྲལ་ཞེས་དང་། སྙིང་རྗེ་འབའ་ཞིག་སྒོམ་པ་སོགས་ཡ་བྲལ་བའི་སྐྱོན་གསུངས་ནས་གང་ཡང་གཉིས་པོ་སྦྱོར་བ་སོགས་ཀྱིས་ཟུང་འཇུག་ཏུ་ཁྱེར་དགོས་པར་བསྟན་ཏེ། རྡོ་རྗེ་གུར་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་དུ་སེམས་ནི་རབ་བསྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ནི་བསྟན་པ་ཡིན། །མུ་སྟེགས་བྱེད་རྣམས་འདྲེན་པར་བྱེད་པ་དང་རྒོལ་བ་རྣམས་ཚར་གཅོད་པར་བྱེད་པ་དང་། རང་སྡེ་བའི་ཁྱད་པར་རྣམས་བརྗོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཞེས་གསུངས་པ་དང་། དུས་ཀྱི་འཁོར་ལོར། རྣལ་འབྱོར་དཔལ་ལྡན་དུས་འཁོར་ཀ་ཕྲེང་ལྡན་པའི་ཨ་འདུས་ལ་སྟེ་མི་རྣམས་དགྲོལ་བའི་དོན་དུའོ། །ཞེས་དང་། འདུས་པ་རྒྱུད་ཕྱིར། འབྲས་བུས་རྒྱུ་ནི་རྒྱས་གདབ་ཅིང་། །རྒྱུ་ཡིས་འབྲས་བུ་རྒྱས་བཏབ་པར། །བསྒོམ་གྱི་གཞན་དུ་དངོས་གྲུབ་ནི། །བསྐལ་པ་བྱེ་བར་འབྱུང་མི་འགྱུར། །དེ་ཡང་རྒྱུ་དུས་ན། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པས། །བྱང་ཆུབ་སེམས་ཞེས་བྱ་བ་ཡིན། །ཞེས་འབྱུང་བས། ལམ་དུའང་དེ་དང་མི་ཕྱེད་པ་དགོས་པའི་ཕྱིར་རོ། །དེའི་ཕྱིར་དུས་འཁོར་རྩ་རྒྱུད་ལས། སྟོང་ཉིད་གཟུགས་བརྙན་གཟུང་བ་རྒྱུ། །སྙིང་རྗེ་འགྱུར་མེད་འཛིན་པ་འབྲས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཞེས་སོ། །སྔར་ལྷན་ཅིག་སྐྱེས་སྦྱོར་གྱི་དོན་ལ་བརྟགས་གཉིས་ཀྱི་ལུང་དྲངས་པར། ཕྱག་རྒྱ་རྒྱུ་དང་བྲལ་བ་ལས། །ཡོ་གི་སྙིང་རྗེ་ཐབས་སུ་འགྱུར། །ཞེས་པའི་ཕྱག་རྒྱའི་སྒྲ་བཤད་རྒྱས་གདབ་པའི་དོན་ཡང་འདིར་སྦྱར་བས། སྟོང་པ་ལ་སྙིང་རྗེ་དང་། སྙིང་རྗེ་ལ་སྟོང་པས་སོ། །དེ་ལ་སྟོང་པ་གང་། སྙིང་རྗེ་གང་། སྦྱོར་བ་གང་ཞེ་ན། སམྦུ་ཊར། སྤྲོས་པ་མེད་པའི་རང་བཞིན་ཉིད། ཤེས་རབ་ཅེས་ནི་རབ་ཏུ་བསྒྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །ཐམས་ཅད་དོན་བྱེད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁའ་ནམ་མཁའ་ཇི་ལྟ་བའོ། །ཞེས་གསུངས་པའོ། །འདིའི་སྟོང་ཉིད་དང་། མཚན་ཉིད་ཐེག་པར་གསུངས་པའི་སྟོང་ཉིད་དོན་གཅིག་སྟེ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་དེའོ། །དེ་དང་ཟུང་དུ་འཇུག་རྒྱུའི་སྙིང་རྗེ་དེ་ཡང་མཐུན་ཏེ་དམིགས་མེད་ཀྱི་སྙིང་རྗེ་ཁོ་ནའོ། །སེམས་ཅན་དང་། ཆོས་ལ་དམིགས་པ་ནི་དམིགས་པ་དང་མ་བྲལ་བའི་བློ་ཡིན་པས་མཚན་མ་ཉིད་དུ་ཟད་དོ། །དེས་ན་ས་ཐོབ་པ་དང་འདི་འབྱུང་གི །དེའི་སྔར་ནི་མ་ཡིན་ནོ། །དེའི་སྔར་སྦྱོར་ལུགས་ལ་མཚན་ཉིད་དུ། སྦྱོར་བ་དང་རྗེས་སུ་སྙིང་རྗེ་དང་། དངོས་གཞི་ལ་ཤེས་རབ་ཀྱིས་དཔྱོད་པ་ཡིན་ཏེ། བློ་གྲོས་མི་ཟད་པས་བསྟན་པ་ལས། བཙུན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ནི་མི་ཟད་པའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་དུ་འགྲོ་བའི་ཕྱིར་རོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན་དབུགས་ཕྱི་ནང་དུ་རྒྱུ་བ་ནི་མིའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པར་བྱ་བའི་སྔོན་དུ་འགྲོ་བ་ཡིན་ནོ་ཞེས་དང་། ག་ཡ་གོ་རིའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་ཅི། གནས་ནི་གང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ། །གནས་ནི་སེམས་ཅན་ནོ་ཞེས་གསུངས། ལུགས་འདིའི་ཐབས་ཤེས་ནི་སྒོམ་རིམ་དང་པོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་འདི་གཉིས་ཏེ། བྱང་ཆུབ་སེམས་དཔའ་ལམ་འདི་གཉིས་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། ཐབས་དང་ཤེས་རབ་བོ་ཞེས་སོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཕྱིན་པ་དང་། བསྡུ་བའི་དངོས་པོ་ལ་སོགས་པ་ཞིང་ཡོངས་སུ་དག་པ་དང་། ལོངས་སྤྱོད་ཆེན་པོ་དང་། གཡོག་འཁོར་མང་པོ་ཕུན་སུམ་ཚོགས་པ་ལ་སོགས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སྤྲུལ་པ་ལ་སོགས་མངོན་པར་མཐོ་བའི་ཆོས་སྡུད་པར་བྱེད་པའི་དགེ་བ་ཐམས་ཅད་ནི་ཐབས་ཞེས་བྱའོ། །ཤེས་རབ་ནི་ཐབས་དེའི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་རྒྱུ་ཡིན་ཏེ། དེས་ཡང་དག་པའི་ཐབས་ཀྱི་བྱེ་བྲག་ཕྱེ་ནས། ཕྱིན་ཅི་ལོག་མེད་པས་བདག་དང་གཞན་གྱི་དོན་ཇི་ལྟ་བ་བཞིན་བསྒྲུབ་པས་སྔགས་ཀྱིས་བཏབ་པའི་དུག་ཟ་བ་དང་འདྲ་སྟེ་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེ་སྐད་ཀྱང་མདོ་དེ་ཉིད་ལས་བཀའ་སྩལ་ཏེ། ཐབས་ནི་བསྡུ་བ་ཤེས་པའོ། །ཤེས་རབ་ནི་ཡོངས་སུ་གཅོད་པ་ཤེས་པའོ། །ཞེས་སོ། །འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས་ཀྱང་གསུངས་ཏེ། ཐབས་ལ་མཁས་པ་ནི་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་གང་ཡིན་པའོ། །ཤེས་རབ་ནི་ཆོས་ཐམས་ཅད་མ་འདྲེས་པ་ལ་མཁས་པ་གང་ཡིན་པའོ། །ཐབས་དང་ཤེས་རབ་འདི་གཉིས་ནི་སར་ཆུད་པ་རྣམས་ཀྱིས་ཀྱང་དུས་ཐམས་ཅད་དུ་བསྟེན་པར་བྱ་སྟེ། ཤེས་རབ་འབའ་ཞིག་གིས་མ་ཡིན་ནོ་ཞེས་སོ། །དེ་ཡང་ཐེག་པ་མཆོག་དམན་ལ་ཁྱད་པར་ཆེན་པོ་བདུན་བཤད་པ་ཕལ་ཆེར་སྤྱོད་པ་ལས་འཕྲོས་པ་ཡིན་ལ། ཉན་ཐོས་བྱེ་མདོ་ལྟ་བུའི་སྤྱོད་པ་ལ་ཁྱད་ཅང་མེད། དེ་བཞིན་རྒྱུའི་ཐེག་པ་དབུ་སེམས་སྤྱོད་པས་མི་དབྱེ། རྒྱ་ཆེན་སྤྱོད་པ་དང་དབུ་མ་པའང་། སྤྱོད་པས་ཁྱད་པར་མི་ཕྱེད་དོ། །འདིར་ཡང་སམྦུ་ཊར། སྙིང་རྗེ་ལྡན་པས་སེམས་ཅན་ལ། །རྒྱབ་ཀྱིས་ཕྱོགས་པ་མི་བྱ་ཞིང་། །སེམས་ཅན་ཡོད་དང་ཡོད་མིན་ཞེས། །དེ་ལྟར་ཡོངས་སུ་བརྟག་མི་བྱ། །ཞེས་སྟོན་པ་འདི་ཀ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཏུ་འགྲོ་ཚུལ་ཡིན་ཏེ། སྒོམ་པ་འདི་ཀ་སེམས་ཅན་གྱི་དོན་གྱི་ཕྱིར་ཡིན་པས་སྙིང་རྗེ་དང་ལྡན་བཞིན་པ་དེ་སེམས་ཅན་ལ་སོགས་པའི་སྤྲོས་པ་ཉེ་བར་ཞི་བས་སྟོང་ཉིད་དོ། །དུས་འཁོར་ལས་སྟོང་པ་སྒྱུ་ལུས་རྣམ་པ་ཐམས་ཅད་པ་ལ་བྱས་ཤིང་། སྙིང་རྗེ་མི་འགྱུར་བའི་བདེ་ཆེན་ལ་བྱེད་པ་ཡིན་པས་དེའི་ཕྱིར་སྟོང་པ་ཉིད་དེ་ལ་སེམས་རྩེ་གཅིག་པ་ཞིག་བྱུང་ན་བྱང་ཆུབ་ཀྱི་སེམས་མི་འཕོ་བའི་བདེ་བ་དེ་ཀ་ན་བཞུགས་པས། དེའི་ཕྱིར་འདི་པ་ལམ་གྱི་ངོ་ཏིར་ཡོད་པས་ཆོས་རྗེས་འདི་དངོས་གཞིར་གསུངས། བླ་མ་གཞན་རྣམས་དེ་ཇི་ལྟ་བ་གང་ཟག་བློ་ཞན་པས་མ་ཤེས་བྱུང་ནས་སྔོན་དུ་འགྲོ་བར་བྱས་ནས། ཕྱིས་འདི་གར་ཐབས་སྣ་ཚོགས་ཀྱིས་གཞུག་པར་མཛད་པས་གཉིས་ཀ་མི་འཐད་པ་མ་ཡིན་ནོ། །གཉིས་པ་དངོས་གཞི་ལ། བདེ་གཤེགས་ཕག་གྲུས། ཐོད་བརྒལ་བ་དང་རིམ་གྱིས་པ་གཉིས་ཀའི་ལམ་རིམ་གསལ་བར་མཛད་ལ། དང་པོ། བསམ་གཏན་ཡོངས་སུ་དག་པ་ཡིས། །ཡན་ལག་ལྔ་པ་བཅས་གྱུར་ནས། །ཞེས་འདི་མདོ་སྡེ་རྒྱན་དུ། དེ་ཡིས་དེ་ནི་སྤེལ་བྱས་ནས། །འཕེལ་བ་རིང་དུ་འགྲོ་བ་ཡིས། །དངོས་གཞིའི་གནས་པ་དེས་འཐོབ་བོ། །ཞེས་པའི་དོན། སྒོམ་རིམ་ལས། སེམས་རྩེ་གཅིག་པ་དེ་ཕྱི་ཕྱིར་ལས་སུ་རུང་བ་ཉིད་དང་ལྡན་ཞིང་དམིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ཐོབ་པས་བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་དང་། རྣམ་པར་ཐར་པ་ལ་སོགས་པའི་མིང་ཐོབ་བོ། །ཞེས་གསུངས་པས། མཐར་གནས་ཀྱི་སྙོམས་འཇུག་དགུ་སོགས་ཞི་གནས་སམ་རྩེ་གཅིག་གི་དབྱེ་བ་ཡིན་པར་བསྟན་ཏེ། ཡང་དེ་ཉིད་དུ། འདི་ལྟར་བཏང་སྙོམས་ཀྱི་ཚོར་བ་དང་ལྡན་ཞིང་། རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པར་གྱུར་པ་དེའི་ཚེ། མི་ལྕོགས་པ་མེད་པ་ཞེས་བྱ་སྟེ། བསམ་གཏན་ཆེན་པོའི་སྦྱོར་བའི་སེམས་སོ། །གང་གི་ཚེ་འདོད་པའི་སའི་སྲེད་པ་དང་། སྡིག་པའི་ཆོས་རྣམས་དང་བྲལ་ཞིང་། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་ལྡན་པར་གྱུར་པ་དེའི་ཚེ་བསམ་གཏན་དང་པོ་ཞེས་བྱའོ། །བསམ་གཏན་དང་པོ་དེ་ཉིད་ལས་རྟོག་པ་ཙམ་མེད་པ་དེ་ནི། བསམ་གཏན་ཁྱད་པར་ཅན་ཞེས་བྱའོ། །གང་གི་ཚེ་རྟོག་པ་དང་དཔྱོད་པ་དང་བྲལ་བ་དེའི་ཚེ་བསམ་གཏན་དང་པོའི་སྲེད་པ་དང་བྲལ་བར་གྱུར་ནས་དགའ་བ་དང་བདེ་བ་དང་ནད་ཡོངས་སུ་དང་བ་དང་ལྡན་པར་གྱུར་པ་དེའི་ཚེ་བསམ་གཏན་གཉིས་པ་ཞེས་བྱའོ། །གང་གི་ཚེ་བསམ་གཏན་གཉིས་པའི་སའི་སྲེད་པ་དང་བྲལ་བར་གྱུར་ཏེ། བདེ་བ་དང་། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དག་དང་ལྡན་པར་གྱུར་པ་དེའི་ཚེ། བསམ་གཏན་གསུམ་པ་ཞེས་བྱའོ། །གང་གི་ཚེ་བསམ་གཏན་གསུམ་པའི་སའི་སྲེད་པ་དང་བྲལ་ཏེ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་ཞིང་བཏང་སྙོམས་དང་དྲན་པ་དག་ལྡན་པར་གྱུར་པ་དེའི་ཚེ་བསམ་གཏན་བཞི་པ་ཞེས་བྱའོ། །དེ་བཞིན་དུ་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པ་ལ་ཡང་དམིགས་པ་དང་། རྣམ་པ་ལ་སོགས་པའི་བྱེ་བྲག་གིས་སྦྱར་བར་བྱའོ། །དེ་ལྟར་དམིགས་པ་ལ་སེམས་བརྟན་པར་བྱས་ནས་ཤེས་རབ་ཀྱིས་རྣམ་པར་དཔྱད་པར་བྱ་སྟེ། འདི་ལྟར་ཤེས་པའི་སྣང་བ་བྱུང་ནས་ཀུན་ཏུ་རྨོངས་པའི་ས་བོན་ཤིན་ཏུ་སྤོང་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་མུ་སྟེགས་ཅན་རྣམས་ཀྱི་བཞིན་དུ་ཏིང་ངེ་འཛིན་ཙམ་གྱིས་ཉོན་མོངས་པ་སྤོང་བར་མི་འགྱུར་རོ། །མདོ་སྡེ་ལས་ཇི་སྐད་དུ། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། །དེས་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད། །དེ་ཡིས་ཉོན་མོངས་ཕྱིར་ནི་རབ་འཁྲུག་སྟེ། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་སྒོམ་བཞིན། །ཞེས་གསུངས་པ་ལྟ་བུའོ། །ཞེས་འབྱུང་བས་ཐོད་བརྒལ་བ་ལ་གཉིས་ཀྱི་དང་པོ་རྩེ་གཅིག་ལས་སུ་རུང་བས་སྙོམས་འཇུག་གི་རིམ་པ་དེ་དག་ཐོབ་པ་ཞིག་སྟེ། དེ་ནས་སྤྲོས་བྲལ་དུ་འཇུག་པ་ལ། སྣང་བ་སེམས་སུ་བསམ་བྱ་སྟེ། །སྐྱེ་མེད་ངང་ལ་བཞག་པར་བྱ། ཞེས་གསུངས་ཏེ། དེ་ཡང་སྒོམ་རིམ་གྱི་ལུང་དེ་མ་ཐག་པར། དེ་ལ་འཕགས་པ་ལངྐར་གཤེགས་པ་ལས། ཤེས་རབ་སྒོམ་པའི་རིམ་པ་མདོར་བཀའ་སྩལ་ཏེ། སེམས་ཙམ་ལ་ནི་རབ་བརྟེན་ནས། །ཕྱི་རོལ་དོན་ལ་མི་བརྟག་གོ །སོགས་གསུངས་ཏེ། དེ་ཡང་དེར་ཐོག་མར་རྣལ་འབྱོར་པས་ཆོས་གཟུགས་ཅན་གང་རྣམ་དག གཟུགས་ལ་སོགས་པ་ཕྱི་རོལ་གྱི་དོན་དུ་གཞན་དག་གིས་བརྟགས་པ་དེ་དག་ལ་ཅི་འདི་དག་རྣམ་པར་ཤེས་པ་ལས་གཞན་ཞིག་ཡིན་ནམ། འོན་ཏེ་རྣམ་པར་ཤེས་པ་ཉིད་དེ་ལྟར་སྣང་སྟེ། རྨི་ལམ་གྱི་གནས་སྐབས་ཇི་ལྟ་བ་བཞིན་ནམ་ཞེས་དཔྱད་པར་བྱའོ། །དེ་ལ་རྣམ་པར་ཤེས་པ་ལས་ཕྱི་རོལ་པ་རྡུལ་ཕྲ་རབ་ཏུ་གཤིགས་ཏེ་རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱིས་སོ་སོར་བརྟག་ན། རྣལ་འབྱོར་པས་དོན་དག་མི་མཐོང་ངོ་། །དེས་དེ་དག་མ་མཐོང་བས་འདི་སྙམ་དུ་འདི་དག་ཐམས་ཅད་ནི་སེམས་ཙམ་སྟེ་ཕྱི་རོལ་གྱི་དོན་མེད་དོ་སྙམ་དུ་སེམས་སོ། །འདི་ལྟར་སེམས་ཙམ་ལ་ནི་རབ་བརྟེན་ནས། །ཕྱི་རོལ་དོན་ལ་མི་བརྟག་གོ །དེ་སྐད་འབྱུང་བ་ནི་ཆོས་གཟུགས་ཅན་རྣམས་ལ་རྣམ་པར་རྟོག་པ་སྤོང་ངོ་། །ཞེས་བྱ་བའི་ཐ་ཚིག་སྟེ། དམིགས་སུ་རུང་བའི་མཚན་ཉིད་དུ་གྱུར་པ་དེ་དག་ལ་རྣམ་པར་དཔྱད་ན་མི་དམིགས་པ། དེ་ལྟར་ཆོས་གཟུགས་ཅན་རྣམས་རྣལ་འབྱོར་གྱིས་བཤིག་ནས་གཟུགས་ཅན་མ་ཡིན་པ་རྣམས་ཀྱང་རྣམ་པར་གཞིག་པར་བྱ་སྟེ། དེ་ལ་སེམས་ཙམ་གང་ཡིན་པ་དེ་ཡང་གཟུང་བ་མེད་ན་འཛིན་པར་མི་རུང་སྟེ། འཛིན་པ་ནི་གཟུང་བ་ལ་ལྟོས་པའི་ཕྱིར་རོ། །དེ་ལྟ་བས་ན་སེམས་ནི་གཟུང་བ་དང་འཛིན་པ་ལས་དབེན་ཞིང་གཉིས་སུ་མེད་པ་ཁོ་ན་ཡིན་པར་རྣམ་པར་དཔྱད་ནས་གཉིས་སུ་མེད་པའི་མཚན་ཉིད། དེ་བཞིན་ཉིད་ཀྱི་དམིགས་གནས་ནས། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །འཛིན་པའི་རྣམ་པ་ལས་ཤིན་ཏུ་འདའ་བར་བྱ་སྟེ། གཉིས་སྣང་བ་མེད་པ་གཉིས་མེད་པའི་ཤེས་པ་ལ་གནས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་སེམས་ཙམ་ལས་འདས་ནས་གཉིས་སྣང་མེད་པའི་ཤེས་པ་ལས་ཀྱང་འདའ་བར་བྱ་སྟེ། བདག་དང་གཞན་ལས་དངོས་པོ་རྣམས་སྐྱེ་བ་མི་འཐད་པའི་ཕྱིར་གཟུང་བ་དང་འཛིན་པ་རྫུན་པ་ཁོ་ན་ཡིན་པས། དེ་དག་ལས་དེ་ཡང་གུད་ན་མེད་པའི་ཕྱིར། དེ་ཡང་བདེན་པ་ཉིད་མ་ཡིན་པར་བརྟག་ལ། གཉིས་མེད་པའི་ཤེས་པ་དེ་ལས་ཡང་དངོས་པོར་མངོན་པར་ཞེན་པ་དོར་བར་བྱ་སྟེ། གཉིས་མེད་པའི་ཤེས་པ་ཁོ་ན་ལ་གནས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པར་རྟོགས་པ་གནས་པ་ཡིན་ནོ། །དེ་ལ་གནས་པས་ཡང་དག་པ་ཉིད་ཀྱི་མཆོག་ལ་ཞུགས་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་ཞུགས་པ་ཡིན་ནོ། །ཞེས་འབྱུང་བ་ཉིད་དོ། །ཐོད་བརྒལ་བ་གཉིས་པ། དེ་ལྟ་བུར་བསམ་གཏན་གྱི་དངོས་གཞི་སྙོམས་འཇུག་མ་ཐོབ་པ་སྟེ། སློབ་དཔོན་དཔའ་བོས། ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་མ་རིག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ན་ཡང་། །སྡུག་བསྔལ་ཡང་འབྱུང་སྲིད་པ་འགྲུབ། །ཁྱོད་ཀྱི་བསྟན་པའི་རྗེས་འཇུག་པ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མི་རེག་རྩ་བཞིན་དུ། །སྲིད་པ་དག་ནི་ཟློག་པར་བྱེད། །ཅེས་པའོ། །དེའི་སྒོམ་པའི་རིམ་པ་ནི། ཕག་གྲུས། དང་པོ་པ་ཡི་གང་ཟག་ནི། །ཉོན་མོངས་རྣམ་རྟོག་བྱུང་གྱུར་ན། །འདོད་ཆགས་འདི་ཡང་རྣམ་རྟོག་སྟེ། །རྣམ་རྟོག་དེ་ཉིད་སེམས་སུ་འདུག །སེམས་ཀྱང་སྐྱེ་བ་མེད་པར་གནས། །བསམས་ལ་དྭངས་ལ་བཞག་པར་བྱ། །ཞེས་གསུངས་ཏེ། འདི་ལ་སྒོམ་འབོགས་པའི་ཚུལ། དེ་ལ་མྱོང་བ་སྐྱེ་ཚུལ། དེ་ངོ་སྤྲོད་པའི་ཚུལ་གསུམ། དང་པོ་ནི། རྗེ་མི་ལས། ཉ་མ་དཔལ་དར་འབུམ་ལ་ཇི་སྐད་གསུངས་པ་བཞིན་ཏེ། ནམ་མཁའ་འདི་ལ་དཔེ་ལོང་ལ། །གསལ་འགྲིབ་མེད་པའི་སྒོམ་ཞིག་གྱིས། །རི་བོ་འདི་ལ་དཔེ་ལོང་ལ། །གཡོ་འགུལ་མེད་པའི་སྒོམ་ཞིག་གྱིས། །ཆུ་བོ་མ་གི་དཔེར་ལོང་ལ། །རྒྱུན་ཆད་མེད་པའི་སྒོམ་ཞིག་གྱིས། །ཞེས་གསལ་འགྲིབ་མེད་པ་ནི་ཤེས་པའི་རང་ལུགས། །གཡོ་འགུལ་མེད་པ་ནི་མ་ཡེངས་པའི་ལམ། དེ་ལ་རྒྱུན་ཆད་མེད་པར་སྒོམ་པ་ནི་གུས་པ་དང་རྟག་སྦྱོར་ཞེས་བྱ་བའི་བརྩོན་འགྲུས་ཀྱི་ཆོས་སོ། །དེ་དང་གྲུབ་ཐོབ་གླིང་གིས། མ་བཅོས་སོ་མར་བཞག་ན་རྟོགས་པ་འཆར། །ཆུ་བོའི་རྒྱུན་བཞིན་བསྐྱངས་ན་ཡོངས་ཀྱང་འཆར། །དམིགས་གཏད་མཚན་མ་ཐམས་ཅད་ཡོངས་སྤངས་ལ། །རྟག་ཏུ་མཉམ་པར་ཞོག་དང་རྣལ་འབྱོར་པ། །ཞེས་པ་དོན་གཅིག དེ་བརྟག་གཉིས་ལས། ཆུ་བོའི་རྒྱུན་ནི་རབ་འབབ་དང་། མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་བཞག །ཅེས་གསུངས་སོ། །གཉིས་པ་ཉ་མ་དཔལ་དར་འབུམ་གྱིས་བསྒོམས་པས། །འདོད་པའི་སེམས་རྩེ་གཅིག་པ་རྙེད་པས་སེམས་བསྒོམ་བདེ་ལ། འཆར་སྒོའི་རྣམ་རྟོག་སྒོམ་དུ་མ་བདེ་ནས། ནམ་མཁའ་སྒོམ་དུ་བདེ་ལགས་ཏེ། །ལྷོ་སྤྲིན་སྒོམ་དུ་ཅུང་མ་བདེ། །ཞེས་སོགས་དཔེ། དོན། སེམས་ཉིད་སྒོམ་དུ་བདེ་ལགས་ཏེ། །རྣམ་རྟོག་སྒོམ་དུ་ཅུང་མ་བདེ། །རྣམ་རྟོག་སྒོམ་པའི་གདམས་ངག་ཞུ། །ཞེས་པ་ལ། གསུམ་པ། རྗེ་བཙུན་གྱིས། ནམ་མཁའ་སྒོམ་དུ་བདེ་ལགས་ན། །ལྷོ་སྤྲིན་ནམ་མཁའི་ཆོ་འཕྲུལ་ཡིན། །ད་དུང་ཆོ་འཕྲུལ་གཏན་ལ་ཕོབ། །སོགས་དཔེ་དང་། དཔེ་ཅན། སེམས་ཉིད་སྒོམ་དུ་བདེ་ལགས་ན། རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན། །ད་དུང་ཆོ་འཕྲུལ་གཏན་ལ་ཕོབ། །ཅེས་ངོ་སྤྲད་པ་བཞིན་ནོ། །འདིར་དཔྱད་ན། མཚན་ཉིད་པ་རྣམས་གཉེན་པོས་སྤང་བྱ་མངོན་གྱུར་པ་མི་སྤོང་། ས་བོན་ལ་གནོད་པ་བྱས་པའི་ཚུལ་གྱིས་སྤོང་བར་འདོད་ལ། ཕྱག་རྒྱ་ཆེན་པོ་པ་ཉོན་མོངས་པས་ཀུན་ནས་དཀྲིས་པ་ཆེ་བདོ་བ་རང་ངོ་རང་ཤེས་ཀྱི་གནད་ཀྱིས་ལམ་དུ་གཏོང་སྟེ། འཁྲིག་པ་དང་གཉིད་ལམ་དུ་བྱེད་པ་བཞིན་ནོ། །དེས་ན་འདོད་ཆགས་ཀྱི་ངོ་བོ་ཉིད་ཤེས་པ་ལ། འདོད་ཆགས་ཉིད་ཀྱིས་འདོད་ཆགས་སྦྱོང་ཞེས་བྱའི། འདོད་ཆགས་འགགས་ནས་ཕྱིས་གཉེན་པོ་སླེབ་པ་ལ་འདོད་ཆགས་ཀྱི་རང་བཞིན་ཤེས་པ་ཞེས་བྱ་བའི་ཐ་སྙད་བཞག་ཏུ་མེད་དོ། །ཇོ་ནང་པ་དང་། ལྷག་བསམ་རབ་དཀར་དྲི་མཁན་གྱི་བསམ་པར་ཉོན་མོངས་པ་འགགས་པ་དེའི་རང་བཞིན་ཤེས་པར་འཇོག་པར་འདུག་སྙམ་པ་རང་གིས་མ་གོ་ཚུལ་འདིས་བཤད་དོ། །གནད་འདིས་ལྷག་མ་ལམ་དུ་གཏོང་བའང་། དེར། དེ་བཞིན་རྣམ་རྟོག་མ་ལུས་པ། །རྣམ་དག་འགྲེས་སུ་གོ་བར་བྱ། །འགྲེས་རྐང་འདེད་པ་སྟེ། ཇི་ལྟར་འདེད་ན། རྒྱལ་བ་རྒོད་ཚང་པས། འདམ་བུ་གཅིག་ཁོང་སྟོང་དུ་ཤེས་ན་དེས་འདམ་བུ་ཐམས་ཅད་ཁོང་སྟོང་དུ་ཤེས་འོང་བ་བཞིན། རྣམ་རྟོག་གཅིག་གི་སྟེང་དུ་ལམ་དུ་ཁྱེར་ཤེས་ན་རྣམ་རྟོག་དང་ཉོན་མོངས་པ་ཐམས་ཅད་ཀྱི་སྟེང་དུ་ཤེས་པ་ཡིན་ནོ། །ཞེས་འཆད་པ་ལྟར་དུའོ། །དེ་ཀ་བརྟག་གཉིས་ལས། རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་སྦྱོང་དང་། འདོད་ཆགས་ཉིད་ཀྱིས་འདོད་ཆགས་སྦྱོང་སོགས་རྒྱས་པར་གསུངས་སོ། །འདིས་ན་རྡོ་རྗེ་ཐེག་པའི་ཐབས་འཚང་རྒྱ་བའི་ཉེ་ལམ་དུ་སོང་། མཚན་ཉིད་ཐེག་པའི་ཐབས་རིང་ལམ་དུ་ལུས་ཀྱང་། འདིར་འདོད་སེམས་རྩེ་གཅིག་པ་ནས་རྣམ་རྟོག་ལམ་དུ་ཁྱེར་ཏེ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བར་བྱེད་པ་ནི། རགས་པ་ཡེ་ཤེས་སུ་འཆིང་སླ་བས་ཏེ། ཉོན་མོངས་པར་རགས་ཤིང་དམུ་རྒོད་པའི་ལས་ཀྱི་ས་པའི་རྩོད་དུས་པ་རྡོ་རྗེ་ཐེག་པའི་གདུལ་བྱའི་གཙོ་བོར་བཞག་པའི་རྒྱུ་མཚན་གྱིས་ཤེས་པར་བྱ་བ་ཡིན་ནོ། །དེ་བས་ན་མཚན་ཉིད་པའི་ལམ་ཁམས་ཀྱིས་རྒྱལ་པོས་དགྲ་ཟླ་གཡོའམ་ཐབས་སྣ་ཚོགས་ཀྱིས་གདུལ་བྱ་ལྟ་བུ། ཕྱག་ཆེན་པའི་འདི་འཁོར་ལོ་སྒྱུར་བའི་རྒྱལ་པོའི་བྱིན་མ་བཟོད་ནས་ཕས་ཀྱིས་བསུས་ཏེ་འབངས་སུ་གཞུག་པ་ལྟ་བུའོ། །དེར། གསར་བུ་གནས་ལུགས་བསྒོམ་པ་ནི། །རྒྱ་མཚོ་ཆེན་པོའི་རྦ་རླབས་བཞིན། །བསྲབས་ཤིང་དྭངས་པར་གྱུར་པ་ལས། །སངས་རྒྱས་ལམ་དུ་ཤེས་པར་བྱ། ཞེས་གསུངས་ཏེ། ཚུལ་དེས་རྟོག་པ་ཉེ་བར་ཞི་བ་ནི་ཆུ་རླབས་ཆུར་ཐིམ་ནས་རྒྱ་མཚོ་མི་གཡོ་བ་ལྟ་བུའོ། །དེའི་ཚེ་སངས་རྒྱས་ཀྱི་ལམ་ངོ་མའི་ནང་དུ་ཚུད་པ་ཡིན་ཏེ། དེ་ནས་ངེས་པར་སངས་རྒྱས་སུ་འགྲོ་ཞིང་ཕྱིར་ལྡོག་པ་མི་སྲིད་པས་སོ། །དེ་བས་ན་འདི་ཤེས་རབ་ཀྱི་མཆོག་བསྒོམ་པ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་དང་། སམྦུཊར། གཟུགས་རྣམས་ཐམས་ཅད་བལྟ་བ་དང་། །སྒྲ་རྣམས་ཉིད་ཀྱང་ཉན་པ་དང་། །སྨྲ་བ་དང་ནི་རྒོད་པ་དང་། །སྣ་ཚོགས་རོ་ནི་མྱང་བ་དང་། །ལས་རྣམས་ཐམས་ཅད་བྱེད་པ་ན། །གཞན་དུ་སེམས་ནི་མི་འགྲོ་བས། །དེ་ཉིད་རིག་པའི་རྣལ་འབྱོར་པས། །རྣལ་འབྱོར་རྟག་ཏུ་སྐྱེ་བར་འགྱུར། །འདི་ནི་གཉིས་སུ་མེད་པར་བརྗོད། །འདི་ནི་བྱང་ཆུབ་སེམས་མཆོག་ཉིད། །རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ཀུན་གྱི་དངོས། །མཉམ་ཉིད་བསམ་བྱ་ཉིད་དུ་གསུངས། །ཞེས་དང་། སྡུག་བསྔལ་ཕུང་པོ་དུ་མའི་མཚན་གྱུར་པ། །འདི་ལས་གཞན་དུ་ཅུང་ཟད་ཡོད་མ་ཡིན། །བདེ་བ་མཐའ་ཡས་འབྱུང་བའི་རྒྱུར་གྱུར་པ། །དེ་ལས་གཞན་དུ་གྲོལ་བའང་ཡོད་མ་ཡིན། །སྡུག་བསྔལ་མ་ལུས་ཟད་པར་འདོད་པ་དང་། །སངས་རྒྱས་རྣམས་ཀྱི་བདེ་མཆོག་ཐོབ་འདོད་པས། །སེམས་ནི་བརྟན་པར་བྱས་ན་འབད་པས་བཅད། །དེ་ཡི་རང་བཞིན་དངོས་པོ་མེད་པར་བྱེད། །ཇི་སྲིད་རྟོག་པའི་མུན་པའི་ཡོལ་སྟུག་པོས། །སྐྱེ་དགུའི་ཡིད་བསྒྲིབས་སྡུག་བསྔལ་མཐའ་ཡས་པ། །ཇི་སྲིད་དེ་ནས་དེ་ནི་བྲལ་ཡིན་ཏེ། །དེ་སྲིད་བདེ་བ་རྒྱ་ཆེན་ཐ་དད་མིན། །མཉམ་པ་ཉིད་ཀྱི་མཐར་ཐུག་འཕགས་དགྱེས་པའི། །དེ་ཡི་ཟད་ཕྱིར་རང་གི་བྱ་བ་ཡང་། །རྒྱས་པ་དེ་ཡི་ཡན་ལག་འགྲོ་བ་ལྟར། །དེ་ལྟར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་རྣལ་འབྱོར་གྱི་ངེས་པ་བྱས་ནས་བཀའི་གནང་བ་དང་། རང་གི་དམ་ཚིག་ལ་གནས་པ་སྒོམ་པར་བྱེད་ན་ལག་པའི་ཕྱག་རྒྱ་དང་། སྔགས་དང་། སྐུ་གཟུགས་ཀྱི་ང་རྒྱལ་སྒོམ་པ་དང་། དམ་ཚིག་གི་ཐུན་མོང་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་པ་ཅི་ཞིག་བྱ། སངས་རྒྱས་ཉིད་ཀྱིས་བྱིན་གྱིས་བརླབས་པའི་མཚོན་པ་མངོན་དུ་རང་གི་ལྷའི་རྣལ་འབྱོར་ཡིན་ཏེ། བསྐྱེད་པ་དང་དེ་མཚོན་པ་ན་གནས་གསུམ་པོ་ནམ་མཁའ་ལྟ་བུར་འགྱུར་རོ། །གཞུང་ཐམས་ཅད་སྤངས་ནས་ཐོབ་པའི་གནས་ཀྱི་བསམ་གཏན་གྱི་རྣལ་འབྱོར་དེ་ལ་བརྩོན་པས་རང་རིག་པ་ཙམ་ལ་སྤྲོ་བས་ཉིན་དང་མཚན་དུ་གོམས་པར་བྱའོ། །ཞེས་དོ་ཧར། གང་ཞིག་བླངས་ན་སྐྱེ་འཆི་གནས་གྱུར་པ། །དེ་ཉིད་བླངས་ན་བདེ་ཆེན་མཆོག་འགྲུབ་ཅེས། །སྐད་གསང་མཐོན་པོས་མདའ་བསྣུན་སྨྲ་བྱེད་ཀྱང་། །བྱོལ་སོང་འཇིག་རྟེན་མི་གོ་ཇི་ལྟར་བྱ། །བསམ་གཏན་བྲལ་བས་ཅི་ཞིག་བསམ་བྱར་ཡོད། བརྗོད་དུ་མེད་གང་ཇི་ལྟར་བཤད་དུ་ཡོད། །སྲིད་པའི་ཕྱག་རྒྱས་འགྲོ་བ་མ་ལུས་བསླུས། །རང་བཞིན་གཉུག་མ་སུས་ཀྱང་བླངས་པ་མེད། །རྒྱུད་མེད་སྔགས་མེད་འཛིན་དང་བསམ་གཏན་བྲལ། །དེ་ཀུན་རང་ཡིད་འཁྲུལ་པར་བྱེད་པའི་རྒྱུ། །རང་བཞིན་དག་པའི་སེམས་ལ་བསམ་གཏན་དག་གིས་མི་བསླད་དེ། །བདག་ཉིད་བདེ་ལ་གནས་ལ་གདུང་བ་མ་བྱེད་ཅིག །ཡང་། ཀྱེ་ཧོ། འདི་ནི་རང་རིག་ཡེ་ཤེས་ཏེ། འདི་ལ་འཁྲུལ་པར་མ་བྱེད་ཅིག །དངོས་དང་དངོས་མེད་བདེ་བར་གཤེགས་པའི་མཆིང་བ་སྟེ། གཉུག་མའི་ཡིད་ནི་རྣལ་འབྱོར་པས་ཤེས་ཀྱིས། །ཆུ་ལ་ཆུ་བཞག་བཞིན་དུ་ཤེས་པར་བྱའོ། །གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། །བལྟས་ཤིང་བལྟས་ཤིང་མཐོང་བ་འགགས་པར་འགྱུར། །ཞེས་གསུངས་སོ། །ཕག་གྲུས། འབྱུང་དང་གནས་དང་སད་པ་ཡི། །ལས་ཀྱི་ནད་རྣམས་བྱུང་གྱུར་ཀྱང་། །ཞེས་པ་དབང་པོ་རྣོན་པོ་མོས་གུས་ཀྱིས་ཁམས་འདུ་བ། འབྲིང་བརྩོན་འགྲུས་ཀྱིས་ཁམས་འདུ་བ། ཐ་མ་གོམས་སྟོབས་ཀྱིས་མཐར་ཁམས་འདུ་བ་ཡིན་ལ། དེའི་འདུ་མཁན་རླུང་དང་ཐིག་ལེ། འདུ་ས་རྩའི་མདུད་པ། འདུ་ཁྱེར་རླུང་གིས་རྩའི་ནང་དུ་ཐིག་ལེ་འཁྲིད་པས་རྩའི་མདུད་པ་རྣམས་ཤག་ཤིག་ཏུ་བྱེད་པ་སྟེ། འདིས་ཕྱག་ཆེན་གྱི་ལམ་ལ་རྩའི་མདུད་པ་དགྲོལ་བ་དང་དཀར་དམར་གྱི་འཕོ་བ་བགག་པའི་གནད་མི་འདུག་བསམ་པ་ཁེགས་སོ། །འདུས་པ་ཙམ་དེས་བདེ་གསལ་མི་རྟོག་པའི་ཉམས་སད་པ། དེ་ཙ་ན་རྩ་རླུང་ཐིག་ལེའི་གེགས་སུ་མི་འབྱུང་བ་ནི་རྗེ་བཙུན་ཆེན་པོ་མི་ལས། གེགས་དང་གོལ་ས་མང་བ་དེ། །ཆོས་སྐྱོན་ཅན་ཡིན་པ་མ་ལགས་ཏེ། །རྟགས་མྱུར་དུ་མཐོང་བའི་སྒྲོན་མེ་ཡིན། །ཞེས་པས་དེའི་དུས་ཀྱི་ཟུག་སོགས་འབྱམས་སུ་མི་གཞུག་པར་སེལ་བ་དང་། གཞན་ལས་ཀྱི་རྣམ་སྨིན། དེ་ཡང་བསྒོམ་པས་སྔོན་གྱི་ལས་ངན་པ་སྟོབས་པོ་ཆེ་རྣམས་ཡང་བར་གྱུར་ཏེ་ཚེ་འདིའི་རྐྱེན་ངན་ཕྲན་བུ་ཙམ་དུ་སོང་ནས་འཛད་པ་ཡིན་ནོ། །དེ་དག་བྱུང་ན་ཉམས་ལེན་ཇི་ལྟ་བུ་ཞེ་ན། རྣམ་པར་རྟོག་པ་རིག་པ་སྟེ། །རིག་པ་རྣམ་ཐར་སྒོ་གསུམ་དུ། །སྐྱེས་བུ་དམ་པས་ཤེས་བྱས་ལ། །དགའ་བ་ཆེན་པོའི་འདུ་ཤེས་ཀྱིས། །དགོས་དང་སྐུ་དྲིན་ཆེ་བར་བསམ། །འདི་ནི་འབྱུང་བ་རོ་སྙོམས་ལས་སྔོན་དུ་འདུན་པ་གཏང་བ་ཞེས་པ་དང་གནད་གཅིག རྣམ་པར་རྟོག་པ་སེམས་ཉིད་ལ། །སྤང་བར་འདོད་ན་མང་དུ་འགྲོ། །སཱ་ལུའི་རྩ་བ་ཅི་འདྲ་བར། །སྐྱེ་བ་མེད་པ་སྤང་མི་དགོས། །དེ་ཡང་སྤོང་མཁན་རྣམ་རྟོག་ཡིན་པས། མགལ་མེ་བསྐོར་བ་འདྲ་བས་རྣམ་རྟོག་ཟད་རྒྱུ་མི་ཡོང་། དེ་ཕྱིར་མི་སྤོང་ངོ་། །མ་སྤངས་ན་མི་འཆིང་བ་སྐྱེ་མེད་ཡིན་པའི་གནད་ཀྱིས་ཏེ། དཔེར་ན་འབྲས་ཀྱི་མྱུ་གུ་ས་བོན་ཞིག་པ་ལས་མ་སྐྱེས། མ་ཞིག་པ་ལས་མ་སྐྱེས་པས་མྱུ་གུ་སྐྱེ་བ་མེད་ཀྱང་། ལུད་དང་དྲོད་གཤེར་ས་བོན་ཚོགས་པ་ལས་སྐྱེ་བར་སྣང་བ་ལྟ་བུའོ། །དེ་ཕྱིར་མདོར། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཉིད། །ཅེས་འབྱུང་བས་སོ། །སྐྱེ་འགག་མེད་པ་སྟོང་ཉིད་སྐྱེ་བ་མེད་ན་འགྲོ་བ་ཡང་མི་འཐད་པས་འཛིན་པ་མེད་དེ་མ་འོངས་པའོ། །རྒྱུ་མེད་པའི་ཕྱིར་འབྲས་བུ་ལ་འདུན་པ་མི་འབྱུང་པས་སྨོན་མེད། གང་སྐྱེ་འགག་འགྲོ་འོང་མི་འཐད་པ་དེ། ད་ལྟར་རྟག་པའམ་ཆད་པའམ་གཅིག་དང་དུ་མའི་མཚན་མར་འཛིན་རྒྱུ་མེད་པས་མཚན་མ་མེད་པའི་རྣམ་པར་ཐར་པས་སོ་སོ་རང་རིག་པ་དེ་རྣམ་པར་ཐར་པའི་སྒོ་གསུམ་དུ་སོང་ལ་དེས་ཆོས་ཐམས་ཅད་སྐྱེད་པའི་ཕྱིར་ཆོས་འབྱུང་ཡང་ཟེར་རོ། །དེར་ད་དུང་ནད་ཀྱི་སྡུག་བསྔལ་གྱིས། །ལུས་སེམས་འཚེ་བར་བྱེད་པ་ན། །ནད་དང་སྡུག་བསྔལ་མ་ཡིན་ལ། །གསོལ་བ་འདེབས་པའི་བླ་མར་བསྒོམ། །དེ་ཡང་ཤེལ་དྲི་མ་མེད་པ་དར་སྣ་ཚོགས་ཀྱི་སྟེང་དུ་བཞག་པས་དེ་དང་དེའི་མདངས་སུ་འགྲོ་བ་ལྟ་བུ། སེམས་འདི་ཡང་དམིགས་པས་གར་བསྒྱུར་བསྒྱུར་དེ་ཀར་འཆར་བ་ཡིན་ནོ། །ལུས་ཀྱི་ཁོང་དུ་གཟེར་བ་དང་། །ཚ་ཞིང་དྲག་ལ་འཁྲུག་པ་རྣམས། །སེམས་གཏད་ས་རུ་ཟུག་པ་དང་། །ཞེས་ནད་དོ། །ས་ཚགས་དྲ་ཚགས་ཇི་ལྟ་བར། །བསམས་ལ་ནད་ཀྱི་ཚོགས་རྣམས་དག །སྤོས་ཀྱི་དུད་པ་ཇི་ལྟ་བར། །ཟུག་པའི་ཕྱོགས་ནས་འདོན་བྱ་སྟེ། ཐེང་ལྔ་དྲུག་གིས་ཟུག་ལས་གྲོལ། །ནད་འདོན་ནོ། །ཡང་གཅིག་ལྡང་ན་ཇི་ལྟར་བྱ་ཞེ་ན། ལུས་པོ་མི་ན་རྣམ་རྟོག་ན། །སྣང་བ་བདེ་ཆེན་འཆར་དུས་ན། །ཁབ་ཀྱིས་བཙུགས་ཀྱང་བདེ་བ་སྐྱེ། །བྱམས་དང་སྙིང་རྗེ་འབྱོངས་པའི་དུས། །རང་སྲོག་གཅོད་པའི་དགྲ་ལ་ཡང་། །མ་ཡི་འདུ་ཤེས་ཡང་ཡང་འབྱུང་། །མུ་སྟེགས་ནག་པོ་སོར་དྲུག་གིས། །མཁའ་ལ་དངོས་པོ་བསྒོམས་གྱུར་ཏེ། །རྣམ་རྟོག་མཁྲེགས་པར་མཐོང་བས་ན། །ལག་པ་གཡུགས་པས་སྒྲ་ཡང་ཐོས། །ཞེ་སྡང་སྐྱེས་པའི་དུས་ཚོད་དུ། །བསྐྱངས་པའི་མ་ཡང་དགྲ་རུ་གོ ཞེས་པའི་རྒྱུ་མཚན་གྱིས་ན་མཁན་རང་སེམས་སུ་ཐག་བཅད་དེ། སྔར་བཞིན་བསྒོམ་པ་ཡིན་ནོ། །སྙིང་ནས་སེམས་དུལ་གྱུར་པ་ན། །རྨི་ལམ་མི་ནི་ཤི་བ་བཞིན། །གོ་བར་གྱུར་ན་རྟོགས་པ་སྐྱེ། །ཞེས་པ་ནི་དྲོད་ཚད། དེས། གདམས་ངག་རྒྱལ་པོ་སྐྱེས་སྦྱོར་འདི། །གོ་བར་གྱུར་ན་འཁོར་འདས་གཉིས། །ལག་པའི་ལྟོ་རྒྱབ་ཇི་ལྟ་བར། །ངེས་པ་སྐྱེས་ན་ཐར་པ་འཐོབ། །འདི་ནི་དུས་འཁོར་འགྲེལ་ཆེན་ལས། འདིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་མི་འགྱུར་བའི་རིག་པ་འཛིན་པ་འཁོར་བའི་བག་ཆགས་ལས་འདས་པ་སྟེ། དེ་ཡི་ཆོས་མི་མཐུན་པས་འཁོར་བ་པ་རྣམས་འགྱུར་བའི་རིག་པ་འཛིན་པ་འཁོར་བའི་བག་ཆགས་ཀྱིས་གཟུང་བའོ། །དེའི་ཕྱིར་མཆོག་ཏུ་མི་འགྱུར་བའི་འདོད་ཆགས་ཆེན་པོ་ནི་རིག་པ་སྟེ། མ་རིག་པ་ནི་འདིར་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་སོ། །དེ་ཡིས་འདོད་ཆགས་ལ་རབ་ཏུ་འཇུག་སྟེ་འདོད་ཆགས་ཀྱང་འགྱུར་བའོ། །ཞེས་པས་འཁོར་འདས་ལག་པའི་མདུན་རྒྱབ་ལྟ་བུར་འགྲོ་བ་དང་། དྭགས་པོ་རིན་པོ་ཆེས། ཐ་མལ་གྱི་ཤེས་པ་ངོ་ཤེས་མ་ཤེས་འཁོར་འདས་ཐམས་ཅད་ཀྱི་རྩ་བར་འཇོག་པའང་འདི་ཡིན་ཏེ། གནད་འདི་ནི་འོད་གསལ་མ་བུ་བསྲེ་བ་ལའང་ཤིན་ཏུ་གཅེས་པའོ། །རྒྱུ་མཚན། ཐ་མལ་གྱི་ཤེས་པ་ཐམས་ཅད་སྟོང་པ་འོད་གསལ་མ་དེ་ཉོན་མོངས་པའམ་རྟོག་པ་གང་གི་སྟེང་དུ་ངོས་ཟིན་ནས་འོད་གསལ་བུ་དེས་རྟོག་པ་རྒྱུན་མི་འཐུད་པས་བག་ཆགས་མི་འཇོག བག་ཆགས་མ་བཞག་ན་འཁོར་བའི་ཆོས་མངོན་དུ་རྒྱུར་ལྡང་རྒྱུ་མི་ཡོང་པས་མ་བུ་འདྲེས་པའི་ཐ་སྙད་བྱས། རྡོ་རྗེ་ཐེག་པ་བ་ཀུན་དཀྲིས་ལམ་དུ་ཁྱེར་བས་འབྲས་བུ་ཕྱི་དུས་སུ་མ་ལུས་པའི་གནད་ཀ་ཅིག་དེ་ནའང་གདའོ། །གཉིས་སུ་མེད་པའི་ཡེ་ཤེས་འདི། །རྣམ་རྟོག་ཟད་ན་རྒྱུད་ལ་འཆར། །དེ་ཡང་འགྲེལ་ཆེན་དེར། དེ་ལྟ་ན་ཕན་ཚུན་བལྟོས་པ་ཉིད་ཀྱི་ཕྱིར་ཡེ་ཤེས་གཉིས་སུ་འགྱུར་རོ། །དེ་ལྟར་གཉིས་ཀའི་ཡེ་ཤེས་སོ་སོར་གྱུར་ན་གཉིས་སུ་མེད་པའི་ཡེ་ཤེས་མེད་དོ། །གཉིས་སུ་མེད་པའི་ཡེ་ཤེས་མེད་པའི་ཕྱིར་སངས་རྒྱས་ཉིད་ཀྱང་མེད་པར་འགྱུར་ཏེ། རྣམ་པར་དག་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པས། རྟོག་པ་མ་དག་ན་གཉིས་སྣང་ཡོད་ལ། གཉིས་སུ་སྣང་ན་གཉིས་མེད་མི་འབྱུང་བས། །རྣམ་རྟོག་ཐམས་ཅད་ཆོས་སྐུའི་རྒྱལ་ཁམས་སུ་སོང་བ་ཞིག་དགོས་སོ། །དེ་ལྟ་མ་ཡིན་པར་རྣམ་རྟོག་ཆོས་སྐུར་མི་འདོད་ལ། འདོད་ཆགས་ཆེན་པོ་ཞེ་སྡང་ཆེན་པོ་སོགས་ཀྱི་རྣམ་བཞག་ཁས་ལེན་པ་ནི་སྨྱོན་པའི་གར་སྟབས་བྷནྡུ་ཤ་ཀས་གཟི་ནས་བྱས་པ་ལྟར་བཞད་བགད་ཀྱི་གནས་སོ། །ཐོས་བསམ་སྒོམ་གསུམ་ཤེས་རབ་ཀྱིས། །རང་སེམས་བལྟས་ན་བསམ་བྱུང་ཡིན། །འདི་ནི་དེང་སང་གི་དཔྱད་སྒོམ་པ་རྣམས་སྒོམ་མཛད་གསུང་བ་དེ་སྒོམ་མ་ཡིན་པ་སྟེ། བསམ་མནོའི་བྱེ་བྲག་གོ་ཞེས་པའོ། །རིག་པ་ངང་ལ་བཞག་ཙ་ན། ཤུགས་འབྱུང་སྒྲོ་འདོགས་ཆོད་དེ་མཆི། །ལྟ་རྟོག་གཅིག་ཏུ་གྱུར་པ་ཡིན། །འདི་ནི་ཀུ་ས་ལི་པའི་འཇོག་སྒོམ་གྱི་ལས་སུ་སྣང་། དེའི་ཕྱིར་རྟོགས་ན་དེའི་དུས་ཀྱི་མཐོང་བ་ལ་ལྟ་བར་བྱེད་པའང་བསྟན་ནོ། །རྣམ་རྟོག་རང་བཞིན་གོ་ཙ་ན། །མཁའ་ལ་འཕུར་པའི་བྱ་རྗེས་དེ། །རྒད་པོ་རྣམས་ཀྱིས་མི་ཆོད་ལྟར། །ཐ་སྙད་ཞེ་བཞག་ཞིག་ནས་འགྲོ །ནམ་མཁའ་ལ་བྱ་འཕུར་ན་རྒན་པོ་ཚོད་ཅན་རྣམས་ཀྱིས་ཀྱང་དེའི་རྗེས་འདིའོ་ཞེས་སྟོན་མི་ནུས་པ་ལྟ་བུར་རྣམ་རྟོག་ཆོས་སྐུར་སོང་བ་དེ་ཐ་སྙད་ཀྱི་ཞེ་ལ་བཞག་པ། བསམ་པའི་རི་མོ་ཐམས་ཅད་ཡལ་ནས་འགྲོ་བས། སྨྲ་བསམ་གྱི་ཡུལ་མིན་ཞེས་བསྟན་ནོ། །དེ་སྡོམ་འབྱུང་ལས། གཞོན་ནུ་མ་ཡི་རྨི་ལམ་ཇི་བཞིན་རྨི་བར་བྱ། །ཐ་སྙད་དག་ནི་སྒྱུ་མ་མིག་འཕྲུལ་ལྟ་བུར་བརྗོད། །ཅེས་པས་སོ། །ཡང་། འཛིན་པ་འདུག་ན་རྣམ་རྟོག་ཡིན། །རྒྱུ་མཚན་དེས་ཆོས་སྐུར་མི་འགྲོ་ཞེས་པའི་དོན། ངོས་གཟུང་མེད་ན་ཟུང་འཇུག་སྟེ། །ཞེས་པ་དེ་དག་རང་རིག་གི་ངོར་ངོས་བཟུང་མི་སྣང་ན་དེ་དག་ཆོས་སྐུའོ་ཞེས་བྱའོ། །ཡོད་མེད་མཐའ་ལས་འདས་པ་ཡི། །རྟོགས་པ་གཤའ་མར་སྐྱེས་གྱུར་ན། །འབྲས་བུ་སྐུ་གསུམ་ཞེས་བྱ་བ། །སྐྱེས་བུ་གསུམ་གྱི་ལམ་རིམ་ལ། །སྦྱོང་བའི་འབད་རྩོལ་མི་དགོས་པ། །བྱིས་པ་སྨན་ནི་འཐུངས་པ་ལྟར། །ངོ་བོ་ཉིད་ནི་ཤུགས་ལས་འབྱུང་། །འདི་ནི་འབྲས་བུ་སྐུ་གསུམ་རྟོགས་པ་མངོན་དུ་གྱུར་པ་དེ་ཀས་འབྱུང་བར་བཤད་དེ། སྐྱེས་བུ་གསུམ་གྱི་ལམ་རིམ་ལྟ་བུ་རྒྱུད་རིམ་གྱིས་སྦྱང་མི་དགོས་པའི་དོན་ནོ། །འདི་ནི་དེང་སང་གི་གྲུབ་མཐའི་འབྱུང་ཁུངས་པ་ཕལ་ཆེ་བ་རྣམས་གང་ཟག་ཐམས་ཅད་ལ་ལམ་རིམ་གྱིས་སྦྱངས་པ་ཁོ་ན་དགོས་པར་སྨྲ་བ་དགག་པའོ། །དེ་དག་འཐད་ན། མདོ་ནས་སྔགས་ལ་ཞུགས་པའི་ཚེ། འདུས་པ་བ་རིམ་ལྔ་ལ་སློབ་པ་འཐད་དམ་དུས་འཁོར་བ་སྦྱོར་དྲུག་ལས་སློབ་པ་འཐད། ལམ་རིམ་གང་ངོས་ཀྱིས་འཚང་རྒྱ། །གང་ངོས་ཀྱིས་འཚང་མི་རྒྱ་དྲིའོ། །གཉིས་ཀས་སོ་ཞེ་ན། རྒྱུ་མཚན་ཅི་ཞེས་དྲིའོ། །སངས་རྒྱས་ཀྱིས་གསུངས་པས་སོ། །ཞེ་ན་ཨ་ལ་ལ་ཧོ། །དང་པོར་མཚན་ཉིད་ཀྱི་ཐེག་པས་རྒྱུད་སྦྱངས་ལ། དེ་ནས་སྔགས་ཀྱི་སྒོར་དབང་ཞུས་བསྐྱེད་རིམ་དེ་ནས་རྫོགས་རིམ་ལ་མཐར་གྱིས་བསླབ་པ་ཁོ་ན་བསྟན། དེ་ལྟ་བུའི་ལམ་མ་ཡིན་པ་གཞན་གྱིས་གྲོལ་མ་ཐུབ་པར་བསྒྲུབས་པ་ཐམས་ཅད་ད་ནི་ཧག་ནི་ཧུག་ནིར་རེད་དེ། སངས་རྒྱས་ཀྱིས་གདུལ་བྱ་བསམ་པ་སྣ་ཚོགས་འདུལ་བྱེད་ཀྱི་ཐབས་སྣ་ཚོགས་པ་སོ་སོ་ལ་འོས་པར་བསྟན་པ་སོ་སོས་གྲོལ་བའང་ལུང་གིས་གྲུབ་པས་སོ། །བསོད་ནམས་ཚོགས་ལ་འབད་པ་ན། །ནམ་མཁའ་ཡོངས་སུ་དག་པ་ལ། །ཁ་དོག་ཐ་དད་སྤྲིན་རྣམས་བྱུང་། །འོད་གསལ་དྭངས་པའི་རྒྱ་མཚོ་ལ། །རྦ་རླབས་གཉེར་མ་སྐབས་སུ་འབྱུང་། །གཉེར་མ་རྒྱ་མཚོར་མ་ཤེས་ན། །གཟུགས་བརྙན་མི་མཐོང་གྲུ་ཡང་འཇིག །རྟོག་པ་སྐྱེ་མེད་ཤེས་ལགས་ན། །སྤང་བླང་བྲལ་བའི་སངས་རྒྱས་འཐོབ། །འུབ་ཀྱི་སྲིལ་གྱིས་བསྡུས་པ་ཡིན། །ཞེས་པ་ནི་སྔར་བཤད་པ་རྣམས་ཀྱི་དོན་བསྡུའོ། །གསུམ་པ་རིམ་གྱིས་པའི་ལམ། ཤིན་ཏུ་དབེན་པའི་གནས་ཉིད་དུ། །རླུང་ལྔ་དབང་དུ་བྱེད་པ་ལ། །ལུས་ཀྱི་འཁྲུལ་འཁོར་བཅས་གྱུར་ཏེ། །ནམ་མཁའ་མཉམ་པའི་སེམས་ཅན་རྣམས། །སྡུག་བསྔལ་མཚོ་ལས་ཐར་དོན་དུ། །ལྷན་ཅིག་སྐྱེས་སྦྱོར་བསྒོམ་པར་བྱ། །རུས་དང་རིགས་དང་ཕྱོགས་འཛིན་གསུམ། །ཐ་མལ་རྣམ་རྟོག་སྣ་ཚོགས་པས། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་པ། ཡི་དམ་ལྷ་ཡི་རྣལ་འབྱོར་བསྒོམ། །མཆོག་དང་ཐུན་མོང་དངོས་གྲུབ་རྒྱུ། །བླ་མ་དམ་པའི་མོས་གུས་ཡིན། །སྤྱི་བོའི་གཙུག་ཏུ་བསྒོམ་པར་བྱ། །སངས་རྒྱས་འདུ་ཤེས་ལན་གསུམ་བསམ། །མཆོད་པ་གསུམ་གྱིས་མཆོད་བྱས་པས། །སྲིད་པའི་རྩེ་མོ་མན་ཆད་ནས། །མནར་མེད་དམྱལ་བ་ཡན་བཅད་ཀྱི། །ཕྱི་ནང་སྣོད་བཅུད་མ་ལུས་པ། །སྐྱེ་བ་མེད་པའི་རྣམ་པར་བསྒོམ། །ཞེས་གསུངས་ལ། འདི་ལ་ཆོས་རྗེས། གདམས་པ་གདབ་ལ་རྣམ་གསུམ་སྟེ། དང་པོར་རྟོག་པ་བཀག་ནས་བསྒོམ། །བར་དུ་རྣམ་རྟོག་བཤིག་ནས་བསྒོམ། །མཐའ་མ་རྣམ་རྟོག་སྒོམ་དུ་ཁྱེར། །དེས་ན་རླུང་ཅན་རླུང་མེད་གཉིས། །རླུང་ཅན་བུམ་ཅན་ཐུན་བཞིར་བསྒོམ། །རླུང་མེད་རྟེན་བཅས་རྟེན་མེད་གཉིས། །ཞེས་པས་བསྟན་ལ། དེ་མན་བཅད་ཀྱི་བླ་མ་རྣམས་དངོས་གཞི་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་ལེན་གཉིས། དང་པོ་ལ། སྒོམ་གྱི་རྩ་བ་ཞི་གནས་ཀྱི་ཉམས་བཙལ་ནས་རྩེ་གཅིག་གི་རྣལ་འབྱོར་བསྒོམ་པ་དང་། གནས་འགྱུའི་རྩ་བ་བཅད་ནས་ལྷག་མཐོང་ངོས་བཟུང་ནས་སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པ་གཉིས་ཐུན་མོང་དུ་འཇོག་པའི་རྒྱུ་མཚན་ནི་མདོ་ལུགས་ལ། ཞི་ལྷག་གཉིས་སུ་བསྡུས་ཏེ་བཞག་པའི་དགོས་པ་ནི། མདོ་དགོངས་པ་ངེས་འགྲེལ་ལས། ཉན་ཐོས་རྣམས་ཀྱིའམ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའམ་དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ། །ཞེས་དང་། དེར་འདུས་པ་ཡང་དེ་ཉིད་ལས། ངའི་ཉན་ཐོས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་རྣམ་པ་དུ་མ་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་ཞི་གནས་དང་ལྷག་མཐོང་གིས་བསྡུས་པར་རིག་པར་བྱའོ། །ཞེས་པས་སོ། །ཞི་ལྷག་གི་མཚན་ཉིད་ཀྱང་། རྒྱལ་ཚབ་བྱམས་པས། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་བརྗོད། །ཅེས་དང་། རིམ་པར་བསྟེན་ཚུལ། སློབ་དཔོན་ཞི་བ་ལྷས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ཏེ། ཞེས་འབྱུང་བ་དང་སྔགས་ནས་འབྱུང་བ་ཕལ་ཆེར་མཐུན་པས། ཐུན་མོང་། དང་པོ་དེ་ལ། རྟེན་ཅན་དང་རྟེན་མེད་གཉིས། རྟེན་ཅན་ལ་རླུང་མེད་རླུང་ཅན་གཉིས། དང་པོ་ལ། མ་དག་པ་རྡེའུ་ཤིང་བུ་ལ་བརྟེན་པ་དང་། དག་པ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་བརྟེན་པ་གཉིས་གསུངས། དེ་དག་ཆོས་རྗེས། རྟེན་ནི་རྡེའུ་ཤིང་བུ་དང་། །མར་མེ་བླ་མ་དག་ལ་གཏད། །ཇོ་བོས། དམིགས་པ་གང་རུང་གཅིག་གཏད་ལ། ཡིད་ནི་དགེ་ལ་བཞག་པར་བྱ་དང་། བྱམས་པས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་པ་ཡུལ་གང་ལ་གཏད་ཀྱང་འདྲ། རྡེའུ་ཤིང་བུ་མཚོན་བྱེད་ཙམ་མོ། །བླ་མ་ཞེས་པས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་དམིགས་པའོ། །རླུང་ཅན་ཡང་རྡོ་རྗེའི་བཟླས་པ་དང་བུམ་པ་ཅན་གཉིས་སུ་ཕྱེ་བ་རྒྱས་པའོ། །རྟེན་མེད་ནི། རྟེན་མེད་མ་བཅོས་པ་ལ་བཞག །ཅེས་གསུངས་པ་བཞིན། སྡོམ་འབྱུང་ལས། དངོས་མེད་དངོས་པོ་ལ་བརྟེན་ནས། །བརྟེན་པ་མེད་པར་དངོས་པོར་བྱ། །ཡིད་མེད་ཡིད་ནི་བྱས་ནས་སུ། །ཅུང་ཟད་ཙམ་ཡང་མི་བསམ་མོ། །རྟེན་ལ་གནས་ན་བླ་མ་ཡི། །བརྒྱུད་པར་བརྟེན་པར་བྱས་ནས་ནི། །དེ་བཞིན་མཁའ་དང་མཚུངས་པ་ཡི། །རོ་གཅིག་སེམས་ནི་བསྒོམ་པར་བྱ། །ཞེས་དང་། གདན་བཞིར། རྟེན་དང་རྟེན་མེད་དབུ་མ་ནི། །མཉམ་ཉིད་ཡེ་ཤེས་ལས་བྱུང་བ། །ལུས་ནི་མཉམ་པར་གནས་པ་སྟེ། །ངག་ཀྱང་མཉམ་པར་གནས་ནས་སུ། །མཉམ་ཉིད་ཡེ་ཤེས་ལས་འབྱུང་བ། །མཉམ་པའི་ལྟ་བས་བལྟ་བར་བྱ། །ཞེས་སྔར་དབེན་གསུམ་ལྟ་སྟངས་དང་བཅས་པའི་སྒྲུབ་བྱེད་ཀྱི་ལུང་དུའང་སྣང་ངོ་། །རྟེན་མེད་ལ། ཐོལ་སྐྱེས་རྦད་གཅོད་དང་། གང་འཆར་བཟོ་མེད་དང་། བཞག་ཐབས་ཀྱི་གནད་བཞི་གསུངས་པ་ནི། སྔར་རྟོག་པ་བཀག་ནས་བསྒོམ་ཞེས་པ། དེའི་རྟོག་པའི་དགག་ཁྱེར་བཤད་པས། འདིར་མ་བསྟན་པ་ཁྲིད་ཡིག་ཕྱི་མ་དག་ཏུ་བསྟན་པ་ནི་མ་ཡིན་ནོ། །དང་པོ་ནི། རྣམ་རྟོག་མ་འཕྲོས་པ་བྱའོ་སྙམ་པ་དང་། མང་པོར་འཕྲོས་བྱུང་ན་དྲན་པས་བཟུང་སྟེ་དེའི་འཕྲོ་གཅོད་པའོ། །ས་ར་ཧས་བཅིངས་པར་གྱུར་ན་ཕྱོགས་བཅུར་འགྲོ་བར་རྩོམ། །ཞེས་པ་འདི་སམྦུ་ཊར། སྟོང་དང་སྟོང་མིན་གཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཞེས་ཏེ། རྟོག་པ་ལ་རྟོག་པར་གཟུང་སྟེ་དགག་འདོད་མི་རྟོག་པ་ལ་སྟོང་པར་གཟུང་སྟེ་བསྒྲུབ་འདོད་པ་དེའི་དབང་གིས། རྟོག་པ་མང་པོ་སྐྱེས་སོ། །འོན་ཀྱང་གནས་པའི་ཆ་དུམ་བུ་ཡོད་པས་རྟོག་པའི་སྐྱེ་འགག་ཤེས་པས་ན་གནས་པ་དང་པོ་རི་གཟར་གྱི་ཆུ་འབབ་པ་ལྟ་བུ་ཞེས་ཀྱང་གསུངས་ཤིང་། གཞན་དག་རྣམ་རྟོག་ངོས་ཟིན་གྱི་ཉམས་ཞེས་ཟེར་རོ། །གཉིས་པ་ནི། དེའི་དྲན་པ་དེ་འཕྲོ་བའི་རྐྱེན་དུ་ཤེས་ནས་དྲན་པས་བྱ་ར་བྱ། རྣམ་རྟོག་ཁོ་གང་མནོ་ལ་འཇོག་པ་སྟེ། དེའི་ཕྱིར་འདི་ལ་ཆུ་མ་བསྒུལ་ན་དྭངས། སེམས་མ་བཅོས་ན་བདེ་ཞེས་གསུངས། འདིར་ཞི་གནས་ཀྱི་འགོ་མངོན་པར་ཚུགས་པས། གནས་པ་བར་པ་ཆུ་ཀླུང་དལ་གྱིས་འབབ་པ་ལྟ་བུ་ཞིག་འབྱུང་། དེ་དོ་ཧར། འཇུར་བུས་བཅིངས་པའི་སེམས་ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །གསུངས་ལ། འདིས་རྟོག་པ་ལས་ལོག་པའི་མི་རྟོག་པ་ཞིག་གཟུང་བས་སྟོང་འཛིན་དུ་སོང་། དེའི་ཕྱིར་སམྦུ་ཊར། ཆོས་དབྱིངས་ཤིན་ཏུ་མཉམ་པ་ཉིད། །ཆུ་ཤིང་ལྟ་བུར་ཡོངས་སུ་གཟུང་། །སྟོང་པ་བསྒོམ་པར་མི་བྱ་ཞིང་། །སྟོང་མིན་བསྒོམ་པར་མི་བྱའོ། །དེ་ཡང་རྟོག་པ་མ་འགགས་པས་སྟོང་པ་བསྒོམ་པར་མ་སོང་། རྟོག་པ་རང་གང་མནོར་བསྐྱུར་བས་སྟོང་མིན་བསྒོམ་པར་མ་སོང་། དེས་བློ་ངོར་མཉམ་པ་ཉིད་ལྟ་བུ་ཞིག་བྱུང་། དཔྱད་ན་དེ་མཉམ་ཉིད་དུ་མི་རུང་བ་ཆུ་ཤིང་དཔེར་གཟུང་བ་ཡིན། བཞག་ཐབས་བཞི་པའི་དང་པོ་ནི། བྲམ་ཟེ་སྐུད་པ་འཁལ་བ་ལྟ་བུར་དཔེར་བྱས་པ་ནི་དོན་གྲིམས་ལྷོད་སྙོམས་པ་ཞིག་དགོས་པ་སྟེ། སྔ་མས་རྣམ་རྟོག་དགྲར་ལངས་ཏེ་འཕྲོ་དྲགས། གཉིས་པ་དེས་སྟོང་པ་དགྲར་ལངས་ཏེ་བྱིང་དྲགས། དེས་ན་དེའི་ཕྱིར། འདིར་སྤེལ་བསྒོམ་ལ་བསླབ་པས་སམྤུ་ཊར། སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ་། །ཞེས་གསུངས་སོ། །བཞག་ཐབས་གཉིས་པ་ནི། དེ་ནས་གནས་པ་བརྟན་པས་གཟུང་རྩོལ་གྱི་དྲན་པ་དེ་བསྐྱུར་བ། སམྤུ་ཊར། དེ་ཕྱིར་དེ་གཉིས་ཡོངས་སུ་སྤང་། །གཉིས་ཀྱི་གཟུང་བ་ཡོངས་སྤངས་པ། །རྣམ་གྲོལ་གནས་དང་བྲལ་བ་སྟེ། །ང་ཞེས་བྱ་བའི་ཀུན་རྟོག་འདི། །དེ་ཕྱིར་དེ་ནི་ཡང་དག་སྤང་། །ཞེས་འདིའི་ང་ཞེས་པ་ནི་གཟུང་དྲན། དེ་བདག་ལྟའི་བྱེ་བྲག་ཡིན་པ་ལ་དགོངས་སོ། །གསུམ་པ་ནི། བདག་འཛིན་མངོན་གྱུར་པ་མགོ་ནོན་པས། སེམས་རྣམ་པར་དབེན། དེའི་དབང་གིས་རླུང་དྭངས་པའི་སྣང་བ་ཅི་ཡང་འཆར་བ་གསུམ་དུ་བསྡུས་ཏེ། གསལ་ཉམས་གཟུགས་བརྙན་དེ་འོད་གསལ་རྟགས་བཅུ་ལྟ་བུ། སྟོང་ཉམས་སུ་ལུས་བར་སྣང་དུ་འདུག་པ་ལྟ་བུ། བདེ་ཉམས་ལུས་འཁྲིག་དུས་ལྟ་བུའི་བདེ་བས་མྱོས་པ། དེའི་ཚེ་ཉམས་དེ་དག་ལ་དོ་གལ་མི་བྱའོ། །དེ་ཡང་སམྦུ་ཊར། རྣམ་པ་མེད་ཅིང་དོགས་པ་མེད། །འདོད་པ་མེད་ཅིང་སྡིག་པ་བྲལ། །ཞེས་གསུངས་སོ། །བཞི་པ་ནི། དེས་གནས་པ་མཐའ་མ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུར་གྱུར་ཏེ། གནས་འགྱུའི་བར་ལག་འགྱེལ་བས་སོ། །དེ་ཉིད་དུ། ཐོག་མ་མཐའ་མའི་རྟོག་ལས་གྲོལ། །ནམ་མཁའ་ལྟ་བུར་མཁས་པས་བསྒོམ། །གནས་པ་མཐའ་མ་ཞེས་པའང་འདོད་སེམས་རྩེ་གཅིག་པ་དེའི་མཐར་ཐུག་པ་ལ་དགོངས་པ་ཡིན། རྒྱུད་འདིར་ཐོག་མའི་རྟོག་པ་ཞེས་པ་ནི་དགག་བྱ། མཐའ་མ་ཞེས་པ་ནི་འགེགས་བྱེད་ཀྱི་གཉེན་པོའོ། །དེ་བས་ན་ཞི་གནས་དེའི། ངོ་བོ་ཚུལ་བཞིན་ཡིད་བྱེད་དེ་ཤིན་སྦྱངས་ཀྱི་བདེ་བ་དང་ལྡན་པར་སྔར་བཤད་པའི་ཉེར་བསྡོགས་ནས་འགོ་ཚུགས། ཉེར་བསྡོགས་ཀྱང་། ཕྱི་མར་བསམ་གཏན་གྲུབ་ན་ཡིན་གྱི་འདོད་སེམས་རྩེ་གཅིག་པ་ཐམས་ཅད་དེར་མི་འགྱུར་རོ། །འདིར་ཡང་ནམ་མཁའ་དང་ཞེས་པ་སྡོམ་འབྱུང་ལས། དེ་བཞིན་མཁའ་དང་མཚུངས་པ་ཡི། །རོ་གཅིག་སེམས་ནི་བསྒོམ་པར་བྱ། །བསམ་གཏན་གཟུགས་ལས་རྣམ་པར་གྲོལ། །རྟོག་གེས་སྦྱོར་བ་རྣམ་པར་སྤངས། །སེམས་བྱུང་སེམས་སུ་བརྟན་གྱུར་པ། །འགྲོ་ལ་རང་བཞིན་ཚུལ་དེ་བཞིན། །མཁའ་གཟུགས་ནམ་མཁར་ཡང་དག་གནས། །ཞེས་པ་ལ་ནམ་མཁའ་དཔེར་མཛད་པ་ནི། ཐལ་བྱུང་གི་སྟོང་པའམ། སྟོང་པ་ཆེན་པོ། ནམ་མཁའི་དཔེས་མཚོན་པར་ནུས་པ་དེ་ཡིན་ནོ་ཞེས་སྟོན་པའོ། །དེའི་ཕྱིར་འདི་མི་གཡོ་བའི་ཏིང་ངེ་འཛིན་དང་། སེམས་དབེན་དུ་སོང་བ་ཡིན་ནོ། །བསམ་གཏན་དང་གཟུགས་མེད་པར་མ་ལྷུང་བས་འདོད་སེམས་སོ། །སེམས་ཡུལ་ལ་མི་གཡོ་བ་ནི་གནས་པ་ཡིན་ལ། སེམས་བྱུང་འགྱུ་བ་ཡིན་པས་དེ་དེར་བསྟན་པ་སྟེ། བར་ལག་འགྱེལ་བའི་དོན་ནོ། །འདི་ལ་དེ་ཉིད་དུ། ཇི་ལྟར་དེ་ཉིད་ལ་རེག་ནས། །བསམ་པ་ཀུན་གྱིས་བསམ་དུ་མེད། །ཅེས་སོགས་དང་། ཤིན་སྦྱངས་ཞེས་པའང་། ཆོས་མངོན་པར། ཤིན་ཏུ་སྦྱངས་པ་གང་ཞེ་ན། ལུས་དང་སེམས་རྣམས་ཀྱི་གནས་ངན་ལེན་རྣམས་ཀྱི་རྒྱུན་གཅོད་པའི་ཕྱིར་ལུས་དང་སེམས་ལས་སུ་རུང་བ་ཉིད་དེ། སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ནོ། །ཞེས་ལས་སུ་རུང་བའི་དོན་སློབ་དཔོན་བློ་བརྟན་གྱིས། དེ་ལ་ལུས་ལས་སུ་རུང་བ་ནི། ལུས་ཀྱི་རང་གི་བྱ་བ་རྣམས་ལ་ལྡང་བ་ཡང་བ་གང་ལས་འབྱུང་བའོ། །སེམས་ལས་སུ་རུང་བ་ནི་ཡང་དག་པར་ཡིད་ལ་བྱེད་པ་ལ་ཞུགས་པའི་ཚེ་སེམས་ཀྱི་སིམ་པ་དང་ཡང་བར་འགྱུར་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་གཞན་དུ་གྱུར་པ་དེ་གང་ཡིན་པ་སྟེ། དེ་དང་ལྡན་ན་དམིགས་པ་ལ་ཐོགས་པ་མེད་པར་འཇུག་པས་དེའི་ཕྱིར་སེམས་ལས་སུ་རུང་བ་ཞེས་བྱའོ། །ཞེས་གསུངས། འདིས་གནས་འགྱུའི་བར་ལག་འགྱེལ་ན་སེམས་ལས་རུང་དུ་བསྟན། དུས་ཀྱི་འཁོར་ལོ་མཆོག་ཏུ་མི་འགྱུར་གྱི་འགྲེལ་པར། འདིར་གལ་ཏེ་བསམ་པ་མེད་པའི་ཡེ་ཤེས་སངས་རྒྱས་ཉིད་སྟེར་བར་བྱེད་པ་ཡིན་ན། དེའི་ཚེ་སེམས་ཅན་ཐམས་ཅད་སངས་རྒྱས་སུ་ཅིའི་ཕྱིར་མི་འགྱུར། འདི་རྣམས་ཀྱིས་ཀྱང་གཉིད་སྟུག་པོ་ལ་བསམ་པ་མེད་པའི་ཡེ་ཤེས་རབ་ཏུ་འཇུག་ཅིང་འདོད་པའི་དངོས་པོ་རྣམས་ལ་ཆགས་པ་མེད་ལ་མི་འདོད་པའི་དངོས་པོ་རྣམས་ལ་ཆགས་པ་དང་བྲལ་བ་མེད་དེ། ཞེས་གསུངས་པ་ཇི་ལྟར་མི་འགལ་སྙམ་ན། འདིར་ནི་བློས་བཏགས་ནས་བསམ་པར་བྱ་བ་ཞིག་དགག་པ་ཡིན་ལ། བསམ་པ་མེད་པ་ཏིང་ངེ་འཛིན་དུ་མི་སྟོན་པས་དང་། ལུང་དེ་ཏིང་ངེ་འཛིན་དུ་འདོད་པ་དགག་པར་སྣང་བས་འགལ་བ་མེད། དེ་གཉིས་མིན་ན། དུས་འཁོར་རྩ་རྒྱུད་ཉིད་ལས། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ནི་ཡོངས་སུ་བརྟག །དེ་ལ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། །ཞེས་དང་། འགྲེལ་པའི་སྐབས་ཉིད་དུ། དེའི་ཕྱིར་བསམ་པ་མེད་པའི་ཡེ་ཤེས་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་སུ་མི་འགྱུར་ཏེ། གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཏིང་ངེ་འཛིན་གྱི་ལེའུ་ལས། ཏིང་ངེ་འཛིན་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེ་ལ་རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །འདིར་གལ་ཏེ་རིན་ཆེན་སྒྲོན་མ་བསམ་པའི་རབ་ཏུ་སྣང་བ་མེད་པ་ཡིན་ན་དེའི་ཚེ་རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཇི་ལྟར་འགྱུར། དེ་བཞིན་དུ་ཏིང་ངེ་འཛིན་གཞན་རྣམས་ཀྱང་བསམ་པ་མེད་པར་འགྱུར་ཏེ། རང་རིག་པའི་མཚན་ཉིད་ཀྱི་ཕྱིར་དང་བེམ་པོ་དང་སྟོང་པ་ཉིད་མ་ཡིན་པའི་ཕྱིར་རོ། །ཞེས་པ་དང་། དྲན་པ་མེད་པའང་དེ་ལྟ་བུ་ཡིན་པས། བྲམ་ཟེ་ཆེན་པོ་མདའ་བསྣུན་ཞབས་ཀྱིས། དྲན་པ་ཉམས་པས་བློ་ཉམས་ཞེས། །བློ་ངན་རྗེས་སུ་རྟོག་བྱེད་དོ། །དེ་ཉིད་ཀྱིས་ནི་བློ་བཟང་ལ། །ནམ་མཁའ་ལས་ལྷག་ཅི་ཡང་འཆར། །ཞེས་གསུངས་སོ། །འདི་དག་ཏུ་བཤད་པའི་རང་རིག་ཀྱང་། །འགྲེལ་ཆེན་དེར། ཅི་སྟེ་བྱིས་པ་རྣམས་ཀྱི་ཚིག་འདི་ནི་གལ་ཏེ་དེ་བཞིན་གཤེགས་པའི་ཡེ་ཤེས་རང་རིག་པ་ཡིན་ན། དེའི་ཚེ་ཇི་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་དེ་བཞིན་གཤེགས་པས་གསུངས་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། འདིར་དེ་བཞིན་གཤེགས་པའི་ཡེ་ཤེས་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་ཉིད་རྟོག་པར་བྱེད་པ་ཞེས་བྱ་བ་སྟེ། དངོས་པོ་ཐམས་ཅད་མེད་པའི་མཚན་ཉིད། ཤིན་ཏུ་ལོག་པའི་སེམས་ནི་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ་ཡང་། སེམས་གང་ཞིག་ཡོད་པའི་སེམས་གང་ཡིན་པ་དེ་ནི་སེམས་མ་ཡིན་ནོ། །ཞེས་པ་སྟེ། རང་བཞིན་གྱི་འོད་གསལ་ཞེས་བྱའོ། །གལ་ཏེ་དེ་བཞིན་གཤེགས་པའི་ཡེ་ཤེས་རང་རིག་པར་མི་འགྱུར་ན། དེའི་ཚེ་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པ་ཆོས་སྟོན་པར་མི་འགྱུར་ཏེ། ཆོས་ཐམས་ཅད་རབ་ཏུ་རྟོགས་པ་ཡང་དག་པར་རིག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་དབང་པོའི་སྒོ་ནས་རང་རིག་པ་ཡིན་ན། དེའི་ཚེ་ཆ་མེད་པ་དང་། ཀུན་ཏུ་འགྲོ་བ་དང་། ཐམས་ཅད་ལ་ཁྱབ་པར་མི་འགྱུར་ཏེ། སྒྲིབ་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་རང་རིག་པ། ཆོས་ཐམས་ཅད་ཀྱི་རང་བཞིན་མཁྱེན་པ། རྣམ་པར་མི་རྟོག་ཅིང་དབང་པོ་མེད་པ་སྟེ། བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་ཚིགས་སུ་བཅད་པ་ཉི་ཤུ་པ་ལ་སོགས་པ་གསུམ་གྱིས་གསུངས་པ་འདི་ལྟ་སྟེ། མྱ་ངན་འདས་ཞི་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བ་མཐར་གྱུར་པ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤང་བ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །ཞེས་སོགས་དང་། བདག་རིག་གཞན་རིག་ཐམས་ཅད་པ། །ཞེས་སོགས་རྒྱས་པར་གསུངས་སོ། །འདིས་མ་རིག་པ་ཐམས་ཅད་ལས་ཟློག་པ་རིག་པ་ཆེན་པོར་བཞག་ནས་མ་རིག་པ་མཐའ་དག་མ་དག་ཀྱང་ཕྱོགས་རེ་དག་པའི་རིག་པ་དེ་ཀ་མཆོག་ཏུ་མི་འགྱུར་བའི་བྱེ་བྲག་གི་བདེ་བར་ཤེས་པར་བྱ་དགོས་སོ། །དེ་ནི་འཕགས་པའི་དབང་དུ་བྱས་ལ། ཞི་གནས་ཀྱི་ཚུལ་བཞིན་ཡིད་བྱེད་དེ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བཟློག་པའི་ཕྱིར། དེ་རིག་པར་འཇོག་པའི་འཐད་པ་བཟང་པོར་ཡང་འགྱུར་ཏེ། དེ་མ་རིག་པ་ལས་བཟློག་པ་ལ་དེ་རིག་བྱུང་ཞེས་པ་ལྟ་བུའོ། །བར་སྐབས་སྒྲུབ་བརྒྱུད་མང་པོ་དག །བྱིང་པའི་གཉེན་པོ། སྐྱོ་བ་སྐྱེ་བའི་གདམས་ངག་བཤད། རྒོད་པའི་གཉེན་པོ། འདིར་སྒྲུབ་བརྒྱུད་ཡིད་ཆེས་ཀྱི་དད་པ་སྐྱེ་བའི་ཕྱིར་དེ། བླ་མ་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར། གཉིས་པ་ནི་གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ་སོགས་ཡིད་འབྱུང་བའི་ཐབས་རྣམས་སོ། །དབུ་མ་སྙིང་པོར། རྒོད་པ་མི་རྟག་ལ་སོགས་པ། །ཡིད་ལ་བྱེད་པས་ཞི་བར་བྱ་དང་། དེར། ཞུམ་པ་ཡང་ནི་བརྩོན་འགྲུས་ཀྱི། །ཕན་ཡོན་མཐོང་བས་གཟེངས་བསྟོད་བྱ། །ཞེས་པས་སོ། །ཞུམ་པ་གཞན་དག་བྱིང་བ་ལ་བྱེད་དེ། ཡི་ཤི་བའི་དོན་ཡིན་པས་བྱིང་བ་ལས་གཞན་ནོ། །དེས་ན་རང་ལུགས་དྲན་ཤེས་སྟངས་ཞན་པས་བྱིང་བར་འགྱུར་བས་དེ་དག་བྱིང་བ་ངོ་མའོ། །རྗེ་ལ་གསོལ་བ་མ་ཐེབས་ཤིང་། །ཞེན་པ་གཏིང་ནས་མ་ལོག་ན། །སྒོམ་ཉམས་བཟང་ཡང་ཉུང་མའི་གཡོས། །ཞེས་པས། སྒོམ་པའི་དུས་སུ་བླ་མ་ལ་གསོལ་བ་བཏབ་པ་དང་། ཞེན་པ་ལོག་པའི་ཐབས་ལ་ནན་ཏན་དུ་བྱ་དགོས་སོ། །སྒོམ་སྐྱོན་བྱིང་རྨུགས་རྒོད་པ་གསུམ། །བྱིང་ན་འདུག་ས་སེང་བར་བསྒོམ། །ཆུ་གདབ་བྱས་དང་བྱས་པར་བསམ། །རྒོད་ན་སྐུ་མཉེ་བཅུད་ཅན་བཟའ། །ཕོ་རླུང་དྲག་པོ་ཡང་ཡང་བསྒོམ། །རྨུགས་ན་གློ་སྐར་བསིར་བུ་བརྡེག །ཅེས་གསུངས་ལ། བྱིང་བ་ནི་སྒོམ་རིམ་བར་མར་རྨུགས་པ་དང་གཉིད་ཀྱིས་ནོན་ནས་སེམས་བྱིང་བ། ཞེས་སམ། ཡང་གང་གི་ཚེ་དམུས་ལོང་ལྟ་བུའམ། མི་མུན་པར་ཞུགས་པ་ལྟ་བུའམ། མིག་བཙུམ་པ་ལྟ་བུར་སེམས་ཀྱི་དམིགས་པ་ཤིན་ཏུ་གསལ་བ་མི་མཐོང་བ་དེའི་ཚེ། བྱིང་བར་གྱུར་པར་རིག་པར་བྱའོ། །གང་གི་ཚེ་ཕྱི་རོལ་གྱི་གཟུགས་ལ་སོགས་པ་ལ་དེ་དག་གི་ཡོན་ཏན་རྟོགས་པས་རྒྱུགས་པའི་ཕྱིར་རམ། གཞན་ཡིད་ལ་བྱེད་པས། སྔོན་མྱོང་བའི་ཡུལ་ལ་འདོད་སེམས་རྒོད་པའམ་ཞེས་གསུངས་པས། བྱིང་བ་དང་རྨུགས་པ་ཞེས་རྣམ་པར་འབྱེད་པའི་ཚེ། བློ་རྨོངས་པ་ལ་རྨུགས་པར་བྱེད། གཉིད་ལ་བྱིང་བར་བྱེད་དེ། དྲི་མེད་འོད་ལས། ལེ་ལོ་འགྱོད་པ་དག་དང་གཉིད་དང་ནི། །ཞེས་གསུངས་པས་སོ། །གཞན་ཡང་བྱང་ཆུབ་སེམས་ཀྱི་འཕེལ་བ་ལས་བྱུང་བའི་བྱིང་བ་ཆེན་པོའི་འཕྲང་ཞེས་པ་རི་མགོ་རྨུགས་པས་གཡོགས་པ་ལྟ་བུར་ཐིབས་པའང་ཡོད་དེ། དེ་ནི་ཁམས་འདུས་པའི་དབང་གིས་ཡིན་ནོ། །གཞན་ཡང་། ཚེ་རབས་ཐོག་མ་མེད་པ་ནས། །བླ་མ་དཀོན་མཆོག་ལ་སོགས་ལ། །སྒྲོ་སྐུར་བཏབ་སོགས་སྡིག་པ་རྣམས། །ཞག་བདུན་བར་དུ་བཤགས་པར་བྱ། །དེ་ནས་ཡང་ནི་བསྐྱར་ལ་བསྒོམ། །གེགས་མང་ན་དེའི་རྒྱུ་འཆོས་པ་སྟེ། མི་དགེ་བ་སྟོབས་བཞིས་སྦྱང་བར་བྱའོ། །སྟོབས་བཞིའང་། རྟེན་གྱི་སྟོབས། རྣམ་པར་སུན་འབྱིན་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཉེས་པ་ལས་སླར་བཟློག་པའི་སྟོབས་སོ། །སྒོམ་རིམ་ལས། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཉེས་པ་དྲུག་ཡོད་དེ། ལེ་ལོ་དང་། དམིགས་པ་བརྗེད་པ་དང་། བྱིང་བ་དང་། རྒོད་པ་དང་མི་རྩོལ་བ་དང་། རྩོལ་བའོ། །དེའི་གཉེན་པོར། སྤོང་བའི་འདུ་བྱེད་བརྒྱད་སྒོམ་པ་བཤད་དེ། དད་པ་དང་། འདུན་པ་དང་། རྩོལ་བ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་སོ། །དེའི་གོང་མ་བཞི་ལེ་ལོའི་གཉེན་པོ་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་ཡོན་ཏན་དག་ལ་མངོན་པར་ཡིད་ཆེས་པའི་དད་པས་རྣལ་འབྱོར་པ་རྣམས་དེ་ལ་འདོད་པ་སྐྱེའོ། །དེ་ནས་འདོད་པས་བརྩོན་འགྲུས་རྩོམ་མོ། །དེ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ལུས་དང་སེམས་ལས་སུ་རུང་བ་ཉིད་དུ་བྱེད་དོ། །དེ་ནས་ལུས་དང་སེམས་ཤིན་ཏུ་སྦྱངས་པས་ལེ་ལོ་བཟློག་སྟེ། དེ་བས་ན་དད་པ་ལ་སོགས་པ་ནི་ལེ་ལོ་སྤང་བའི་ཕྱིར་བསྒོམ་མོ། །དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་བྱིང་བ་དང་རྒོད་པའི་གཉེན་པོ་སྟེ། དེ་བྱིང་བ་དང་རྒོད་པ་ཡང་དག་པ་རྟོགས་པའི་ཕྱིར་རོ། །བྱིང་བ་དང་རྒོད་པ་རབ་ཏུ་མ་ཞི་བའི་དུས་ན། མི་རྩོལ་བ་ཉེས་པ་སྟེ། དེའི་གཉེན་པོར་སེམས་པ་བསྒོམ་མོ། །བྱིང་བ་དང་རྒོད་པ་རབ་ཏུ་ཞི་སྟེ་གང་གི་ཚེ་སེམས་རྣལ་དུ་འཇུག་པ་དེའི་ཚེ་རྩོལ་བ་ཉེས་པ་སྟེ། དེའི་གཉེན་པོར་དེའི་ཚེ་བཏང་སྙོམས་བསྒོམ། སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་ཤིན་ཏུ་ཁུགས་པ་ཡིན་ཏེ། དེས་རྫུ་འཕྲུལ་ལ་སོགས་པ་ཡོན་ཏན་རྣམས་སྒྲུབ་པར་བྱེད་དོ། །ཞེས་པ་ཐམས་ཅད་དུ་དེ་ལྟར་བཤད་པའང་མ་ཡིན་ཏེ། སྒོམ་རིམ་བར་མར་བྱིང་རྒོད་གཉིས་སུ་བསྡུས་ཏེ། དེར་གང་གི་ཚེ་བྱིང་བ་དང་རྒོད་པ་མེད་པར་གྱུར་ཏེ་གཉིས་པོ་དེ་ལས་སེམས་རྣལ་དུ་འཇུག་པ་དེའི་ཚེ། རྩོལ་བ་གློད་ལ་བཏང་སྙོམས་སུ་བྱ་ཞིང་། དེའི་ཚེ་ཇི་སྲིད་འདོད་ཀྱི་བར་དུ་འདུག་པར་བྱའོ། །དེ་ལྟར་ཞི་གནས་གོམས་པར་བྱས་པ་དེའི་ལུས་དང་སེམས་གང་གི་ཚེ་ཤིན་ཏུ་སྦྱངས་པར་གྱུར་པ་དེའི། དེ་ལྟར་འདོད་པ་བཞིན་དུ་དམིགས་པ་ལ་སེམས་དབང་དུ་གྱུར་པ་དེའི་ཚེ། དེའི་ཞི་གནས་གྲུབ་པ་ཡིན་པར་རིག་པར་བྱའོ་ཞེས་འབྱུང་། ཐོགས་མེད་ཀྱིས་ཉན་སར་ཡང་མཚན་མ་ཐམས་ཅད་ལ་མི་ཕྱོགས་ཤིང་། རྣམ་པར་གཡེང་བ་མེད་པར་བྱ་བའི་ཕྱིར། དང་པོ་ནས་ཉེ་བར་གཏོད་པས་ནི་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པར་བྱེད་དོ། །དང་། ཡང་། ཁྱེད་ཀྱིས་ཅི་ནས་ཀྱང་རྩེ་གཅིག་པ་ཉིད་ལ་ཉེ་བར་གཏོད་པ་དང་། ནང་གི་སེམས་ཞི་གནས་ལ་ཉེ་བར་གཏོད་པའི་རིམ་གྱིས་སེམས་ཀྱི་རྒྱུན་ཐམས་ཅད་མཚན་མ་མེད་པ་དང་། རྣམ་རྟོག་མེད་པ་དང་། ཉེ་བར་ཞི་བར་འགྱུར་བ་དེ་ལྟར་སེམས་གཏད་པར་གྱིས་ཤིག དེ་ལྟར་ཞི་གནས་ཀྱི་སེམས་ཐོབ་པ་ན། འདིར་ཡིད་ཅེས་པ་ལ་ཆོས་མངོན་པར་སེམས་ཡིད་རྣམ་ཤེས་དོན་གཅིག་ཏུ་བཞག་པ་དང་། དྲུག་པ་ཡིད་ཀྱི་རྣམ་ཤེས་དང་། རྣམ་ཤེས་དྲུག་པོ་འགགས་མ་ཐག་པའི་རྣམ་པར་ཤེས་པ་ལ་ཡིད་དབང་ཤེས་ཀྱི་དེ་མ་ཐག་རྐྱེན་བྱས་པའི་མཐར་ཡིད་ཀྱི་མངོན་སུམ་སྐྱེ་བར་བཤད་པ་དང་། མ་ནའི་ངེས་ཚིག་ང་དང་ངར་སེམས་པའི་དོན་གྱི་ཡིད་ཅེས་པའི་སྒྲས་གསུངས་པའི་ཚེ་ཉོན་མོངས་པ་ཅན་གྱི་ཡིད་ཅེས་རྣམ་ཤེས་བདུན་པར་བཞག་པ་དང་། རྣལ་འབྱོར་པའི་ཡིད་མཉམ་བཞག་གི་ངོ་བོར་སོང་བ་རྣམས་ལས་དེའི་སྒྲ་མེད་དེ། དེ་དག་ཀྱང་ཡིད་ངོ་བོའི་འཇུག་ཚུལ་ཡིན་ལ། བྱ་བའི་སྒོ་ནས། ཡིད་ཀྱི་ལས་དང་། ཡིད་ཆེས་པ་དང་། ཡིད་གཉིས་ཟ་བ་སོགས་དྲུག་པ་ཡིད་ཀྱི་ས་པ་ཉིད་ལ་བཞག་པ་མང་དུ་བྱུང་བ་ལྟ་བུ་དང་། དོ་ཧར། གཉུག་མའི་ཡིད་ནི་གཅིག་ཏུ་སྡོད་དང་རྣལ་འབྱོར་པ། །ཆུ་ལ་ཆུ་བཞག་བཞིན་དུ་ཤེས་པར་བྱོས། །ཞེས་སོགས་དང་། དམིགས་པ་མེད་པའི་ཡིད་ཅེས་བཞག་པ་སོགས་མང་ངོ་། །དེ་ལས་གཉུག་མའི་ཡིད་བསྒྲུབ་པ་ལ་བཞག་པའི་ཚེ་རྣམ་ཤེས་བྱ་བ་དང་བཅས་པའི་ཡིད་དེ་ཐམས་ཅད་དག་པ་དགོས་པ་ན་རྟོགས་མ་རྟོགས་ཀྱི་མཚམས་འབྱེད་པ་ལ་ཡིན་ནོ། །ཞི་གནས་ཀྱི་སྐབས་འདིར་ཡིད་བྱེད་སྤང་རྒྱུ་ནི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དེ་དག་གོ །དེ་ཡང་རིལ་པོར་ལྟ་བ་དང་། རྟག་པར་ལྟ་བ་དང་། གཙང་བ་དང་བདེ་བར་ལྟ་བ་ལ་སོགས་པ་བཞག་པ་རྣམས་སོ། །དྲན་པ་ཞེས་པ་ལའང་། འདས་པ་ལ་ལྟ་བའི་དྲན་པ་དང་། དོན་སྔ་ཕྱི་སྦྱར་ནས་འཛིན་པའི་དྲན་པ། དང་པོ་ནི། སྔོན་གྱི་གནས་སྐབས་དང་། ཡུལ་རྣམས་དྲན་ལམ་དུ་བྱས་ནས་མངོན་པར་ཞེན་པ་སྟེ། དབུ་མ་བཞི་བརྒྱ་པར། མཐོང་ཟིན་དངོས་པོ་མི་སྣང་ཞིང་། །སླར་ཡང་སེམས་ཀྱིས་མིན་དེས་ན། །དྲན་པ་ཤེས་བྱ་ལོག་པ་ཡི། །དོན་ལ་རྟོག་པ་ཁོ་ན་བྱུང་། །དང་། གཉིས་པ་ཚད་མ་རྣམ་འགྲེལ་ལས། དབང་པོའི་འཁྲུལ་པ་ལས་གཞན་དུ། །དབང་པོ་རྣམས་ནི་སྦྱོར་བྱེད་པ། །ཐ་དད་མཚོན་མེད་འཁྲུལ་པ་ཅན། །དྲན་ཡིན་དེ་ཡང་རྣམ་རྟོག་ཅན། །ཞེས་དང་། སེམས་བྱུང་དྲན་པ་ས་མང་པོ་བར་བཤད་པ་དང་། ཡུལ་ངེས་ཀྱི་དྲན་པ་ཁྱད་པར་ཅན་དང་། མངོན་པ་ཀུན་ལས་བཏུས་ལས། དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ལ་སེམས་བརྗེད་པ་མེད་པ་སྟེ། སེམས་རྣམ་པར་མི་གཡེང་བའི་ལས་ཅན་ནོ། །ཞེས་དྲན་པ་ཉེར་བཞག་དང་། བྱང་ཆུབ་ཡན་ལག་དང་། འཕགས་ལམ་ཡན་ལག་བརྒྱད་ཀྱི་དྲན་པ་སོགས་རྣམ་པ་མང་པོ་དེ་ལས་ཞི་གནས་ཀྱི་ཚེ་དགག་པར་བྱ་བ་ནི་སྔ་མ་གཉིས་ཏེ། སེམས་འབྱུང་ས་མང་པོའི་ནང་ཚན་དེའོ། །བརྟན་པར་བྱ་བ་ནི་ཡུལ་ངེས་ཀྱི་དྲན་པ་ཁྱད་པར་ཅན་དུ་བཞག་པ་དེའོ། །འདི་ལ་ཡུལ་གྱི་ཁྱད་པར་སྔར་འདྲིས་ཤིང་ངེས་པར་བྱས་པའི་དངོས་པོ་ལ་དམིགས་རྟེན་བཅས་པ་སྟེ། མ་འདྲིས་པའི་ཡུལ་ལ་ནི་དྲན་པ་མི་འདོད་པས་སོ། །འཛིན་སྟངས་ཀྱི་ཁྱད་པར། གཞན་གྱིས་དྲིས་པ་དང་། རང་གིས་དེ་ལ་རྟོག་པ་བཅུག་ན་དམིགས་རྟེན་དེ་ནི་འདི་འདྲ་བ་ཡིན་ནོ་ཞེས་དྲན་ནུས་ཙམ་ལ་མི་བྱ་ཡི། དམིགས་པ་ངེས་པའི་ངེས་ཤེས་ཀྱི་འཛིན་སྟངས་དེའི་རྒྱུན་བརྟན་པར་བྱེད་པ་ལ་བྱ་སྟེ། འཛིན་སྟངས་དེ་ལས་གཞན་དུ་ཡེངས་ན་དྲན་པ་ཉམས་པ་ཞེས་བྱ་བས་སོ། །དེས་ན་དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་སོ། །དེ་བས་ན་སེམས་གང་ལ་གཏད་པའི་དམིགས་པ་སྣ་རེ་དེ་དྲན་ནས་དམིགས་པའི་བློ་དེའི་རྒྱུན་སྐྱོང་བ་ནི་དྲན་པ་བསྟེན་པ་ཞེས་བྱའོ། །བྱེད་ལས་ཀྱི་ཁྱད་པར་ནི་དེ་ལྟར་བསྐྱངས་པས་ཡིད་དམིགས་པ་གང་གཏད་ལས་གཞན་དུ་རྣམ་པར་གཡེང་བར་མི་བྱེད་པའོ། །དེ་ཕྱིར་དབུ་མ་སྙིང་པོར། སེམས་ཀྱི་གླང་པོ་ལོག་འགྲོ་བ། དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ཏེ། །ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ། །ཞེས་གསུངས། བྱང་ཆུབ་ཡན་ལག་གི་དྲན་པ་ནི། ཆོས་ཡང་དག་པར་བསྡུ་བའི་མདོར། དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ལམ་གང་ཞེ་ན། དྲན་པ་གང་གིས་ཆོས་རྣམས་རྟོགས་པར་འགྱུར་བ་དང་། ཆོས་རྣམས་ལ་སོ་སོར་རྟོག་པ་དང་། ཆོས་རྣམས་ལ་དཔྱོད་པ་དང་། ཆོས་རྣམས་ལ་ཀུན་ཏུ་འགྲོ་བ་དང་། ཆོས་རྣམས་ལ་བསམ་པ་དང་། ཆོས་ལ་རྗེས་སུ་རྟོག་པ་སྟེ། དྲན་པ་དེས་ཆོས་ཀྱི་རང་གི་མཚན་ཉིད་རྟོགས་པར་འགྱུར་རོ། །ཆོས་རྣམས་ཀྱི་རང་གི་མཚན་ཉིད་གང་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་སྟེ། དེ་ལྟར་གང་གིས་དེ་ལྟར་བརྟག་ཅིང་རྟོགས་པ་འདི་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །ཞེས་སོ། །འཕགས་ལམ་ཡན་ལག་བརྒྱད་པ་ནི། བློ་གྲོས་མི་ཟད་པ་བསྟན་པའི་མདོར། དེ་ལ་ཡང་དག་པའི་དྲན་པ་གང་ཞེ་ན། དྲན་པ་གང་ཤིན་ཏུ་ཉེ་བར་བཞག་པ་དང་། མི་བསྒུལ་བ་དང་། དྲང་བ་དང་། གྱ་གྱུ་མེད་པ་དང་། འཁོར་བའི་སྐྱོན་གྱི་ཉེས་དམིགས་བལྟ་བ་དང་། མྱ་ངན་ལས་འདས་པར་འགྲོ་བའི་ལམ་དུ་འདྲེན་པ་སྟེ། དྲན་པ་དང་། གཞུངས་པ་དང་། འཕགས་པའི་ལམ་མི་བརྗེད་པ་འདི་ནི། ཡང་དག་པའི་དྲན་པ་ཞེས་བྱའོ། །ཞེས་དང་། མཚན་བརྗོད་འགྲེལ་ཆེན་དུ། དྲན་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བའི་ཚུལ་ཅན་དཔའ་བར་འགྲོ་བ་ལ་སོགས་པ་ཏིང་ངེ་འཛིན་བརྒྱ་སྟོང་གི་བདག་པོར་གྱུར་པས་ན། དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །ཞེས་བྱའོ། །ཞེས་གསུངས་པས། ཕྱག་རྒྱ་ཆེན་པོ་རང་དྲན་པར་བཞག་པས། མགོན་པོ་ཀླུ་སྒྲུབ་ཀྱིས། དབང་ཕྱུག་ལུས་གཏོགས་དྲན་པ་བདེ་གཤེགས་ཀྱི། །བགྲོད་པ་གཅིག་པའི་ལམ་འདི་ཉེ་བར་བསྟན། །ཞེས་གསུངས། སྔར་ཞི་གནས་སྒྲུབ་པའི་སྐབས་ཀྱི་བཞག་ཐབས་གཉིས་པ་ཡན་ཆད་རྩོལ་བ་དང་བཅས་པ་ཡིན་ཏེ། དུས་དེ་ཙ་ན་བྱིང་རྒོད་ཤས་ཆེ་བ་ཡིན་ནོ། །དེ་ལ་དྲན་པ་ལྕགས་ཀྱུ་མའི་ཐ་སྙད་མཛད་དེ། དྲན་པ་ཕྱིས་ཕྱིར་དགུག་པར་བྱ་བས་སོ། །བཞག་ཐབས་གཉིས་པ་བརྟན་པ་ནས་རྩོལ་མེད་ཀྱི་དྲན་པ་རྙེད་དེ། སེམས་བྱུང་ཡུལ་ངེས་ཀྱི་དྲན་པ་ཁྱད་པར་ཅན་དེ་ཀ་རྩོལ་བ་མ་དགོས་པ་ངང་གིས་འབྱུང་བས་རྩོལ་མེད་དུ་བཞག་པས་སོ། །ཚུལ་འདི་ཉན་ས་ལས། དེ་ལ་སེམས་གནས་པ་དགུ་པོ་དེ་དག་ལ་ཡིད་ལ་བྱེད་པ་བཞི་ཡོད་པར་རིག་པར་བྱ་སྟེ། བསྒྲིམས་ཏེ་འཇུག་པ་དང་། བར་ཆད་ཅིང་འཇུག་པ་དང་། སྐབས་སུ་ཆད་པ་མེད་པར་འཇུག་པ་དང་། ལྷུན་གྱིས་གྲུབ་པའི་འཇུག་པའོ། །དེ་ལ་འཇོག་པར་བྱེད་པ་དང་། ཡང་དག་པར་འཇོག་པར་བྱེད་པ་ལ་ནི་བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །བསྡུས་ཏེ་འཇོག་པར་བྱེད་པ་དང་། ཉེ་བར་འཇོག་པར་བྱེད་པ་ལ་དུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། ཉེ་བར་ཞི་བ་བྱེད་པ་ལ་ནི་སྐབས་སུ་ཆད་ཅིང་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །རྒྱུད་གཅིག་ཏུ་བྱེད་པ་ལ་ནི་སྐབས་སུ་ཆད་པ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །ཏིང་ངེ་འཛིན་དུ་བྱེད་པ་ལ་ནི་རྩོལ་བ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །ཞེས་པ་འདིས་ཐོལ་སྐྱེས་རྦད་གཅོད་ཀྱི་སྐབས་ཀྱི་དྲན་ཤེས། གང་ཤར་བཟོ་མེད་ཀྱི། བཞག་ཐབས་དང་པོ་བཞག་ཐབས་གཉིས་པའི་དྲན་ཤེས་དེ་རིམ་པ་བཞིན་བཤད་པ་ཡིན་ནོ། །དེ་དག་ཀྱང་སྔ་མ་སྔ་མ་ཕྱི་མ་ཕྱི་མས་སྤོང་བར་བྱེད་པ་ཡིན་ནོ། །དེ་ལྟར་སྔ་མ་མེད་པར་ཕྱི་མ་མི་རྙེད་པས་སྔ་མ་དགོས་བྱུང་ཕྱི་མ་རྙེད་ནས་སྔ་མ་སྤངས་ཆོག་པ་ཆུ་བསྒྲལ་ཟིན་ནས་གྲུ་འདོར་བ་བཞིན་ནོ། །དྲན་པ་ཉེར་བཞག་གི་དྲན་པ་ལ་ལས་དང་པོ་པ་ནས་སངས་རྒྱས་ཀྱི་སའི་བར་དུ་དབྱེ་རྒྱུ་ཡོད་དེ། ཆོས་ཡང་དག་པའི་མདོར། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་དྲན་པ་ཉེ་བར་བཞག་པ་ནི་གང་། དྲན་པ་ནི་གང་། དྲན་པའི་གནས་ནི་གང་། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཐམས་ཅད་ལ་མི་སྐྱེ་བ་ཤེས་པ་དྲན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མི་སྐྱེ་བའི་ཤེས་པའི་སྨོན་ལམ་ཅན་ཡིན་ཏེ། དེ་དག་གི་དྲན་པ་དེ་ཡང་། མི་སྐྱེ་བའི་ཤེས་པས་ཡོངས་སུ་སྦྱང་བ་བྱས་པ། ཐམས་ཅད་དུ་མི་བསྐྱོད་པ། དྲན་པ་མི་གཡོ་བ། གཏིང་དང་མཐའ་མི་རྟོག་པ་དང་། འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཤེས་པར་དཀའ་བ་སྟེ། བྱང་ཆུབ་སེམས་དཔའི་དྲན་པ་གང་གིས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཀུན་འཛིན་པའི་དྲན་པ་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མངོན་སུམ་དུ་བྱང་ཆུབ་སེམས་དཔའི་དྲན་པ་ནི་འདི་འདྲའོ། །ཞེས་གསུངས་པས་སོ། །བརྗོད་པ་མེད་པའི་ཏིང་ངེ་འཛིན་དེ་ལ་གཟུངས་ཞེས་བཞག་ནས། ཚིག་གི་གཟུངས། དོན་གྱི་གཟུངས། གཉིས་ཀའི་གཟུངས་སོགས་རྣམ་པར་ཕྱེ་བ་ཡིན་ནོ། །རྩོལ་མེད་ཡང་དག་གི་དྲན་པ་དེ་ཡང་། མདོ་དེར། སངས་རྒྱས་དྲན་པ་ཡང་མ་ཡིན། མི་དྲན་པ་ཡང་མ་ཡིན། ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་། རྣམ་པར་མི་རྟོག་པའི་དྲན་པ་དེ་དག་རྗེས་སུ་དྲན་ཏེ། དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ་སོགས་རྒྱས་པར་གསུངས་སོ། །རྩོལ་བ་དང་བཅས་པའི་སྐབས་དེར་རྟེན་ཅན་ལ་དམིགས་རྟེན་ཡོང་མོད། རྟེན་མེད་ལ་དྲན་ཁྱེར་ཇི་ལྟ་བུ་ཡིན་སྙམ་ན། མ་བཅོས་པའི་རྣལ་འབྱོར་མ་བརྗོད་པ་སྟེ། དེ་དག་ལའང་། དྲན་པ་དང་། གཞུངས་པ་དང་། ལམ་མི་བརྗེད་པ་འདི་ནི་ཡང་དག་པའི་དྲན་པའོ་ཞེས་གསུངས་པའི་ཕྱིར་ཡང་དག་པར་བཞག་པ་སྟེ་གནས་སྐབས་སུ་མི་བསླུ་བས་སོ། །དྲན་པའི་བྱིངས་སྨྲྀ་དང་། བསམ་གཏན་གྱི་བྱིངས་དྷྱཻ་ཞེས་པ་གཉིས་ཆར་སེམས་དྲན་པ་ཞེས་པར་མཐུན་པའི་ཕྱིར་སེམས་པ་ཞེས་པའང་། སེམས་ཞིང་སྒོམ་པ་གོམས་པའི་དོན་ནོ། །དེ་བཞིན་དུ་ཙེ་ཏི་དྲན་པ་ལའོ་ཞེས་པའི་སེམས་པའི་བྱིངས་ཀྱི་བརྡ་ཡང་དྲན་པར་བཤད་པ་འདི་ལས། དྲན་ཤེས་བཞིན་འཇུག་པ་གཅིག་སྟེ་ཤེས་བཞིན་ཅན་ལ་དྲན་པ་དང་ལྡན་པར་གཟུང་ཞིག་གསུངས་པ་ལྟ་བུས་དང་། འཇུག་པ་གཅིག་ཁྱེར་ནི། དྲན་བཞིན་ཤེས་བཞིན་དུ་མངལ་དུ་ཞུགས་སོ་ཞེས་གསུངས་པ་ལྟ་བུ་སྟེ། མི་ཏྲ་ཛོ་ཀའི་སེམས་ཉིད་ངལ་བསོའི་གཞུང་ལས། གང་སྐྱེས་གཉུག་མ་ཡིན་པའི་ཕྱིར། །གང་ཤར་དྲན་པ་མ་བརྗེད་ན། །དེ་འཆར་སྟོང་པ་ཉིད་དག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །ཞེས་དང་། ཛ་ཡ་ཏིས། མ་ཡེངས་རིག་པ་དྲན་པའི་རྩིས། །སྦྱོང་འགྲོས་གཞི་ལ་གཟུང་བ་ཡིས། །བདེན་པ་ཟད་པ་དོན་གྱི་གསང་། མཐོང་བས་འཁྲུལ་པ་ཡུལ་ལ་འཇིག །དྲན་པ་དེ་ལྟ་ན་ཤེས་བཞིན་ཇི་ལྟ་བུ་ཞེ་ན། སྤྱོད་འཇུག་ལས། གང་ཚེ་དྲན་པ་ཡིད་སྒོ་ནས། །བསྲུང་བའི་དོན་དུ་གནས་གྱུར་པ། །དེ་ཚེ་ཤེས་བཞིན་འོང་འགྱུར་ཞིང་། །ཞེས་སྐྱེ་ཚུལ་ངོ་བོ་དབུས་མཐའི་འགྲེལ་པ་ལས། ཤེས་བཞིན་ནི། དྲན་པ་མ་བརྗེད་པར་གྱུར་ན་བྱིང་བ་དང་རྒོད་པ་རྟོགས་པའོ། །ཞེས་གསུངས་པས་ཞི་གནས་ཀྱི་ཚུལ་བཞིན་ཡིད་བྱེད་རང་ཤེས་བཞིན་ཏེ་ཤེས་རབ་ཀྱི་དབྱེ་བར་སོང་། དོན་ཞི་གནས་དེ་ཀ་དེར་ལྡང་དགོས་པ་འཇུག་པ་གཅིག་པའི་ཐ་སྙད་བྱས་ལ། བྱེད་ལས་མདོ་སྡེ་རྒྱན་གྱི་འགྲེལ་ཆེན་ལས། དྲན་པ་དང་ཤེས་བཞིན་ནི་ཉེ་བར་གཏོད་པར་བྱེད་པ་སྟེ་གཅིག་གིས་སེམས་དམིགས་པ་ལས་མི་འཕྲོ་བར་བྱེད་པའི་ཕྱིར་དང་། གཉིས་པས་སེམས་འཕྲོ་བ་རབ་ཏུ་ཤེས་པའི་ཕྱིར་རོ། །ཞེས་པས། འབྱེད་པའི་ཚེ་དམིགས་པ་ལ་སེམས་གཏོད་པའི་ཆ་ལ་དྲན་པ། དེ་ལས་བྱིང་རྒོད་དང་གནས་པ་ཀུན་ཤེས་པའི་ཆ་ལ་ཤེས་བཞིན་དེས་ན་སྔ་མ་ནི་ཏིང་ངེ་འཛིན་དང་། ཕྱི་མ་སོ་སོར་རྟོག་པའི་ཤེས་རབ། སྤྱིར་ཚུལ་བཞིན་ཞེས་པའང་། སངས་རྒྱས་ཡང་དག་པར་སྡུད་པའི་མདོ་ལས་ཚུལ་བཞིན་དྲི་བ་ནི་གང་ལགས། ཚུལ་བཞིན་ནི་གང་ལགས། བཀའ་སྩལ་པ། སྐྱེ་བ་མེད་པ་ནི་ཚུལ་བཞིན་ནོ། །དེ་འདྲི་བ་ནི་ཚུལ་བཞིན་དྲི་བའོ་ཞེས་པས། ཚུལ་བཞིན་དེ་ཡིད་ལ་བྱེད་པས་ཚུལ་བཞིན་ཡིད་བྱེད་དུའང་བཞག་པ་ཡོད་དོ། །དེ་ལྟ་བུའི་ཞི་གནས་བསྒྲུབ་པའི་རྣམ་བཞག་རྒྱས་པ་སྒོམ་རིམ་དང་པོ་ལས། ཞི་གནས་ཀྱི་ལམ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་ཀྱང་བཤད་དེ། བཀའ་སྩལ་པ། དེ་དང་དེ་ལ་སེམས་འཇོག་གོ །རྒྱུན་དུ་འཇོག་གོ །བསླན་ཏེ་འཇོག་གོ །ཉེ་བར་འཇོག་གོ །གདུལ་བར་བྱེད་དོ། །ཞི་བར་བྱེད་དོ། །རྣམ་པར་ཞི་བར་བྱེད་དོ། །རྩེ་གཅིག་ཏུ་བྱེད་དོ། །མཉམ་པར་འཇོག་གོ །ཞེས་ཚིག་དགུ་སྨོས་སོ། །དེ་ལ་འཇོག་ཅེས་བྱ་བ་ནི། དམིགས་པ་ལ་སེམས་འཇོག་པའོ། །རྒྱུན་དུ་འཇོག་ཅེས་བྱ་བ་ནི་དམིགས་པ་དེ་ཉིད་ལ་རྒྱུན་དུ་འཇོག་པའོ། །བསླན་ཏེ་འཇོག་ཅེས་བྱ་བ་ནི་རྣམ་པར་གཡེང་བ་ཤེས་ན་དེ་སྤོང་བའོ། །ཉེ་བར་འཇོག་ཅེས་པ་ནི་རྣམ་པར་གཡེང་བ་སྤངས་ཕྱིས་ཕྱིར་བརཏན་ཏེ་དམིགས་པ་དེ་ཉིད་ལ་འཇོག་པའོ། །གདུལ་ལོ་ཞེས་བྱ་བ་ནི་དགའ་བ་བསྐྱེད་པའོ། །ཞི་བར་བྱེད་དེ་ཞེས་བྱ་བ་ནི་རྣམ་པར་གཡེང་བའི་ཉེས་པ་མཐོང་ནས་མི་དགའ་བ་རབ་ཏུ་ཞི་བར་བྱེད་པའོ། །རྣམ་པར་ཞི་བར་བྱེད་པ་ནི་རྨུགས་པ་དང་། གཉིད་ལ་སོགས་པ་ལངས་པ་རྣམས་སེལ་བའོ། །རྩེ་གཅིག་ཏུ་བྱེད་པ་ནི་མངོན་པར་འདུ་བྱེད་པ་མེད་པས་འཇུག་པ་ལ་འབད་པར་བྱེད་པའོ། །མཉམ་པར་འཇོག་ཅེས་བྱ་བ་ནི་སེམས་མཉམ་པར་གྱུར་པ་ན་བཏང་སྙོམས་སུ་བྱེད་པ་སྟེ། མཉམ་པར་འཛིན་ཅེས་བྱ་བའི་ཐ་ཚིག་གོ །ཚིག་འདི་རྣམས་ཀྱི་དོན་འདི་ནི་འཕགས་པ་བྱམས་པ་དང་། སྔོན་གྱི་མཁན་པོ་རྣམས་ཀྱིས་བཤད་དོ། །ཞེས་གསུངས་པའི་དང་པོ་གཉིས་དབེན་གསུམ་རྟེན་ཅན་རྣམས་ཀྱིས་བཤད། གསུམ་པ་དང་བཞི་པ་གཉིས་ཐོལ་སྐྱེས་རྦད་གཅོད། ལྔ་དྲུག་བདུན་པ་གསུམ་སྤྱིར་བསྟན། བརྒྱད་པ་ནི་གང་ཤར་བཟོ་མེད་ཀྱིས། དགུ་པ་ནི་བཞག་ཐབས་གཉིས་པས་སོ། །དེ་ཉིད་དུ། གང་གི་ཚེ་དམིགས་པ་དེ་ཉིད་ལ་མངོན་པར་འདུ་བྱེད་པ་མེད་པར། ཇི་སྲིད་འདོད་པའི་བར་དུ་སེམས་འཇུག་པར་གྱུར་པ་དེའི་ཚེ། ཞི་གནས་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། ཞི་གནས་ཀྱི་ངོ་བོ་ཉིད་ནི་སེམས་རྩེ་གཅིག་པར་ཟད་པའི་ཕྱིར་འདི་ནི་ཞི་གནས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དོ་ཞེས་པས་སོ། །འདིས་རྩེ་གཅིག་དང་ཞི་གནས་དོན་གཅིག་པ་ཡང་བཤད། དགོངས་འགྲེལ་ལས། དེ་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་བཞག་ནས་ཇི་ལྟར་ལེགས་པར་བསམ་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ། །དེ་ལྟར་ཞུགས་ཤིང་། དེ་ལ་ལན་མང་དུ་གནས་པ་དེ་པ་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱ་སྟེ་ཞེས་པས། སྔ་མས་འདོད་སེམས་རྩེ་གཅིག་པ་ཡང་ཞི་གནས་སུ་བསྟན་པ་དང་། ཕྱི་མས་ལུས་སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་ཁོ་ན་དེ་ཞི་གནས་སུ་བསྟན་ནོ། །དེ་ནི་ཆོས་རྗེས། དེ་ལྟར་བསྒོམས་པས་ཉམས་མྱོང་འཆར། །ཉམས་ནི་འདིར། སྔར་བཤད་པའི་གསལ་བ་སོགས་ཏེ་ལམ་གཞན་ནས་རྟགས་སུ་བཤད་པ་དེ་ཡིན་ལ། མྱོང་བ་ནི། དེ་ཉིད་དུ། བདེ་གསལ་མི་རྟོག་སྣ་ཚོགས་འབྱུང་། །དེ་ལ་དགའ་ཚོར་དཔག་མེད་སྐྱེ། །འདིའི་བདེ་བ་ནི་ཚོར་བ་སྡུག་བསྔལ་འགགས་པ་ཙམ་ཡིན་ལ། གོམས་པ་ན་ཕོ་མོ་འདུས་པའི་བདེ་བས་བཅུ་དྲུག་ཆར་མི་མཚོན་པ་བསམ་གཏན་པའི་བདེ་བ་ཞེས་པ་དེ་འབྱུང་བ་ཡིན་ནོ། །གསལ་བ་ནི་གསང་འདུས་སུ་གསུངས་པའི་སྣང་བ་གསུམ་གྱི་འོད་གསལ་ཙམ་སྟེ། ཕྱི་རོལ་གྱི་ཡུལ་སྣང་འགགས་པའི་ཕྱིར་དང་། རྩ་རླུང་འཆིང་སྟོབས་ཆེ་བ་ན་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་ཀྱང་འབྱུང་ལ། དེའི་ཚེ་སྔར་གྱི་འོད་གསལ་དེ་རྟགས་ཅན་རང་བཞིན་འོད་གསལ་ཞེས་པ་དེར་འགྱུར། དེས་སྣང་བ་ཐམས་ཅད་སྦྱངས་པ་ན། ཀུན་སྒྱུ་མར་མངོན་སུམ་དུ་མཐོང་བའི་ཕྱིར། དེ་ནས་ཚོགས་དྲུག་ཀྱང་འདིའི་འོད་གསལ་དེར་འགྱུར་རོ། །མི་རྟོག་པ་ནི་མཚན་མ་མེད་པ་སྟེ། འདིར་མཚན་མར་འཛིན་པ་རང་ཞིག་པས་སྟོང་པ་ཉིད་མཐོང་བ་ཞེས་བྱ་སྟེ། སྣང་བ་སྒྱུ་མར་འཆར་བས་སོ། །དེ་ཡང་དྲི་མེད་འོད་ཅེས་བྱ་བའི་འགྲེལ་པར། བདག་བྱིན་བརླབ་པ་ཞེས་བྱ་སྟོང་པ་ཉིད། །ཁམས་གསུམ་པོ་ནི་གསལ་བར་མཐོང་བའི་མཚན། །ཞེས་འབྱུང་བས་སོ། །བདག་བྱིན་བརླབ་པ་འདི་མེད་ན། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་པའང་ཁྲམ་གཏམ་ཁོ་ན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་བརླབ་ལས་ཕྱིར་ཕྱོགས་པས། །རྨི་ལམ་སྒྱུ་འདྲ་མཐོང་བ་མེད། །ཅེས་གསུངས་ལ། རྒྱུ་མཚན་འདིས་ཉན་རང་གི་འོད་གསལ་དེ་རྟོགས་ལ། རྟགས་ཅན་འོད་གསལ་དེ་མ་རྟོགས་པས། དེ་དག་གི་ཆོས་ཀྱི་བདག་མེད་རྟོགས་ཀྱང་། བསྡུས་པར་ཟད་དོ་གསུང་ངོ་། །དོན་འདི་ལ་རྗེ་བཙུན་བྱམས་པས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དག་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཞེས་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཤད་པ་འདྲ་ཞིག་བྱུང་། གཉིས་པོ་ཐ་སྙད་འཇོག་ཁྱེར་མ་མཐུན་པ་མ་གཏོགས་ཞེ་འདོད་མི་འགལ་བར་ཡང་སྒྲུབ་ནུས་ཏེ། གཞི་ཐམས་ཅད་སྐྱེ་བ་མེད་པར་ཤེས་པ་ལ། དེར་ཀུན་ཤེས་ཞེས་གསུངས། གཞི་ནི་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་པའོ། །སྐྱེ་བ་མེད་པ་ནི་སྟོང་པ་ཉིད་ཀྱི་མིང་རྣམ་གྲངས་པའོ། །དེ་བས་དེ་ཤེས་པས་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ཡོད་པར་གྲུབ་ལ། ཉན་ཐོས་ཀྱི་ལྟ་ཅི་རང་སངས་རྒྱས་ཀྱིས་ཀྱང་གཟུང་བའི་རྟོག་པ་ལས་མ་སྤངས་པས་སོ། །ཞེས་གསུངས་པའི་དོན་ནི། ཉན་ཐོས་པ་དག་ཕྱི་རོལ་ཁས་ལེན་པས་དོན་སྨྲ་བ་དང་། སེམས་ཙམ་ཐམས་ཅད་སེམས་སུ་འདོད་པས་རྣམ་པར་རིག་ཞེས་གསུངས་པས། ཕྱི་རོལ་གྱི་དོན་དེ་གཟུང་དོན་དུ་བྱས་ནས་རང་རྒྱལ་བས་དེ་མི་འདོད་པས་དེ་དེས་སྤངས་པའི་ཐ་སྙད་བྱས། དེའི་ཕྱིར་སེམས་ཙམ་པ་རང་རྒྱལ་གྱི་གྲུབ་མཐའི་ཆ་འཛིན་པར་བཤད་དེ། དོ་ཧར། ལ་ལ་རོ་གཅིག་སེམས་ཀྱི་ཚུལ་འཛིན་མཐོང་། །ཞེས་སོ། །སྐབས་འདིར་ལུང་ཕྱི་མའི་དགོངས་གཞི་སྐྱེ་མེད་དུ་ཤེས་མ་ཤེས་ཡིན་ནོ། །འོ་ན་སྐྱེ་མེད་དེ་དག་གིས་རྟོགས་ན་ཐེག་པ་ཆེན་པོའི་སྟོང་ཉིད་རྟོགས་པར་སོང་བས། ལུང་དེར་སྟོང་པ་སྙིང་རྗེ་རོ་གཅིག་ཏུ་འདོད་པས་འཕགས་པ་མི་སློབ་པ་དེ་དག་ཐེག་ཆེན་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། དེ་དག་གི་སྐྱེ་མེད་ནི་འཇིག་རྟེན་པ་བཞིན་དུ་བདེན་བདེན་རྟག་རྟག་ཏུ་མི་འཛིན་པར་སྒྱུ་མ་ལ་སོགས་པའི་དཔེས་གཞལ་ནས། མི་རྟག་པ་ལ་སོགས་པར་མཐོང་བ་ཙམ་སྟེ། དེའི་ཕྱིར་དེ་དག་གིས་དཔེ་ཅན་སྒྱུ་མ་རྟོགས། དེས་ཆོས་ཐམས་ཅད་སྒྱུ་མར་མཐོང་། སྒྱུ་མ་རང་བཞིན་མེད་པའི་དཔེའི་དྭངས་མ་ཡིན་པས་དེ་མཐོང་བས་རང་བཞིན་མེད་པ་མཐོང་ཞེས་བྱས་སོ། །དེས་ན། ཡང་དག་ཉིད་དུའང་རྟོག་བྱེད་ལ། །སྒྱུ་མ་ལྟ་བུ་མིན་པས་འདིར། །འཇིག་རྟེན་པ་དང་རྣལ་འབྱོར་རྩོད། །ཅེས་སྤྱོད་འཇུག་ལས་གསུངས་པ་དང་། དེ་དག་གི་ལུང་རང་དུ། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་དང་། གཟུགས་ནི་དབུ་བ་རྡོས་པ་འདྲ་སོགས་ཀྱིས་སོ། །འོ་ན་དེ་དག་གིས་སྒྱུ་མར་མཐོང་བས། འདི་ཀླུ་སྒྲུབ་ཞབས་ཀྱི་ལུང་དེ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། དེ་དག་དཔེ་ཉེར་འཇལ་གྱི་ཚད་མས་ཡིན་ལ། ལུང་དེ་ནི་མངོན་སུམ་ཚད་མས་མཐོང་བ་ལ་དགོངས་པ་ཡིན་ནོ། །དེའི་ཕྱིར་ཞི་གནས་ཀྱི་ལམ་འདིས། སྤྱོད་འཇུག་གི སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཞེས་པ་ལེགས་པར་བཤད་དོ། །མོས་གུས་མ་བཅོས་ཤུགས་ཀྱིས་འོང་། །ཞེན་པ་ནང་ནས་བར་མེད་བཟློག །དེ་ནི་བསྐྱངས་ཡུན་རིང་ཚད་དགའ། །ཞེས་པས། ཞེན་པ་བར་མེད་ཅེས་པའི་དོན་ནི་རེས་འགའ་ལོག་པ་ཙམ་མ་ཡིན་ཞེས་པ་སྟེ། དེ་ཙམ་ཡིད་འབྱུང་སྐྱེ་མ་ལེགས་པ་ལའང་ཡོང་བས་སོ། །དཔྱད་སྔས་ན་སེམས་འཕྲོ་རྒོད་ཀྱི་གཞིར་འགྱུར་བའི་ཕྱིར་ཞི་གནས་དེ་བརྟན་པོར་བྱའོ། །གཉིས་པ་གནས་འགྱུའི་རྩ་བ་གཅད་དེ་ལྷག་མཐོང་ངོས་གཟུང་ནས་སྤྲོས་བྲལ་གྱི་རྣལ་འབྱོར་སྒོམ་པ་ལ། བདེ་བར་གཤེགས་པ་ཁམས་པས། ལུས་སེམས་རྟོག་པ་བྱུང་གྱུར་ན། །གོང་གི་གདམས་ངག་ཐོག་བབས་བྱ། །ཞེས་དང་། ཆོས་རྗེས། སྒོམ་ཤེས་མང་སྟེ་བཤིག་ཤེས་ཉུང་། །ཞེས་པས་གསུངས་ལ། འདི་ལ་བླ་མའི་ཞལ་སྔ་ནས་གཉིས་ཀ་གནས་འགྱུའི་རྩ་བ་གཅད་པ། ལྷག་མཐོང་ངོས་འཛིན་པ། སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པ་གསུམ་གྱིས་འཆད། དེའི་དོན་དང་པོ་གནས་པ་ནི་ཡུལ། སོ་སོར་རྟོག་པ་ནི་ཡུལ་ཅན་ཏེ། ཡུལ་ཡུལ་ཅན་དེ་གཉིས་ཐ་དད་དུ་མེད་པས་རང་རིག་གིས་དཔྱད་པ་ཞེས་བྱ། འདིའི་རང་རིག་ཀྱང་སོ་སྐྱེའི་སྐབས་ཡིན་པའི་ཕྱིར། རང་གིས་རང་རིག་པའོ། །ཞེས་གསུངས། འདིས་གནས་ན་གནས་པའི་ངོ་བོ་ལ་དཔྱོད་དེ། གནས་པ་དེ་ཇི་ལྟ་བུ། འགྱུ་བ་དེ་ཇི་ལྟ་བུ། དེ་གཉིས་གཅིག་གམ་ཐ་དད་ཞེས་སྦྱོར་བའི་དུས་ཡིད་ལ་བྱེད་པ་སྟེ། དེ་ཙམ་ཞིག་སྔོན་དུ་གཏང་བས། ཞི་གནས་རང་གི་དུས་སུ་ཚུལ་བཞིན་ཡིད་བྱེད་དེ་དེར་ལྡང་སྟེ། ནམ་མཁའ་ལྟར་མཐའ་ཡས་སོ་སྙམ་སྔོན་དུ་གཏང་བས་ཏིང་ངེ་འཛིན་དངོས་གཞིའི་དུས་ནམ་མཁའ་ལྟར་མཐའ་ཡས་པ་ཙམ་འཛིན་པ་ཞིག་ཏུ་གྱུར་པ་བཞིན། གནས་འགྱུའི་རང་བཞིན་རྩད་གཅོད་པར་འགྱུར་ཏེ། འདིས་ཞི་གནས་ཀྱི་དུས་དངོས་པོ་འགགས་པས་སྐྱེ་བ་མེད་པའམ། སྟོང་པར་གཟུང་བ་དེ་འགག་པར་ནུས་ཏེ། སྤྱོད་འཇུག་ལས། ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱིས་ནས་སྤོང་བར་འགྱུར། །ཞེས་པ་བལྟ་བྱ་ལྟ་བྱེད་ཅི་ཡང་མ་གྲུབ་པ་ལ་ཅི་ཡང་མེད་ཅེས་བྱ་ལ། འདི་ཀ་ཡུན་དུ་སྦྱང་དགོས་པས་གོམས་པ་ཞེས་གསུངས་སོ། །ཆད་པར་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། དེ་ཉིད་དུ། གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པས། དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །ཞེས་སྣང་དུ་རུང་བའི་དངོས་པོ་དེར་མི་དམིགས་ན། དངོས་པོ་མེད་པ་སྣང་དུ་མི་རུང་བས། དེའི་ངོ་ན་ཅི་ལ་དམིགས་པས་ཆད་རྒྱུ་མེད་ཅེས་བྱ་བའི་དོན་ནོ། །དེར། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །དེའི་ཚེ་དངོས་པོ་དང་དངོས་པོ་མེད་པ་ཞེས་དཔྱད་པའི་གཞི་ཡིན་པ་དེ་གཉིས་མི་སྣང་ན་དཔྱད་པའི་གཞི་ཅང་མེད་པས། དེས་ན་དམིགས་པ་ཐམས་ཅད་ཉེ་བར་ཞི་བའོ་ཞེས་བསྟན་ནོ། །དམིགས་པ་ཐམས་ཅད་ཉེ་བར་ཞི་བ་དེ་ཡང་མཉམ་པར་བཞག་པའི་དུས་ན་འབྱུང་། རྗེས་ཤེས་ཀྱི་དུས་སུ་མི་འབྱུང་ན་སློབ་པ་མཉམ་རྗེས་དབྱེ་རྒྱུ་མེད་པར་དུས་རྟག་ཏུ་འབྱམ་ཀླས་ན། མི་སློབ་པ་སྟེ་སངས་རྒྱས་ཞེས་བྱའོ། །འོན་ཀྱང་མཉམ་བཞག་ཡེ་ཤེས་དེ་ཤེས་བྱའི་སྒྲིབ་པས་དག་པ་དང་མ་དག་པའི་ཁྱད་སྣང་བས་ས་དང་པོ་ནས་སངས་རྒྱས་ཀྱི་བར་རྟོགས་པའི་ངོ་བོ་ཁྱད་མེད་པར་བཤད་པ་ངེས་དོན་དུ་སོང་། མཐར་ཐུག་ཏུ་མ་སོང་། རྟོགས་བྱའི་ངོ་བོ་ཁྱད་མེད་པ་ནི་དེར་མ་ཟད་ཁྱི་རྒན་གྱི་དེ་བཞིན་ཉིད་དང་ཡང་འཆད་དགོས་པས་ཞི་བ་མ་ཆགས་པའོ། །འདི་དགོངས་འགྲེལ་དང་སྒོམ་རིམ་མཐའ་མར། བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་དམིགས་པའི་དངོས་པོ་བཞི་བསྟན་ཏེ། རྣམ་པར་མི་རྟོག་པའི་གཟུགས་བརྙན་དང་། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། དངོས་པོའི་མཐའ་དང་། དགོས་པ་ཡོངས་སུ་གྲུབ་པའོ། །དེ་ལ་ཞི་གནས་ཀྱིས་ནི་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་གང་ཡིན་པ་དང་སངས་རྒྱས་ཀྱི་གཟུགས་ལ་སོགས་པ་ལ་མོས་ནས་དམིགས་པ་སྟེ། དེ་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཞེས་བྱའོ། །དེ་ལ་ཡང་དག་པའི་དོན་ལ་རྣམ་པར་རྟོག་པ་མེད་པས་ན་དེ་རྣམ་པར་མི་རྟོག་པ་ཞེས་བྱའོ། །ཇི་ལྟར་ཐོས་པ་དང་། ཇི་ལྟར་ཟིན་པའི་ཆོས་རྣམས་ཀྱི་གཟུགས་བརྙན་ལ་མོས་ཏེ། དམིགས་པས་ན་གཟུགས་བརྙན་ཞེས་བྱའོ། །རྣལ་འབྱོར་པས་དེ་ཁོ་ནའི་དོན་རྟོགས་པར་བྱ་བའི་ཕྱིར་གང་གི་ཚེ་ལྷག་མཐོང་གི་གཟུགས་བརྙན་དེ་གཉིས་ལ་དཔྱོད་པ་དེའི་ཚེ། ལྷག་མཐོང་གི་མཚན་ཉིད་དེ་ཁོ་ན་ལ་རྟོག་པའི་རྣམ་པར་རྟོག་པ་དེ་ན་ཡོད་པས་ན། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་བྱའོ། །རྣལ་འབྱོར་པ་གཟུགས་བརྙན་དེ་ཉིད་ཀྱི་ངོ་བོ་ཉིད་ལ་རྟོག་པས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཇི་ལྟ་བ་བཞིན་ཁོང་དུ་ཆུད་དེ། བདག་གི་བཞིན་གྱི་གཟུགས་བརྙན་མེ་ལོང་གི་ནང་དུ་བྱུང་བ་ལ་བརྟགས་ན། བདག་གི་བཞིན་ལ་མི་སྡུགས་པ་ལ་སོགས་པ་མངོན་པ་བཞིན་ནོ། །གང་གི་ཚེ་དངོས་པོའི་མཐའི་མཚན་ཉིད་ཀྱི་དེ་བཞིན་ཉིད་རྟོགས་པར་གྱུར་པ་དེའི་ཚེ། དངོས་པོའི་མཐའ་ཁོང་དུ་ཆུད་པས་ན། ས་དང་པོ་ལ་དངོས་པོའི་མཐའ་ལ་དམིགས་པ་ཞེས་བྱའོ། །དེ་ནས་སྨན་བཅུད་ཀྱི་ལེན་ཟ་བ་བཞིན་དུ་སྒོམ་པའི་ལམ་གྱི་ལྷག་མ་རྣམས་ཀྱིས་ཤིན་ཏུ་རབ་ཏུ་རྣམ་པར་དག་པའི་སྐད་ཅིག་བྱུང་བས་གནས་གྱུར་ནས་གང་གི་ཚེ་སྒྲིབ་པ་མ་ལུས་པ་སྤངས་པའི་མཚན་ཉིད་དགོས་པ་ཡོངས་སུ་རྫོགས་པར་གྱུར་པའི་ཚེ། སངས་རྒྱས་ཀྱི་ས་ལ་ཡེ་ཤེས་དེ་ཉིད་དགོས་པ་ཡོངས་སུ་རྫོགས་པ་ལ་དམིགས་པ་ཞེས་བྱའོ། །ཞེས་དཔྱད་པ་དེའི་མཐའི་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་དེ་ཡང་། སྒོམ་རིམ་དང་པོར། དོན་དམ་པ་མཐོང་བ་གང་ཞེ་ན། ཆོས་ཐམས་ཅད་མཐོང་བ་མེད་པ་གང་ཡིན་པའོ་ཞེས་འབྱུང་ངོ་། །དེ་ཀ་འདིར་དེ་ལྟ་བུའི་མཐོང་བ་མེད་པ་ལ་དགོངས་ཏེ་མི་མཐོང་ངོ་ཞེས་བཀའ་སྩལ་གྱི། མིག་བཙུམས་པ་དང་། དམུས་ལོང་ལ་སོགས་པ་ལྟ་བུ་རྐྱེན་མ་ཚང་བ་དང་། ཡིད་ལ་མི་བྱེད་པས་མི་མཐོང་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དངོས་པོར་མངོན་པར་ཞེན་པ་ལ་སོགས་པ་ཕྱིན་ཅི་ལོག་བག་ཆགས་མ་སྤངས་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལངས་པ་བཞིན་དུ་དངོས་པོ་ལ་སོགས་པར་མངོན་པར་ཞེན་པའི་རྩ་བ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཚོགས་ཀྱང་འབྱུང་བའི་ཕྱིར། རྣལ་འབྱོར་པ་མ་གྲོལ་བ་ཉིད་དུ་འགྱུར་རོ། །འདོད་ཆགས་ལ་སོགས་པའི་རྩ་བ་ནི་དངོས་པོ་ལ་མངོན་པར་ཞེན་པ་ཡིན་ནོ། །འཕགས་པ་བདེན་པ་གཉིས་བསྟན་པ་ལས་ཀྱང་བཀའ་སྩལ་ཏོ། །རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་ཡིད་ལ་མི་བྱེད་པས་གཟུགས་ལ་སོགས་པའི་མཚན་མ་སྤོང་ངོ་། །ཞེས་གསུངས་པ་གང་ཡིན་པ་དེ་ཡང་། ཤེས་རབ་ཀྱིས་བརྟགས་ན་མི་དམིགས་པ་གང་ཡིན་པ་དེ། །ཡིད་ལ་མི་བྱེད་པར་དགོངས་ཀྱི་ཡིད་ལ་བྱེད་པ་མེད་པ་ཙམ་ནི་མ་ཡིན་ཏེ། འདུ་ཤེས་མེད་པའི་སྙོམས་པར་ཞུགས་པ་ལ་སོགས་པ་ལྟར་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པའི་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་སྤངས་པ་ཙམ་གྱིས་སྤོང་བ་ནི་མ་ཡིན་ནོ། །ཐེ་ཚོམ་མ་སྤངས་པ་ནི་སྔོན་དམིགས་པའི་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཡོངས་སུ་སྤང་བར་མི་ནུས་ཏེ། མེ་མ་སྤངས་པར་ཚ་བ་སྤོང་བར་མི་ནུས་པ་བཞིན་ནོ། །འདི་ལྟར་གཟུགས་ལ་སོགས་པ་ལ་རྣམ་པར་རྟོག་པ་ལོག་པ་འདི་དག་ཚེར་མ་ལ་སོགས་པ་བཞིན་དུ་སེམས་ལ་ལྷག་པར་འབྱུང་ཞིང་། བསལ་དུ་མི་རུང་སྟེ་ཐེ་ཚོམ་གྱི་ས་བོན་སྤང་དགོས་པའི་ཕྱིར་རོ། །ཐེ་ཚོམ་གྱི་ས་བོན་དེ་ཡང་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྣང་བ་བྱུང་སྟེ་ཤེས་རབ་ཀྱི་མིག་གིས་བལྟས་ན་གཟུགས་ལ་སོགས་པ་སྔར་དམིགས་པ་དམིགས་སུ་རུང་བའི་མཚན་ཉིད་དུ་གྱུར་པ་དེ་དག་མི་དམིགས་པའི་ཕྱིར་རོ། །ཐག་པ་ལ་སྦྲུལ་དུ་ཤེས་པ་བཞིན་སྤང་གི གཞན་དུ་ནི་མ་ཡིན་ནོ། །ཞེས་རྒྱས་པར་གསུངས་སོ། །དེས་ན་འདིར་ཡིད་ལ་མི་བྱེད་པ་འཐད་པ་དང་། ཡིད་ལ་བྱེད་པ་མེད་པ་ཙམ་དེའི་དོན་དུ་མི་འགྱུར་བ་དང་། ལྷག་པར་ཞི་གནས་ཀྱི་ཏིང་ངེ་འཛིན་ལ་གནས་པའི་དཔྱད་པ་འདིས་ཉོན་མོངས་པ་སྤོང་བར་ནུས་ཀྱི། གཞན་གྱིས་མིན་པར་བཤད་པར་སོགས་བདག་ཅག་གི་བླ་མ་རྣམས་དང་མཐུན་པ་ཁོ་ན་བསྟན་བཞིན་དུ། སྒོམ་རིམ་གསུམ། ཕྱག་རྒྱ་ཆེན་པོ་པ་ལ་གནོད་བྱེད་དུ་ཡོད་དོ་སྙམ་པའི་མཁས་རློམ་དོན་དམ་པའི་ཕྱོགས་སུ་ལྟ་བའི་མིག་ལྡོངས་པ་དག་སྨྲ་བས། གཞུང་ལུགས་དེ་དག་ལེགས་པར་དྲངས་ཏེ་བཤད་པ་བྱས་པ་ཡིན་ནོ། །དེས་ན་ད་ལྟ་བློ་གསལ་ཡོད་དམ། སླད་ནས་འབྱུང་སྲིད་པས་ཀྱང་བདག་ཅག་གི་ལུགས་དང་དེ་གསུམ་བསྟུན་ཏེ་ཅལ་སྒྲོག་གི་རྗེས་སུ་མ་འབྲང་བར་རྟོག་དང་། བདག་གི་ཚིག་དེ་དེ་བཞིན་ནོ་ཞེས་མི་བརྗོད་པའི་མཐུ་མེད་དོ། །ཆོས་རྗེས། དེ་ནས་བགས་ཀྱིས་བཤིག་ཐབས་ནི། །སྒོམ་དང་རྣམ་རྟོག་བསྲེ་བ་སྟེ། །རྩ་ཆད་དུམ་བུ་སྒོམ་གསེབ་གདབ། །མིག་ཀྱང་གདངས་བཙུམ་མང་དུ་བྱ། །ཞེས་ཞི་གནས་དེ་ཐུག་པོར་སོང་ནས་བྱ་བའོ། །འགྲོ་འཆག་ཉལ་འདུག་ལ་སོགས་པ། །ཡེངས་པ་མེད་པའི་བྱ་ར་བས། །རྣམ་རྟོག་ཉོན་མོངས་ལ་སོགས་པ། །དགོས་དང་མེད་ཐབས་མེད་པར་བལྟ། །སྐྱོན་ཅན་མི་སྤང་སྲིད་དུ་སྤྱད། །དེས་ན་དགག་སྒྲུབ་གཉིས་དང་བྲལ། །ཞེས་གསུངས་པ་ནི། ཐམས་ཅད་མཁྱེན་པ་ཕག་གྲུས། དགོས་དང་སྐུ་དྲིན་ཆེ་བར་བལྟ། །ཆེ་བའི་ཆེ་ལུགས་འདི་ལྟ་སྟེ། །དཀོན་མཆོག་གསུམ་ཡང་རྟོག་པ་ལ། །སྐབས་བརྒྱད་ལམ་ལྔ་རྣམ་རྟོག་སྟེ། །དབང་པོ་ལྔ་ཡང་རྣམ་རྟོག་ཡིན། །མཆོག་དང་ཐུན་མོང་རྣམ་རྟོག་ཏུ། །འཇམ་དཔལ་རོལ་པའི་མདོ་ལས་གསུངས། །འདི་ནི་ལྷག་མཐོང་ངོས་བཟུང་བ་སྟེ། གང་ཤར་ངོས་འཛིན་སྒྲོ་འདོགས་ནང་ནས་གཅོད་པའི་ཕྱིར་གྱིས་རྒྱས་པ་ཐོད་བརྒལ་བའི་ལམ་དུ་བཤད་ཟིན་ཏོ། །འདི་མངོན་པ་གོང་མར་དམིགས་པ་རྣམ་པར་སྦྱོང་བ་དང་། སྤྱོད་པ་རྣམ་པར་སྦྱོང་བ་དང་། ཉོན་མོངས་རྣམ་པར་སྦྱོང་བའི་སྒོ་གསུམ་གྱིས་རྒྱས་པར་བཤད་དོ། །འདིར་ནི་ལྷག་མཐོང་མ་རྟོགས་པ་རྟོགས་བྱེད་དུ་བྱེད་ལ། དེར་རྟོགས་ཟིན་གོམས་པའི་ཕྱིར་དུ་སྣང་སྟེ་མདོ་སྔགས་ཀྱི་བར་གྱིས་འགྱངས་སོ། །ཆོས་རྗེས། མཐའ་མར་རྣམ་རྟོག་ཆོས་སྐུར་ཁྱེར། །ཞེས་པ་དེ་རྒྱས་པར་བསྟན་པའི་ཕྱིར། དེ་ཉིད་དུ། རྣམ་རྟོག་སྒོམ་དུ་མ་འཆར་ན། །གང་བྱས་འཁོར་བའི་རྒྱུ་འབྲས་ཡིན། །སྒོམ་ཆེན་སྒོམ་གྱིས་མ་བཅིངས་ན། །གཞན་གྱི་འཆིང་བར་མི་འགྱུར་བས། །གོ་བའི་ལྟ་བ་རྒྱབ་ཏུ་བསྐྱུར། །སྒོམ་པའི་ཉམས་མྱོང་རྨོང་ནས་བཤིག །ངོ་སྤྲོད་མི་སྔ་རྐུན་པོར་གཏད། །ཞེས་པའི་མྱོང་བ་འདིས་འཆིངས་ཚུལ་ནི། མདོ་སྡེ་མྱ་ངན་ལས་འདས་ཆེན་ལས། ཉན་ཐོས་རྣམས་ཀྱིས་དེ་བཞིན་གཤེགས་པའི་རིགས་མ་མཐོང་སྟེ། ཏིང་ངེ་འཛིན་ཤས་ཆེ་བའི་ཕྱིར་དང་ཤེས་རབ་ཆུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་མོད་ཀྱི། མི་གསལ་ཏེ་ཤེས་རབ་ཤས་ཆེ་བའི་ཕྱིར་དང་ཏིང་ངེ་འཛིན་ཆུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པས་ནི་ཐམས་ཅད་གཟིགས་ཏེ་ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་རོ། །ཞེས་གསུང་མཐའ་མ་འདིའི་ཞི་ལྷག་གཉིས་དོན་གཅིག་ཡིན་ཏེ། དགོངས་པ་ལུང་སྟོན་གྱི་རྒྱུད་ལས། དང་པོའི་སེམས་ནི་ཞི་གནས་ཏེ། །ཞེས་དང་། བརྟག་གཉིས་སུ། སྤྲོས་པ་མེད་པའི་རང་བཞིན་ལ། །ཞེས་པས་སོ། །དགོངས་པ་ངེས་འགྲེལ་ལས། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ནོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེད་དོ་ཞེས་སོ། །འདི་ལ་མངོན་པ་ཀུན་ལས་བཏུས་ནས། ལ་ལ་ནི་ལྷག་མཐོང་ཐོབ་པ་ཡིན་གྱི་ཞི་གནས་མ་ཐོབ་སྟེ། དེ་ལྷག་མཐོང་ལ་བརྟེན་ཏེ་ཞི་གནས་ལ་བརྩོན་པར་བྱེད་དོ་ཞེས་པ་ནི་ཤེས་རབ་རྐྱང་གྲོལ་བ་གཉིས་ཀའི་ཆ་ལས་རྣམ་གྲོལ་དུ་བྱེད་པའི་དོན་ཏེ། འདི་ཞི་གནས་ཤིན་ཏུ་སྦྱངས་པ་ཐོབ་པའི་དབང་དུ་བྱས་པ་ལ་བཞག་པ་དེའོ། །ལྷག་མཐོང་གི་ངོ་བོ་ནི་དགོངས་པ་ངེས་འགྲེལ་དུ། དེ་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་དེ་ཉིད་ལ་གནས་ཏེ། སེམས་ཀྱི་རྣམ་པ་སྤངས་ནས། ཇི་ལྟ་བའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད་མོས་པར་བྱེད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྟོག་པ་དང་། ཡོངས་སུ་དཔྱོད་པ་དང་། བཟོད་པ་དང་འདོད་པ་དང་། བྱེ་བྲག་འབྱེད་པ་དང་། ལྟ་བ་དང་རྣམ་པར་རྟོག་པ་མ་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ་ཞེས་གསུངས་པས་ཏིང་ངེ་འཛིན་རྙེད་ནས་ཇི་སྐད་པའི་སྤྲོས་བྲལ་དུ་ན་སྤར་བའི་གདམས་ངག་སྟོན། དེས་དེ་སྦྱངས་པས་སྒོམ་སྟོར་བའི་ཐ་སྙད་མཛད། བླ་མའི་བྱིན་རླབས་ཞུགས་པ་དང་། །ལྟ་སྒོམ་ཕན་ཚུན་འབྲེལ་བ་གཉིས། །འཛོམ་ན་རྟོགས་པ་འཆར་བ་སྟེ། །སྔར་འདྲིས་མི་དང་དེ་རུ་ཕྲད། །ལྷ་གསོལ་ཡོད་ན་བྱ་དགོས་སྙམ། །དགའ་བ་ཁྱད་པར་ཅན་ཞིག་སྐྱེ། །འདིས་སྤྲོས་བྲལ་གྱི་རྣལ་འབྱོར་སྒོམ་པ་དང་། ཆོས་ཐམས་ཅད་སྣང་སེམས་དབྱེར་མེད་དུ་རོ་གཅིག་པས་རོ་གཅིག་གི་རྣལ་འབྱོར་དང་། ཆོས་ཐམས་ཅད་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གཏན་ལ་ཕབ་པའི་སྒོམ་མེད་གསུམ་བཤད་ལ། རྗེ་མཐའ་རྩ་པས། སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །འགག་པ་མེད་པ་ལོངས་སྐུར་གནས། །ངོས་གཟུང་མེད་པ་སྤྲུལ་པའི་སྐུ། །དེ་གསུམ་ཐ་དད་མེད་པ་ལ། །ངོ་བོ་ཉིད་སྐུར་དམ་པ་གསུང་། །སྐྱེ་མེད་རྟོགས་པའི་རྟོགས་ཆོས་ལ། །དྲན་པའི་རྒྱལ་པོ་བསྒྲུབ་པའི་ཆོས། །ཡི་གེའི་ཚོགས་རྣམས་ལུང་གི་ཆོས། །དྲན་པས་ཉེས་ལ་མི་འཇུག་པ། །དགེ་འདུན་གསུམ་གའི་ངོ་བོ་ཡིན། །སྐྱེ་མེད་རྟོགས་པ་ཤེས་རབ་ལ། །ངང་ལ་གནས་པ་བསམ་གཏན་ཏེ། །རྒྱུན་ཆད་མེད་པ་བརྩོན་འགྲུས་ཡིན། །བདག་མེད་པར་གོ་འཇིགས་མེད་པ། །བཟོད་པ་གསུམ་གྱི་རྟོགས་པ་སྟེ། །སྤོང་སེམས་མཐར་ཐུག་གནས་གྱུར་པ། །རླུང་སེམས་རྩ་བ་དག་པ་སྟེ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་གསུངས། །ཕ་རོལ་ཕྱིན་ལྔའི་རང་བཞིན་འདི། །ནམ་མཁའ་མཉམ་པའི་དོན་དུ་སྤྱད། །ཞེན་འཛིན་རྣམས་རྟོག་བྲལ་གྱུར་པ། །དྲན་པ་ཉེར་བཞག་བཞི་དག་དང་། །དད་དང་དྲན་དང་བརྩོན་འགྲུས་དང་། །ཤེས་རབ་དབང་པོ་ལྔ་ལ་སོགས། །རྣམ་པར་རྟོག་པའི་བྱེ་བྲག་ཏུ། །ས་བཅུ་མཆོག་ལ་གནས་པ་ཡི། །མགོན་པོ་བྱམས་པས་བཀའ་སྩལ་ཏོ། །ཞེས་པའི་གཞན་ཆིག་ཐུབ་ཏུ་བཤད་ལ། དྲན་པ་ཉེར་བཞག་ལ་སོགས་པའི་སྒོམ་པའང་། རྣམ་པར་རྟོག་པའི་ངོ་བོ་ལ་ལྟོས་ནས། བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་དུ་ཕྱེའོ་ཞེས་པ། དེ་བས་རྣམ་རྟོག་མེད་གྱུར་ན། །དཀར་པོའི་བསམ་པ་མི་འགྲུབ་པ། །མཁའ་ལ་མེ་ཏོག་སྐྱེ་བ་མེད། །དཀར་ནག་ལྟོས་པས་གྲུབ་པའི་ཕྱིར། །དྲན་དང་ཤེས་བཞིན་བག་ཡོད་གསུམ། །དཀར་པོའི་ཕྱོགས་ཀྱི་རྩ་བ་ཡིན། །རྣམ་རྟོག་མེད་ན་རྩ་བ་ཞིག །དེ་བས་རྣམ་རྟོག་ངོ་མཚར་ཆེ། །འདིར་སྤོང་བྱེད་ཀྱི་གཉེན་པོ་དང་། སྤང་བྱ་གཉིས་ཀ་རྟོག་པར་མཐུན་པས་ལྟོས་གྲུབ་རྟོག་པས་རྟོག་པ་འཇོམས་ནུས་པ། ཀླུ་ལ་ཀླུ་གཤེད་དུ་འབེབས་པ་བཞིན་ནོ། །ཕ་རོལ་ཕྱིན་པའི་ཐེག་པ་ཡི། །གཉེན་པོ་དངོས་པོར་གྱུར་པ་ཡིས། །སྤང་བྱ་དངོས་པོར་གྱུར་པ་དག །ཐོ་བས་བུམ་པ་བཤིག་པ་བཞིན། །སྤང་བྱ་སྤོང་བྱེད་དེ་ལྟར་བཞེད། །ཅེས་པ། འདོད་ཆགས་མཐོང་ནས། དེའི་གཉེན་པོ་མི་སྡུག་པ་བསྒོམས་པས། དེ་འཇོམས་པ་ལྟ་བུ་ལ་སོགས་པ་མདོ་ལུགས་པའི་སྤང་བྱ་ལ་གཉེན་པོ་བསྟན་ཚུལ་ཀུན་ཤེས་པར་བྱའོ། །དེ་བས་གྲངས་མེད་གསུམ་དག་ཏུ། །ལམ་ལ་ནན་ཏན་བསྐྱེད་གྱུར་ཀྱང་། དུས་གསུམ་སངས་རྒྱས་རྒྱལ་ས་དེར། །སྐྱེས་བུ་དམ་པ་ཕྱིན་པར་དཀའ། །ཁྱེད་རང་ལུགས་ཀྱི་གཞུང་ལུགས་ལ། །དངོས་པོ་མེད་པ་དཔག་མེད་བཤད། །སྔ་ཕྱིའི་ཚིག་རྣམས་འགལ་གྱུར་པ། །རིག་པའི་གནས་ལྔ་སྦྱངས་པ་ཡི། །པཎྜྻི་ཏ་རྣམས་ཇི་ལྟར་ལགས། དེ་སྤང་གཉེན་གཉིས་ཀར་བཟུང་བས་དངོས་འཛིན་མ་བཟློག་དེས་འགྱངས་ཏེ། གྲངས་མེད་གསུམ་དུ་འཚང་རྒྱ་བའང་དེ་ཀའི་གདུལ་བྱ་བརྩོན་འགྲུས་ཅན་འགའ་ཞིག་ལ་དགོངས་ཀྱི། ཀུན་ལ་མ་ཡིན་པས་སོ། །དེས་ན་གཞུང་དབུ་མ་པ་རང་གི་གཞུང་ལས་དངོས་པོ་ཐམས་ཅད་མ་གྲུབ་པར་བཤད་པ་དེ་དང་། ལག་ལེན་དངོས་པོར་བཟུང་བ་ཁོ་ནས་བྱེད་པ་འགལ་ཞིང་། འདི་ལྟ་བུ་མཁས་པས་དོན་ཇི་ལྟ་བ་མི་རྟོགས་པ་ཅིས་ལེན་པ་ཡིན་ཞེས་དྲི་བ་སྟེ། འདི་དོ་ཧར། དེ་ནི་བསྟན་བཅོས་དོན་མང་མྱ་ངམ་གྱི། །ཐང་དུ་སྐོམ་པས་གདུངས་ཏེ་འཆི་བར་ཟད། །ཅེས་པ་དང་། མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡི། །ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །ཞེས་གསུངས་པ་དང་། རྫེ་བཙུན་མི་ལས། ཐ་སྙད་མཁན་གྱི་སྟོན་ཆེན་རྣམས། །ཚིག་ལ་རྣོ་སྟེ་དོན་ལ་རཏལ། །ཞེས་པར་གདའོ། །མང་ཀྱང་ཀུ་རེ་བགྱིས་པ་ལགས །ཀུ་ས་ལི་པའི་སྒོམ་ཆེན་རྣམས། །དམ་པ་གཅིག་ལ་བརྟེན་ནས་ནི། །ཞེས་པ། དེ་དག གང་ཞིག་བླ་མའི་མན་ངག་བདུད་རྩིའི་རོ། །གདུང་སེལ་བསིལ་བ་ངོམས་པར་མི་འཐུང་བར། །ཞེས་པའི་སྐྱོན་དུ་ཤེས་ནས་ཀུ་ས་ལི་པ་རྣམས། ལས་ཟིན་པ་ཡི་སྐྱེས་བུ་ཡི། །དྲུང་དུ་སེམས་ཐག་གཅད་པར་བྱ། །དེས་མན་ངག་ཐོབ་པར་བྱ་ཞིང་། དེ་ལ་ནན་ཏན་གྱིས་སྦྱོང་ངོ་། །དེ་ཡང་ཇོ་བོ་རྗེ་ལྷ་གཅིག་གིས། ཚེ་ཐུང་ཤེས་བྱའི་མཐའ་ལ་འཛད་པ་མེད། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དྭངས་དུ་བླང་བར་གྱིས་དང་། དཔལ་བཞད་པ་རྡོ་རྗེས། ཤཱཀ྄་ཐུབ་བསྟན་པའི་སྙིགས་མ་ལ། །མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ། །བདུད་རིགས་བར་གཅོད་མང་བའི་ཕྱིར། །རྒྱུད་སྡེའི་མཁྱེན་རྒྱ་མི་འཚལ་གྱི། །བུ་སྒྲུབ་པ་སྙིང་པོར་ལོང་ཞིག་གསུངས། །ཞེས་གསུངས་པ་ལྟར་ཏེ། དུས་ད་ལྟ་ཐ་སྙད་ཀྱི་ཚིག་རྗེས་གཅོད་པ་ལས་སྙིང་པོ་བླངས་ནས་བསྒོམས་ན་དགའ་བ་སྟེ། རྒྱལ་བ་རྣམས་ཀྱིས་རྫོགས་ལྡན་གྱི་དུས་མཁོ་བའི་གཞུང་མང་པོ་རྣམས་རྩོད་དུས་འདིར་ཤིན་ཏུ་བསྡུས་ཏེ་བསྟན་པ་དེ་ལ་དགོངས་པར་འདུག་གོ །དེ་བས་ན། སྒོམ་པ་ལ་གཞུང་ལུགས་ཆེན་པོའི་བལྟ་རྟོག་ཀ་དགོས་རྒྱུ་ཡིན་ན་པཎ་གྲུབ་རྣམས་ཀྱིས་མན་ངག་གི་གཞུང་བརྩམས་པའང་དོན་མེད་པར་འགྱུར་ལ། འདུལ་བར་འཕགས་པ་ལམ་འཕྲན་བརྟེན། རྡུལ་སྤང་ངོ་། དྲི་མ་སྤང་ངོ་ཞེས་པའི་ཚིག་འདི་ཙམ་གྱི་དོན་ལ་བརྟགས་པས་དགྲ་བཅོམ་པ་ཐོབ་པར་གསུངས་པས་ཀྱང་ཤེས་སོ། །དེ་ཡང་བླ་མ་བརྒྱུད་པ་སྤང་ལ་ཆུ་བརྡོལ་བ་ལྟ་བུ་གློ་བུར་བ་མ་ཡིན་པར་ཆུ་གངས་རྩ་ནས་འོང་བ་ལྟ་བུ་ཞིག་ལ་ཐུག་དགོས་པར་འདུག དེ་ལྟ་བུའི་བླ་མ་རྙེད་ནས་གཞན་ཅི་ཟེར་ཡང་དེའི་དབང་དུ་མི་གཏོང་བ་ནི་བླ་མ་ལ་ཡིད་ཆེས་པ་དགོས་པའི་སྐད་དུ་གདའ་བླ་མ་ལ་ཡིད་ཆེས་ན། དེས་ཅི་གསུང་མི་བསླུ་བར་མཐོང་། དེ་ཉམས་སུ་ལེན་པ་བྲོད། དེས་འདོད་པ་ཐམས་ཅད་ལག་རྩེར་ལེན་ནུས་པ་ལ་རྒྱལ་བ་རྣམས་ཀྱིས་དཔང་པོ་མཛད་དོ། །སྒྲུབ་པ་རྒྱུན་ཆད་མེད་མཛད་ན། །སྣང་བ་སློབ་དཔོན་འཆར་ནས་འོང་། །རྟོགས་ནས་གོམས་པར་བྱ་བ་སློབ་ལམ་མོ། །སྣང་སྲིད་མ་ལུས་ཐམས་ཅད་ཀྱང་། །བདེ་ཆེན་ཉིད་དུ་རྟོགས་པར་མཆི། །འབྲས་བུ་མཐར་ཐུག་གོ །འགག་དང་ཉ་ག་ཟིན་ཙ་ན། །ཚིག་ཚོགས་སྤྲིན་ཕུང་འཁྲིགས་གྱུར་ཀྱང་། །སྐྱེ་མེད་ངང་དུ་ཁ་བ་བབས། །དོན་བསྡུ་བ། ཟབ་མོ་ཡི་གེར་བྲིས་པ་ལ། །བླ་མ་ཌཱ་ཀིར་བཟོད་པར་གསོལ། །དགེ་བའི་རྩ་བ་འདི་དག་གིས། །འགྲོ་དྲུག་རྣམ་རྟོག་ཟད་པར་ཤོག །ཅེས་སོ། །རྗེ་བཙུན་ཟླ་འོད་གཞོན་ནུའི་ཆོས་ཀྱི་ཁྲི་ཆེན་པོར་མཚུངས་པ་མེད་པའི་སེདྒེའི་སྒྲ་སྒྲོགས་པའི་ཆོས་ཀྱི་རྒྱལ་པོར་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་བའི་བདེ་བར་གཤེགས་པ་ཆེན་པོ་རྡོ་རྗེ་རྒྱལ་པོའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །། ཆོས་རྗེས། མདོ་རྒྱུད་བླ་མའི་གསུང་སྒྲོས་དང་། །ངོ་སྤྲོད་ཐམས་ཅད་རྫོགས་པར་བྱ། །རྣལ་འབྱོར་བཞི་ཡི་རིམ་པ་བཤད། །འདིར་ཅུང་ཟད་དཔྱད་ན། མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་པས་འཛིན་པ་བྱུང་ཕན་བདག་ཏུ་འཛིན་པ་ཡོད། དེ་མེད་ན་བདག་འཛིན་མེད་པས་སྟོང་པ་ཉིད་བསྒོམས་པ་ཁོ་ནས་གང་ཟག་གི་བདག་མེད་གཏན་ལ་ཕེབས་པ་ཡིན་ནོ། །དེའི་ཕྱིར་ཕྱག་རྒྱ་ཆེན་པོའི་ལམ་རིམ་ལ་གང་ཟག་གི་བདག་འགོག་མི་འདུག་དགོངས་པ་མི་མཛད་པ་ཞུ། གང་ཟག་གི་བདག་ཀྱང་མུ་སྟེགས་བྱེད་ཀྱིས་བརྟགས་པ། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །ཞེས་འཇུག་པར་བྱུང་བ་ལྟ་བུ་དང་། གྲུབ་མཐས་བློ་མ་བསྒྱུར་བ་དག་གི་བདག་གོ །གཞན་ནོ། །འདི་ནི་བདག་གིའོ། །འདི་ནི་གཞན་གྱིའོ་ཞེས་པ་ནི། བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་པར་བདག་མེད་ཅེས་སྨོས་པའི་བདག་དེའོ། །བདག་དེ་མེད་ན་དེའི་བདག་གིར་བྱ་བས་སྟོང་པས་སྟོང་པ་ཞེས་བཞག་ནས་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ཅེས་བཤད་པ་སྒྲ་སྦྱོར་བམ་གཉིས་པ་ལས་སོ། །དེ་བས་ན་བདག་མེད་འདི་ཁས་མི་ལེན་པའི་སངས་རྒྱས་པ་མི་སྲིད། །གནས་མ་བུ་པ་དེ་ཁོ་ན་ཉིད་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་ཁས་ལེན་པ་འདི་ཡང་གང་ཟག་གི་བདག་ཏུ་བཞག ཕུང་སོགས་འདུས་པ་ལས་བདག་འཛིན་སྐྱེ་བས་རྟེན་དེ་གང་ཟག་གི་བདག་ཏུ་བཞག་པ་ནི་ལས་འབྲས་ཀྱི་རྟེན་དུ་རུང་བས། ཐ་སྙད་དུ་སངས་རྒྱས་པ་ཐམས་ཅད་ཁས་ལེན། དབུ་མ་པས་རྣམ་བདུན་རྣམ་ལྔའི་རིགས་པ་འདི་ལ་གནོད་བྱེད་དུ་སྟོན་པ་ཡིན། དོན་དེ་རིལ་འཛིན་ཁོ་ནས་བརྟགས་པ་གྲུབ་མཐས་བློ་མ་བསྒྱུར་བ་ལ་དེ་རྟག་འཛིན་དང་ཡང་ལྡན་པས་མི་མཐུན། དེས་ན་རིགས་པས་དེ་བཟློག་ནུས་ཟེར་བའང་བདག་མེད་ལ་ཡིད་ཆེས་སྐྱེས་པ་ཙམ་མོ། །དེས་བདག་འཛིན་ལ་ཐོ་རེག་ནི་མི་ཐོངས་ཏེ་གོ་ཡུལ་དུ་ལུས་པས་སོ། །དེའི་ཕྱིར་རྗེ་བཙུན་མི་ལའི་མགུར་འབུམ་དུ། ཁ་བཤད་སྟོང་པའི་མཆོད་མགྲོན་དེས། །རྐྱེན་ཉོན་མོངས་ཐུལ་བ་དཀའ་མོར་མཆི། །ཞེས་གསུངས་པས་ཞི་གནས་དེའི་ངང་ནས་ཆོས་ཐམས་ཅད་ལ་སོ་སོར་རྟོག་པ་འདི་ཁོ་ནས་དེ་བཟློག་པ་ཡིན་ནོ། །ཆོས་ཀྱི་བདག་འཛིན་ཅེས་པའང་། གཞན་དག་གཟུགས་བདེན་གྲུབ་ཏུ་འཛིན་པ་ཞེས་སྦྱོར། གཟུགས་བདེན་གྲུབ་པའི་དོན་གཟུགས་ཡང་དག་པའམ་བདེན་བདེན་རྟག་བརྟན་གྱི་དངོས་པོར་བཟུང་བ་ཁོ་ནར་བཤད། དེ་ནི་གྲུབ་མཐས་བློ་མ་བསྒྱུར་བའི་འཛིན་སྟངས་ཡིན། སངས་རྒྱས་པའི་གྲུབ་མཐའ་གར་བཏགས་ཀྱང་འཛིན་སྟངས་དེ་ལས་བཟློག་ཚར་ཏེ། ཉན་ཐོས་སྡེ་གཉིས་ཀྱང་སྒྱུ་མ་ལྟ་བུར་ལྟ་བར་སྔར་བཤད་ན་ཐེག་ཆེན་པ་གཉིས་ལྟ་ཅི་སྨོས། དེས་ན་དེ་དབུ་མ་པའི་བཟློག་བྱར་མི་ཡོང་། འོ་ན་གང་ཡིན་སྙམ་ན། གཟུགས་ལ་གཟུགས་སུ་རུང་བར་ལྟ་བ་ལྟ་བུ་སྟེ། གཟུགས་གཟུགས་ཀྱིས་སྟོང་པ་ཆོས་ཀྱི་བདག་མེད་དུ་འཇོག་པའི་གནད་ཀྱིས་ཐོན་ནོ། །གཟུགས་གཟུགས་རང་གིས་མི་སྟོང་། གཟུགས་བདེན་པས་སྟོང་ན་གཟུགས་རང་ལས་གཞན་པའི་བདེན་པས་སྟོང་པའི་ཕྱིར་གཞན་སྟོང་དུ་སོང་ལ་དེ་ཡི་ནང་གི་དྲ་མར་ཅི་ལ་ཚུད། ཐ་ཤལ་བར་འཁྱམས་སོ། །དེས་འདིར་རང་རིག་པའི་དཔྱད་པ་མ་རྟོགས་ཏིང་ངེ་འཛིན་དང་སྟན་ཅིག་ཡོང་ས་མེད། ལུང་རིགས་ཀྱིས་དཔྱད་པ་དེ་ནི་སྒྲ་རྟོག་གི་བྱ་བར་ཟད་ལ། ཏིང་ངེ་འཛིན་ནི་དེའི་ཡུལ་ལས་འདས་པའོ། །སྡུད་པར། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། ཞེས་པ་ལུང་རིགས་ཀྱིས་དཔྱད་པའི་ཤེས་བྱེད་དུ་འདྲེན་པའི་རྒྱུ་མཚན་མེད་ལ་ལུང་འདིའི་དོན་འདི་ཁའོ། །དེས་ན་སོ་སོར་རྟོག་པ་དེ་ཙམ་གྱིས་དཔྱད་པ་ཡིན་ནོ། །དེས་དཔྱོད་ཚུལ་ཡང་། འདིའི་སྤྲོས་བྲལ་བསྒོམ་པ་ལ། སེམས་འདི་ཅི་ལྟ་བུ་ཞེས་སྔར་བཏང་ནས། གནས་དུས་སུ་སོ་སོར་རྟོག་པ་དེའི་ངོར་ཅང་མ་དམིགས་པས། དེ་སྐྱེ་བར་མ་མཐོང་འགག་པར་མ་མཐོང་གནས་པར་མ་མཐོང་བས། རྗེས་ཀྱི་ཤེས་པས་སྐྱེ་མེད་འགག་མེད་སོགས་སུ་བརྟགས་པར་ཟད་དོ། །དེ་བཞིན་དངོས་པོ་དངོས་མེད་གཅིག་དུ་མར་ཚུལ་དེ་ཀས་བརྟག་པར་བྱེད་པ་ཡིན་ནོ། །འདིར་རྟག་ཆད་ལ། བདག་ཏུ་ལྟ་བས་མུ་སྟེགས་པ་རྟག་ལྟར་བཞག་པ་དང་། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་མེད་པར་འདོད་པའི་རྒྱང་འཕན་ལྟ་བུ་ཆད་ལྟར་བཞག་པ་ནི་དྲང་དོན་གྱི་སྐབས་ནས་སེལ། སྔར་མེད་ཀྱི་དངོས་པོ་ཡོད་པར་བལྟ་བ་རྟག་པ་དང་། སྔར་ཡོད་ཀྱི་དངོས་པོ་རྒྱུན་ཆད་པ་ཆད་པར་བཞག་པ་སྟེ། སྐྱོན་འདི་དངོས་སྨྲ་བ་ཀུན་ལ་ཡོད་དེ། རྣམ་འགྲེལ་དུ། སྔར་བྱུང་དངོས་པོ་མེད་གྱུར་པ། །མི་རྟག་ཅེས་ནི་བརྗོད་པ་ཡིན། །དང་། དབུས་མཐར་ཡང་། མི་རྟག་དོན་ནི་མེད་དོན་དང་། །ཞེས་དང་། རྩ་ཤེར། སྔར་མེད་གསར་དུ་ཡོད་ཅེས་པ། །དེས་ན་རྟག་པར་བལྟ་བར་འགྱུར། །སྔར་ཡོད་གསར་དུ་མེད་ཅེས་པ། །དེས་ན་ཆད་པར་བལྟ་བར་འགྱུར། །ཞེས་པའི་རྟག་ཆད་ངེས་དོན་འདི་མཐོང་བས་སེལ་བ་ཡིན་ནོ། །ཡང་རྩ་ཤེར། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་བལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་པའི་རྟག་ཆད་ནི། ཤིན་ཏུ་མཐར་ཐུག་པའི་སྐབས་ན་སེལ་བ་ཡིན་ཏེ། དེར་ཕྱོགས་ཐམས་ཅད་སྤངས་པས་སོ། །ཉན་ཐོས་ཀྱི་དམིགས་པ་གཞི་རྣམས་ཀྱི་རང་མཚན་ལ་སྤྱིའི་མཚན་ཉིད་མི་རྟག་པ་སོགས་སུ་བལྟ་བས། དེ་དེ་དག་གི་རྣམ་པའམ་ཤེས་རབ་ཏུ་སོང་། དེས་ན་དངོས་པོ་ལ་མངོན་པར་ཞེན་པ་འགོག་པ་སྟེ། མངོན་རྟོགས་རྒྱན་ལས། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡིས་ནི། །རྣམ་པར་མངོན་ཞེན་ལ་སོགས་འགོག །ཅེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། ཉན་ཐོས་ཀྱི་རྣམ་པ་དེ་དག་དམིགས་ཡུལ་དུ་བྱས་ནས་དེ་སྟོང་པ་ཉིད་དུ་བལྟ་བ་ཡིན་ལ། སངས་རྒྱས་རྣམས་ནི། དེ་དག་གི་སྟོང་པ་ཉིད་དམིགས་པ་མཐའ་བྲལ་དེའི་མཁྱེན་པར་བཞག་ནས་རྣམ་མཁྱེན་ཅེས་ནི་ཕ་རོལ་ཏུ་ཕྱིན་པ་ལས་བཤད་པས་རྟོགས་བྱེད་མ་ཡེངས་པ་གཅིག་ཏུ་རྟོགས་ཚུལ་དུ་མ་བྱུང་བའང་། དམིགས་པ་དམིགས་ཁྱེར་གྱི་གནས་དེར་གདའོ། །དེ་བཞིན་སྔགས་ཀྱི་ཐེག་པར། ལྷ་དཀྱིལ་འཁོར། ལས་རྒྱ། གཏུམ་མོ་ལྟ་བུ། དམིགས་ཡུལ་དམིགས་ཁྱེར་སོ་སོར་ལས་ན། དུས་ཀྱི་འཁོར་ལོར་གསུངས་པ་བཞིན། འདོད་པ་དང་གཟུགས་ཀྱི་དངོས་གྲུབ་དང་། དམིགས་པ་དམིགས་བྱེད་ཉེ་བར་ཞི་བའི་ལྷན་ཅིག་སྐྱེས་སྦྱོར་གང་གི་སྐབས་སུ་རྙེད་ཀྱང་ཕྱག་རྒྱ་ཆེན་པོར་སྦྱོར་བ་གཅིག་ཏུ་འགྱུར་བ་ཡིན་ནོ། །རོ་གཅིག་གི་སྣང་སེམས་འདྲེ་བ་ཞེས་པའང་སྣང་བ་དང་སེམས་གཉིས་སུ་མེད་པར་གཅིག་པུར་གྱུར་པས་ཡིན། དེས་འདི་དུ་མ་རོ་གཅིག་ཏུ་གཞོག དེ་ལ་སྣང་བ་འདི་སྒྱུ་མར་སྣང་བ། སྒྱུ་མར་འཛིན་པ་ཐམས་ཅད་ལས་གྲོལ་བ་ཞིག་དགོས་པས། དཔལ་འཕྲེང་གི་མདོར། ལས་ཉོན་གྱིས་འདུས་བྱས་པ་ལ་འདུས་བྱས་ཀྱི་འཁོར་བ་ཞེས་བཏགས་ནས། ས་དང་པོ་ནས་གྲོལ་བས་འདིར་རྟོགས་པ་ཤར་ནས་མེད། དེའི་ཕྱིར། འཕགས་པས་ན་དང་འཆི་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས། ཕྱིར་ཆད་ལྟ་བུའི་སྒྱུ་མའི་སྣང་བ་བག་ཆགས་ཀྱི་གཟུགས་ལ་འདུས་མ་བྱས་པའི་འཁོར་བ་ཞེས་བཏགས་ནས་དེ་ས་བརྒྱད་པར་འགགས་པར་བཤད། འདིར་རོ་གཅིག་དུས་འགག རྡོ་རྗེ་ཐེག་པའི་ལུགས་ལ། ད་རུང་འཁོར་བའི་འཇུག་པ་ནི་ཡོད་དོ། འཁོར་འདས་ལག་པའི་ལྟོ་རྒྱབ་ཏུ་བཞག་པའི་ཕྱིར་མ་རིག་པ་ཇི་སྲིད་ཡོད་པ་དེ་སྲིད་འཁོར་བ་ཡིན་པས། མཚན་ཉིད་པ་སྐད་ན་རྒྱུན་མཐའི་ཡེ་ཤེས་ཀྱི་བར་རོ། །དེས་ན་དེ་ཚུན་རྣམ་རྟོག་ཡོད་པས་དེ་དག་ཆོས་སྐུར་ཁས་ལེན་པ་ཡིན་ནོ། །དེ་བས་ན་སྒོམ་མེད་ནི་གཞི་ཇི་ལྟ་བ་དེ་ཀར་ཟད་པས་ཆོས་གཞི་ཐོག་ཏུ་བབས་པ་ཞེས་གསུངས། རིག་པ་ཁ་གང་ཞེས་བཀའ་བརྒྱུད་པ་ཟེར་བ་ཁ་གང་མུ་གང་ཞེས་པའི་དོན་ཏེ། བཅོས་ས་མེད། དེ་ལས་འཕུལ་ས་མེད་པ་ལ་བློ་རྩེ་གཏད་པའོ། །རིག་པ་སྐད་ཅིག་མ་ཞེས་པ་ཡང་དེ་ནས་མི་འགྱུར་བས་སྐད་ཅིག་ཕྱི་མར་མི་འགྲོ་བ་ལ་བསམས་པ་སྟེ། དུས་ཀྱི་འཁོར་ལོའི་འགྲེལ་ཆེན་གྱི་རྣལ་འབྱོར་བསྡུ་བར། དང་པོར་མཆོག་ཏུ་མི་འགྱུར་བདེ་བའི་སྐད་ཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་རྗེས་ལ་སངས་རྒྱས་རྣམས་ཀྱི་རྣལ་འབྱོར་སྐད་ཅིག་ཐམས་ཅད་མེད་པ་ཞེས་འབྱུང་བས་ན། སྐད་ཅིག་ཏུ་བཞག་པས། སྐད་ཅིག་དང་མི་རྟག་པ་རྣམ་གྲངས་པ་ཡིན་ལ། མི་རྟག་པར་ཁས་བླངས་སོ། །དེས་ན་མཐའ་བྲལ་འཇིག་གོ །བསམ་པ་ཡང་མི་གནང་བ་ཞུའོ། །ལས་འབྲས་རང་ལ་དགོས་མེད་ཀྱང་། །གཟུགས་སྐུའི་ས་བོན་གདབ་པའི་ཕྱིར། །མི་བདེན་བཞིན་དུ་རྟེན་འབྲེལ་བསྒྲིག །ལས་འབྲས་རང་དོན་སྒྲུབ་པ་ལ་མི་དགོས་པ་ཞེས་པ་ནི། རོ་གཅིག་རྟོགས་པ་དང་ས་བརྒྱད་པ་ཐོབ་པ་དོན་གཅིག དེར་འདོད་ན་ཞག་བདུན་གྱིས་འཚང་རྒྱ་བར་ནུས་སོ་ཞེས་པས། དེས་ན་རང་དོན་ཆོས་སྐུ་ཐོབ་པ་ལ་མི་དགོས་ཞེས་པར་སོང་། གཟུགས་སྐུའི་ས་བོན་ཞེས་པ་ནི། དེར་སྨོན་ལམ་རྫོགས་པར་མ་བྱས། ཞིང་མ་འབྱོངས། གདུལ་བྱ་མ་སྨིན་པས་སངས་རྒྱས་རྣམས་ཀྱིས་བསྐུལ་ནས་དེར་མྱ་ངན་ལས་མི་འདའ་བར་ས་གོང་མའི་ཡོངས་སྦྱོངས་ལ་སློབ་དགོས་པའི་དོན་ཏེ་འདི་ཡང་དགོངས་པ་ཅན་ནོ། །དེ་ནས་རྗེས་ཀྱི་གདམས་ངག་ནི། སྒོམ་སྐྱེས་བདག་པོ་མེད་པ་ནི། །ཤོག་བུ་རླུང་གིས་ཁྱེར་བ་འདྲ། །ཡིད་བཞིན་ནོར་བུ་འདམ་གསེབ་བྱིང་། །སེངྒེ་ཁྱི་ཡི་ཟླ་ལ་འཁྱམས། །རྒྱལ་པོ་འབངས་སུ་བབས་པ་ཡིན། །དེས་ན་ཞེན་ལོག་བདག་པོ་དགོས། །ཞེས་པ་ནི་རྩེ་གཅིག་གི་སྟེ། དེར་སྒོམ་ངོ་ཤེས་སེམས་མཐོང་བས་ད་ནི་སྐྱོང་བ་ལ་རག་ལས་པས། མ་བསྐྱངས་ན་ཕྱིར་ལྡོག་པ་ཡིན་ནོ། །འདིར་ལྡོག་པ་ཞེས་པ་ནི་ཐ་མལ་པར་ལུས་པ་ཙམ་ལ་དགོངས་པ་ཡིན་ལ། གཞན་ཐེག་ཆེན་དུ་རིགས་ངེས་པའི་གང་ཟག་ཚོགས་ལམ་ནས་ཕྱིར་མི་ལྡོག མ་ངེས་པའི་རིགས་ཅན་ཡང་སྦྱོར་ལམ་ཐོབ་ནས་ཕྱིར་མི་ལྡོག་གོ །ཡང་ས་བརྒྱད་པ་ནས་ཕྱིར་མི་ལྡོག་པར་བྱས་པའི་ཐ་སྙད་ཅིག་བྱུང་སྟེ། དེ་ནི་མཚན་འཛིན་གྱི་སྣང་བ་ཅན་དུ་ཕྱིར་མི་ལྡོག་པ་ལ་དགོངས། དེའི་རྒྱུ་མཚན་གྱིས་སངས་རྒྱས་རྣམས་ཀྱིས་ཀུན་རྫོབ་ཀྱི་སེམས་དང་པོ་བསྐྱེད་པའི་དུས་སུ་སངས་རྒྱས་སུ་ལུང་བསྟན་པ་དང་། སྦྱོར་བའི་ལམ་དུ་དང་། ས་བརྒྱད་པར་ལུང་བསྟན་པ་དང་། བཅུ་པར་ལུང་བསྟན་པའི་ཚུལ་ཤེས་པར་བྱའོ། །འདིར་སེམས་ངོ་མཐོང་ཞེས་པ་ཆོས་ཅན་སེམས་ཀྱི་གནས་ལུགས་མཐོང་བ་དང་། སེམས་ངོ་འཕྲོད་པ་མཚན་ཉིད་པ་སྤྲོས་བྲལ་ལས་ཏེ། ཆོས་ཉིད་སེམས་ཀྱི་གནས་ལུགས་དེ་ནས་མཐོང་བས། དེ་བས་ན་མཐོང་ལམ་ལ་བདེན་པ་གསར་མཐོང་དུ་བཞག་པ་ཡིན་ནོ། །གསུམ་པ་སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས་པའི་གནད་ཀྱིས་འབྲས་བུ་མཐར་ཕྱིན་པར་བྱ་བ་ནི། ཆོས་རྗེས་རྟོགས་པ་ཤར་བའི་རྣལ་འབྱོར་པ། །མ་བསྒོམས་པར་ནི་ལས་སྟབས་ཚར། །ལུག་རྫི་ལྟ་བུའི་རྣལ་འབྱོར་པ། །མི་ཚེ་ཟད་ཀྱི་སྒོམ་པའོ། །རིམ་གྱིས་པ་ཡི་གང་ཟག་གིས། །དགུ་འམ་དྲུག་ཏུ་བསྒོམ་པར་བྱ། །རབ་རྟོགས་པའི་སྐད་ཅིག་ལ་གྲོལ་བ་དང་། འབྲིང་སྒོམ་པའི་ཡུན་ལ་བལྟོས་ཏེ་ཚེ་འདིར་འཚང་རྒྱ་བ་དང་། ཐ་མ་བར་དོ་དང་པོར་འོད་གསལ་མ་བུ་འདྲེས་ཏེ་འཚང་རྒྱ་བའི་ཚུལ་གསུམ་བཤད་པ་ཡིན་ནོ། །དེ་ཡང་མི་སྤྱོད་རྟགས་ལ་བལྟ། །ཞེས་པ་གང་ཟག་གང་ཡིན་སྙམ་ན་སྤྱོད་ལམ་དང་རྟགས་ཀྱིས་ཤེས་སོ། །རྟོག་པའི་བསྒྱུར་བ་མ་དག་གམ། །ཞེན་ལོག་ཆོས་བརྒྱད་མ་སྙོམས་སམ། །སྙིང་རྗེའི་འདོད་པ་མ་ཟད་ཅིང་། །ཐབས་མཁས་དུས་ལ་མ་བབ་པ། །ཞེས་པ་རྣམས་ལ་ད་དུང་སློབ་རྒྱུ་ཡོད་པ་ཡིན་ནོ། །ཆོས་བརྒྱད་མགོ་སྙོམས་པ་ཙམ་རྩེ་གཅིག་རབ་ལའང་འོང་སྟེ། དེ་ནི་ནམ་མཁའ་དང་ལག་མཐིལ་དུ་མཚུངས་པ་ཙན་དན་དང་སྟེའུར་མཉམ་པ། གསེར་དང་བོང་བ་འདྲ་བར་རྟོགས་པ་ཉན་ཐོས་ཀྱི་ཡོན་ཏན་དུའང་བཤད་པའི་དོན་ལས་སོ། །བཟློག་པའི་ཡོན་ཏན་ལྡན་པ་ན། །རིན་ཆེན་ལྟ་བུའི་གང་ཟག་དེ། །ཀུན་གྱི་ཐོད་དུ་བཀུར་བར་རིགས། །སྔར་བཤད་པ་ལས་བཟློག་ན། རིན་ཆེན་ལྟ་བུའི་གང་ཟག་འདི་ལའང་། ཆེ་འབྲིང་ཆུང་གསུམ་འབྲེལ་ཚད་འཚངས། འདོད་པའི་དངོས་གྲུབ་ཐོབ་སྟེ་འབྲེལ་ཚད་དོན་ལྡན་དུ་སོང་བས་སོ། །ཆོས་ཀྱི་རྒྱལ་པོ་གཙང་པ་རྒྱ་རས་པ་ཞེས་རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་ཀྱི་གཙུག་གི་ནོར་བུས་མཛད་པ་རྫོགས་སོ།། །། ད་ནི་ཅུང་ཟད་དེ་ལ་དཔྱད་པར་བྱ་སྟེ་འབྲས་བུ་ལ་ཕ་རྒྱུད་གསང་འདུས་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་དང་། ཐམས་ཅད་མཁྱེན་པ་དང་། ཁམས་གསུམ་ཇི་སྙེད་པ་དག་རང་གི་སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད་རྡོ་རྗེ་ལ་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་གསུངས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དངོས་གྲུབ་དང་། ཁམས་གསུམ་ཐམས་ཅད་གང་ན་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡེ་ཤེས་རྡོ་རྗེའི་བདག་པོས་གསུངས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་དང་། ཁམས་གསུམ་ཐམས་ཅད་ནི་ནམ་མཁའ་ལ་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ། ནམ་མཁའ་གང་ན་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གསུངས་པ། གང་ན་ཡང་མ་ཡིན་ནོ་སོགས་ནས། རིག་པའི་སྐྱེས་བུ་སྒོམ་པ་ཡི། །དངོས་གྲུབ་ཀུན་ནི་བཤད་པར་མཛད། །སོགས་ཀྱིས་རིག་པའི་སྐྱེས་བུ་ཞེས་གསུངས། མ་རྒྱུད་ནས་རིག་མའི་སྐྱེས་བུ་གྲུབ་པ་ཞེས་སམ། མ་ནིང་གི་གོ་འཕང་ཞེས་ཀྱང་གསུངས། དོན་གཅིག དེ་ནི་སམྦུ་ཊར། རིག་མའི་སྐྱེས་བུ་གྲུབ་པ་ནི་གང་དུ་ཡང་མི་འགྲོ་གང་དུ་ཡང་མི་གནས། ཐོག་མ་དང་ཐ་མ་དང་དབུས་དང་བྲལ་བ་གཉིས་སུ་མེད་པ། གནས་གསུམ་དུ་སྣང་བ་ཐམས་ཅད་དུ་སོན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་པ། ཐམས་ཅད་ཀྱི་དོན་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་གནས་པ། སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་བྱས་པ། ཐམས་ཅད་དང་ལྡན་པ། ཞི་བ་མཉམ་པ་མེད་པ། རྟག་ཏུ་འཆར་བར་མཛད་པ། མགོན་པོ་སྐྱོབ་པ། ཀུན་ཏུ་རྟོག་པ་སྤང་བ། དབྱིབས་དང་ཁ་དོག་དང་བྲལ་བ། རྒྱལ་བའི་ཡང་སྤྱོད་ཡུལ་མ་ཡིན་པ། རྒྱལ་པོ། ཕྱེད་པར་དཀའ་བའི་ཕྱིར་རྡོ་རྗེ། ཉོན་མོངས་པའི་ཉེ་བར་གདུང་བ་ལས་གྲོལ་བའི་ཕྱིར་ཟླ་བ། དོགས་པ་མེད་པའི་ཕྱིར་སེངྒེ། གཏིང་དཔག་དཀའ་བའི་ཕྱིར་ཆུའི་ཕུང་པོ། དེ་ལྟར་དཔེ་སྣ་ཚོགས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་དཔེར་བྱའོ། །དེ་ཉིད་གཅིག་པུས་སེམས་ཅན་ཀྱི་དོན་བྱེད་པ་དང་། རྣམ་པར་རྟོག་པ་ཐམས་ཅད་སྤངས་ཀྱང་བལྟམས་པ་སྟོན་པ་དང་། ཁབ་ནས་མངོན་པར་འབྱུང་བ་དང་། གཞོན་ནུ་རོལ་རྩེད་མཛད་པ་དང་། རབ་ཏུ་བྱུང་བ་དང་། རྡོ་རྗེ་གདན་གྱི་ས་མནན་པ་དང་། བདུད་བཏུལ་བ་དང་། མཉམ་པ་མེད་པ་དང་། སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་བསྟན་པ་དང་། ལྷ་ལས་བབས་པ་ཉམས་དགའ་བ་དང་། ཤིན་ཏུ་སྣ་ཚོགས་པའི་ཆོ་འཕྲུལ་དང་། གླང་པོ་ཆེ་ནོར་སྐྱོང་བཏུལ་བ་དང་། སྐལ་བ་དང་ལྡན་པའི་སྐྱེ་བོར་དགེ་བར་ཞུགས་པ་དང་། ཕས་ཀྱི་རྒོལ་བ་ཚར་བཅད་པ་དང་། བསོད་ནམས་ཀྱིས་ལྷུང་བཟེད་ལ་ལྟོས་པ་མེད་པ་དང་། འཇིག་རྟེན་གསུམ་གྱི་འཁོར་ལོ་གདུལ་བ་དང་། བྱང་ཆུབ་སེམས་དཔའི་རྒྱལ་ཚབ་ཉིད་དང་། ཡོངས་སུ་མྱ་ངན་ལས་འདས་པ་དང་། ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་སྟེ། དེ་ལྟར་རིགས་ཀྱི་བུ་འདི་ལྟར་ཁྱད་པར་དུ་མ་རྨི་ལམ་ལྟ་བུར་སངས་རྒྱས་ཀྱི་རོལ་པ་མཆོག་ཏུ་སྟོན་པར་མཛད་དོ། །གང་ཞིག་གྲུབ་པ་སྒྱུ་མ་ལྟ་བུའི་ཚུལ་གྱིས་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་དོ། །ཞེས་གསུངས་སོ། །ཙོང་ཁ་པ་ཆེན་པོས་རིམ་ལྔ་ལས། དེ་ཉིད་ཤེས་པར་རིམ་པ་བཞིན། །རང་བྱིན་བརླབ་དང་འོད་གསལ་ཤེས། །དེ་དག་ཁོ་ན་འདུས་པ་གང་། །འདི་ནི་ཟུང་འཇུག་རིམ་པའོ། །ཞེས་གསུངས་པ་ལྟར། རང་བྱིན་བརླབ་ཀུན་རྫོབ་སྒྱུ་མའི་སྐུ་དང་དོན་དམ་འོད་གསལ་གཉིས་འདི་ཟུང་ཡིན་ལ། དེ་གང་ལ་དབྱེར་མེད་པར་འདུས་པའི་གོ་འཕང་ནི་ཟུང་འཇུག་གོ །དེ་ལྟར་ཟུང་དུ་འཇུག་རྒྱུའི་ཡ་གཉིས་མི་ཤེས་ན་ཟུང་འཇུག་མི་ཤེས་པས་དེ་ཉིད་བཤད་ན། རང་བྱིན་བརླབ་ནི། རླུང་དང་ཡང་དག་ལྡན་པ་ཡི། །རྣམ་ཤེས་གསུམ་པོ་འདི་ཉིད་སླར། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང་། །སྒྱུ་མའི་ལུས་སུ་དེ་ལ་བཤད། །ཅེས་གསུངས་པ་ལྟར་ཉེར་ཐོབ་ཀྱི་མཐར་ལུགས་བཟློག་ཏུ་ཞུགས་པའི་ཡེ་ཤེས་གསུམ་དང་། ཤིན་ཏུ་ཕྲ་བའི་རླུང་འོད་ཟེར་ལྔ་ཙམ་ལས་གྲུབ་པའི་འཇའ་ལུས་རྡོ་རྗེ་སེམས་དཔའི་སྐུ་སྟེ། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་དེ་ཡང་། །དེ་ཉིད་དྲི་ཟའི་སེམས་ཅན་ཡིན། །རྡོ་རྗེའི་སྐུ་ཡང་དེ་ཉིད་གང་། །རྡོ་རྗེ་སེམས་དཔའ་རང་ཉིད་དེ། །ཞེས་རྣམ་གྲངས་མང་པོས་གསུངས་ཏེ་བར་དོ་ལོངས་སྐུ་ཞེས་བྱའོ། །དེ་ནི་སྒྱུ་མའི་སྐུ་འགྲུབ་ལུགས་ཐུན་མོང་མ་ཡིན་པའོ། །འོད་གསལ་ནི། སྒྱུ་མའི་སྐུ་དེ་མངོན་དུ་གཏང་ནས། སྣང་བ་གསུམ་རྣམ་པར་དག་པའི་དེ་ཁོ་ན་ཉིད་དང་ལྷན་ཅིག་སྐྱེས་པའི་དགའ་བ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་ཞུགས་པའི་ཐམས་ཅད་སྟོང་པའི་ཡེ་ཤེས། དེས་ན་བདེ་བ་དང་། དེ་ཁོ་ན་ཉིད་ཀྱི་སྟོང་པ་གཉིས་རོ་གཅིག་ཏུ་གྱུར་པའི་དོན་གྱིས། ལྷན་སྐྱེས་ནི་འདིའི་ལུགས་ཀྱི་བདེ་སྟོང་དབྱེར་མེད་ཡིན་ཀྱང་ཟུང་འཇུག་གི་ཡ་གཅིག་ཡིན་གྱི། ཟུང་འཇུག་མ་ཡིན་ནོ། །ཡ་དེ་གཉིས་ཟུང་འཇུག་ལུགས་ནི། འོད་གསལ་གྱི་རིམ་པ་མན་ཆད་དུ་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་ལུས་ཡོད་དུས་ན། སེམས་དེ་ཁོ་ན་ཉིད་དང་རོ་གཅིག་ཏུ་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་མེད་ཅིང་ཕྱི་མ་ཡོད་དུས་སྔ་མ་མེད་པས། རེས་འཇོག་ཏུ་གྱུར་པའི་ཕྱིར་ཟུང་འཇུག་མེད་དོ། །གང་གི་ཚེ་ལྷན་ཅིག་སྐྱེས་པའི་བདེ་བ་དང་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་སྟོང་པ་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་ཐོབ་པ་ལས། ལུགས་བཟློག་ཏུ་ཞུགས་པའི་ཚེ། སྣང་བ་གསུམ་གྱི་ཡེ་ཤེས་དང་དེའི་བཞོན་པའི་རླུང་འོད་ཟེར་ལྔ་པ་ཙམ་ལས་ལུས་རྡོ་རྗེའི་སྐུ་འགྲུབ་པ་དེའི་ཚེ། ལུས་དེ་ཉིད་དུ་གནས་བཞིན་པའི་ངང་ནས་སེམས་འོད་གསལ་ལ་ཞུགས་པ་གཉིས་དུས་མཉམ་འབྱུང་ཞིང་། དེ་ཉིད་ཀྱང་ངོ་བོ་དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པས་ཟུང་འཇུག་གི་གོ་འཕང་ཞེས་བྱ་སྟེ། དེ་ཡང་སློབ་པ་དང་མི་སློབ་པའི་ཟུང་འཇུག་གཉིས་ཡོད་དོ། །ཞེས་འཆད་དོ། །འདི་པའི་ལུགས་ལ། གླང་ལ་རྭ་ཅོ་ལྟ་བུ་ཡ་གཉིས་འདུས་པས་ཟུང་འཇུག་གོ །དེ་ཡང་ཀུན་རྫོབ་བདེན་པ་ལ་སློབ་པ་ནས་ཡ་དང་པོ་བྱུང་སྟེ་ཕྱི་མ་མེད། མངོན་བྱང་གི་དུས་གཉིས་པ་བྱུང་སྟེ་དང་པོ་མེད། ཟུང་འཇུག་གི་དུས་གཉིས་པོ་རོང་ལངས་པས། དེ་གཉིས་གཅིག་ཏུ་བཤད་ཀྱང་དོན་ཐ་དད་པར་ལུས་སོ། །དེ་བས་ན་ས་དང་པོ་སོགས་སུ་འོད་གསལ་གྱི་སྟེང་ན་སྒྱུ་མ་རོང་ངེ་བཞུགས་ན་འཕགས་པ་སློབ་པའི་མཉམ་བཞག་སྣང་མེད་དུ་སྨྲ་བའི་རང་ལུགས་དང་འགལ་ལོ། །ཧ་ཧ་སློབ་དཔོན་འཕགས་པ་ཡབ་སྲས་ཀྱིས་སྔགས་ཀྱི་སྐུ་དེ་འོད་གསལ་དུ་འཇུག་པར་བཤད་པའི་འོད་གསལ་དེ་ལ་གནས་མ་ནུས་པས་སྒྱུ་མའི་ལུས་སུ་ལངས། དེ་ཡང་རིལ་འཛིན་རྗེས་གཞིག་གིས་འོད་གསལ་བར་ཡང་ཡང་བཅུག་པས་མཐར་དག་པ་ན་མི་སློབ་པའི་ཟུང་འཇུག་འབྱུང་བར་གསུངས་པས། ཀུན་རྫོབ་ཀྱི་བདེན་པ་དེ་མ་དག་པ་དེ་སྲིད་མི་སློབ་པའི་ཟུང་འཇུག་མ་བྱུང་། འོད་གསལ་ལས་སྒྱུ་ལུས་སུ་ལངས་པའི་སྒྱུ་མ་དེ་དགོས་དོན་ཡིན་ན་བསམ་གཏན་གཉིས་པོ་སྟོན་དགོས་པར་ཡང་མི་འགྱུར། ངོ་བོ་དབྱེར་མེད་པ་ནི་དེ་གཉིས་མི་དགོས་ཆོས་ཅན་ཐམས་ཅད་དང་ཡིན་པས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པ་དབྱེར་མ་མཆིས། །ཞེས་གསུངས། རང་ལུགས་ཀུན་རྫོབ་ཀྱི་ཆ་ཐམས་ཅད་མ་རིག་པས་བསྒྲིབས་པའི་སྣང་བ་ཡིན་ལ། རྣམ་གྲངས་པའི་དོན་དམ་ནི་སྒྲིབ་པ་སྲབ་མོས་བཅད་པ་ཙམ་ཡིན་པས་རེ་ཞིག་པའི་དོན་དམ་དེའི་ཕྱིར་འབྲས་བུའི་དུས་སུ་སྒྲིབ་པ་དེ་གཏན་མི་ཡོང་བས་མ་རིག་པ་གཉིད་ལས་སངས་ཕྱིར་དང་། ཞེས་པ་འགྲུབ་ལ། འོད་གསལ་ལས་ལངས་རྒྱུ་ཡོད་པ་ནི་མ་གོམས་པས་ཡིན་ལ། འོད་གསལ་ཡང་རྣམ་གྲངས་པ་དང་། རྣམ་གྲངས་མ་ཡིན་པ། འདི་ནི་དང་པོའི་དབང་དུ་བྱས་སོ། །དེ་བས་ན་འདི་ལ་མཉམ་བཞག་ཏུ་སྣང་བ་དག་པ་དང་། སྣང་བ་འཆར་བ་རྗེས་ཐོབ་སྟེ། དབུ་མ་པའི་ལུང་དང་ཡང་མཐུན་ནོ། །དེ་ཡང་འདིར་སྒྱུ་མ་ལྟ་བུའི་ངོ་བོ་སྦྱང་བ་ལ་མངོན་པར་བྱང་ཆུབ་གསུངས་པ་ཡིན་ལ། སྒྱུ་མ་ལྟ་བུའི་རང་བཞིན་ཉིད། །ཡང་དག་མཐས་ནི་རྣམ་པར་སྦྱང་། །ཞེས་གསུངས་པ། མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་ཁར་ཕྱིན་གྱི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །སོགས་རིལ་འཛིན་རྗེས་གཞིག་བཤད་པའི་དགོས་པ་དང་། ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འབྱུང་། །རང་བཞིན་བཅས་འོད་དེ་དང་དེ། །རྣམ་ཤེས་རླུང་དང་ལྡན་པ་ལས། །བདག་བྱིན་བརླབ་པའི་རིམ་གྱིས་ཀྱང་། །སེམས་ཅན་དོན་དུ་ལན་འགར་གསུངས། །ཟུང་འཇུག་ཆེན་པོའང་། འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་ནས་ནི། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་སོགས་ཀྱིས་གཉིས་མེད་པ་ཟུང་འཇུག་གི་དོན་དུ་བཤད་པ་དང་འགལ་ལོ། །སློབ་པའི་ཟུང་འཇུག་ནི་འོད་གསལ་རྟོགས་ནས་མཐར་ཕྱིན་གྱི་བར་གྱི་སྐད་དེ། བདེན་པ་གསར་དུ་མཐོང་ནས་དེ་ལ་གོམས་པར་བྱ་བ་ལ་སྒོམ་ལམ་ཕྱེ་བ་ལྟ་བུ་ཡིན་གྱི། གཞན་ངོ་བོ་ལོགས་པ་ཞིག་མངོན་དུ་བྱེད་པ་མ་ཡིན་ནོ། །འབྲས་བུ་ཟུང་འཇུག་གི་རྣམ་གཞག་ནི་སངས་རྒྱས་ཀྱི་ས་ཁོ་ནའོ། །བོ་དོང་པ་ཡང་འདིར་སྒྱུ་འཛིན་སྦྱོང་། སྒྱུ་མ་དེ་མི་སྦྱོང་བར་འདོད། རང་ལུགས་དེའི་སྒྱུ་ལུས་རང་སྦྱང་། དེས་སངས་རྒྱས་ཆོས་ཀྱི་སྐུར་སངས་རྒྱ་ལ་སྐུ་གཉིས་ཟུང་དུ་འཇུག་གོ །འོག་མིན་དུ་ལོངས་སྐུའི་རྟེན་ལ་སངས་རྒྱ་ཟེར་བ་བྱང་སེམས་དག་ས་པའི་མཐོང་སྣང་ཡིན། མ་དག་པའི་ས་པས་གཟུགས་ཀྱི་འོག་མིན་དུ་དང་། སོ་སྐྱེ་དང་ཉན་རང་གི་འདོད་པ་མིའི་རྟེན་ལ་སངས་རྒྱ་བར་མཐོང་བ་ཡིན་པས་སོ། །དུས་འཁོར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། མཚན་ཡང་དག་པར་བརྗོད་པ་ལས། ཡོངས་སུ་བརྟགས་ན་སངས་རྒྱས་བཅོམ་ལྡན་འདས་གཟུགས་ཀྱི་སྐུར་མི་འགྱུར་ཏེ། གང་གི་ཕྱིར་ནམ་མཁའ་ལས་བྱུང་བའི་ཕྱིར་དང་། རང་བྱུང་བའི་ཕྱིར་དང་། རྣམ་པ་ཀུན་ལྡན་རྣམ་པ་མེད་པའི་ཕྱིར་དང་། ཐིག་ལེ་བཞི་འཛིན་པའི་ཕྱིར་དང་། ཆ་མེད་ཆ་ལས་འདས་པའི་ཕྱིར་དང་། དགའ་བ་བཞི་པའི་རྩེ་མོ་འཛིན་པའི་ཕྱིར་དང་། ཆགས་བྲལ་དང་པོ་ཆགས་པ་ཆེ་བའི་ཕྱིར་དང་། བདག་གིར་མི་འཛིན་པའི་ཕྱིར་དང་། ཁམས་ཐམས་ཅད་ཟད་པའི་ཕྱིར་དང་། གསང་སྔགས་དོན་ཀུན་བསྐྱེད་པའི་ཕྱིར་དང་། ཐིག་ལེ་ཆེན་པོ་ཡི་གེ་མེད་པའི་ཕྱིར་དང་། སྟོང་པ་ཆེན་པོ་ཐིག་ལེ་ལྔའི་ཕྱིར་དང་། ཐིག་ལེ་སྟོང་པ་ཡི་གེ་དྲུག་གི་ཕྱིར་དང་། མཁའ་ལྟར་མཉམ་པ་ཉིད་ལ་གནས་པའི་ཕྱིར་དང་། དེ་ལྟར་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་ཡང་དག་པར་བརྗོད་པ་ལས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ལ་སོགས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་མཐར་ཐུག་པ་ཚིགས་སུ་བཅད་པ་དྲུག་ཅུ་རྩ་གཉིས་ལྷག་པའི་བརྒྱ་ཡིས་རྡོ་རྗེ་འཛིན་པའི་སྐུ་ཕྱག་ན་རྡོ་རྗེ་ལ་བདེན་པ་གཉིས་ཀ་ཡིས་རབ་ཏུ་བསྟན་ཏོ། །ཞེས་འབྱུང་བས་དང་། སློབ་དཔོན་ཛྙྱཱ་ན་ཀཱིརྟིས། སྐད་ཀྱི་བྱིངས་ལས་མཱ་ན་ཛྙྱཱན་ཞེས་པ་དང་། མཱ་ན་ཨ་ཝ་བོ་དྷ་ནེ་ཞེས་བྱ་བ་ཡིད་ཀྱི་ཤེས་པ་ལས་བྱ་བའམ། ཡིད་ནི་ཁོང་དུ་ཆུད་པ་ལས་བྱུང་བའི་ཕྱིར་དང་། གཙོ་བོའི་དོན་དུ་ངེས་པས་ཇི་སྐད་དུ་བཤད་པའི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་རང་བཞིན་ཅན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཉིད་ལ་སྔགས་ཞེས་བྱ་བའམ། ཡང་ན་དེ་ལྟ་བུའི་ཡེ་ཤེས་བསྒོམས་པས་སྒྲིབ་པ་རྣམ་པ་གཉིས་སྤངས་ནས་ཀུན་ཏུ་བཟང་པོ་ཉིད་ཐོབ་པ་ནི་ཡིད་སྐྱོབ་པའི་དོན་གྱིས་ཡིན་པས་དེ་ཉིད་སྔགས་ཉིད་དོ། །དེ་ཉིད་བསྡུས་པའི་རྒྱུད་དུ་ཡང་། །སེམས་ནི་སོ་སོར་རྟོག་པ་ཡི། །ཕྱག་རྒྱ་ཆེ་དང་མཉམ་སྦྱོར་བའི། །བསྒོམ་པ་འདི་ལ་བྱ་བར་བཤད། །དེ་ཉིད་ཀྱིས་ན་དཔལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དབང་དུ་མཛད་ནས་གསུངས་པ་ནི། རིགས་ཀྱི་བུ་རང་གི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་གཞོག་ལ་རང་བཞིན་གྱིས་གྲུབ་པའི་སྔགས་འདི་ཅི་དགའ་བར་ཟློས་ཤིག སྒྲུབ་པར་གྱིས་ཤིག ཅེས་བྱ་བ་ཡིན་ཏེ། འདི་ཡང་ཨོཾ་ལ་སོགས་པ་ཀུན་རྫོབ་ཀྱི་སྔགས་ཡིན་ལ། དེ་བསྒྲུབ་པ་ལས་སོ་སོར་རྟོག་པར་བྱེད་པ་ནི་དོན་དམ་པའི་སྔགས་ཉམས་སུ་ལེན་པ་ཡིན་ལ། སེམས་སོ་སོར་རྟོག་པ་ཡང་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པ་ཡིན་ནོ། །དེ་བས་ན་གཞོན་ནུ་དོན་ཐམས་ཅད་གྲུབ་པས་ཀྱང་སྔགས་ཉམས་སུ་ལེན་པ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བསྟན་པ་ལས་བསྒྲུབས་ཏེ་སྨྲས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་མཐོང་ལགས་སོ། །ཞེས་འབྱུང་བ་དེ། ཡེ་ཤེས་དེ་ཉིད་འདོད་ཆགས་ལ་སོགས་པའི་དྲི་མ་མ་ལུས་པ་དང་བྲལ་བ་ཉིད་ཀྱིས་འོད་གསལ་བའི་རང་བཞིན་ཅན་ཡིན་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱི་བདག་ཉིད་ཅན་ཀྱིས་འགྲོ་བ་མ་ལུས་པ་ཀུན་ཏུ་ཚིམ་པར་བྱེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་དང་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྤྲུལ་པའི་འོད་ཟེར་རྣམས་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དགོས་པའི་དོན་བྱེད་པར་ནུས་པའི་ཕྱིར་དང་། ནམ་མཁའི་ཁམས་ཀྱི་མཐར་ཐུག་པའི་ཕྱོགས་ཀྱི་ཚོགས་ཐམས་ཅད་ཁྱབ་པ་ཉིད་ཀྱིས་ན་ཟླ་བའི་དཀྱིལ་འཁོར་དང་འདྲ་བ་ཉིད་ཡིན་པའི་ཕྱིར་དང་། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་རྒྱ་ཆེ་བ་དང་ལྡན་པས་དག་པ་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་ལྟ་བུའོ་ཞེས་གསུངས་པ་འདིའི་བཤད་གཞི་ལུང་ཡེ་ཤེས་གྲུབ་པར་ཕྱག་རྒྱ་ཆེན་པོའི་ལམ་ངོ་མར་དྲངས་པས་འབྲེལ་མེད་པ་མ་ཡིན་ལ། ལུང་དེ་ཡང་དེ་ཁོ་ན་ཉིད་འདུས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བྱང་ཆུབ་ཆེན་པོའི་སེམས་བསྟན་པ། །ཞེས་བྱ་བ་ནས་བརྩམས་ཏེ། བཅོམ་ལྡན་འདས་ཐོག་མ་དང་མཐའ་མ་མེད་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐུགས། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་གང་གི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་མ་རྟོགས་པར་དཀའ་བ་སྤྱད་པ་ཐམས་ཅད་ལ་སྤྲོ་བ་བསྐྱེད་ཅིང་། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱ་སྙམ། བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་ཇི་ལྟ་བུ་ལགས། ཇི་ལྟར་བསྒྲུབ་པར་བགྱི་བཀའ་སྩལ་དུ་གསོལ། དེ་བཞིན་གཤེགས་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་རང་རང་གི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་གཞོག་ལ་རང་བཞིན་གྱིས་གྲུབ་པའི་སྔགས་འདི་ཅི་དགའ་བར་ཟློས་ཤིག་སྒྲུབ་པར་གྱིས་ཤིག ཨོཾ་ཙི་ཏ་ཏ་པྲ་ཏི་པེ་ཏྲཾ་ཀ་རོ་མི། བྱང་ཆུབ་སེམས་དཔའ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སྙིང་ག་ལ་ཟླ་བའི་དཀྱིལ་འཁོར་དུ་འདུ་བར་འཚལ་ལགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བས་ན་ཟླ་བ་ལྟ་བུ་སྟེ། ཟླ་བའི་དཀྱིལ་འཁོར་ནི་རང་བཞིན་གྱིས་འོད་གསལ་བ་ཉིད། དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་རང་བཞིན་གྱིས་རྫོགས་པར་འགྱུར་ཏེ། དེ་བཞིན་དུ་རང་བཞིན་གྱིས་འོད་གསལ་བ་ནི་སེམས་ཀྱི་རིན་པོ་ཆེ་རྫོགས་པར་འགྱུར་རོ། །དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་གློ་བུར་གྱི་དྲི་མ་དང་བྲལ་ཞིང་། ཉི་མའི་འོད་ཟེར་དང་བྲལ་བ་ལས་རིམ་གྱིས་རྫོགས་པར་འགྱུར་རོ། །དེ་བཞིན་དུ་རང་བཞིན་ཡོངས་སུ་དག་པའི་སེམས་ཀྱི་རིན་པོ་ཆེ་ཡང་ཉོན་མོངས་པ་རྣམས་ཀྱི་དྲི་མའི་ནག་ནོག་དང་བྲལ་བའི་སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་སྣང་ངོ་། །ཞེས་འདིས་ཀྱང་འོད་གསལ་རང་ཟུང་འཇུག་ངོ་མར་བཤད་པ་ཡིན་ནོ། །འདུས་པར། གསང་བ་སངས་རྒྱས་ཐམས་ཅད་དེ། །ཚོགས་པ་འདུས་པར་ཡིན་པར་བཤད། །འདིའི་དོན་ཡེ་ཤེས་གྲུབ་པར། གཟུགས་ཅན་རྣམས་ཀྱི་ནི་ཐོག་མ་དང་མཐའ་མ་མེད་སྲིད་པས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཉིད་ཡིན་ཏེ། དེ་རྣམས་ཀྱི་འདུས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་འཆང་ཉིད་ཡིན་ནོ། །གཞན་དུ་ནི་གཟུགས་ཀྱི་སྐུས་ཇི་ལྟར་འདུས་པར་འགྱུར། ཕྲ་རབ་ཙམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ན་ཡང་རབ་ཏུ་གང་ཞིང་ལྷག་པར་འགྱུར་རོ། །ཐམས་ཅད་ཀྱི་སྒྲ་ནི་མ་ལུས་པ་ཡིན་པའི་ཕྱིར་ཉུང་ངུ་ཡིས་འདུས་པ་མི་རིགས་ཏེ། ཞེས་དང་། ཡང་དེར། འདི་སྐད་བདག་ཐོས་སོགས་ངེས་དོན་དུ་འགྲེལ་བས་ཀྱང་འཐོན་ཏེ། ཇི་སྐད་དུ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ཁོ་ནའི་ཚེ་ཐོས་ཏེ། བཅོམ་ལྡན་འདས་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནི་ཡེ་ཤེས་སོགས་དང་། དེའི་བཙུན་མོ་སྟེ་མི་ཕྱེད་པའི་ཤེས་རབ་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་ཐམས་ཅད་འཇིག་པས་བྷ་ག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་པའོ། །འདི་སྐད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕན་ཚུན་ཁྱབ་པར་བྱ་བ་དང་། ཁྱབ་པ་པོར་གྱུར་པ་རྣམས་སུ་རྣལ་འབྱོར་པའི་ཡེ་ཤེས་དེའི་ནང་དུ་ཆུད་པ་ཉིད་ཡིན་ནོ། །ཐམས་ཅད་དུ་བཞུགས་སོ་ཞེས་བྱ་བ་ནི་དེ་ཡང་ཡེ་ཤེས་ཐམས་ཅད་ལ་རིམ་གྱིས་མི་བཞུགས་ཅིག་ཅར་ཉིད་དུ་ཡེ་ཤེས་ཐམས་ཅད་བཞུགས་སོ་ཞེས་བྱ་བའི་དོན་ནོ། །བརྗོད་དུ་མི་ལང་བའི་ཡང་བརྗོད་དུ་མི་ལང་བ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཚད་མེད་པར་འདོད་པ་དང་ལྷན་ཅིག་ཅེས་བྱ་བའི་དོན་ནོ། །དེ་རྣམས་ཀྱང་ཚུལ་འདི་ཉིད་ཀྱིས་བཞུགས་སོ་ཞེས་བྱ་བ་ལ་དགོངས་སོ། །ཞེས་གསུངས་པས། གཞི་འབྲས་མི་ཕྱེད་པའི་གནད་ལེགས་པར་བཤད་པ་ཡིན་ནོ། །ཞེས་ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ལས་གང་གིས་གཏན་ལ་འབེབས་པའི་མན་ངག་བཤད་པའི་ལེའུ་སྟེ་བཞི་པའོ། །གསུམ་པ་དེ་ལ་རྩོད་པ་སྤང་བ་ལ། དངོས་སུ་རྩོད་པ་དང་། སྒྱུ་ཐབས་ཀྱིས་རྩོད་པའི་ལན་ནོ། །དང་པོ་ནི། །ད་ལྟའི་ཕྱག་རྒྱ་ཆེན་པོ་དང་། །རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ལ། །ཡས་འབབ་དང་ནི་མས་འཛེག་གཉིས། །རིམ་གྱིས་པ་དང་ཅིག་ཅར་བ། །མིང་འདོགས་བསྒྱུར་བ་མ་གཏོགས་པ། །དོན་ལ་ཁྱད་པར་དབྱེ་བ་མེད། །ཆོས་ལུགས་འདི་འདྲ་འབྱུང་བ་ཡང་། །བྱང་ཆུབ་སེམས་དཔའ་ཞི་བ་མཚོས། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ། །ལུང་བསྟན་ཇི་བཞིན་ཐོག་ཏུ་བབས། །ལུང་བསྟན་དེ་ཡང་བཤད་ཀྱིས་ཉོན། །རྒྱལ་པོ་ཁྱོད་ཀྱི་བོད་ཡུལ་འདི། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བསྟན་མ་བཅུ་གཉིས་ལ་གཏད་པས། །མུ་སྟེགས་འབྱུང་བར་མི་འགྱུར་མོད། །འོན་ཀྱང་རྟེན་འབྲེལ་འགའ་ཡི་རྒྱུས། །ཆོས་ལུགས་གཉིས་སུ་འགྲོ་བར་འགྱུར། །དེ་ཡང་ཐོག་མར་ང་འདས་ནས། །རྒྱ་ནག་དགེ་སློང་བྱུང་ནས་ནི། །དཀར་པོ་ཆིག་ཐུབ་ཅེས་བྱ་བ། །ཅིག་ཅར་བ་ཡི་ལམ་སྟོན་འགྱུར། །དེ་ཚེ་ང་ཡི་སློབ་མ་ནི། །མཁས་པ་ཆེན་པོ་ཀ་མ་ལ། །ཤཱི་ལ་ཞེས་པ་རྒྱ་གར་ནས། །སྤྱན་དྲངས་དེ་ཡིས་དེ་སུན་འབྱིན། །དེ་ནས་དེ་ཡི་ཆོས་ལུགས་བཞིན། །དད་ལྡན་རྣམས་ཀྱིས་སྤྱོད་ཅིག་གསུངས། །དེ་ཡིས་ཇི་སྐད་གསུངས་པ་བཞིན། །ཕྱིས་ནས་ཐམས་ཅད་བདེན་པར་གྱུར། །རྒྱ་ནག་ལུགས་དེ་ནུབ་མཛད་ནས། །རིམ་གྱིས་པ་ཡི་ཆོས་ལུགས་སྤེལ། །ཕྱིས་ནས་རྒྱལ་ཁྲིམས་ནུབ་པ་དང་། །རྒྱ་ནག་མཁན་པོའི་གཞུང་ལུགས་ཀྱི། །ཡི་གེ་ཙམ་ལ་བརྟེན་ནས་ཀྱང་། །དེ་ཡི་མིང་འདོགས་གསང་ནས་ནི། །ཕྱག་རྒྱ་ཆེན་པོར་མིང་བསྒྱུར་ནས། །ད་ལྟའི་ཕྱག་རྒྱ་ཆེན་པོ་ནི། །ཕལ་ཆེར་རྒྱ་ནག་ཆོས་ལུགས་ཡིན། །ཞེས་སོ། །ཐོག་མར་ལོ་རྒྱུས་འདི་ཀ་མ་དག་པ་སྟེ། སྒོམ་རིམ་གྱི་དབུར་ཀ་མ་ལ་ཤཱི་ལ་རང་གི་སློབ་མ་དག་གིས་ཡི་གེར་བཀོད་པ་ལས་ནི་འདི་ལྟར་བྱུང་། སྔོན་རྗེ་ཁྲི་སྲོང་ལྡེ་བཙན་གྱིས་ཟ་ཧོར་གྱི་མཁན་པོ་ཞི་བ་མཚོ་ཞེས་བྱ་བ་ལེགས་པར་སྦྱར་བའི་སྐད་དུ་ཤཱནྟ་རཀྵིཏ་ཅེས་བྱ་བ་བོ་དྷི་སཏྭ་ཞེས་ཀྱང་གྲགས་པ་འཕགས་པ་འཇམ་དཔལ་གྱི་ཞལ་མཐོང་བ། ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་དོན་མ་ལུས་པ་མཁྱེན་པ་ཞིག་སྤྱན་དྲངས་ཏེ། བོད་ཡུལ་དུ་ཆོས་རྒྱས་པར་བྱས་སོ། །དེ་ནས་དབུ་མ་རྒྱན་དང་དེ་ཉིད་བསྡུས་པ་དང་རྡོ་རྗེ་འཆང་གི་དབྱངས་ཀྱི་རྒྱ་ཆེར་བཤད་པ་ལ་སོགས་པ་བསྟན་བཅོས་མང་དུ་མཛད་དོ། །དེ་འགྲོངས་ཀར་རྒྱལ་པོ་ལ་སོགས་པ་ལ་བཀའ་སྩལ་པ། བོད་ཡུལ་དུ་བསྟན་པ་ལྔ་བརྒྱ་མཐའ་མ་ལ་བྱུང་སྟེ་ཅུང་ཟད་རྒྱས་པར་གྱུར་པ་ལ། མུ་སྟེགས་ཀྱིས་ཕྱིར་རྒོལ་བ་ནི་མི་འབྱུང་སྟེ། །སངས་རྒྱས་པ་རང་ལ་ལྟ་བ་མ་མཐུན་ནས་རྩོད་པར་འགྱུར་གྱི། ངའི་སློབ་མ་ཀ་མ་ལ་ཤཱི་ལ་བྱ་བ་རྒྱ་གར་ན་ཡོད་ཀྱི་སྤྱན་དྲོངས་ལ་རྩོད་པ་གྱིས་ཤིག རྒྱལ་པོས་བཟླུམས་གྱིས་ཤིག་པར་བཀའ་སྩལ་ལོ། །དུས་ཕྱིས་རྒྱ་ནག་གི་མཁན་པོ་ཧྭ་ཤང་མ་ཧཱ་ཡ་ན་ཞེས་བྱ་བ་ཐེག་པ་ཆེན་པོ་བསམ་གཏན་གྱི་མན་ངག་དང་ལྡན་པར་བྱེད་པ་ཞིག་བོད་དུ་རྒྱལ་པོས་སྤྱན་དྲངས་ཏེ། དེའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཀྱིས་བསམ་གཏན་གྱི་གདམས་ངག་འཕགས་པ་འོད་སྲུངས་ལ་གཏད། དེས་རྒྱ་གར་མཐའ་ཡས་པ་དེ་བཞིན་དུ་རྒྱ་གར་བ་བཅུའི་བར་དང་། དེའི་མཐའ་མ་དེས་རྒྱ་ནག་ཨེ་ག་ལ། དེས་ཨེ་ནེ་ལ། དེས་ཨེ་ས་ལ། དེས་བུ་སུ་ལ། དེ་བཞིན་དུ་རིམ་གྱིས་བཅུ་གཅིག་པ་མ་ཧཱ་ཡ་ན་ལ་གདམས་པ་སྟེ། བརྒྱུད་པ་ཉི་ཤུ་རྩ་གཅིག་པ་སྟོན་མིན་ཅིག་ཅར་དུ་འཇུག་པ་ཞེས་བྱ་ལ། ཐེག་པ་ཆེན་པོའི་མདོ་སྡེའི་ཚུལ་དབང་པོ་རྣོན་པོ་དག་ཐབས་ཀྱིས་བསྐལ་པ་གྲངས་མེད་དུ་མར་འབད་པ་ལ་མ་ལྟོས་པར་གང་དག་ཅིར་ཡང་མི་སེམས་མི་འཛིན་ཡིད་ལ་མི་བྱེད་པ་ནི་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། དེ་ལྟ་བུ་ཐོབ་པ་ནི་ཅིག་ཅར་བར་འཇུག་པ་ས་དང་པོ་ཐོབ་པ་དང་འདྲའོ་ཞེས་ཟེར་ཞིང་། སྦྱིན་པ་ལ་སོགས་པའི་ཆོས་སྤྱོད་བྱེད་པ་ནི་སྐྱེ་བོ་ལས་འཕྲོ་ཆུང་བ་སྔར་བས་དབང་པོ་རཏལ་བ་ཁོ་ན་ལ་བསྟན་པ་ཡིན་ནོ། །སྔོན་དུ་མ་སྦྱངས་པ་དག་ལ་ནི། མཁའ་ལ་སྤྲིན་དཀར་ནག་གཉིས་ཀས་བསྒྲིབས་པ་དང་འདྲ་བར་དགེ་མི་དགེ་གཉིས་ཀ་ཡང་དེ་ཁོ་ནའོ། །དོན་རྟོགས་པར་བྱེད་པ་ལ་སྒྲིབ་པར་དོགས་ནས་འདུས་བྱས་ཀྱི་དགེ་བ་མི་བྱེད་དོ། །བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་ཐོབ་བོ་ཞེས་བྱ་བ་ནི་བསྐལ་པ་ནི་རྟོག་པའོ། །རྟོག་པ་དེ་གྲངས་མེད་པ་གསུམ་སྟེ། ཉོན་མོངས་པ་དུག་གསུམ་གྱི་བྱེ་བྲག་གིས་སོ། །དེ་གང་གིས་སྤོང་ན་སྐྱེ་བ་གཅིག་གམ་ནམ་རྟོགས་ཀྱང་རུང་། སངས་རྒྱས་འཐོབ་བོ་ཞེས་ཟེར་བ་མཁའ་ལྟར་ཡས་འབུབས་པ་ཞིག་བྱུང་ངོ་། །དེ་ནས་རྗེ་བཙན་པོས། སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་སྤྱན་དྲངས་སོ། །ཧྭ་ཤང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་བཀླགས་པས་བསམ་གཏན་གླིང་གི་སྒོ་བཅད་ནས་སྟོན་མིན་གྱི་ཕྱོགས་ཀྱི་རྩོད་པ་བླངས། འཕགས་པ་དགོངས་པ་ངེས་པར་འགྲེལ་བ་རྡོག་པས་བསྒྲིལ་ནས་འདི་ཐེག་པ་ཆེན་པོ་རང་ཅང་ཡིན་ནམ་ཞེས་ཟེར་ནས་ཆོས་སྤངས། སློབ་དཔོན་ཀ་མ་ལ་ཤཱི་ལ་མ་བྱོན་བར་དུ། ཡེ་ཤེས་དབང་པོ་དང་། སྦ་དཔལ་དབྱངས་དང་། རཏྣ་ལ་སོགས་པ་རྩེན་མིན་གྱི་ཕྱོགས་བཟུང་ངོ་། །སྟོན་མིན་གྱི་སློབ་མ་ཇོ་བྱང་ཆུབ་དང་སྲུ་ཡང་དག བནྡེ་ནམ་མཁའ་ལ་སོགས་པ་མང་། དེ་ལྟར་སྟོན་མིན་རྩེན་མིན་གྱི་རྒྱ་འདྲེ་ཆེར་བྱུང་། རྩེན་མིན་པའི་ཕྱོགས་འཛིན་པ་ལ་ལྷ་སྲས་ཀྱང་དགྱེས་སོ། །དེ་ནས་བྱང་ཆུབ་གླིང་དུ་བརྩད་པོ་གུང་ལ་བཞུགས། ཧྭ་ཤང་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་གཉིས་གཡས་གཡོན་དུ་སངྒེའི་ཁྲི་ལ་བཞག རང་རང་གི་ཕྱོགས་སུ་རང་རང་གི་སློབ་མ་རྣམས་དངར་ཏེ། དེ་ནས་བརྩད་པོས་མཁན་པོ་གཉིས་དང་བནྡེ་རྣམས་ལ་མེ་ཏོག་གི་ཕྲེང་བ་རེ་ལག་ཏུ་བསྐུར་ནས་མཁན་པོ་གཉིས་ཤེས་པ་བསྟུན་ལུང་རིགས་གང་ཆེ་བ་ལ་ང་རྒྱལ་མ་བྱེད་པར་གང་མཁས་པ་དེ་ལ་མེ་ཏོག་གི་ཕྲེང་བ་ཕུལ་ཅིག་ཅེས་བཀའ་གནང་ནས། དེ་ནས་པཎྜྻིཏ་གཉིས་ཆོས་ཀྱི་བགྲོ་བ་བགྱིས། རིགས་པ་དང་ལུང་གིས་ཅིག་ཅར་བ་བཀག་སྟེ། ཧྭ་ཤང་སློབ་མ་དང་བཅས་པ་སྤོབས་པ་མེད་པར་བྱས། མེ་ཏོག་གི་འཕྲེང་བ་ཡང་སློབ་དཔོན་ཀ་མ་ལ་ལ་ཕུལ་ལོ། །སློབ་དཔོན་འདི་ཡང་རིག་པའི་གནས་དུ་མ་ལ་མཁས་ཤིང་མང་དུ་ཐོས་པ། ཐེག་པ་ཆེན་པོའི་མདོ་སྡེ་མང་དུ་གཟིགས་ཤིང་མང་དུ་མཁྱེན་པ། ཐུགས་རྗེ་ཆེན་པོས་ཐུགས་ཀྱི་རྒྱུད་བརླན་པ་ཚུལ་ཁྲིམས་དྲི་མ་མེད་པ། རྒྱ་གར་སྐད་དུ་ཀ་མ་ལ་ཤཱི་ལ། བོད་སྐད་དུ་པདྨའི་ངང་ཚུལ་ལོ། །འདིས་མདོ་འགྲེལ་དང་བསྟན་བཅོས་མང་དུ་མཛད་དོ། །རྡོ་རྗེ་གཅོད་པའི་མདོ་འགྲེལ་དང་། མི་རྟོག་པ་ལ་འཇུག་པའི་མདོ་འགྲེལ་དང་། སཱ་ལུ་ལྗང་པའི་མདོ་འགྲེལ་དང་། ཤེས་རབ་སྙིང་པོའི་འགྲེལ་པ་ལ་སོགས་པ་དང་དབུ་མ་སྣང་བ་དང་། སྣང་བ་ཆུང་ངུ་དང་། རྒྱན་གྱི་འགྲེལ་ཊཱིག་དང་། རིགས་ཐིགས་ཀྱི་ཕྱོགས་སྔ་མ་དང་། དབུ་མ་བསྒོམ་པའི་རིམ་པ་གསུམ་ལ་སོགས་པ་མང་དུ་མཛད་དོ། །དེ་ལ་དབུ་མའི་སྒོམ་པའི་རིམ་པ་འདི་དག་ཧྭ་ཤང་ལ་སོགས་པ་ཐེག་པ་ཆེན་པོ་ལྟར་བཅོས་པའི་སྒོམ་པའི་རིམ་པ་རྣམས་སྤང་ཞིང་ཕྱིན་ཅི་མ་ལོག་པའི་རིམ་པ་རྟོགས་པར་བྱ་བའི་དོན་དུ་ཡིན་ལ། གསུམ་དུ་རྩོམ་པའི་དགོས་པ་ནི། རྒྱས་འབྲིང་བསྡུས་པའི་བྱེ་བྲག་གིས་གང་ལ་མོས་པའི་སྐྱེ་བོའི་དབང་དུ་བྱས་པའམ། གཞན་ཡང་ཧྭ་ཤང་གཞུང་བེའུ་བུམ་དམར་པོ་ལ་སོགས་པ་གསུམ་ཡོད་དེ། དེའི་དོན་དུ་བརྩམས་པའམ། ཡང་ན་རང་གི་གཞུང་རྒྱས་བསྡུས་ཀྱི་དོན་ནི་སྒོམ་པའི་རིམ་པ་བར་མ་དང་། དང་པོ་བརྩམས། གཞན་གཞུང་མི་འཐད་པ་ནི་སྒོམ་རིམ་མཐའ་མས་བསྟན་ཡང་། གཞུང་མི་འདྲ་སྟེ། སྙིང་རྗེ་དང་སེམས་བསྐྱེད་དང་། བསྒྲུབ་པ་གསུམ་གྱི་དབང་དུ་བྱས་སྒོམ་རིམ་དང་པོ་བརྩམས་ཤིང་། ཞི་གནས་དང་ལྷག་མཐོང་གི་དབང་དུ་བྱས་ནས་མཐའ་མ་བརྩམས་སོ། །དེ་ལ་སྒོམ་པའི་རིམ་པ་དང་པོ་ནི་ལངྐར་གཤེགས་པ་ལ་བརྟེན་ནོ། །བར་མ་ནི་རྣམ་སྣང་མངོན་བྱང་གི་རྒྱུད་ལ་བརྟེན་པའོ། །མཐའ་མ་ནི་དགོངས་པ་ངེས་པར་འགྲེལ་བའི་མདོ་ལ་བརྟེན་པའོ། །ཞེས་འབྱུང་གི དེ་ལས་གཞན་ནི་བླུན་པོས་སྦྱར་བའི་གཏམ་ཡིན་པས་ཚད་མར་བྱ་མི་རིགས་པས་སོ། །དེས་ན་རྩོད་པ་པོས་རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ཞེས་སྦྱར་བས་འདི་མ་གཟིགས་པར་ཟད་དོ། །འདིར་མདོ་སྡེའི་སྒོམ་རིམ་དུ་བཤད་ལ། རྫོགས་ཆེན་ནི་ཨ་ཏི་ཡོ་ག་ཡིན་པ་ཤན་མ་ཕྱེད་པར་རྩོད་པས་ཚར་གཅད་ཀྱི་གནས་སོ། །གལ་ཏེ་རྫོགས་པ་ཆེན་པོར་ཁས་བླངས་ན། ཀ་མ་ལ་ཤཱི་ལས་རྒྱུའི་མདོ་སྡེ་དང་རྣམ་སྣང་མངོན་བྱང་གི་ལུང་གིས་སུན་ཡང་མི་ཕྱིན་ཏེ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་འབྱུང་བས་སོ། །དེ་བས་ན་ལུགས་དེ་གཉིས་ཀ་མཚན་ཉིད་ཀྱི་ཐེག་པ་ཁོ་ནའི་དབང་དུ་བྱས་པར་ཤེས་སོ། །ཡང་རྒྱ་ནག་མཁན་པོའི་ཆོས་ལུགས་ཕྱིས་འཕེལ་བའི་གཞུང་ལུགས་ཡིན་ན། དེའི་གཞུང་ལུགས་གར་འཕེལ། ཐོག་མར་སུའི་ལག་ཏུ་བྱུང་དྲིས་ན་སྨྲ་བ་བཅད་དགོས་པས་ཚར་བཅད་གཉིས་པར་ལྷུང་ངོ་། །མདོར་བསྡུ་ན་དེའི་གཞུང་ལུགས་མཐོང་། དེ་འདི་རེད་ཞེས་སྟོན་རྒྱུ་ཡོད་ན་དོན་མཐུན་འདུག་གོ་ཞེས་སྨྲས་ན་ལེགས་པར་སྨྲས་པ་ཡིན་གྱི། མ་གཟིགས་པ་དང་གསན་པའི་ཡུལ་དུ་མ་གྱུར་པར་དེ་སྐད་སྨྲ་བ་ནི་སྨྱོན་པའི་ཚིག་ཏེ། མོ་གཤམ་གྱི་བུའི་བཞིན་རས་ནག་གོ །དཀར་རོ་ཞེས་པ་ལྟ་བུའོ། །སྒོམ་རིམ་གསུམ་གྱི་ཕྱི་མས་ཧྭ་ཤང་གི་ལུགས་བཀག་པར་བཤད་ལ། དེར་ཡང་ཕྱོགས་སྔ་མི་རྒྱས་ཏེ། དེ་ཉིད་དུ། གང་ཞིག་སེམས་ཀྱི་རྣམ་པར་རྟོག་པ་ལས་བསྐྱེད་པའི་དགེ་བ་དང་། མི་དགེ་བའི་ལས་ཀྱི་དབང་གིས་སེམས་ཅན་རྣམས་མཐོ་རིས་ལ་སོགས་པའི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ། །གང་དག་ཅི་ཡང་མི་སེམས་ཅི་ཡང་མི་བྱེད་པ་དེ་དག་ནི་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟ་བས་ན་ཅི་ཡང་མི་བསམ་མོ། །སྦྱིན་པ་ལ་སོགས་པ་དགེ་བ་སྤྱད་པ་ཡང་མི་བྱའོ། །སྦྱིན་པ་ལ་སོགས་པ་ནི་སྐྱེ་བོ་བླུན་པོའི་དབང་དུ་མཛད་ནས་བསྟན་པ་ཁོ་ན་ཡིན་ནོ། །ཞེས་པ་ཕྱོགས་སྔ་ཡིན། དགག་པ་དེར་དེ་སྐད་སྨྲས་པ་དེ་ནི་ཐེག་པ་ཆེན་པོ་མཐའ་དག་སྤངས་པ་ཡིན་ནོ། །ཐེག་པ་ཐམས་ཅད་ཀྱི་རྩ་བ་ནི་ཐེག་པ་ཆེན་པོ་ཡིན་པས་དེ་སྤངས་ན་ཐེག་པ་ཐམས་ཅད་སྤངས་པར་འགྱུར་རོ། །འདི་ལྟར་ཅི་ཡང་མི་སེམ་མོ་ཞེས་སྨྲ་བ་ནི་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཀྱི་ཤེས་རབ་སྤངས་པར་འགྱུར་རོ། །ཡང་དག་པའི་ཤེས་རབ་ཀྱི་རྩ་བ་ནི་ཡང་དག་པར་སོ་སོར་རྟོག་པ་ཡིན་པས་ན། དེ་སྤངས་ན་རྩ་བ་བཅད་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱང་སྤངས་པར་འགྱུར་རོ། །སྦྱིན་པ་ལ་སོགས་པ་སྤྱད་པར་མི་བྱའོ་ཞེས་སྨྲས་པས་ཀྱང་། སྦྱིན་པ་ལ་སོགས་པའི་ཐབས་ཤིན་ཏུ་ཟུར་ཕྱིན་པར་སྤངས་པ་ཡིན་ནོ། །ཞེས་སོགས་དགག་པ་བརྗོད་རྩོད་པ་དང་པོ་ལ། གལ་ཏེ་ཆོས་ཐམས་ཅད་ལ་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པས་འཇུག་གོ་ཞེས་པ་ཡན་དེ་ཡང་རིགས་པ་མ་ཡིན་ཏེ། ཡང་དག་པར་སོ་སོར་རྟོག་པ་མེད་པར་ནི་ཉམས་སུ་མྱོང་བའི་ཆོས་ཐམས་ཅད་མི་དྲན་པར་བྱ་བ་དང་། ཡིད་ལ་བྱེད་པ་མེད་པར་བྱེད་མི་ནུས་སོ། །གལ་ཏེ་བདག་གི་ཆོས་འདི་དག་དྲན་པར་མི་བྱའོ། །ཡིད་ལ་མི་བྱའོ་སྙམ་དུ་དེ་ལྟར་བསྒོམ་ཞིང་དེ་དག་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་བསྒོམ་ན་ནི་དེའི་ཚེ་དེས་ཤིན་ཏུ་དྲན་པ་དང་ཤིན་ཏུ་ཡིད་ལ་བྱས་པར་འགྱུར་རོ། །ཅི་སྟེ་དྲན་པ་དང་ཡིད་ལ་བྱེད་པ་མེད་པ་ཙམ་ལ། དྲན་པ་མེད། ཡིད་ལ་བྱེད་པ་མེད་པ་སྐད་དུ་བྱས་ན། དེའི་ཚེ་དེ་གཉིས་རྣམ་པ་གང་གིས་མེད་པར་འགྱུར་བ་དེ་ཉིད་དཔྱད་དགོས་ཏེ། མེད་པ་ནི་རྒྱུར་རུང་བར་ཡང་མི་འགྱུར་ཏེ། གང་གིས་མཚན་མ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་ལས་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར། དེ་ཙམ་གྱི་ཕྱིར་རྣམ་པར་མི་རྟོག་པར་འགྱུར་དུ་ཟིན་ན་ནི་བརྒྱལ་བ་ལ་ཡང་དྲན་པ་དང་། ཡིད་ལ་བྱེད་པ་མེད་པས་རྣམ་པར་མི་རྟོག་པ་ཉིད་དུ་འཇུག་པར་འགྱུར་རོ། །ཡང་དག་པར་སོ་སོར་རྟོག་པ་མེད་པར་རྣམ་པ་གཞན་གྱི་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པའི་ཐབས་མེད་དོ། །དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་གྱུར་དུ་ཟིན་ཀྱང་ཡང་དག་པ་སོ་སོར་རྟག་པ་མེད་ན་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་འཇུག་པར་ཇི་ལྟར་འགྱུར། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པར་གནས་པ་ཁོ་ན་ཡིན་དུ་ཟིན་ཀྱང་སོ་སོར་རྟོག་པ་དེ་མེད་ན་དེ་དག་གིས་སྟོང་པ་ཉིད་རྟོགས་པར་མི་འགྱུར་རོ། །སྟོང་པ་ཉིད་རྟོགས་པ་མེད་པར་ནི། སྒྲིབ་པ་སྤོང་བར་ཡང་མི་འགྱུར་རོ། །དེ་ལྟར་གྱུར་དུ་ཟིན་ན་ཐམས་ཅད་ཀྱང་དུས་ཐམས་ཅད་དུ་རང་ཐར་བར་འགྱུར་རོ། །ཡང་གལ་ཏེ་རྣལ་འབྱོར་པ་དེ་གལ་ཏེ་ཐམས་ཅད་ལ་དྲན་པ་ཉམས་པའི་རྨོངས་པས་དྲན་པ་དང་ཡིད་ལ་བྱེད་པ་མི་འཇུག་ན་ནི། དེའི་ཚེ་ཤིན་ཏུ་རྨོངས་པ་ཡིན་པས་རྣལ་འབྱོར་ཇི་ལྟར་འགྱུར། ཡང་དག་པར་སོ་སོར་རྟོག་པ་མེད་པར་དེ་ལ་དྲན་པ་དང་། ཡིད་ལ་བྱེད་པ་མེད་པར་བྱས་པས་གླེན་པ་ཉིད་གོམས་པར་བྱས་པ་ཡིན་ནོ། །དེའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་རྒྱང་རིང་དུ་བསྲིངས་པར་འགྱུར་རོ། །ཇི་སྟེ་དེ་དྲན་པ་ཉམས་པའང་མ་ཡིན་གླེན་པ་ཡང་མ་ཡིན་ན་ནི་དེའི་ཚེ་ཡང་དག་པར་སོ་སོར་རྟོག་པ་མེད་པར་ཇི་ལྟར་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་བྱེད་ནུས་པར་འགྱུར། དྲན་བཞིན་དུའང་མི་དྲན། མཐོང་བཞིན་དུའང་མི་མཐོང་ངོ་ཞེས་བྱ་བར་མི་རུང་ངོ་། །དྲན་པ་མེད། ཡིད་ལ་བྱེད་པ་མེད་པ་གོམས་པར་བྱས་ན། ཇི་ལྟར་སྔོན་གནས་པ་རྗེས་སུ་དྲན་པ་ལ་སོགས་པ་དང་། སངས་རྒྱས་ཀྱིས་ཆོས་ལ་སོགས་འགྱུར་ཏེ་འགལ་བའི་ཕྱིར། དྲོ་བ་དང་གྲང་བ་འགལ་བས་གྲང་བ་བསྟེན་པའི་ཚེ་དྲོ་བ་རེག་པའི་ཚོར་བ་མི་འབྱུང་བ་བཞིན་ནོ། །ཡང་རྣལ་འབྱོར་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ན་དེའི་ཚེ་གདོན་མི་ཟ་བར་ཅི་ཞིག་ལ་དམིགས་དགོས་ཏེ། སོ་སོ་སྐྱེ་བོ་རྣམས་ཀྱི་ཤེས་པ་ནི་གློ་བུར་དུ་དམིགས་པ་མེད་པར་མི་འགྱུར་རོ། །ཇི་སྟེ་མེད་ན་ནི། དེའི་ཚེ་ཇི་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་རྟོགས་པར་འགྱུར། གཉེན་པོ་གང་གིས་ཉོན་མོངས་པ་སྤོང་བར་འགྱུར། བསམ་གཏན་བཞི་པ་མ་ཐོབ་པའི་སོ་སོ་སྐྱེ་བོའི་སེམས་ནི་འགོག་པར་འགྱུར་མི་སྲིད་དོ། །དེ་ལྟ་བས་ན་དམ་པའི་ཆོས་ལས་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་འབྱུང་བ་དེ་ཡང་། ཡང་དག་པ་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་པར་ལྟ་བར་བྱ་སྟེ། གང་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱིས་དྲན་པ་མེད་པ་ཡིད་ལ་བྱེད་པ་མེད་པ་བྱེད་ནུས་ཀྱི་གཞན་དུ་མ་ཡིན་ཏེ། འདི་ལྟར་རྣལ་འབྱོར་པ་གང་གི་ཚེ། ཡང་དག་པའི་ཤེས་རབ་ཀྱིས་བརྟགས་ན། དོན་དམ་ན་དུས་གསུམ་དུ་ཆོས་སྐྱེས་པ་གང་ཡང་དྲན་པ་མ་མཐོང་བ་དེའི་ཚེ་ཇི་ལྟར་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་ལ་ཞུགས་པ་ཡིན་ནོ། །དེ་ལ་ཞུགས་པས་སྟོང་པ་ཉིད་རྟོགས་པར་འགྱུར་རོ། །དེ་རྟོགས་པས་ལྟ་བ་ངན་པའི་དྲྭ་བ་མཐའ་དག་སྤངས་པ་ཡིན་ནོ། །ཐབས་དང་ལྡན་པའི་ཤེས་རབ་བསྟེན་པས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་ཡང་དག་པར་མཁས་པ་ཡིན་ནོ། །དེ་བས་ན་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་རོ། ཡང་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་བསྒོམ་པར་བྱ་ཡི། གཞན་དུ་མ་ཡིན་ཏེ། རིམ་གྱིས་དཀྱུས་ས་བསྟན་ནས་རྒྱུག་པ་ཡིན་ནོ། །དེ་ལྟ་བས་ན། ཡང་དག་པར་སོ་སོར་བརྟག་པར་བྱའོ། །དེ་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ངོ་བོ་ཡིན་པའི་ཕྱིར། དེ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་བས་ན་ཡེ་ཤེས་དེ་འདོད་པས་དེ་ལ་བརྟེན་པར་བྱའོ། །རྣམ་པར་མི་རྟོག་པ་ཡང་དག་པའི་ཡེ་ཤེས་ཀྱི་མེ་བྱུང་ན། ཤིང་རྣམས་དྲུད་པ་ལས་མེ་བྱུང་བས་ཤིང་དེ་གཉིས་འསྲེགས་པ་བཞིན་དུ་དེ་ཡང་ཕྱིས་དེ་ཉིད་ཀྱིས་བསྲེག་པར་འགྱུར་རོ། །ཞེས་ཐོས་བསམ་གྱི་ཤེས་རབ་དཀྱུས་ས་བསྟན་པ་ཙམ་ཡིན་ལ། དེར་རྟས་རྩེ་བ་ལྟ་བུ་ཡང་དག་པར་སོ་སོར་རྟོག་པ་འདི་ཡིན་པས་སོ། །འདི་རྟོག་པར་བཞག་པའང་། པྲ་ཏི་ཀལྤ་ཞེས་པའི་སྒྲ་དང་། སཾ་ཀལྤ་ཞེས་པའི་སྒྲ་བཤད་ཀྱི་དབང་གིས་ཡིན་ལ་ཐོས་བསམ་གྱི་ཤེས་རབ་དེ་ནི་རྗེས་སུ་དཔག་པ་ཡིན་པས་སྒྲ་དོན་འགྲེལ་རུང་དུ་འཛིན་པའི་རྟོག་པའི་ནང་ཚན་ཁོ་ན་བས། བི་ཀལྤ་ཞེས་པའི་སྒྲ་རུང་གི གཞན་གཉིས་སུ་ནི་མི་རུང་ངོ་། །ཡང་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་ཞེས་པ་ནི་སྤྱིར་གྱིས་དབུ་མ་པ། སྒོས་སུ་སྒོམ་རིམ་པས་ཐེར་བཀག་ནེར་བཀག་བྱས་སོ་སྙམ་པ་མཁས་རློམ་གྱི་གཞུང་མང་པོ་ན་སྣང་ངོ་། །མི་འཐད་དེ། གོང་དུ་དྲངས་པར་ཡང་དག་པར་སོ་སོར་རྟོགས་པས་དྲན་པ་དང་ཡིད་ལ་བྱེད་པ་མེད་པ་ལ་ཞུགས། དེས་སྟོང་ཉིད་རྟོགས། དེས་ལྟ་བ་ཐམས་ཅད་སྤོང་བར་བསྒྲུབས་པས་སོ། །དེ་བས་ན། བདག་ཅག་ཇི་ལྟ་བ་དང་འདིའི་ལུགས་མཐུན། བདག་ཅག་ཀྱང་སོ་སོར་རང་རིག་གིས་བལྟ་བྱ་ལྟ་བྱེད་དྲན་པ་དང་ཡིད་བྱེད་སྤོང་བར་འདོད་པ་ཡིན་ཞིང་། རང་རིག་འདི་མ་རྙེད་ཚུན་རྣམ་བཞག་འདི་དག་ཁས་མི་ལེན་པ་འདི་ཡང་ལྟ་བའི་དབང་དུ་བྱས་ལ། དེང་སང་གི་དགེ་བཤེས་པ་རྣམས་ཞི་གནས་ལ་ལབ་ལོབ་འདི་པ་མཛད་སྣང་སྟེ་དེ་ནི་བྱིས་པ་དར་མའི་བྱ་བ་ལ་ཞུགས་པ་ལྟ་བུའོ། །ཡང་དེར་དགེ་བ་ལ་སོགས་པའི་ལས་ཅི་ཡང་མི་བྱའོ་ཞེས་ཟེར་བ་དེ་ནི། དེ་སྐད་སྨྲ་བས་ལས་ཟད་ན་གྲོལ་བར་འགྱུར་རོ་ཞེས་མུ་སྟེགས་ཅན་ཀུན་ཏུ་འཆོལ་བའི་སྨྲ་བ་ཁས་བླངས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་གསུང་རབ་ལས། ཉོན་མོངས་པ་ཟད་ན་གྲོལ་བར་འགྱུར་གྱི། ལས་ཟད་ནས་གྲོལ་བར་འགྱུར་བ་མེད་དེ། ཐོག་མ་མེད་པ་ནས་བསགས་པའི་ལས་ཟད་པར་བྱ་མི་ནུས་ཏེ། དེ་ནི་མཐའ་ཡས་པའི་ཕྱིར་རོ། །ཞེས་སོགས་ཀྱིས་དགག་པ་མཛད་པ་ཚུལ་གཉིས་པོ་ལས་དགག་པ་གཞན་མ་བྱུང་ངོ་། །དེས་ན་དེས་ཅིག་ཅར་བ་བཀག་གོ་སྙམ་ནས་ཐ་སྙད་དེ་བཟོ་བ་ལ་འཇིགས་འཇིགས་ལྟ་བའང་གདའ་སྟེ། རྒྱ་ནག་ལུགས་ཅིག་ཅར་བར་བཞག་པ་དེ་བཀག་གི སྤྱིར་གྱིས་ཅིག་ཅར་བ་མ་བཀག བདག་ཅག་ལམ་འདི་ཀ་ཅིག་ཅར་བའི་ལམ། དེ་ཉིད་ལའང་ཅིག་ཅར་ཐོད་བརྒལ་རིམ་གྱིས་པ་གསུམ་དུ་འབྱེད་པས། ཡས་བབས་དང་ནི་མས་འཛེག་གཉིས། །རིམ་གྱིས་པ་དང་ཅིག་ཅར་པ། །མིང་འདོགས་བསྒྱུར་པ་མ་གཏོགས་པ། །དོན་ལ་ཁྱད་པར་དབྱེ་བ་མེད། །ཞེས་པའང་བོད་སྨྱོན་མཆོང་ཡིན་པས་ཚར་བཅད་གསུམ་པར་ལྷུང་ངོ་། །ལྟ་བ་དེ་ཡི་ཡན་ལག་ཡིན་ཞེས་པའང་རང་ཉིད་ཀྱི་བློ་སྐྱོན་ཏེ། ལམ་འབྲས་སུ་ལྟ་གྲུབ་ཐ་དད་དུ་བཞག་པའི་ཞེན་པས་སོ། །འདི་ནི་མི་རིགས་ཏེ། བཅོམ་ལྡན་འདས་ཀྱིས་དུས་ཀྱི་འཁོར་ལོའི་ལྟ་བའི་མདོར་བསྡུས་སུ་གྲུབ་པའི་མཐའ་ཁོ་ན་ལྟ་བར་བཞག་པས་སོ། །སྟོང་ཉིད་སྙིང་རྗེ་སོགས་བསྒོམ་པ། །ཕ་རོལ་ཕྱིན་པའི་གཞུང་ལུགས་ཡིན། །དེ་ཡི་ཇི་ལྟར་མྱུར་ན་ཡང་། །གྲངས་མེད་གསུམ་གྱི་དཀའ་སྤྱད་དགོས། །ཞེས་པའང་རང་ཚིག སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཐབས་དང་ཤེས་རབ་ཟུང་འཇུག་ཏུ། །མདོ་རྒྱུད་ཀུན་ལས་རྒྱལ་བས་གསུངས། །ཞེས་པ་དང་ནང་འགལ་བ་དང་། རྡོ་རྗེ་ཐེག་པ་ཆེན་པོ་ལ་སུན་འབྱིན་པ་སྟེ། སྟོང་ཉིད་སྙིང་རྗེའི་སྒོམ་ལས་ལོགས་སུ་བཀར་བས་སོ། །རྫོགས་པའི་སངས་རྒྱས་ལམ་པོ་ཆེ། །རྩོད་པ་ཀུན་ལས་གྲོལ་བའི་ཆོས། མཁས་པ་ཀུན་གྱིས་གུས་པས་བསྟན། འདིའི་ཞེ་འདོད་ཕྱག་ཆེན་ལམ་རྩོད་པ་ཅན་དུ་གཏོང་འདོད་པ་ཡིན་ལ། སྤྱིར་ན་རྩོད་པ་བྱུང་བ་ཙམ་གྱིས་རྩོད་པ་ཅན་དུ་འདོད་ན་ཐེག་ཆེན་ཐམས་ཅད་རྩོད་པ་ཅན་ཏེ། ཐེག་ཆེན་བཀར་བསྒྲུབ་མདོ་སྡེ་རྒྱན་དུ་གསུངས་པ་དང་། བྱེ་བྲག་གསང་སྔགས་བཀར་བསྒྲུབ་པ་རྒྱ་གཞུང་དུ་མ་ལས་བྱུང་བ་དང་རང་གིས་མ་རྟོགས་པས་དེ་རྩོད་པ་ཅན་དུ་བཞག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འདི་ཡང་ཡིན་ཏེ། སྡུད་པར། འདྲེན་པ་རྣམས་ཀྱི་ཆོས་ནི་ཟབ་ཅིང་མཐོང་བར་དཀའ། །སུས་ཀྱང་རྟོགས་པ་མེད་ཅིང་ཐོབ་པར་འགྱུར་མེད་པ། །དེ་ཕྱིར་ཕན་མཛད་བརྩེར་ལྡན་བྱང་ཆུབ་བརྙེས་ནས་ནི། །སེམས་ཅན་ཚོགས་སུས་ཤེས་སྙམ་ཐུགས་ཁྲལ་ཆུང་བར་མཛད། །སེམས་ཅན་རྣམས་ནི་གནས་ལ་དགའ་ཞིང་ཡུལ་རྣམས་འདོད། །འཛིན་ལ་གནས་ཤིང་མི་མཁས་བླུན་རྨོངས་མུན་པ་བཞིན། །ཐོབ་པར་བྱ་བའི་ཆོས་ནི་གནས་མེད་འཛིན་མེད་དེ། །དེས་ན་འཇིག་རྟེན་དག་དང་རྩོད་པ་འབྱུང་བ་ཡིན། །ཞེས་སོ། །བརྗོད་པར་བྱ་བ་ལ་རིགས་པས་གནོད་ནུས་པ་རྩོད་པ་ཅན་དུ་བཞག་པ་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཆོས་འཁོར་དང་པོ་དང་བར་པ་རྩོད་པ་ཅན་དུ་གསུངས་པ་དང་། དབུ་མ་པས། བསོད་ནམས་མ་ཡིན་པ་བཟློག་པ་ལ་བདག་བཟློག་པའི་རིགས་པས་དང་། ཕྱི་མ་ལ་ལྟ་བ་ཀུན་བཟློག་པའི་རིགས་པས་གནོད་པས། དེ་གཉིས་རྩོད་པ་ཅན་སྤང་དགོས་པར་འགྱུར་རོ། །འདིར་བརྗོད་བྱའི་དོན་ལའོ་སྙམ་ན་ནི་ཕྱག་རྒྱ་ཆེན་པོ་འཁོར་གསུམ་ཡོངས་སུ་དག་པས་ཅི་ཞིག་གིས་དགག སུ་ཞིག་གིས་རྩོད་པར་ནུས་ཏེ། རྩ་ཤེར། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། དེ་ཡིས་ཐམས་ཅད་སྐྱོན་བརྟགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་པས་སོ། །ཡང་ན་ཉན་ཐོས་འགོག་པར་ལྷུང་ཞེས་པའང་རིགས་པ་མ་ཡིན་ཏེ། སོ་སྐྱེ་བསམ་གཏན་བཞི་པ་མ་ཐོབ་པར་འགོག་པར་འཇུག་མི་ནུས་པར་སྒོམ་རིམ་ལས་གསུངས་པ་དང་། ཉན་ཐོས་ཀྱི་འགོག་པའང་དེ་དག་ལས་ལོགས་སུ་བཀར་བའི་ཕྱིར་འགོག་སྙོམས་ཡིན་པས་དེར་ཡང་རིགས་པ་མ་ཡིན་ནོ། །རྟོགས་ལྡན་མཚན་ཉིད་འདི་ཡིན་ཞེས། །མདོ་རྒྱུད་ཀུན་ལས་གསུངས་པ་མེད། །དེས་ན་རྟོགས་ལྡན་བླུན་པོ་ལ། །གྲགས་ཀྱི་མཁས་པ་རྣམས་ལ་མིན། །ཞེས་པའང་མི་འཐད་དེ། སྒྲ་མདོར་བུདྷ་རྟོགས་པ་ལའོ་ཞེས་པའི་བྱིངས་ལ་རྟགས་སུ་སྒྲུབ་བྱེད་ཀྱི་ཀྲི་ཏ་རྐྱེན། ཀྟ་དང་ཀྟ་བནྟུ་དག་ནི་ཥྛའོ་ཞེས་པའི་རྐྱེན་ཀྟ་བྱིན། ཀ་ཡིག་ནི་ཀ་ངིད་ལའོ་ཞེས་ཡོན་ཏན་མི་འཇུག་པའི་ཕྱིར་ཀ་ཕྱིས། ཏ་ཡིག་ནི་གྷ་ཌྷྜྷ་ངྷ་བྷ་རྣམས་ལས་དྷཱ་མ་ཡིན་པ་ལས་ཏ་ཐ་དག་གི་དྷའོ་ཞེས་པས་ཏ་དྷ་རུ་བསྒྱུར། གོང་མའི་དྷ་ནི། དྷུ་ཊ་རྣམས་ཀྱི་བཞི་པ་རྣམས་ལ་གསུམ་པ་རྣམས་སོ་ཞེས་པས་ད་རུ་བསྒྱུར། །གསལ་བྱེད་དབྱངས་མེད་ཡར་བརྩེགས་པས། བུདྡྷ་དང་། རྟགས་དེ་ལ་ལྡན་པའི་རྐྱེན། དེ་ཕན་ནས་དེ་འདིའི་ཡོད་པ་ཞེས་པ་མནྟུ་བནྟུ་བི་ན་ཨིན་རྣམས་སོ་ཞེས་པས་བནྟུ་བྱིན། ཏའི་ཨུ་ཡིག་བརྗོད་དོན་ཡིན་པས་ཕྱིས་ཚིག་སྒྲུབ་བྱེད་སི་བྱིན། ན་མཐའི་ཨུ་པ་དྷའི་འོ་ཞེས་པས་བནྟེའི་བ་རིང་པོ་དང་། སི་གསལ་བྱེད་ལས་ཀྱང་ངོ་ཞེས་པས་སི་ཕྱིས། བརྩེགས་པའི་མཐའ་དབྱིའོ། །ཞེས་ཏ་ཕྱིས་པས། བུདྡྷ་བཱ་ན། རྟོགས་ལྡན་ཞེས་གྲུབ་བོ། །དེ་བཞིན་ཤྲཱི་མཱན྄། མནྟུའི་རྗེས་སོ། །དེས་སངས་རྒྱས་ཀྱི་མཚན་ཉིད་གང་ཡིན་པ་དེ་ཀ་རྟོགས་ལྡན་གྱི་མཚན་ཉིད། དེས་ན་གྲུབ་ཐོབ་བརྒྱ་ལས་རྟོགས་ལྡན་གཅིག་ཅི་ལ་མི་དགའ། གྲུབ་ཐོབ་ཀྱང་ཐུན་མོང་བའི་དངོས་གྲུབ་ཐོབ་པ་ལ་བྱས་པས་བསྙོན་བརྡུང་རྒྱུ་ཅི་ཡང་མེད། མཁས་པ་ཆེན་པོ་དཔེ་མེད་མཚོའི་སྦྱོར་བ་ཡན་ལག་དྲུག་པར། སྟོང་པ་ཡིན་ཡང་བརྩེ་བའི་རང་བཞིན་གནས་པ་ལས་ནི་འདས་ཀྱང་ས་དབང་ཕྱུག རྟོགས་ལྡན་རྣམས་ཀྱི་མ་ལུས་བདེ་བ་རྒྱས་པར་བྱེད་ཀྱང་རྟོག་པ་སྤངས་ཤིང་འགྲོ་མེད་མགོན། །ཞེས་འབྱུང་བས་བདག་ཅག་ཁོ་ནར་ཅི་ཟད་དྲང་པོར་གཟིགས་དགོས་སོ། །རྟོགས་པ་ཞེས་བྱ་རྣམ་པ་གསུམ། །ཉམས་ནི་ངན་ལ་གོ་བ་འབྲིང་། །རྟོགས་པ་བཟང་བ་ཡིན་ཞེས་ཟེར། འདི་ཡང་རེ་ཞིག་བརྟག་པར་བྱ། །ཉམས་ཞེས་བྱ་བ་ཉམས་མྱོང་ལ། །ཟེར་ན་སེམས་ཡོད་ཐམས་ཅད་ལ། །མྱོང་བ་དེ་ཡང་ཡོད་པ་ཡིན། །གལ་ཏེ་བསྒོམས་པའི་ཉམས་མྱོང་ལ། །ཟེར་ན་ཚོགས་ལམ་ཆུང་ངུ་ནས། མཐར་ཕྱིན་ལམ་གྱི་བར་དུ་ཡོད། །འོན་ཏེ་སོ་སོ་རང་རིག་པའི། །ཡེ་ཤེས་ཡིན་ན་འཕགས་པ་ཡི། །གང་ཟག་རྣམས་ལ་ཉམས་དེ་ཡོད། །ཅེས་པ་ནི་མུན་པའི་མདའ་སྟེ། ངེད་ཅི་ཟེར་མ་དགོངས་པར་དྲི་རུང་མཛད་པས་སོ། །རྨོངས་པ་བསལ་བར་བྱའོ། །ཉམས་རྟགས་ལ་ཟེར་མྱོང་བ་རྟགས་ཅན་འོད་གསལ་ཏེ་དོན་སྒྱུ་ལུས་ཡིན། རྟོགས་པ་ལྷག་མཐོང་ལ་ཟེར། གོ་བ་གོ་ཡུལ་རྙེད་པ་ཙམ། ཐོས་བསམ་གྱི་ཤེས་རབ་མྱོང་བ་དོན་སྤྱི། རྟོགས་པ་རྣལ་འབྱོར་མངོན་སུམ་དེའི་ཕྱིར་བཟང་ངན་དུ་བཞག་པ་ལགས་སོ། །གོ་བ་དང་ནི་རྟོགས་པ་གཉིས། །རྣམ་གྲངས་སྒྲ་ཡིན་ངོ་བོ་གཅིག །རྒྱ་སྐད་གཅིག་ལ་ལོ་ཙཱ་བའི། །འགྱུར་གྱི་དབྱེ་བ་ཁོ་ནར་ཟད། །བོ་དྷ་རྟོགས་པའམ་གོ་བ། འདིས་གོ་རྟོགས་གཅིག་ཏུ་བསྒྲུབ་ནུས་ན་ས་དང་ཕྱོགས་ཀྱང་གཅིག་ཏུ་གྱུར་ཏེ་སྒྲུབ་བྱེད་མཚུངས་པས་སོ། །ཡང་། རྩེ་གཅིག་དང་ནི་སྤྲོས་བྲལ་དང་། །སོགས་ཀྱང་རྒྱུ་མཚན་མ་འཚལ་བར་དགག་བཞེད་པར་འདུག་པས། རྩེ་གཅིག་ནི་སྦྱོར་ལམ་མཚན་ཉིད་པ། སྤྲོས་བྲལ་མ་དག་པའི་ས་རོ་གཅིག་དག་ས། སྒོམ་མེད་སངས་རྒྱས་ཀྱི་སའོ། །ཅི་སྟེ་འཕགས་པའི་སར་བྱེད་ན། །མདོ་རྒྱུད་ཀུན་དང་འགལ་བར་འགྱུར། །འདི་ལ་རྒྱུ་མཚན་ཡོད་ན་དེ་བཀོད་ནས་གསུང་རིགས་ཏེ་མ་བྱུང་བར་ཟད་དོ། །རྩོད་པ་འདིའི་ཅལ་རྒྱུག་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་ཧྭ་ཤང་གི་འདོད་པ་དང་མཚུངས་པར་སྨྲ་བ་བྱུང་བས་ཕྱོགས་འདི་ཚར་བཅད་པས་རྗེས་འབྲང་དང་བཅས་པའི་རྩོད་པ་ཐམས་ཅད་ལྟར་སྣང་དུ་གྲུབ་པ་ཉིད་དོ། །གཉིས་པ་ནི་དྲི་བ་ལྷག་བསམ་རབ་དཀར་ཞེས་པར། ད་འོ་ན་སྒོམ་ཆེན་རྣམས་ལྟ་སྒོམ་ལ་གཙོ་བོར་འབད་པ་ལགས་ན། ལྟ་བ་རྟོགས་པའི་བློ་དེ་སྒོམ་པ་ཞི་གནས་དང་མ་བྲལ་བ་ཞིག་དགོས་ཏེ། དེ་བྱུང་ན་ལྟ་སྒོམ་ཟུང་འབྲེལ་ཞི་ལྷག་ཟུང་འཇུག་ཏུ་འགྲོ་བ་ཡིན་པ་དེ་ལ་ཡང་དང་པོ་འབྱར་རྩི་དང་འདྲ་བའི་ཞི་གནས་བརྟན་པོ་མེད་ན་སྟོང་པ་ཉིད་ལ་སེམས་ཅེ་རེར་སྡོད་མི་ནུས་ལ། སྟོང་ཉིད་ལ་སེམས་བཅར་གནས་པའི་མཉམ་བཞག་བཟང་པོ་མེད་ན། རྗེས་ཐོབ་ཏུ་སྣང་བ་རྣམས་སྒྱུ་མ་ལྟ་བུར་འཆར་ས་མེད་པས་ལྷག་མཐོང་ངམ། ངེས་དོན་སྒོམ་པའི་སྔོན་དུ་ཞི་གནས་གལ་ཆེ། དེ་ལ་ཡང་གཉིས་ཡོད་པའི་བྱིང་བ་དེ་གང་ཡིན། རྨུགས་པ་དང་གཅིག་གམ་མི་གཅིག གཅིག་ན་ཐོགས་མེད་སོགས་ཀྱིས་དེ་གཉིས་སོ་སོར་ངོས་བཟུང་བ་དེ་ཇི་ལྟར་འགེགས། མི་གཅིག་ན་དེ་གཉིས་ཀྱི་ཁྱད་པར་ཇི་ལྟར་འབྱེད། ཡང་མཉམ་པར་བཞག་པའི་དུས་སུ་བྱིང་བ་ཕྲ་རགས་སྐྱེ་ཚུལ་ཇི་ལྟར་འོང་། དེ་གཉིས་མི་སྐྱེ་བར་བྱེད་པའི་གཉེན་པོ་གང་དང་གང་ཡོད་ཅེས་དྲིས་སོ། །ལན་ནི། དྲི་བ་པོ་རང་གི་བྱིང་བ་ངོས་བཟུང་བ་ནི། སེམས་དམིགས་པ་འཛིན་པའི་འཛིན་སྟོངས་ལྷོད་ནས་དམིགས་པ་ཤིན་ཏུ་གསལ་བའམ་དམ་པར་མི་འཛིན་པ་ཡིན་པས་དྭངས་ཆ་ཡོད་ཀྱང་དམིགས་པའི་འཛིན་སྟངས་ཤིན་ཏུ་གསལ་བ་མེད་པ་ལ་བཞག རྨུག་པ་ནི་གཏི་མུག་གི་ཆ་ཤས་ལུས་དང་སེམས་ལྕི་ཞིང་ལས་སུ་མི་རུང་བ་ཞེས་ཟེར། རྒྱུ་མཚན་དེས། བྱིང་བ་ལ་དགེ་བ་དང་ལུང་མ་བསྟན་གཉིས་ཡོད་ལ། །རྨུགས་པ་ནི་མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་གང་རུང་དང་གཏི་མུག་གི་ཆ་ཤས་ཁོ་ནའོ་ཞེས་ཟེར་རོ། །དེ་ནི་གཏན་མི་འཐད་དེ། བཏང་སྙོམས་ཚད་མེད་དུ་སོང་ཟིན་པའི་ཞི་གནས་ནས་བསམ་གཏན་དང་གཟུགས་མེད་སོགས་ཐམས་ཅད་དེར་ཐལ་ལོ། །དགོངས་འགྲེལ་ལས་ཀྱང་། གལ་ཏེ་རྨུགས་པ་དང་གཉིད་ཀྱིས་བྱིང་བའམ་སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉོན་མོངས་པར་གྱུར་ན་དེ་ནི་ནང་དུ་སེམས་རྣམ་པར་གཡེང་བ་ཡིན་ནོ། །ཞེས་དང་། དྲི་མེད་འོད་ལས། ལེ་ལོ་འགྱོད་པ་དང་ནི་གཉིད་དང་ནི། །ཞེས་གཉི་གར་གཉིད་ཀྱང་བྱིང་བའི་མཚན་གཞིར་བཟུང་བ་དང་འགལ། དེ་རྒྱུའོ་སྙམ་ན་རྒྱུ་དེས་བྱས་པའི་དྭངས་ཆ་ཡོད་པ་ལ་དམིགས་པའི་འཛིན་སྟངས་མི་གསལ་བའང་བསྒྲུབ་མི་ཐུབ་བོ། །ལས་དང་པོ་པ་ལ་བྱིང་བའི་རྒྱུ་ནི་དམིགས་པའི་འཛིན་སྟངས་ལྷོད་པ་ཡིན་པ་བདེན་ཀྱང་སེམས་བྱིང་བ་འདི་ནི་ཐ་མལ་པའང་བྱིང་ངེ་བ་ཞིག་འདུག་ཅེས་པ་ལྟ་བུ་ཀུན་ཡིན་པས་ངོས་འཛིན་དཀའོ་སྙམ་པ་རང་གིས་གཟུང་བའི་བྱིང་བའི་མཚན་གཞིའི་སྐྱོན་ནོ། །རྨུགས་པ་དང་འབྱེད་ན། ཕལ་པས་རྨུ་གབ་ཀྱིས་ཆོད་ཟེར་བ་དང་འདྲ། དོན་བྱིང་བའི་བྱེ་བྲག་ཏུ་ཡོད་དེ་སྔར་བཤད་ཟིན་ཏོ། །ཕྱེ་བ་དང་གཅིག་ཏུ་འདུས་པ་གཉིས་ཀ་འཐད། ཕྲ་བ་ནི་མི་རྟོག་ཧད་པོ་ལུང་མ་བསྟན་ཞེས་པ་ཡོད། དེ་ལ་དགོངས་འགྲེ་ལ་ནས་སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་བྱིང་རྨུགས་ནང་དུ་སེམས་གཡེངས་པ་ཞེས་བྱ་སྟེ། དམིགས་པའི་འཛིན་སྟངས་ཧུ་རེ་བ་དེ་ནི་དང་པོའི་ཡང་དང་པོའི་སྐབས་ཁོ་ནའོ། །གནས་ཤས་ཆེར་སོང་ནས་དམིགས་པ་དེའི་འཛིན་སྟངས་ཞིག་འགྲོ །མ་ཞིག་ན་ལུས་སེམས་ཤིན་སྦྱངས་སུ་འགྲོ་བ་མི་སྲིད་པ་ཡིན་ནོ། །དེ་བས་ཁྱེད་ཀྱི་གདམས་ངག་དེས་ཞི་གནས་རྣལ་མ་འགྲུབ་མི་ནུས་སོ། །རྒོད་པའང་མངོན་པ་ཀུན་ལས་བཏུས་སུ་འདོད་ཆགས་ཀྱི་ཆ་ཤས་སུ་བཞག དེ་བཞིན་ཚེ་རིང་མས། ཡུལ་དགའ་གདུང་གི་ཞེན་པ་འགྲོགས་ཡུན་རིང་། །ཞེས་པའི་དོན་དེ། ཕྱི་རོལ་ལ་ཞེན་པའི་དབང་གིས་ནང་དུ་གནས་མི་ནུས། དེས་རྒོད་པ་ནི་ཕྱི་རོལ་ལ་སེམས་གཡེངས་པའོ། །དེས་ན་ཞེ་སྡང་ལ་སོགས་པ་དེའི་བྱེ་བྲག་ཏུ་འགྲོ་བ་ནི་དུས་འཁོར་ལས། འདོད་ཆགས་ལས་ཞེ་སྡང་དང་དེ་ནས་གཏི་མུག་སྐྱེ་བ་གསུངས་པས་ཡིན་ནོ། །དེ་དག་གི་གཉེན་པོ་སྔར་བཤད་ཟིན་ལ། ཡང་དྲན་པ་དང་ཤེས་བཞིན་གལ་ཆེ་ཟེར་བ་ཞིག་སྒོམ་ཆེན་པ་ཀུན་གྱི་ཞལ་ནས་རླུང་བཞིན་དུ་འོང་གི་འདུག་པ། དེ་གཉིས་སོ་སོར་ངོས་འཛིན་བཅར་བ་རེ་ཇི་ལྟར་ཡོད་དྲིས། དེའི་ལན། དྲི་བ་པོ་རང་གི་དྲན་པ་ངོས་གཟུང་བ་ནི། སྔར་ངེས་པར་བྱས་པའི་དམིགས་རྟེན་གྱི་རྣམ་པ་ཤར་བའོ་ཞེས་འཆད། དེའི་འཛིན་སྟངས་སུ་དམིགས་རྟེན་མ་བརྗེད་པའོ་ཞེས་དང་། མ་བརྗེད་པའི་དོན་ཡང་། སེམས་དམིགས་པ་ལ་བཏགས་པ་དེ་ཏུར་རེ་དྲན་ནས་ཅུང་ཟད་ཀྱང་མི་ཡེངས་པ་ཞེས་དང་། དྲན་པ་ཡང་ངེས་པའི་རྣམ་པ་ཅན་གྱི་འཛིན་སྟངས་ཅན་ཡིན་པས་ཏིང་ངེ་འཛིན་སྐྱོང་བ་ན་ངེས་ཤེས་ཀྱི་འཛིན་སྟངས་དམ་པོ་དམ་པོ་མེད་པར་ཧད་དེ་འཇོག་པ་ལ་སེམས་དྭངས་པའི་གསལ་ཆ་འོང་ཡང་ངེས་ཤེས་ཀྱི་ངར་འཐོན་པའི་གསལ་ཆ་མི་འོང་བས། དྲན་པ་སྟོབས་ཅན་སྐྱེ་བར་མི་འགྱུར་ལ། དེའི་ཕྱིར་བྱིང་བ་ཕྲ་མོ་ཡང་མི་ཁེགས་པས་ཏིང་ངེ་འཛིན་སྐྱོན་ཅན་ཁོ་ནར་འགྱུར་རོ། །ཞེས་ཟེར་རོ། །འདི་ནི་མི་འཐད། དེ་བཅིངས་པར་གྱུར་ན་ཕྱོགས་བཅུར་འགྲོ་བར་རྩོམ། ཞེས་པ་ཁོ་ནར་ཟད་པས་གནས་པའི་རྒྱུར་མི་རུང་མི་གནས་པར་འཕྲོ་བ་ཁོ་ནའི་རྐྱེན་བྱེད། དེ་བས་དེ་ལྟ་བུ་དང་པོར་བསྟེན་ཀྱང་བྱིང་རྒོད་ཕྲ་མོ་དག་པའི་ཚེ། དེས་ཕན་ཅི་ཡང་མི་ཐོགས་ཏེ། དེ་ནི་སོ་སྐྱེའི་རང་རིག་ཁོ་ནའི་བྱེད་ལས་འཇུག་པའི་ཡུལ་ཡིན་པའི་ཕྱིར་རོ། །ཤེས་བཞིན་ཡང་དེ་རང་གི་བྱིང་རྒོད་ཀྱི་གོ་བ་ཡོད་ཙམ་གྱིས་མི་ཆོག་གི་སྒོམ་པའི་ཚེ་ན་བྱིང་རྒོད་བྱུང་མ་བྱུང་ཇི་ལྟ་བ་ཤེས་པའི་ཤེས་བཞིན་བསྐྱེད་ཐུབ་པ་ཞིག་དགོས་ལ། དེ་ཡང་ཤེས་བཞིན་སྟོབས་ལྡན་རིམ་གྱིས་བྱིང་རྒོད་བྱུང་བའི་དེ་མ་ཐག་ཏུ་དེ་ངོས་ཟིན་པའི་ཤེས་བཞིན་སྐྱེད་ཐུབ་ལྟ་ཅི་སྨོས་ཏེ། དངོས་སུ་མ་སྐྱེས་པར་སྐྱེ་བའི་གྲབས་བྱེད་པ་ནས་རིག་པའི་ཤེས་བཞིན་སྐྱེ་དགོས་ཞེས་དང་། དེ་ནི་སེམས་ལྷ་སྐུ་སོགས་གཟུང་བའི་རྣམ་པ་ལ་དམིགས་པའམ་མྱོང་རིག་ཙམ་གསལ་ཙམ་སོགས་འཛིན་པའི་རྣམ་པ་ལ་དམིགས་ནས་སྔར་བཤད་པ་བཞིན་དྲན་པ་བསྟེན་པའི་ངང་ནས་དེ་ལས་གཞན་འཕྲོ་མི་འཕྲོ་ལ་བྱ་ར་ཏུ་རེ་བྱ་ན་སེམས་འཛིན་པ་ཡིན་ཏེ། འདི་ནི་ཤེས་བཞིན་སྐྱོང་བའི་གནད་དུ་གཟུང་ངོ་། །དེ་ལྟར་ཡང་སྤྱོད་འཇུག་ལས། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་དེ་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་འདྲེན་ནོ། །དེ་ཡང་མི་འཐད་དེ། བྱིང་རྒོད་སྐྱེས་ནས་ཤེས་བཞིན་གྱིས་རིག་རུང་སྡོད་པ་དང་པོའི་སྐབས་ཡིན། དེ་ཤེས་བཞིན་མཚན་ཉིད་པར་མི་འགྲོ་བའི་ཁར་ཕ་རྒན་དམ་པའི་གསུང་ལ། ཉོན་མོངས་སྐྱེས་ཚེ་གཉེན་པོས་མ་སླེབ་ན། །ཆོས་ཀྱི་དགོས་པ་སྟོར་རོ་དིང་རི་བ། །ཞེས་པའི་དགོས་པ་སྟོར་ས་དེར་འདུག་སྟེ། བྱིང་རྒོད་འགགས་ནས་འོང་རུང་བསྡད་པས་སོ། །སྤྱོད་འཇུག་གི་དོན་དེ་བྱིང་རྒོད་བྱུང་དོགས་ནས་སྦྱོར་བའི་སྐབས་སུ་བྱ་བ་ཡིན་གྱི། གཞན་དེ་ལྟར་ཡིན་ན་དྲན་ཤེས་འཇུག་པ་གཅིག་ཏུ་འཆར་མི་ཐུབ་སྟེ་དེ་གཉིས་དམིགས་རྣམ་ཐ་དད་ལ་དམིགས་པའི་བློར་སོང་བས་སོ། །ངེད་ཅག་ཞི་གནས་ཀྱི་ཚུལ་བཞིན་ཡིད་བྱེད་ཤེས་བཞིན་དུ་འཆད་དེ། བཏང་སྙོམས་ཆེན་པོར་སོང་ནས་འདི་མེད་ན། ཤེས་བཞིན་གཞན་འོང་ས་མེད་པ་སྟེ་ལག་ཏུ་བླངས་ན་ཤེས་སོ། །བདེ་གསལ་མི་རྟོག་སྒོམ་གྱི་ཡང་རྩེ་ཡིན་ཟེར་བ་ཞིག་ཀྱང་འདུག་པ། འདིའི་གསལ་བ་དང་མི་རྟོག་པ་གཉིས་པོ་ཇི་ལྟར་ངོས་འཛིན་སོགས་ཀྱི་ལན། གསལ་བ་ནི་དེ་ཉིད་ཀྱིས། སེམས་ཀྱིས་གསལ་བར་མཐོང་བ་ཞེས་གསུངས་པས་ཡུལ་གསལ་བ་ཙམ་ལ་མི་ཟེར་གྱི་བློའི་འཛིན་སྟངས་ཤིན་ཏུ་གསལ་ཞིང་དམ་པ་ལ་ཟེར་བ་ཡིན་ནོ། །མི་རྟོག་པ་ཞི་གནས་ལ་བཞག་ཅིང་། དེ་ཡང་དང་པོ་གདམ་ངག་ཐོབ་པའི་རྗེས་སུ་འབྲངས་ལ་སེམས་མཉམ་པར་འཇོག་ཚུལ་ལེགས་པར་བྱ། དེ་ནས་དེ་ལྟར་བཞག་པ་དེ་ཡང་ཡང་བསམས་ལ་རྒྱུན་ཅུང་ཟད་འཐུད་ཐུབ་པའི་སྒོ་ནས་རྒྱུན་བསྐྱང་། དེ་ནས་དྲན་པ་ཉམས་ནས་གཡེངས་ན་མྱུར་དུ་བསྡུ་ལ་དམིགས་པ་བརྗེད་པ་མྱུར་དུ་དྲན་པ་དང་། དེ་ནས་ཀྱང་དྲན་པ་ཤུགས་ཅན་བསྐྱེད་ལ་དང་པོ་ནས་དམིགས་པ་ལ་མི་ཡེངས་པའི་དྲན་པའི་སྟོབས་བསྐྱེད། དྲན་པ་སྟོབས་ཅན་གྲུབ་པ་ད་ང་། དམིགས་པ་ལས་གཞན་དུ་གཡེངས་པའི་བྱིང་རྒོད་སོགས་ཀྱི་སྐྱོན་མཐོང་བའི་སྒོ་ནས་བྱ་ར་བྱེད་པའི་ཤེས་བཞིན་དྲག་པོ་བསྐྱེད། དེ་ནས་བརྗེད་ངས་ཏེ་གཡེངས་ན་ཡང་དེ་མ་ཐག་རིག་ནས་རྒྱུན་གཅོད་པ་དང་། བཅད་ནས་མི་མཐུན་ཕྱོགས་ཀྱིས་བར་མ་བཅད་པའི་རྒྱུན་ཇེ་རིང་དུ་གཏོང་བའི་རྩོལ་བས་སྟོབས་བསྐྱེད། དེ་སྐྱེས་པ་ན། འབད་ནས་བསྒོམས་པས་གོམས་པ་མངོན་དུ་གྱུར་ནས་འབད་རྩོལ་མེད་པར་ཏིང་ངེ་འཛིན་དུ་འགྲོ་བའི་སེམས་དགུ་པ་འགྲུབ་པ་ཡིན་ནོ། །དེས་ན་སེམས་དགུ་པ་མ་ཐོབ་པའི་གོང་ཕན་བཅད་དུ་རྣལ་འབྱོར་པས་སེམས་ཏིང་ངེ་འཛིན་ལ་འཇོག་པའི་རྩོལ་བ་ཕར་བྱ་དགོས་ལ། སེམས་དགུ་པ་ཐོབ་ནས་ཆེད་དུ་མཉམ་པར་འཇོག་པའི་རྩོལ་བ་མ་བྱས་ཀྱང་། སེམས་ཏིང་ངེ་འཛིན་དུ་སྲིལ་སྲིལ་འགྲོ་བར་འགྱུར་རོ། དེ་ལྟ་བུའི་སེམས་དགུ་པ་འདི་ཐོབ་ཀྱང་ཤིན་སྦྱངས་མ་ཐོབ་ན་འོག་ནས་འཆད་པ་ལྟར་དུ་ཞི་གནས་ཐོབ་པར་ཡང་མི་འཇོག་ན་ལྷག་མཐོང་ཐོབ་པ་ལྟ་ཅི་སྨོས། འོན་ཀྱང་འདི་འདྲའི་ཏིང་ངེ་འཛིན་བདེ་གསལ་མི་རྟོག་པས་བརྒྱན་པ་ཞིག་རྙེད་ན། མཉམ་བཞག་དང་རྗེས་ཐོབ་འདྲེས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པར་འདོད་ཅིང་ཁྱད་པར་དུ་ཉན་ཐོས་ཀྱི་ས་ནས་བཤད་པའི་སེམས་དགུ་པ་འདི་ལ་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་ཡོངས་སུ་རྫོགས་པ་བྱུང་བར་འདོད་པ་ཤིན་ཏུ་མང་བར་སྨྲའོ། །དེ་ཡང་འཐད་པར་མ་མཐོང་སྟེ་བསྒོམ་པ་དེའི་རྣལ་འབྱོར་བླ་མེད་ཀྱི་ཉམས་ལེན་ཡོངས་སུ་རྫོགས་པར་འདོད་མཁན་ཅང་མེད་པ་དང་། ཡང་ཉན་སའི་དེ་དེའི་ཚེ་ན་རྣམ་པར་རྟོག་པ་མེད་པས་གཟུགས་བརྙན་དེ་ལ་དམིགས་པར་བྱེད་ཅིང་དམིགས་པ་དེ་ལ་ཕྱོགས་གཅིག་ཁོ་ནས་དྲན་པ་རྩེ་གཅིག་ཏུ་འཇོག་པར་བྱེད་ཅིང་། རྣམ་པར་ལྟ་བར་མི་བྱེད། རྣམ་པར་འབྱེད་པར་མི་བྱེད་ཡོངས་སུ་རྟོག་པར་མི་བྱེད། ཡོངས་སུ་དཔྱོད་པར་མི་བྱེད་པ་ཡིན་ནོ། །ཞེས་ཞི་གནས་དེ་ནས་དེ་ལྟར་ཞི་གནས་ཀྱི་སེམས་ཐོབ་པ་དང་། གལ་ཏེ་བརྗེད་ངས་པ་དང་། མ་གོམས་པའི་ཉེས་པས་མཚན་མ་དང་རྣམ་པར་རྟོག་པ་དང་། ཉེ་བའི་ཉོན་མོངས་པ་དག་གི་སྣང་བར་འགྱུར། སྒོ་སྟོན་པར་འགྱུར། དམིགས་པར་བྱེད་པར་འགྱུར་ན། དེ་བྱུང་ངོ་ཅོག་ལ་འདི་ལྟ་སྟེ་ཉེས་དམིགས་སྔར་མཐོང་བ་དེ་ཉིད་ཀྱི་དབང་དུ་བྱས་སྟེ་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་བྱས་ཏེ་དེ་ལྟར་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པས་དམིགས་པ་དེ་རྣམ་པར་བཤིག་ཅིང་རྣམ་པར་བསལ་ན་སྣང་བ་མེད་པ་ཉིད་ལ་ཉེ་བར་བཞག་པར་འགྱུར་རོ། །ཞེས་གསུངས། འདི་ཞི་གནས་ཙམ་བསྒྲུབ་པ་ཡིན་པའི་ཤེས་བྱེད་ཅི་ཡང་མེད་པའི་ཁར་གནོད་བྱེད་ལུང་འདི་ཉིད་ནས། དེ་ལྟར་ཞི་གནས་ཀྱི་སེམས་ཐོབ་པ་དང་ཞེས་ལམ་དེ་ཐོབ་ཟིན་པའི་བྱ་བར་གསུངས་པའོ། །སྤྱིར་གྱིས་ཉན་ཐོས་ཀྱི་ལུང་དུ་ལྷག་མཐོང་མཚན་ཉིད་པ་བསྒྲུབ་ཚུལ་མང་དུ་བཤད་ཀྱང་། དེ་དག་གིས་དེ་ཚིག་ཙམ་ལས་ཇི་ལྟ་བར་མ་གོ་བས་དམན་པར་ལྟུང་བའོ། །དེས་ན་དྲི་བ་འདིའི་བདེ་གསལ་མི་རྟོག་ཁྱེར་ཁོ་རང་གི་འདོད་པ་དེར་འདུག རང་ལུགས་བདེ་གསལ་མི་རྟོག་པ་སྒོམ་གྱི་ཡང་རྩེར་བཤད་པའི་སྐབས་འདི་མིན། འདི་དེ་གསུམ་སྒོམ་གྱི་གོལ་སར་བྱེད་པའི་སྐབས་ཡིན་པས་དྲི་བ་པོས་ཤན་མ་ཕྱེད་པས་དྲིས་པའི་སྐྱོན་ཡོང་། གོལ་བའི་དོན་ཡང་དེ་ཙམ་གྱིས་ཐེག་ཆེན་གྱི་ས་མི་བགྲོད་པར་བཤད་པ་ཡིན། ཐེག་ཆེན་གྱི་ས་མ་བགྲོད་པས་ཉན་རང་དུ་གོལ་བར་ཁས་ལེན་མི་དགོས། འོན་ཀྱང་ཁམས་གསུམ་དུ་གོལ་བ་ནི་ཡིན་ཏེ། ལས་ཉོན་སྤང་མ་ཐུབ་པའི་གནད་ཀྱིས་སོ། །གོལ་ས་དང་བོགས་འབྱིན་མ་ཤེས་པ་འཇིག་རྟེན་པའི་ལམ་སྐྱོན་མེད་དེ་ཀ་བསྒོམས་པས་ལན། དེས་བླ་མ་རྣམས་སྒོམ་བཤིག་ཅེས་འདིར་གསུང་། བདེ་གསལ་མི་རྟོག་པ་ཁོང་དང་མི་འདྲ། འདིར་མི་རྟོག་པ་རྣམ་པར་རྟོག་པ་དགག་པ་ལས་ལོག་པ་ཞིག་སེམས་ཀྱི་དབེན་པ་ཡིན། གསལ་བ་དེ་ནམ་མཁའ་ལྟ་བུར་མཐོང་བའི་རང་བཞིན་ལ། གསལ་ཆ་སྔ་མ་དེ་ལ་རྩ་རླུང་གི་དྭངས་གཟུགས་སྟོང་ཉིད་རྣམ་པ་ཐམས་ཅད་པར་འགྲོ་བ་ཞིག་ཡོད་པས། ས་ར་ཧས། དེ་ཉིད་ཀྱིས་ནི་བློ་བཟང་ལ། །ནམ་མཁའ་ལས་ལྷག་ཅི་ཡང་འཆར། །ཞེས་གསུངས་པ་དེའོ། །བདེ་བ་ཤིན་སྦྱངས་ལ་བྱེད་པ་ཡིན་ནོ། །དེ་ལ་དྲི་བ་པོས། དམིགས་བཅས་བསྒོམ་པར་སོང་ངོ་ཞེས་འཕངས་པ་ལ། རྩ་བར་འདོད་ཅེས་ལན་བཏབ་བོ། །ཕྱག་རྒྱ་ཆེན་པོ་སྒོམ་པ་དེ་ཀ་ཡིན་ཟེར་བ་སོགས་ཕྱོགས་སྔ་མའི་གཞུང་ལ་མ་སྦྱངས་བའི་སྐད་དེ། དེ་ཕྱག་རྒྱ་ཆེན་པོ་ངོ་མའི་སྒོམ་པ་ཡིན་པར་ཡང་མི་འདོད་པས་སོ། །ཡང་དེ་རྣམས་ཐམས་ཅད་ཨེ་ཡིན་པ་འདུག་སྟེ་མདོ་རྒྱུད་དེའི་དགོངས་འགྲེལ་རྣམས་ལས་ཤེས་དགོས་ལ། རྒྱལ་བའི་གདམས་ངག་རྣམས་ཀྱི་དགོངས་འགྲེལ་ཡང་། རྒྱ་གར་དུ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་སུ་གྲགས་ཏེ། ཀླུ་སྒྲུབ་ཡབ་སྲས་ཀྱི་བརྒྱུད་པ་ཚན་ཅིག་དང་། ཐོགས་མེད་སྐུ་མཆེད་ཀྱི་བརྒྱུད་པ་ཚན་ཅིག་སྟེ། འདི་གཉིས་སུ་ངེས་ཤིང་། ཞེས་པ་ནི་ཤིན་ཏུ་ཡང་མི་འཐད་དེ། རྒྱུ་མཚན་དེ་གཉིས་རྒྱུའི་ཐེག་ཆེན་གྱི་དོན་འགྲེལ་བའི་ཆ་ཁོ་ནས་དེར་བཞག་གི གཞན་ཉན་ཐོས་དང་རྡོ་རྗེ་ཐེག་པའི་ཕྱོགས་ལ་མ་ཡིན། ལྷག་པར་རིགས་ལྡན་ཆེན་པོ་རྣམས་ལ་སྐུར་འདེབས་མི་འཚལ་ལོ། །ཡང་དཔྱད་སྒོམ་དང་འཇོག་སྒོམ་གཉིས་འོང་ངམ་མི་འོང་། མི་འོང་ན་རྒྱ་གར་བའི་ཚད་ལྡན་རྣམས་ཀྱིས་གསུངས་པ་འདི་འགོག་གམ། ཞེས་པ་འདི་དྲི་བ་པོ་རང་ལ་ལོག་སྟེ། དཔྱད་སྒོམ་མེད་པར་སྟོང་ཉིད་རྟོགས་མི་སྲིད་པར་ཁས་བླངས་པསོ། །བདག་ཅག་གཉིས་ཀ་འཐད། འོན་ཀྱང་ཁྱེད་ཀྱིས་བཞག་པའི་དཔྱད་སྒོམ་དེ་དང་མི་འདྲ། བདག་ཉིད་ཆེན་པོ་རྣམས་བཞེད་པ་དང་པོར་ཐོས་བསམ་སྔོན་དུ་གཏང་ལ་ལུང་རིགས་ཀྱིས་དཔྱད། དེའི་མཐར་འཇོག་སྒོམ། ཡང་བླ་མའི་མན་ངག་གི་ཐོས་པ་བྱས་པ་ལ། སྤྲོས་པ་ཆུང་ངུས་འཁྲིད་པས་དང་པོར་ལུང་རིགས་ཀྱིས་མ་དཔྱད་པར་འཇོག་སྒོམ་རང་ལ་བཀྲི་བ། འདི་ནི་ཞི་གནས་ཁོ་ནའི་སྔོན་དུ་གཏོང་མི་གཏོང་དུ་ཟད་ལ། ཞི་གནས་གྲུབ་ནས་དཔྱད་ཁྱེར་ལ་ཁྱད་པར་ཆེར་མེད། སྦྱོར་བའི་སྔོན་དུ་འགའ་ཞིག་ལ་ལུང་རིགས་ཀྱིས་དཔྱད་ཀྱང་རུང་། ཐོས་བསམ་ཀྱིས་དཔྱད་པ་ཁོ་ན་ཞི་གནས་དང་ཟུང་འཇུག་ཏུ་རྟོགས་པ་མ་ཤར་བར་འཆར་མི་ཐུབ་བོ། །ཡང་འཕྲོ་བ་ཞི་གནས་ཀྱི་སྒོམ་གྱི་གེགས་ལོས་ཡིན། ཚིག་ལ་མཁས་པ་རང་ཡ་མཚན་པར་མི་སྣང་སྟེ། ཤེད་བུ་སེར་སྐྱ་ཆོས་ཕྱིན་ཅི་ལོག་ཏུ་བསྟན་པས་ངན་འགྲོར་སྐྱེས་པ་སྣང་། ཐོས་བསམ་ལྟ་ཅི། ཤེས་རབ་ཤས་ཆེ་ན་ཏིང་ངེ་འཛིན་ཤས་ཆུང་བར་བཤད་པ་ལ་ཇི་མི་སྙམ་པ་མི་རིགས་ལ་འཕྲོ་བ་ཞི་གནས་ཀྱི་སྒོམ་དུ་མི་བྱེད་ལྷག་མཐོང་ནས་སྣང་བ་ཆོས་སྐུའི་རྒྱ་ཡན་མ་ཞེས་པ་ཞིག་འབྱུང་། དེ་དུས་དེ་སྒོམ་ངོ་མར་འགྱུར་བ་ཡིན་ནོ། །དེ་ནི། གསན་རྒྱ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར་ཞེས་གསུངས་དེ་ཀར་འདུག་པས། བཤད་དྲགས་ན་ཉན་པ་པོ་ཁ་ནས་ཁྲག་དྲོན་མོ་སྐྱུགས་ཏེ་གྲོངས་པའི་ཉེན་ཆེའོ། །འཇོག་ཁྱེར་ཇི་ལྟ་བུ་དྲི་ན། མན་ངག་གསན་པ་ལ་ཕེབས་ཤིག་བཤད་པར་བྱའོ། །ཧྭ་ཤང་དང་ཁྱད་མེད་ཟེར་རབ་དབྱེར་གསུངས་པའི་གཏམ་ཅོལ་ཁོ་ན་དབྱངས་སུ་གྱེར་བ་དེ་དང་ཤན་ལེགས་པར་ཕྱེ་ཟིན་ཏོ། །སྦྱིན་སོགས་སྤྱོད་མི་སྤྱོད་ཀྱང་སྐབས་ཀྱི་ལན་དུ་ལོས་འགྲོ་སྟེ། ཧྭ་ཤང་དང་ཁྱད་མེད་པར་བཤད་པ་ལ་གནོད་པས་དང་མཆོད་སྦྱིན་དང་ལྷ་སྦྱིན་མི་འདྲ་བ་ལ་རིགས་རུས་ཕ་མ་སོགས་ཀྱི་ཁྱད་ཀུན་བཤད་རུང་པས་གདོང་དྲིས་པ་ལ་བཤང་ལམ་ཆེ་ཆུང་གི་ལན་བཏབ་པ་ལྟར་དུ་གར་འགྲོ །འོན་ཀྱང་དཔེ་དེ་དངོས་སུ་བྱུང་ནས་དོན་དམ་པའི་སྒོམ་པ་བློར་མི་འཆུན་པ་དག་གི་ཞལ་ཁེབས་སུ་བྱས་ན་ནི་ལེགས་པར་འོང་ངོ་། །ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པ་ཀླུ་སྒྲུབ་ཀྱི་ལྟ་སྒོམ་ཇི་ལྟ་བ་ཡིན་པར། རྒྱ་གར་འཕགས་པའི་ཡུལ་དཔལ་བི་ཀྲ་མ་ལ་ཤཱ་ལའི་གཙུག་ལག་ཁང་ཆེན་པོར་ཇོ་བོ་རིག་པའི་ཁུ་བྱུག་དང་། ནཱ་རོ་པཎྜྻི་ཏ་སོགས་མཁས་པ་རིའི་དབང་པོ་ལྟ་བུ་དེ་ཚོའི་མདུན་དུ་གྲུབ་ཟིན་ལ། དེས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཤཱནྟི་པའི་ཐུགས་སུ་མ་ཤོང་ནས་མི་འཐད་དོ་དགོངས་རྩོད་ཡིག་སྒོ་ལྕིབས་ལ་བཏབ། མཻ་ཏྲི་པས་མ་གཟིགས་པས། ཤ་ཝ་རིའི་མན་ངག་གིས་ཤཱནྟི་པའི་རྩོད་པ་མ་ཐུབ་ཟེར་གྲགས་པ་ངན་པ་ཆིལ་པས་བྱུང་། སླར་རྒྱལ་པོ་དང་པཎྜྻི་ཏ་མཁས་པ་དཔང་དུ་གཙུགས་ནས་རྩོད་དོ་ཞེས། བང་ཆེན་ལན་བཅུ་གཉིས་བཏང་བས་ཤཱནྟི་པས་རྩོད་པ་ལ་འོང་མ་ནུས། དེས་མཻ་ཏྲི་པ་ཆེན་པོ་རྩོད་མེད་དུ་བཀུར་བ་འདུག་པས་ཁྱེད་ཀྱི་ཀླུ་སྒྲུབ་ལུགས་སྐྱོར་བ་དང་ཨེ་མཐུན་མི་ཤེས་ཏེ། ཚད་མའི་སྐྱེས་བུ་དེ་ཙམ་གྱིས་དཔྱད་པས་དག་པ་མཆོག་ཡིན་པས་སོ། །འོན་ཀྱང་དྲི་བ་དེ་དག་གི་དོན་རྟག་ཆད་སེལ་ཚུལ་སོགས་ཕལ་མོ་ཆེ་སྔར་གཏན་ལ་ཕབ་ཀྱང་ཟིན་ཏོ། །ཡང་གང་དུ་ཡང་མ་གྲུབ་པར་བསྒོམས་པའི་འབྲས་བུ་གང་དུ་ཡང་མ་གྲུབ་པ་གཅིག་ལས་འོས་མེད། འདི་ཐུགས་བདེན་དེ་དེ་བཞིན་ནོ། །དེ་བླ་ན་མེད་པའི་སྒོམ་མ་ཡིན་ནོ། །ཤེས་བྱེད་ཅི་ཡོད་སླར་འདྲི། འཁོར་གསུམ་དག་པའི་སྦྱིན་པ་ས་ཐོབ་ནས་མིན་པ་གར་ཡོང་། དེས་ན་འཇུག་པའི་གཞུང་ལུགས་ཁས་ལེན་བཞིན་དུ་དེ་སྐད་སྨྲ་ཅི་རིགས། སོ་སོ་སྐྱེ་བོ་ལ་ཉམས་ལེན་དེ་མེད་པས། དེའི་སྦྱིན་པ་ཕར་ཕྱིན་དུ་འགྲོ་བ་ཡོངས་སུ་བསྔོ་བ་ལ་ལྟོས་དགོས་བྱུང་བ་ཡིན། དེས་ན་དེ་དག་གི་སྦྱིན་པ་གཏོང་མ་ཤེས་པ་གང་ཡིན། འཁོར་གསུམ་ཡོངས་དག་མི་ཤེས་པ་ཡིན་ནོ། །ཡང་། གང་ཟག་རང་རེ་བདེན་པར་མེད་པའི་དོན་དེ་གང་ལ་བྱེད་ན། སྒྱུ་མ་ལྟ་བུ་ཡིན་པ་ལ་བྱེད་དོ། །བདེན་པ་གྲུབ་སྲིད་ན་ཇི་ལྟ་འོང་རྒྱུ་ཡིན་ཞེས་དྲི་བ་ལ། སོ་སོ་སྐྱེ་བོ་གྲུབ་མཐའ་མི་ཤེས་པས་བདག་ཏུ་ལྟ་བའི་ཞེ་འདོད་དེ་འདྲ་ཅིག་ཀ་འོང་། བདེན་མེད་དུ་འཛིན་པ་དང་། བདེན་པར་མི་འཛིན་པ་ཁྱད་ཆེ། སྔ་མ་མེད་པར་གཟུང་བའི་དོན་དུ་སོང་། ཕྱི་མ་ཡོད་མཐའ་དགག་པ་ཙམ། ཡང་འགའ་ཞིག་སེམས་འདི་ཁ་དོག་དང་དབྱིབས་གང་དུ་གྲུབ་འདུག་ལེགས་པར་བལྟས་པའི་ཚེ་སོགས་ཀྱིས་དགག་པ་ནི། གསུང་རབ་ཀྱི་དོན་ལས་གཞན་དུ་སོང་བ་སྟེ། སྒོམ་རིམ་རྣམས་སུའང་རེ་ཞིག་གཟུགས་ཅན་འདི་རྣམས་ཞེས་སོགས་ཀྱིས་དེ་ལྟར་བཤད་ལ། མིག་ཤེས་ཀྱིས་གཟུང་བ་ནི་དབྱིབས་དང་ཁ་དོག་གི་གཟུགས་གཉིས་སུ་མངོན་པ་འོག་མར་ཁས་བླངས། གོང་མས་ནི་ཁ་དོག་གི་གཟུགས་ཉིད་དུ་བཤད་པ་མ་དགོངས་པར་ཟད་དོ། །ཡང་ད་ལྟའི་སེམས་སྐད་ཅིག་མ་སོགས་ཀྱིས་དགག་པ་འདི་ནི་ཕྱོགས་སྔ་མ་ལོན་ཏེ། སྐད་ཅིག་ཁོ་རང་གི་དུས་ལས་གཞན་སྔ་ཕྱི་གང་ཡང་དེ་ངོ་ཤེས་སུ་མི་འཇོག་པ་མ་གོ་བར་ཟད་དོ། །སེམས་ཀྱི་ངོ་ལ་ལྟ་ཚུལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་དེ་ལོས་ཡིན་ཀྱང་སོ་སོར་རྟོག་པའི་ཤེས་རབ་ངོས་འཛིན་ལ་མ་མཐུན་པ་ཡིན། ཁྱེད་ལུང་རིགས་གྱིས་དཔྱད་པ་ཁོ་ན་ལ་མཛད། དེ་འཐད་རྒྱུ་ཡིན་ན། དེར་ནི་རྗེས་དཔག་འཇུག་མི་འགྱུར། །གནས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་ཅི་ལ་གསུང་སྟེ་འདི་གཞལ་བྱ་ཤིན་ཏུ་ལྐོག་གྱུར་གཏན་ལ་འབེབས་པའི་སྐབས་ཡིན་པས་སོ། །དེ་བཞིན་རྟོག་གེས་མི་རྟོགས་པར་ཡང་། ཚད་མ་ཀུན་ལས་བཏུས་སུ། གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན། །དེ་ནི་ཐུབ་པའི་བསྟན་ལས་ཆེས་སྲིད་ཉམས་པའང་ཡིན། །དེ་ལྟའང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཚན་ཉིད་ནི། །གལ་ཏེ་གཞན་དུ་འགྲོ་ན་དཔྱད་པར་བྱ་བར་རིགས། །ཞེས་སོ། །དེས་ན་བཀའ་བརྒྱུད་པ་འདི་ཚོས་རིགས་པ་མི་ཤེས། ལུང་འདྲ་འདྲེན་འདུག་བསམ་པའང་མི་རིགས་པར་འདིས་ཤེས་པར་བྱའོ། །ཉན་ཐོས་སྡེ་གཉིས་ཀྱི་སྟོང་པ་ལྟ་ཚུལ་དང་ཁྱད་ཆེ་བར་ཡང་། སྔར་དམིགས་པ་མི་རྟག་ལ་སོགས་པ་སོགས་དྲངས་ནས་བཤད་པས་དང་། དེ་དག་གི་དཔེས་སྒྱུ་མར་མཚན་པའི་སྒྱུ་མ་ཙམ་ལས་མ་རྟོགས་པ་རྒྱས་པར་བསྟན་ཟིན་ནོ། །སྟོང་པ་དང་ཆོས་སྐུ་གཅིག་པ་འདི་སུའི་རང་བཟོ་ཡིན་ཞེས་དྲི་བ་ལ་འདི་ནི་ཤཱཀྱ་ཐུབ་པའི་རང་བཟོ་སྟེ། འདུལ་བ་ལུང་ན། ཚེ་དང་ལྡན་པ་ཀ་ཏྱ་ཡ་ནའི་སློབ་མ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིའི་གཏམ་རྒྱུད་ལས། བདག་གིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མཐོང་ཡང་། གཟུགས་ཀྱི་སྐུ་མ་མཐོང་བས་བལྟ་བར་འགྲོ་ཞེས་ཞུས་པ་ལ། དེས་མཐའ་འཁོབ་ཏུ་ཀོ་ལྤགས་ལོངས་སྤྱད་ཆོག་མི་ཆོག་སོགས་ཀྱི་དྲི་བ་བསྐུར་སྣང་བས་སོ། །ཡང་ཁྱེད་ཀྱི་སོ་སོར་རྟོག་པའི་ལྟ་ཚུལ་དེ་ནི་རྟོག་པ་ལས་མ་འདས་ཏེ། དེས་ཡང་དག་པར་མཐོང་བ་ཐམས་ཅད་རྗེས་དཔག་ཁོ་ནར་ཟད་དེ། མ་ཟད་ན་ཚད་མ་མདོ་རྣམ་འགྲེལ་སོགས་ཀྱི་དོན་ཐམས་ཅད་བདེན་མེད་དུ་སོང་། དེར། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལ་དོན་མཐོང་ཡིན། །ཞེས་གསུངས་པས་སོ། །ངེད་ཅག་གི་འདི་མངོན་སུམ་གྱི་ཡིན་པས། དུས་འཁོར་དུ། ཕུང་པོ་རྣམ་བཅད་སྟོང་པ་ཉིད། ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་གསུངས་ལ། སྟོང་ཉིད་ཕྱི་མ་དེ། བཀབ་དང་མི་བཀབ་མིག་དག་གི །སྟོང་པ་འདི་ནི་རྗེས་བརྟགས་མིན། །ཞེས་མ་བརྟགས་མ་དཔྱད་པའི་མངོན་སུམ་གྱི་སྣང་བར་གསལ་བར་གསུངས་པས་སོ། །དྲང་དོན་དུ་རྣམ་རྟོག་རྣམ་རྟོག ངེས་དོན་དུ་ཆོས་སྐུ། དང་པོའི་སྐབས་སུ། རྣམ་རྟོག་སྤང་བྱ། གཉིས་པར་རྣམ་རྟོག་ཅི་མང་བ་ཆོས་སྐུའི་ཡོ་ལང་དུ་ཆེ་བ། ཞེས་སྨྲས་པ་ནང་འགལ་རྒྱུ་ཡིན་ན། དྲང་ངེས་ཀྱི་གཞུང་ཐམས་ཅད་དེ་ལྟ་བས་འགལ་བ་དེ་ལྟར་སྨྲ་མཁན་ནི་ཟས་བཙང་གི་སྲས་ཆེ་བ་དེ་ཡིན་པས་རེ་ཤིག་དེ་དང་རྩོད་པར་གྱིས་ཤིག་ཅེས་སོ། །དྲི་ཚིག་མང་བས་སྙིང་པོ་བླངས་ཏེ་བརྗོད་ཀྱིས་བརྗོད་བྱའང་ཕལ་ཆེར་ཞར་གྱིས་བཤད་ཟིན་པས་མདོ་ཙམ་གྱིས་ལན་བགྱིས་སོ། །ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ལས། དེ་ལ་རྩོད་པ་སྤང་བ་བསྟན་པའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །། ཨེ་མ་ཐུབ་བསྟན་ནམ་མཁའི་སྐྱེད་ཚལ་འདིར། །ལེགས་བཤད་ཉི་མ་གཞོན་ནུས་མ་རྩེས་ན། །ཡེ་ཤེས་མིག་གི་ལྟད་མོ་མི་འབྱུང་བས། །འབད་པའི་དྲི་གཞོན་དེ་བསུའི་སྤོས་སུ་བཏུལ། །ཟས་གཙང་སྲས་ཀྱི་དག་བྱེད་རྫིང་བཟང་པོ། །ཚིག་གི་ཆང་ལ་སྲེད་པའི་གཉིས་འཐུང་གིས། །འདམ་དུ་བརྫིར་ཉེ་གྲུབ་རིགས་ངང་མོའི་སྡེ། །སྐྲག་པའི་དབུགས་འབྱིན་ལ་འོངས་ལྕགས་ཀྱུ་དང་། །རྒྱལ་བ་རྣམས་ཀྱི་ཐུགས་ལ་གཅེས་པའི་ནོར། །མ་ལུས་འདིར་ཆུད་དེ་ཕྱིར་གན་མཛོད་དེ། །ཚིག་ལ་དབང་བ་རྣམས་ལ་བརྣབ་སེམས་པའི། །རེ་བ་སྐོང་ལ་པདྨ་དཀར་པོས་སྦྱར། །ཕྱོགས་ཀྱི་མཛེས་མའི་སྙན་གོང་ཨུཏྤ་ལར། །རྣམ་འགྲེལ་ཆོས་ཀྱི་ཉིང་ཁུ་འདི་ཞུགས་པ། །སྐལ་བ་བཟང་པོའི་བུང་བས་རྟག་མྱོང་བའི། །འཇམ་པའི་དབྱངས་ཀྱིས་ས་གསུམ་གང་གྱུར་ཅིག །ཅེས་ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ཅེས་བྱ་བ་འདི་དཔལ་དྭགས་པོ་བཀའ་བརྒྱུད་པ་ཀུན་གྱི་གཙུག་གི་ནོར་བུ་སྒམ་པོ་པ་སྤྱན་སྔ་རིན་པོ་ཆེ་བཀྲ་ཤིས་རྣམ་པར་རྒྱལ་བའི་སྡེས། ཁྱོད་ཀྱིས་རྩོམ་པར་འོས་ཞེས་རིང་མོ་ཞིག་ནས་བཀའ་སྩལ་པ་དང་དུ་བླངས་ཤིང་མྱུར་བར་མདོ་ཁམས་སུ་བསྟན་པའི་བྱ་བར་ཆས་པའི་བླ་མ་འོད་ཟེར་དབང་ཕྱུག་དང་། ཟང་ཟང་ནེའུ་རིང་གི་སྒྲུབ་ཆེན་གཞན་ལ་ཕན་པ་ཆོས་སྐྱོང་བདེ་ལེགས་ཀྱིས་བསྐུལ་བ་ལྟར་དུ་འབྲུག་པའི་རིང་ལུགས་འཛིན་པ་ལུང་དང་རིགས་པ་སྨྲ་བ་པདྨ་དཀར་པོས་ཉི་མ་ལྷོ་ཕྱོགས་ཀྱི་རྒྱལ་ཁམས་ཆེན་པོ་གཉལ་ཡངས་པ་ཅན་གྱི་གྲོང་ཁྱེར་གྱི་དབུས། རྒྱལ་པོའི་ཁབ་ཀུན་ཀྱི་རྩེ་མོ། །རིའི་དབང་པོ་ལྟ་བུར་ལྷུན་ཆགས་པར་ཞག་བཅོ་ལྔའི་ཁོངས་སུ་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་དགེ་དབང་ངོ་། །འདིའི་བསོད་ནམས་ཀྱིས་འགྲོ་བ་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ལམ་འདི་ལ་མྱུར་དུ་འཇུག་པའི་སྐལ་བ་བཟང་པོ་ཅན་དུ་གྱུར་ཅིག་གུ། །།


previousཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད།next